སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་གསུམ་པ། ཐང་གི་སྡེ་ཚན་བསྟན་པ།



ལེའུ་གསུམ་པ།  ཐང་གི་སྡེ་ཚན་བསྟན་པ། 

བརྟག་ཐབས་རྣམ་གཉིས་ཀྱིས་ལེགས་པར་བརྟག་དགོས་པར་གདམས་ཤིང༌། བར་དུ་གསོ་བའི་ཚུལ་རྣམ་པ་དགུའི་རྒྱས་བཤད་བཤད་རྒྱུད་དུ་བསྟན་ཚུལ་གསུངས་པའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་བྱ་བ་གཞན་གྱིས་བར་མ་ཆོད་པར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེ་ས་དང་བཅས་ཏེ་གསོ་ཐབས་ལག་ལེན་བཅོ་བརྒྱད་ཀྱི་སྒོ་ནས་ནད་ཀྱི་དགྲ་དཔུང་འཇོམས་པའི་རྐང་གྲངས་ལག་ཏུ་བླང་བའི་ཐབས་སམ་རིམ་པ་ཅི་འདྲ་ལྟར་བགྱི་ཞེས་འདྲི་ཞིང༌། འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བཤད་དུ་གསོལ་ཞེས་ཞུས་པ་དང༌། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ཏེ། གསོ་ཐབས་ལག་ལེན་དངོས་ཀྱི་རྐང་གྲངས་ཀྱང་འདི་ལྟར་ཡིན་ཏེ།

དེ་ཡང་ལག་ཏུ་བླང་བའི་གཉེན་པོ་མཐའ་དག་སྨན་དང་དཔྱད་གཉིས་སུ་འདུས་པ་ཡིན་ལ། སྨན་དེ་ལ་དབྱེ་ན་ཞི་བྱེད་དང་སྦྱོང་བ་གཉིས་ཏེ། དེའི་དང་པོ་ཞི་བྱེད་ལའང་ནང་གསེས་སུ་དབྱེ་ན་ནད་གང་ཡང་ཐོག་མར་སྨིན་སྡུད་འབྱེད་པ་ལ་ནུས་པ་རྣོ་མྱུར་དང་ལྡན་པ་ཐང་གི་སྦྱོར་བ་བསྟན་པ་དང༌། གལ་ཏེ་དེས་མ་སེལ་ན་ཕྱེ་མའི་སྦྱོར་བ་དང༌། དེས་མ་ཐུལ་ན་རིལ་བུའི་སྦྱོར་བ་དང༌། རྙིངས་ཤིང་ཞེན་པའི་ནད་ལྷག་འདོན་པ་ལྡེ་གུའི་སྦྱོར་བ་དང༌། ལུས་སྟོབས་སྐྱེད་ཅིང་དབང་པོ་གསལ་བ་སྨན་མར་གྱི་སྦྱོར་བ་དང་ལྔ་པོ་དེ་ལ་སྡེ་ཚན་ལྔ་ཞེས་སྤྱི་ཁྱབ་ཏུ་གྲགས་པ་ཡིན་ལ། འོན་ཀྱང་སྡེ་ཚན་དེའི་སྟེང་དུ་གྲང་ནད་གཙོ་ཆེར་སེལ་བ་ཐལ་སྨན་གྱི་སྦྱོར་བ་དང༌། ཚ་བའི་ནད་ཤས་ཆེར་སེལ་བ་ཁནྜའི་སྦྱོར་བ་དང༌། རླུང་ལྡན་ཤས་ཆེར་སེལ་བ་སྨན་ཆང་གི་སྦྱོར་བ་དང་གསུམ་སྟེ། སྡེ་ཚན་བརྒྱད་པོ་དེས་ཞི་བྱེད་ཀྱི་སྦྱོར་བ་བསྟན་ཅིང༌། ནད་པ་འབྱོར་ལྡན་ཅན་རྗེས་སུ་འཛིན་པའམ་ཞི་བྱེད་དེ་རྣམས་ཀྱི་ལོག་གནོན་རིན་པོ་ཆེའི་སྦྱོར་བ་དང་བཅས་པའི་དགུ། དེའི་སྟེང་དུ་དབུལ་ཕོངས་ཀྱི་ནད་པ་རྣམས་རྗེས་སུ་བཟུང་བའམ་གློ་བུར་གྱི་ཐུག་ཕྲད་ཀྱི་ནད་ལ་སྔོའི་སྦྱོར་སྡེ་དང་བཅས་སྡེ་ཚན་བཅུ་ཡིན་ལ། དེ་ཡང་ཐལ་སྨན་ནས་སྔོ་སྦྱོར་གྱི་བར་འདི་གོང་གི་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་གྱི་སྡེ་ཚན་ལྔ་རུ་མ་འདུས་པ་མེད། གང་ཞེ་ན་ཐལ་སྨན་ནི་ཕྱེ་མ་གྲང་སེལ་ཁོངས་དང་སྨན་ཆང་སྨན་མར་ཁཎྜ་ལྡེ་གུ་རིན་ཆེན་རིལ་བུ་སྔོ་སྦྱོར་ཐང་གི་ཁོངས་སུ་བསྡུའོ། །སྦྱོང་བྱེད་ལ་ལས་ལྔ་ཡོད་པ་དེ་དག་གི་སྔོན་འགྲོར་སྣུམ་འཆོས་བྱ་བ་དང༌། དངོས་གཞི་ལ་མཁྲིས་ནད་སོགས་ཐུར་དུ་སྦྱོང་བ་བཤལ་དང་བད་ཀན་གྱི་ནད་སོགས་གྱེན་དུ་འདྲེན་པ་སྐྱུགས་དང༌། ནམ་ཚོང་ཡན་གྱི་ནད་སེལ་བ་སྣ་སྨན་དང༌། རླུང་དང་རྒྱུ་ལོང་གི་ནད་སོགས་འཇམ་པོས་སེལ་བ་འཇམ་རྩི་དང༌། ལྟོ་སྦོས་དྲི་ཆུ་སྡོམ་པ་སོགས་དྲག་པོས་སེལ་བ་ནི་རུ་ཧ་དང༌། སྦྱོང་ཐམས་ཅད་ཀྱི་ལོག་གནོན་རྩ་ནས་སྦྱོང་བ་དང་བདུན་ནོ། །དཔྱད་ལ་ཚ་བའི་ནད་རོ་དབྱུང་བ་གཏར་ག་དང༌། གྲང་བའི་ནད་སྟོབས་གཞོམ་པ་མེ་བཙས་བསྲེག་པ་དང༌། ལྡན་འདུས་བད་ཀན་ཤས་ཆེ་བའི་གཉེན་པོ་དུགས་དང༌། ལྡན་འདུས་མཁྲིས་ཤས་ཆེ་བའི་གཉེན་པོ་ལུམས་དང༌། ལྡན་འདུས་རླུང་ཤས་ཆེ་བའི་གཉེན་པོ་བྱུག་པ་དང་ལྔ་ཡིན་ལ། དཔྱད་དེ་ཐམས་ཅད་ཀྱི་ལོག་གནོན་ཐུར་མའི་དཔྱད་དང་བཅས་དྲུག་སྟེ། དེ་ལྟར་གྱི་སྡེ་ཚན་སོ་སོར་བཤད་པ་རྣམས་བཅུ་པོ་ལྔར་མ་བསྡུས་པར་སྤྱི་རུ་བསྡོམས་པས་ན་རྒྱས་བཤད་ཉི་ཤུ་རྩ་གསུམ་དང༌། མདོ་རུ་བསྡུས་པའི་ཚེ་ལག་ལེན་ལ་ཞི་བྱེད་བཅོ་ལྔར་བསྡུས་པའི་ལྔ། སྦྱོང་བྱེད་ལ་བདུན། དཔྱད་དྲུག་སྟེ་བཅོ་བརྒྱད་དུ་འདུ་བ་འདི་ནི་ནད་ཀྱི་དགྲ་དཔུང་འཇོམས་པའི་མཚོན་ཆ་ལྟ་བུ་ཡིན་ནོ། །

གོང་བཤད་ཉི་ཤུ་རྩ་གསུམ་པོ་དེ་རྣམས་ལག་ཏུ་བླང་བའི་རིམ་པ་ནི། དང་པོར་ཞི་བྱེད་སྨན་གྱི་སྡེ་ཚན་ལ་བཅུར་ཡོད་པའི་དང་པོ་ཐང་གི་སྦྱོར་བ་བསྟན་པར་ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཁྱོད་མ་ཡེངས་པར་གུས་པས་ཉོན་ཅིག་ཅེས་མཚམས་སྦྱར་ནས། ཞི་བྱེད་སྡེ་ཚན་བཅུའི་ཐོག་མ་ཐང་སྦྱོར་གྱི་སྡེ་ཚན་དེ་ལ་ཡང་ཚ་སེལ་དང་གྲང་སེལ་གཉིས་སུ་ཡོད་པ་ཡིན་ནོ། །

ཚ་སེལ་ལ་གནས་ཀྱི་བཅོ་བརྒྱད། རིགས་ཀྱི་བརྒྱད། ཁ་འཐོར་བ་བཅུ་གཅིགཆིག་ཐང་བཅུ་བདུན་དུ་བཤད་པའོ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་ལས། ཐང་སྦྱོར་གྱི་རིགས་སྣ་མ་འགགས་པ་དང༌། ཟླ་ཟེར་ལས་སྦྱོར་སྡེ་དང་གྲངས་དང་བསྡུས་ཐང་སོགས་ཀྱི་དབྱེ་བ་བསྐོལ་བའི་ཚད་སོགས་རྒྱས་པར་བཤད་ཅིང༌། རྒྱུད་འདིར་དེ་ལ་དང་པོར་ཚ་བ་སེལ་བའི་ཐང་གི་སྡེ་ཚན་ལ་ནི།

དེ་ཡང་མི་ཐོད་རྙིང་པ་ཞེས་པ་ས་འོག་ནས་ཐོན་པའམ་ཆར་ཉིས་ཁྱེར་བའི་ཐོད་སུངས་རྙིང་པ་སྣུམ་ཚི་ཟད་པ། དེ་ཡང་ཕོ་མོ་རང་རང་བྱུང་ན་བཟང་བར་བཤད་པ་དང༌། སྲོག་ཆགས་འབྲུག་རུས་དང་ཏིག་ཏ་འདི་ལ་དེང་སང་ཤས་ཆེར་སུམ་ཅུ་ཏིག་གཏོང་ཞིང་སྨན་པ་ཕལ་ཆེར་གྱིས་རྒྱ་ཏིག་མ་མཐོང་བ་མང་ཡང་སྨན་མར་སྐབས། ཏིག་ཏ་ཀྱི་ལྕེ་བ་དང་སུམ་ཅུ་ཏིག། ཅེས་སོགས་ཏིག་ཏ་དང་སུམ་ཅུ་ཏིག་སོ་སོར་ཡོད་པ་མང་བས་ཏིག་ཏ་ཞེས་པ་རྣམས་རབ་རྒྱ་ཏིག་དངོས་དང༌། དེ་མིན་བལ་ཏིག་མཐར་ནུས་མཚུངས་ཀྱི་ལྕགས་ཟངས་སོགས་གཏོང་བ་ལས་སྤྱི་ཁྱབ་ནི་རྒྱ་ཏིག་ཏུ་བཞེད་པ་བཅས་ཏིག་ཏ་གསུམ་ཐང་གི་ཁུ་བ་ཆུ་ཕུལ་གསུམ་ལ་བསྐོལ་ཏེ་སུམ་གཉིས་ཕུལ་དོར་གདུས་ལ་སུམ་གཅིག་ཕུལ་གང་ལུས་པའི་དུས་དེར་གྲང་དུ་བཅུག་ནས་བཏང་བས་རླུང་མཁྲིས་བད་ཀན་ཡ་མ་དཀར་ནག་རྨས་པ་སོགས་ཀྱི་མགོ་བོའི་ནད་མཐའ་དག་སེལ་བར་བྱེད་པ་ཡིན་ནོ། །ལྕགས་བདར་བའི་ཕྱེ་མ་དང༌། སྐྱེར་པ་ནི་རགས་དཀར་ནག་གཉིས་གང་རུང་དཔྱིད་ཆུ་འབུས་ཀྱི་དུས་སམ། སྟོན་འབྲས་བུའི་དུས་ཀྱི་བར་ཤུན་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་བཅས་ལྕགས་ཕྱེ་ལྔ་ཐང་གི་ཁུ་བ་གྲང་ནས་བཏང་བ་དེས་མིག་གི་ནད་མཐའ་དག་སེལ་བར་