སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཅིག་པ། རོ་ཙ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གོ་གཅིག་པ། རོ་ཙ་བ་གསོ་བ།

དང་པོ་ལེའུ་གོ་གཅིག་པ་སྐྱེས་པའི་རོ་ཙ་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང་ལེའུའི་མཚན་བསྟན་པའོ། །དང་པོ་གཞུང་དོན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྦྱོར་བ་དང༌། དངོས་གཞི་དང༌། དགོས་ཆེད་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་སྦྱོར་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྦྱོར་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྟེན་གྱི་གང་ཟག་དང༌། གནས་དང༌། གྲོགས་དང༌། སྔོན་འགྲོ་དང་བཞིར་བཤད་པའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། གང་ཟག་ཅེས་རྐང་པ་བཞིས་བསྟན་ཏེ། རྟེན་ནི་གང་ཟག་སྐྱེས་བུ་རྟག་ཏུ་འདོད་པའི་ཡུལ་བསྟན་པས་ཀྱང་བུད་མེད་ནི་ཡལ་ག་མེད་པའི་ཤིང་དང་མཚུངས་ཏེ་གཅིག་འདྲེང་དུ་གནས་པ་དང༌། དེ་འགྱེལ་ན་སྐྱེ་རྒྱུན་ཆད་པའོ། །དབང་པོ་ཡུལ་དང་སྦྱོར་བའི་རེག་པ་དང་མཐོང་བ་སྩོགས་པའི་ཁོང་ནས་ཉན་བསམ་ལ་བུ་དང་འདྲ་བ་གང་ཡང་མེད་པས་རྒྱུ་རྐྱེན་དེའི་ཕྱིར་སྐྱེས་བུ་དེའི་བུ་དེ་འདོད་པ་ན་རོ་ཙའི་ཐབས་དེ་ལ་འབད་པར་བྱའོ། །གཉིས་པ་གནས་ནི་དེ་ཡི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་ལྗོན་ཤིང་དང་མེ་ཏོག་པདྨའི་ནག་ཚལ་དང་བསིལ་གྲིབ་བྱ་སྐད་སྙན་པའི་སྒྲ་སྒྲག་གོ །རླན་སྐམས་དང་ཚ་བསིལ་སྙོམ་ཞིང་ཡིད་དང་མཐུན་པ་བསྟེན་དགོས་སོ། གསུམ་པ་གྲོགས་བཤད་པ་ནི། གྲོགས་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡན་ལག་བརྒྱད་པར། ཡིད་ནི་དགའ་བར་བྱེད་པ་གང་དང་གང༌། །དེ་དང་དེར་ནི་རོ་ཙ་བྱེད་པ་ཡིན། །ཞེས་འབྱུང་ངོ༌། །བཞི་པ་སྔོན་འགྲོ་བཤད་པ་ནི། སྔོན་འགྲོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྦྱང་བ་སོགས་ནི་བཅུད་ལེན་གྱི་སྐབས་ལྟར་རོ། །གཉིས་པ་དངོས་གཞི་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དངོས་གཞི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁུ་བ་སྐམས་པ་གསོ་བ་དང༌། རླུག་པ་བཅད་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། སྐམ་པ་གསོ་བ་ལའང་གཉིས་མདོར་རྒྱས་སོ། །དང་པོ་ནི། གསོ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་གསོ་བ་ལ། ཟས་ཀྱིས་གསོ་བ་དང༌། དེ་བཞིན་དུ། སྤྱོད་ལམ་དང༌། སྨན་དང་དཔྱད་ཀྱིས་གསོ་བ་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོ་ནི། ཟས་ནི་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་སྨན་ལ་གསུམ་མོ། །གཙོ་བོ་དང༌། སྦྱར་ཐབས་ཁ་འཐོར་གྱི་སྦྱོར་བ་གསུམ་མོ། །དང་པོ་ནི། སྨན་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱིར་བཅུད་ལེན་རོ་ཙའི་གཞུང་རྣམས་སུ། གནམ་དང་ས་གཉིས་སྲས་ཀྱི་ལྷ་བུ་དང༌། སྲས་མོ་ལྷ་ཀླུ་སྟེ་བརྒྱད་ཀྱི་བུ་མོ་རྣམས་ཕན་ཚུན་ཆགས་པས་ཁམས་གཡོས་ནས། འཐོར་བ་ལ་རོ་ཙའི་སྨན་རྣམས་སུ་གྱུར་ཏེ། ནུས་པ་ཆེ་ཆུང་ལ་རྒྱལ་བློན་དམངས་སོགས་ཀྱི་རྣམ་གཞག་མཛད་དོ། །དེ་ལ་འདིར་ཤའི་བཅུད་རྣམས་ཀྱིས་རྒྱལ་པོ་ད་བྱིད་དེ། དངོས་ནི་གངས་ལས་བྱུང་བའི་ཀརྐ་ཊ། །གཉའ་མཇུག་ཐུང་ཞིང་མཆུ་ཞེང་གབ། །བཅད་ན་ཚིལ་བུའི་རང་བཞིན་ཅན། །དེ་ནི་ད་བྱིད་སྨུག་པོའོ་ཞེས་གངས་སྦལ་ཏེ། དེ་ཡང་ཕོ་སྦལ་གསེར་གྱི་སྨིན་མ་ཅན་ལ་ད་བྱིད་སྨུག་པོ། མོ་སྦལ་གཡུའི་སྨིན་མ་ཅན་ལ་ད་བྱིད་སེར་པོ་ཞེས་བྱའོ། །ཕོ་སྦལ་དེ་ནི་ལུས་ཀྱི་སྟོབས་བསྐྱེད་ཅིང་ཁུ་བ་འཕེལ་བའི་མཆོག་ཡིན་ནོ། །གཉིས་པ་སྦྱར་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྱིན་གོར་སྦྱོར་བ་དང༌། ཅོག་ཀྲོང་གི་སྦྱོར་བ་དང༌། དགུ་སྦྱོར་དང༌། བཅུ་གསུམ་སྦྱོར་བ་དང༌། ལྔ་སྦྱོར་དང་ལྔའོ།  གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། སྐྱིན་གོར་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་ནི་ཅོག་ཀྲོང་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཐང་ཕྲོམ་ནི་ཐང་ཕྲོམ་དཀར་པོའི་འབྲས་བུ་སེར་ཙམ་རྔོས་པའོ། །བྱིའུ་མཆིལ་པ་ནི་བོད་མཆིལ་དང༌། རྒྱ་མཆིལ་མགོ་དམར་གཉིས་གང་རྙེད་དོ། །གསུམ་པ་ནི། དགུ་སྦྱོར་ཞེས་རྐང་པ་དགུས་བསྟན་ཏེ། ཁྱེ་སུས་ཞེས་པ་ནི། རིམ་གྱིས་ཆེ་བར་བསྟེན་པ་དང༌། དུས་སུ་བཞོན་པ་ལས་སྦྱར་གྱིས་དུས་སུ་ཁྱེམ་བུ་རེ་རེ་བསྟེན་པའོ། །བཞི་པ་ནི། བཅུ་གསུམ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ད་བྱིད་སྨུག་པོ་ཞེས་པ་ཕོ་སྦལ་མོ་སྦལ་གཉིས་སོ། །བྲག་གི་རྩངས་པ་ནི་ཆུ་མེད་པའི་རླུང་འགམ་པ་སྟེ། དེ་ཡང་མགོ་གཉིས་ལ་ལུས་གཅིག་པ་བསྔགས་སོ། །ཁྱིམ་བྱ་ཡང་མཚལ་ལུ་བསྔགས། ནས་ཟན་ནི་བྱིའུ་བྲང་དམར་སྦོ་རྒྱ་ཁ་དངུལ་མདོག་ཅན་ལ་མཆོག་གངས་ཁྲོད་དང་མཐོ་སར་འོང་བའི་རླིག་པ་ཅན་དེ་བསྔགས་སོ། །ཉེ་ཤིང་བ་འོ་མ་ཅན་དེ་བསྔགས་སོ། །ལྔ་པ་ནི། ལྔ་པའི་ཞེས་རྐང་པ་ལྔས་བསྟན་ཏེ། ཅོང་ཞི་དམར་པོ་ཞེས་པ་ནི་མ་ནིང་ཅོང་ཞིའོ། །དབང་པོ་ལག་པ་ནི་སྡེར་མོ་ལྔ་པ་བསྔགས་ཏེ། ལྷའི་དབང་པོའི་ལག་པ་གནོད་སྦྱིན་བྱེ་ལྕེས་མདའ་ཏེལ་ཁ་རྒྱབ་ནས་བཅད་པ་ལས་དབང་ལག་སྡེར་མོ་ལྔ་པ་བྱུང་བར་གྲགས་སོ། །ད་བྱིད་སྨུག་པོ་ནི་གངས་ལ་གནས་པའི་ཕོ་སྦལ་ལམ་གངས་རྩངས་ཞེས་བྱ་སྟེ་སེར་པོ་ནི་ནགས་ལ་གནས་པའི་མོ་སྦལ་ནགས་རྩངས་ཞེས་པ་སྟེ་འདི་གཉིས་རུལ་སུངས་མེད་པ་གཡག་ཤ་སོས་པའི་ནང་དུ་གླ་རྩི་བྱུག་པའི་ནང་དུ་བཅུག་ཁ་བཙེམས་ལ་མེར་བཅུག་སྟེ་ཚག་ཤའི་ཕྱི་ནག་ཚོམས་པར་ཚོས་ནས་བཏོན་དེ་ལྟར་གྱི་དུག་འདོན་ནི་ཀུན་ལ་གཅེས་སོ། །དེ་ལྟར་སྐྱིན་གོར་ཅོག་ཀྲོང་དགུ་པ་རྣམས་ཀྱིས་ནི་སྟོབས་དང་མཁལ་མའི་དྲོད་སྐྱེད་ས་བོན་ཟད་པ་གསོ་བའི། ལྔ་པ་དང་བཅུ་གསུམ་པས་ནི་ས་བོན་འཕྲལ་སྐྱེད་ནས་སོ།།

        གསུམ་པ་ཁ་འཐོར་གྱི་སྦྱོར་བ་ནི་གཞན་ཡང་ཞེས་རྐང་པ་བདུན་ཀྱིས་བསྟན་ཏེ། ར་ཐུག་འབྲས་བུ་འོ་མར་ཁུ་བ་རང་ཐིམ་བཙོས་ལ་ཀ་ར་དང་ཏིལ་དཀར་ནག་བསྲེས་ཏེ་ཟོས་ན་ཡོན་ཏན་གོང་མ་དེ་དང་འདྲ་བ་འབྱུང་ངོ༌། །བཞི་པ་དཔྱད་ཀྱིས་བཅོས་པ་ནི། དཔྱད་དུ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ཁུ་བ་རླུགས་པ་བཅད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཁུ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁུ་བ་ལུག་པའམ་རླུགས་པའི་རྒྱུ་བཞི་འཕེལ་བ་དང༌། ནད་དང་དུག་དང༌། གདོན་དང་བཞིའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས།

        དང་པོ་ནི། ལུས་རྒྱས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་ནད་ཀྱིས་ཞེས་རྐང་པ་ལྔས་བསྟན་ཏེ། ད་བྱིད་སྨན་མར་ནི་གོང་གི་སྐྱིན་གོར་གྱི་སྦྱོར་བའོ། །ཚ་བ་ཚྭ་སྣའི་རིལ་བུ་ནི། སྒ་པི་པི་ལིང་ཕོ་བ་རིས་རྩི་ཏྲ་ཀ་དབྱི་མོང་དང་ལྔ། ཚྭ་སྣ་ཚོགས་ཚད་ཀྱི་རིལ་བུའོ། །གསུམ་པ་ནི། དུག་བྱུང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ངོས་བཟུང་དང་གཉེན་པོ་ནི་སྦྱར་དུག་གསོ་སྐབས་སུ་གསལ་ལ། ཕལ་ཆེར་ཐང་ཕྲོམ་ལ་སྦྱར་བ་ལ་འོང་བས་དེའི་གཉེན་པོ་བསྟེན་ནོ། །བཞི་པ་ནི། གདོན་ཡིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་གདོན་ཡིན་ན་མི་འགྱུར་བའི་རྟགས་སུ་རྨི་ལམ་དུ་བུད་མེད་ཀྱིས་ཐིག་ལེ་འདྲེན་པ་རྨི་བར་འགྱུར་པ་དེ་ལ་མོ་ཕྱྭ་བྱས་ལ་གདོན་ངོས་བཟུང་ལ། དེ་མཐུན་གྱི་རིམ་གྲོ་དང་རྟེན་འབྲེལ་བྱ། སྔགས་ཀྱིས་གསོ་བ་ལ་ལུག་ཐུག་གི་སོག་པ་གཡས་པའི་བལ་མི་ལག་མ་འགྲིམ་པ་ཁྱེའུ་གཙང་མས་བཀལ་པའི་ཐི་གུ་ལ་རྡོ་རྗེའི་བདུད་པ་བདུན་བྱས་ཏེ། ཨོཾ་ཧ་ར་ཧ་ར་བྷ་ག་དྷེ་ནི་ཤུ་ཏྲ་དྷེ་ཤི་ནི་ཐར་ཏེ་སྭཧཱ། །ཞེས་སྟོང་བཟླས་སུར་སྐུད་ལ་བཏབ་སྟེ་སྐེད་བར་བཅིང་ངོ༌། །མོ་གདོན་གྱིས་ཁམ་འཛག་བསྲུང་ནི། མི་ཀླད་ཡུངས་ཀར་སེར་ཙམ་བརྔོས་པ་གུ་གུལ་ནག་པོ་མང་ལ་ཁྲག་བཞི་ཆ་ཉམས་ཞིབ་པར་བཏག་པ་སྦྲང་གི་ཚི་བྱས་ཏེ་སྐུད་པར་བྱུག་པས་སྐེད་ལ་བཅིངས་ན་མོ་གདོན་བསྲུང་བར་ངེས་སོ། །ཕོ་གདོན་བསྲུང་རྫས་ལ། བནྡེ་ལ་སོགས་པའི་རྒྱལ་པོ་རྨི་ཆེ་བར་བྱུང་ཚེ་མི་གྲིར་ཤི་བའི་རུས་པ་མེར་བསྲེགས་ཞིབ་བཏགས་བུ་རམ་ལ་སོགས་པ་ཚི་ཅན་བཅས་ལྟེ་བ་ལ་མེ་ལོང་ཆུང་བའི་རྒྱ་ཙམ་བྱུགས་ན་རྨིས་ལྟས་བཟློག་གོ །བུ་རམ་དང་ས་བོན་བསྲེས་ཏེ་ཟ་ཞེས་པ་ཡང་མཆན་དུ་འབྱུང༌། གསུམ་པ་དེ་རྣམས་ཀྱི་དགོས་པ་བཤད་པ་ནི། དགོས་ཞེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ལྟར་ཚིགས་རྐང་སྔ་མ་གཉིས་ལ། སློབ་དཔོན་དཔའ་བོས། ནད་མེད་ལང་ཚོར་གནས་པ་དག །རོ་ཙ་བ་ནི་བསྟེན་བྱེད་པ། །དུས་ཚིགས་ཀུན་ན་ཉིན་རེ་བཞིན། །ཉལ་པོ་བྱས་པ་དགག་པ་མེད། །ཅེས་གསུང་ཤིང༌། ཉིན་རེ་བཞིན་སྤྱོད་པ་བསྟན་པ་ནི། བཤད་རྒྱུད་དུ་དགུན་དུས་རོ་ཙས་དྲེགས་ཚེ་བཀག་པ་མེད། །སྟོན་དཔྱིད་ཞག་གཉིས་དབྱར་སོས་ཟླ་ཕྱེད་བཅད། །ཅེས་གསུངས་པ་ལྟར་རོ། །ཚིག་རྐང་བར་པ་གཉིས་ལ་ཡན་ལག་བརྒྱད་པ་ལས། བུ་ཚའི་རྒྱུ་ནི་བསྐྱེད་བྱེད་ཅིང༌། །འཕྲལ་དུ་ཡང་དག་དགའ་བྱེད་གང༌། །གང་གི་དེ་ལྟར་རབ་སྟོབས་ལྡན། །བུད་མེད་ལ་ནི་ཐོགས་མེད་འགྲོ། །ཞེས་གསུངས། །རྐང་པ་ཕྱི་མ་གཅིག་པོ་ལ། སྙིང་པོ་བསྡུས་པར། དེ་བས་རྫས་ནི་འདི་ལྟ་བུས། །བརྟ་བྱ་བུད་མེད་ལ་འཇུག་བྱ། །རང་གི་ཤུགས་ཀྱིས་སྐྱེས་པ་དང༌། །བུད་མེད་ཡོན་ཏན་གྱིས་དགའ་སྤྱད། །ཆོས་ཀྱི་དཔག་བསམ་ཤིང་མྱུ་གུ། །དབང་པོ་བདེ་དགུ་ཀུན་བསྟེན་བྱ། །ཡུལ་འདི་ཡིད་དུ་འོང་བ་ལྔ། །འདོད་པ་ལྷ་ཡི་རྔ་ཡིན་ནོ། །ཡིད་འོང་ཡུལ་ནི་རེ་རེས་ཀྱང༌། །ཚིམ་ཞིང་དགའ་བྱེད་མཆོག་ཡིན་ནོ། །བུད་མེད་ལུས་ལ་འདུག་ནས་གང༌། །གནས་པ་དེ་ནི་སྨོན་ཅི་དགོས། །ཞེས་འབྱུང་ལ། མདོར་ན་འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལས་སོགས་པ་ཀུན་ལ་འདུས་པའམ་རེག་བྱ་ཤས་ཆེར་གྱུར་པའི་བདེ་བའམ་ཆགས་པ་ནི་འཇིག་རྟེན་ན་མཆོག་ཏུ་གྲགས་སོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དགུ་བཅུ་རྩ་གཅིག་པའོ། །ཞེས་པས་བསྟན་

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།