བྱེད། ཤ་ཕོ་རུ་རྟ་དང་ཨ་རུ་ར་གཉིས་གདུས་གྲང་ངམ་གྲང་ཐང་བྱས་པ་དེའི་ཁུ་བ་ལ་རུ་རྟ་གཉིས་ཐང་དུ་གྲགས་པ་དེས་རྣ་བའི་ནང་ནས་རྣག་ཁྲག་འཛག་པ་སེལ་ཞིང་ཟུག་གཟེར་འཇོམས་པར་བྱེད་པ་དང༌། སྐྱེར་པའི་བར་ཤུན་དང་མཁན་སྐྱ་ཞེས་པ་རིགས་དཀར་ནག་གམ་སྐྱ་སྨུག་གཉིས་ཡོད་པའི་སྐྱ་བོ་དེ་བསྡུས་པའི་ཁུ་བ་ལ་དོམ་མཁྲིས་བཏབ་པས་སྐྱེར་པ་གསུམ་ཐང་དུ་གྲགས་པ་དེ་བཏང་བས་སྣ་ནས་ཁྲག་འཛག་པ་གཅོད་དོ། །ནག་མཚུར་དང་སེང་ཕྲོམ་སྟེ་ཞུ་མཁན་དང་ཨ་རུ་ར་བཅས་ནག་མཚུར་གསུམ་པའི་གྲང་ཐང་གི་ཁུ་བ་མཁུར་བཀང་སྟེ་ཁ་ནང་དུ་བཟུང་ཞིང་ཡུན་ཅི་རིགས་སོང་བ་དང་འཕོ་བ་ཡང་ཡང་དུ་བྱས་པས་ཁའི་ནང་གི་ཁྲག་ནད་དང་ཟུག་གཟེར་འཇོམས་པར་བྱེད་ལ། བོང་ང་དཀར་པོ་དང༌། ཤིང་མངར་དང༌། སྤང་རྒྱན་རིགས་དཀར་སྔོ་ཁྲ་གསུམ་ལས་དཀར་པོ་བཅས་བསྡུས་པའི་ཁུ་བར་ཅུ་གང་དང་ཀ་ར་སྦྱར་བས་བོང་ང་ལྔ་ཐང་གིས་སྐད་འགགས་པ་དང་གྲེ་བ་ཚ་ཞིང་སྐམས་པ་སེལ་ལོ། །སོ་ཕག་ནི་ས་བཟང་རྫ་སའི་ཕ་གུ་སོ་ཚོས་པར་བཏང་བའམ། མ་རྙེད་ན་རྫ་གསར་པ་ཐི་ཀ་རིར་གྲགས་པ་རྣམས་བསྡུས་པའི་ཁུ་བར་འུ་སུ་རིགས་སེར་ནག་གཉིས་ལས་སེར་པོ་ལྡུམ་རར་སྐྱེས་པའི་འབྲས་བུ་གའུ་ཁ་སྦྱར་འདྲ་བ་དང༌། ཀ་ར་བཅས་བཏབ་པའི་མཁུར་བཀང་གོང་བཤད་ལྟར་བྱས་པས་སོ་ཕག་གསུམ་ཐང་ངམ་འུ་སུ་གསུམ་ཐང་དེས་ཁ་དང་ལྕེ་དང་གྲེ་བ་སྐམས་པ་སེལ། ཙན་དན་དཀར་པོ་དང་ཛཱ་ཏི་དང་སྙིང་ཞོ་ཤ་བཅས་ཙན་དན་གསུམ་ཐང་ངམ་ཞོ་ཤ་གསུམ་ཐང་དུ་གྲགས་པའི་བསྡུས་གྲང་དེས་སྙིང་གི་ཚ་བ་འཇོམས་པར་བྱེད་ལ། སྲོ་ལོ་སྣ་ཚོགས་ལས་དཀར་པོ་དང༌། ཤིང་མངར་དང༌། རྒྱ་སྐྱེགས་དང༌། ལི་ག་དུར་བཅས་སྲོ་ལོ་བཞི་ཐང་དེས་གློའི་ཁྲག་ཚད་ཀྱི་གཟེར་དང་ལུད་པ་འགོགས་དཀའ་བ་རྣམས་སེལ་བར་བྱེད། བྲག་ཞུན་དང་བ་ལེ་ཀ་དང་བ་ཤ་ཀ་སོགས་བསྡུས་པའི་ཁུ་བར་གུར་ཀུམ་མཆོག་བྱུང་ན་དང་དེ་མིན་གང་བྱུང་དང་དོམ་མཁྲིས་བཅས་བཏབ་པའི་བྲག་ཞུན་ལྔ་ཐང་དེ་བཏང་བས་མཆིན་པའི་ཚད་པ་སེལ་བ་དང༌། ལི་ཤི་དང་གསེར་གྱི་མེ་ཏོག་དང་ཨ་རུ་ར་བཅས་ལི་ཤི་གསུམ་ཐང་གིས་མཆེར་ཚད་དང་སྦོ་འཁྲོག་སེལ་བར་བྱེད། ཨ་རུ་ར་དང༌། རྒྱ་སྐྱེགས་དང༌། ཞུ་མཁན་དང༌། བཙོད་ཀྱི་མདུད་པ་ཤིང་ལུའམ་ཡལ་ག་སྐྱེ་མཚམས་ལྟ་བུའི་མདུད་པ་འདྲ་བ་དེ་བཅས་ཨ་རུ་བཞི་ཐང་གིས་དོན་མཁལ་མའི་ཚད་གཟེར་འཕྲོག་པ་དང༌། རྒྱུ་མ་དང་ལོང་སོགས་སྨད་ཀྱི་ཚ་བའང་སེལ་བར་བྱེད། བུ་ཕོ་ལོ་བརྒྱད་ལོན་པའི་དྲི་ཆུ་ལ་རྒྱ་སྣག་སྦྱར་བས་རྒྱ་སྣག་གཉིས་ཐང་དེས་ཕོ་བའི་ཚད་པ་སེལ་བ་དང༌། སྙ་ལོ་དཀར་པོ་དང༌། བཙོད་དང༌། བོང་ང་དཀར་པོ་བཅས་སྙ་ལོ་གསུམ་པོའི་ཐང་དང༌། དུག་མོ་ཉུང་དང༌། བོང་ང་དཀར་པོ་དང༌། ལི་ག་དུར་བ་ལེ་ཀ་བཅས་ཨིནྡྲ་བཞི་ཐང་གང་རུང་གིས་རྒྱུ་ལོང་སོགས་སྣོད་ཀྱི་ཚད་པ་མ་ལུས་པར་སེལ་ལ། ཨིནྡྲ་བཞི་ཐང་ངམ་དུག་ཉུང་བཞི་ཐང་དེའི་སྟེང་ལ་ཀ་པེད་ཅེས་པ་དང་འབྲས་དཀར་བཏབ་པས་ཀ་པེད་དྲུག་ཐང་གིས་ཚད་པས་འཁྲུ་བ་གཅོད་ཅིང༌། གཟེ་མ་ར་མགོ་དང༌། ལྕམ་པ་ཉི་དགའ་དང༌། སྡིག་སྲིན་བཅས་གཟེ་མ་གསུམ་ཐང་གིས་ཆུ་འགགས་སེལ་བ་དང༌། བ་སྤྲུ་བ་ལ་རིགས་མེ་ཏོག་གིས་ཕྱེ་བའི་དཀར་ནག་གཉིས་ལས་དཀར་པོ་དགོས་ཀྱང༌། དེ་ཡང་ཐང་ཕྲོམ་དང་རིགས་འདྲ་བས་ཆུས་བར་མ་ཆོད་ན་སྨན་དུ་སྦྱར་མི་རུང་བར་བཤད་པའི་བར་ཆོད་པ་དང༌། ར་མཉེ་སྟེ་ར་མོ་ཤག་དང་གཟེ་མ་བཅས་བ་སྤྲུ་གསུམ་ཐང་གིས་མངལ་གྱི་ཚད་པ་སེལ་བ་སྟེ། དེ་ལྟར་བཅོ་བརྒྱད་པོ་ནི་གནས་ཀྱི་ཚ་བ་སེལ་བའི་ཐང་དུ་གྲགས་པ་ཡིན་ནོ། །

ཨ་བར་སྐྱུར་གསུམ་སྟེ་འབྲས་བུ་གསུམ་ཐང་གིས་རིམས་དང་འཁྲུགས་པའི་ཚ་བའི་ནད་གསར་པ་དང་རྙིང་པ་མ་ལུས་སེལ་ཞིང་སྨིན་པར་བྱེད་པ་དང༌། མ་ནུ་པ་ཏྲ་དང༌། ཀཎྚ་ཀ་རི་དང༌། སླེ་ཏྲེས་དང་སྒ་སྐྱ་རྣམས་སྦྱོར་ལུགས་རྗེ་ཟུར་མཁར་བའི་མ་ནུའི་འཁྲུལ་འཁོར་བདུད་རྩིའི་ཟིམ་ཆར་ལས། མ་ནུ་སླེ་ཏྲེས་ཆ་མཉམ་ལ། །ཀཎྚ་ཀ་རི་ཉིས་འགྱུར་བཏང༌། །ཞེས་དེ་སྟེང་སྒ་སྐྱ་ཚྭ་འདེབས་ཙམ་བསྣན་པ་དང༌། བྱང་ལུགས་སུ་སླེ་ཏྲེས་གཙོ་བོ། དེ་ནས་རིམ་པར་ཀཎྚ་ཀ་རི་དང༌། མ་ནུ་དང༌། སྒ་ཚྭ་ཙམ་བཤད་ནའང༌། སླེ་ཏྲེས་དང་ཀཎྚ་ཀ་རི་ཆ་མཉམ་དེའི་སུམ་གཉིས་མ་ནུ། སྒ་སྐྱ་ཚྭ་ཙམ་སྦྱར་བའི་མ་ནུ་བཞི་ཐང་དུ་གྲགས་པའི་ཐང་གིས་རིམས་ཚད་སྨིན་པར་བྱེད་ཅིང༌། བད་ཀན་སྐྱ་བོ་རང་རྒྱུད་དང༌། སྨུག་པོ་གཞན་རྒྱུད་དང༌། སྟོངས་ཚད་ཁྲག་གཟེར་རྣམས་སེལ་བར་བྱེད་དོ། །ཏིག་ཏ་དང་སླེ་ཏྲེས་གསེར་གྱི་མེ་ཏོག་དང་བྱི་ཚེར་བཅས་ཏིག་ཏ་བཞི་ཐང་གིས་རིམས་ཚད་ལྕི་ཞིང་འཐིབས་པ་སེལ་བ་དང༌། ཡང་ཏིག་ཏ་དང༌། ཧོང་ལེན་དང༌། སྐྱུ་རུ་ར་བ་ཤ་ཀ་བཅས་ཏིག་ཏ་བཞི་ཐང་འདིས་ཁྲག་འཁྲུགས་ཀྱི་ཚ་བ་རོལ་དུ་གསོད་ཅིང་དྭངས་སྙིགས་འབྱེད་པ་དང༌། ཨ་རུ་ར་དང་ལྡུམ་བུ་ཞེས་པ་རེ་རལ་དང་བོང་ང་དཀར་པོ་རྣམས་བསྡུས་པའི་ཁུ་བ་ལ་ཚ་ལ་བཏབ་པའི་རེ་རལ་བཞི་ཐང་བཏང་བས་སྦྱར་དུག་དང་ཤ་དུག་སེལ་ལ། མ་ནུ་པ་ཏྲ། ཤ་ཕོ་རུ་རྟ། པུ་ཤེལ་ཙེ། བ་ཤ་ཀ་རྣམས་ཀྱི་བསྡུས་གྲང་མ་ནུ་བཞི་པའམ་པུ་ཤེལ་བཞི་ཐང་དུ་གྲགས་པ་དེས་སྨུག་པོ་རྒྱས་པའི་འཕྲལ་གྱི་ཟུག་གཅོག་པར་ནུས་པ་དང༌། སེང་ལྡེང་དང་ཨ་རུ་ར་དང་ཀྱི་ལྕེ་བ་རིགས་གཉིས་ཀྱི་དཀར་པོ་དང༌། སྐྱེར་པའི་བར་ཤུན་བཅས་སེང་ལྡེང་བཞི་ཐང་གིས་ཆུ་སེར་གྱི་ཚ་བ་རྒྱས་པ་སྐེམས་པར་བྱེད་དོ། །ཏིག་ཏ་དང་ཀྱི་ལྕེ་དཀར་པོ་བོང་ང་དཀར་པོ་བཅས་ཏིག་ཏ་གསུམ་ཐང་གིས་མཁྲིས་ཚད་རྒྱས་པ་འཇོམས་སོ་ཞེས་རིགས་ཀྱི་ཚ་སེལ་བརྒྱད་དོ། །

འབྲས་སྣུམ་མེད་ཆུ་ནང་དུ་བཀྲུས་པའི་ཁུ་བར་པུ་ཤེལ་ཙེ་དང་སྦྲང་རྩི་ལ་རིགས་རྒོད་གཡུང་གཉིས་ལས་གཡུང་བཏབ་པའི་འབྲས་བཀྲུས་གསུམ་ཐང་དེ་རྩེ་གུར་ཞེས་པ་དུས་མེད་པར་ཉུང་ངུ་ཉུང་ངུར་བཏང་བས་སྐྱུགས་པ་གཅོད་པར་བྱེད། ཤིང་ཏོག་བིལ་བ་དང༌། མོན་ཆ་ར་དང༌། ད་ཏྲིག་དང༌། སྐྱེར་པ་རོང་དོགས་པོའི་སྲིབས་སུ་སྐྱེས་པའི་མེ་ཏོག་བཅས་ཞོ་སྨིན་ལ་མར་བྱུང་བའི་དར་བར་བཏབ་པར་བྱས་ཏེ། བིལ་བ་ལྔ་ཐང་དེ་རྩེ་གུར་བཏང་ན་ཚ་གྲང་ཐུན་མོང་གི་འཁྲུ་བ་གཅོད་པར་བྱེད་ཅིང༌། སོ་མ་ར་ཛ་དང་བོང་ང་དཀར་པོ་གདུས་པའི་སོར་གཉིས་ཐང་ངམ་བོང་ང་གཉིས་ཐང་དེས་དུག་ཚད་ཀྱི་སྐྱུགས་པ་གཅོད་པར་བྱེད་དོ། །གུར་ཀུམ་དང་དོམ་མཁྲིས་ཚོས་ཏེ་རྒྱ་སྐྱེགས་རྣམས་བསྡུས་པའི་གུར་ཀུམ་གསུམ་ཐང་དེས་ཁྲག་ཚད་ཀྱི་སྐྱུགས་པ་གཅོད་པ་དང༌། སྤྲུ་རྩ་དཀར་ནག་གཉིས་ལས་འདིར་དཀར་པོ་དང་སྐྱེར་པའི་བར་ཤུན་དང་མཁན་པ་སྐྱ་བོ་དང་རམ་པ་དང་རྒྱ་ཚོས་རྣམས་བསྡུས་པའི་ཁུ་བར། གུར་ཀུམ་དང༌། དོམ་མཁྲིས་མི་མཁྲིས་དང༌། སྤྲུ་མ་དཀར་པོའི་འབུ་རྐྱང་སེལ་དུ་སྲོག་ཆགས་ཁོངས་སུ་བཤད་པ་དང༌། སྲན་མའི་མེ་ཏོག་རྣམས་བཏབ་པའི་སྤྲུ་རྩ་བཅུ་ཐང་ངམ་རྡོ་རྗེ་ཁྲག་གཅོད་དུ་གྲགས་པའི་ཐང་འདིས་ནི་ཁྲག་ཤོར་མ་ལུས་ཁོང་དུ་སྦེད་པའི་མཆོག་ཅེས་པ་ཡིན་ལ། གཞན་ཡང་འདི་ལ་སྦྱོར་སྡེ་མི་འདྲ་བ་ཟུར་མཁར་བས། དེ་ལ་ཁོང་ནས་སྨན་གྱིས་བཅད་པ་དང༌། །ཕྱི་ནས་རྫས་དང་དུ་བ་གསུམ་ཡིན་ལ། །ཁོང་སྨན་སྣ་ཁྲག་རང་སྐེམས་གུར་ཀུམ་དང༌། །དོམ་མཁྲིས་ས་རྫི་ཀ་དང་ཤིང་ཚ་རྣམས། །སྦྱར་བ་རྒྱ་ཡི་དར་ཐེམས་བཞི་པ་སྟེ། ཁྲག་ཤོར་རྒྱ་མཚོ་ཙམ་ཡང་གཅོད་པར་བྱེད། །གུར་ཀུམ་དོམ་མཁྲིས་ཟབ་འགྲོན་ཐལ་བ་དང༌། །སྤྲུ་མ་རེང་བུས་མགོ་སྐྱོན་སྣ་ཡར་བརྫང༌། །བུད་མེད་གསང་སྤུ་སྲམ་དང་རྟ་ཡི་སྤུ། །ཤོག་བུས་དྲིལ་བའི་དུ་བ་སྣ་ནང་བདུགས། །འདི་གསུམ་སྦྱོར་བས་སྣ་ཁྲག་གཅོད་པར་ངེས། །ལྟག་རྩ་དཔྲལ་རྩ་དཔུང་གསང་མེ་ཡིས་གནོན། །ཞེས་བཞེད་པའང་རིག་པས་དཔག་དགོས་སོ། །དབང་པོ་ལག་པ་དང་སླེ་ཏྲེས་དང༌། ཏིག་ཏ་བཅས་དབང་ལག་གསུམ་ཐང་གིས་ཡན་ལག་ཀོ་ལེར་ཚ་བ་ཞུགས་པ་སེལ་ཞིང༌། སླེ་ཏྲེས་བྲག་ཞུན་ཨ་རུ་ར་བཅས་སླེ་ཏྲེས་གསུམ་ཐང་གིས་དྲེག་ནད་སོགས་རྐང་པའི་ཆུ་སེར་ཚ་བ་ཐམས་ཅད་སེལ། ཤིང་མངར། ཙན་དན་དཀར་པོ། གླ་རྩི་དང་ལི་ག་དུར་བཅས་ཤིང་མངར་བཞི་ཐང་གིས་རྩའི་ཚད་པ་སེལ་བར་བྱེད་དོ། །བ་སྤྲུ་བ། སྐྱེར་པ། སླེ་ཏྲེས། ཨ་རུ་ར་རྣམས་བསྡུས་ཁུར་གུ་གུལ་ལ་དཀར་ནག་ཡོད་ཀྱང་འདི་སྐབས་སྤོས་དཀར་ཞོ་གཉིས་བཏབ་པས་བ་སྤྲུ་ལྔ་ཐང་གིས་ཤ་དང་མདངས་བར་གྱི་ཆུ་སེར་དང་པགས་པའི་ནད་ཀུན་སེལ་ཞིང༌། ཏིག་ཏ་བྱི་ཚེར་ཛཱ་ཏི་སྐྱུ་རུ་ར་བཅས་ཏིག་ཏ་བཞི་ཐང་གིས་མིག་སེར་དང་མཁྲིས་པ་ཕོ་བར་བབས་པའི་ཟུག་གཟེར་འཇོམས་པར་བྱེད་དོ། །ཡང་སེ་འབྲུ་དང་གོ་སྙོད་གཉིས་ཀྱི་ཐང་ལ་སྦྲང་རྩི་བཏབ་པའི་སེ་འབྲུ་གསུམ་ཐང་དེས་ཚ་བས་དང་ག་འགགས་པ་འབྱེད་པར་བྱེད་པ་སྟེ་ཁ་འཐོར་བཅུ་གཅིག་གོ།

ཨ་རུ་ར་གང་རུང་བའི་ཆིག་ཐང་གིས་ཕོ་བའི་མཁྲིས་པ་སེལ་བར་བྱེད་ཅིང༌། སྐྱུ་རུའི་ཆིག་ཐང་གིས་ཁྲག་ངན་འབྱེད་ཅིང་སྐེམས་པར་བྱེད་པ་དང༌། བ་རུའི་ཆིག་ཐང་གིས་ཆུ་སེར་གྱི་རིགས་སྤྱི་དང་ཁྱད་པར་ནག་པོ་སྐེམས། བ་ཤ་ཀའི་ཆིག་ཐང་གིས་ཁྲག་ནད་མ་ལུས་པ་སེལ་ཞིང༌། འུ་སུའི་ཆིག་ཐང་གིས་བད་ཀན་སྨུག་པོ་དང་ཁ་སྐོམ་དད་སེལ། ལྕགས་ཁུའི་ཆིག་ཐང་འདི་ལ་རྗེ་ཟུར་མཁར་བས་ལྕགས་ཆུར་གདུས་པའི་ཁུ་བའམ་ལྕགས་དྲེག་གདུས་ཁུ་ཞེས་གསུངས་པས་ལྕགས་སྣ་གང་འཛོམ་ཆུར་གདུས་ཆུ་ལ་ཨ་རུའི་གདུས་ཁུ་ཞད་ཙམ་བླུགས། དྲོ་སར་ཞག་གསུམ་བསྙལ་བའི་ནག་པོར་སོང་བ་དེས་མཆིན་ཚད་དང་མིག་ནད་དང་ཤུ་བའི་རིགས་སེལ། མོན་ལུག་གླ་སྒང་དང་ག་དུར་གཉིས་ཀྱི་ཆིག་ཐང་གིས་རིམས་ཤས་ཆེ་བའི་གློ་དང༌། སྲོ་ལོ་དཀར་པོའི་ཆིག་ཐང་གིས་རླུང་ཤས་ཆེ་བའི་གློ་བཅས་ཆིག་ཐང་དེ་གསུམ་ཀྱིས་གློའི་ཚད་པ་མ་ལུས་པ་སེལ་ལོ། །སེང་ལྡེང་ཆིག་ཐང་གིས་ཆུ་སེར་གྱི་རིགས་རྣམས་སྐེམ་པར་བྱེད་ཅིང༌། སླེ་ཏྲེས་ཆིག་ཐང་གིས་རིམས་ནད་ཀྱི་རིགས་མ་སྨིན་པ་འབྱེད་ཅིང༌། བཙོད་ཀྱི་ཆིག་ཐང་འབྲུམ་པ་ཁྲག་ཏུ་འཁྲུ་སྐྱུག་དང༌། སྤང་རྒྱན་དཀར་པོའི་ཆིག་ཐང་འབྲུམ་པས་གྲེ་བ་འགགས་པ་སྟེ་ཆིག་ཐང་འདི་གཉིས་ཀྱིས་འབྲུམ་པ་ནག་པོའི་ནད་སེལ་བར་བྱེད། བྲག་ཞུན་གྱི་ཆིག་ཐང་གིས་དྲེག་ནད་དང་ཆུ་འགགས་པ་སེལ། ཆུ་རུག་པའི་ཆིག་ཐང་གིས་རྒྱུས་པའི་ཚད་པ་རྣམས་སེལ་ཞིང༌། སྟབ་སེང་སྟེ་སྤྱི་ཞུར་གྱི་ཆིག་ཐང་གིས་རུས་པ་གས་པ་རྣམས་སྦྱོར། ཏིག་ཏའི་ཆིག་ཐང་གིས་བད་ཀན་ཚད་པ་སེལ་བ་སོགས་ཆིག་ཐང་བཅུ་བདུན་ཏེ་ཚ་སེལ་གྱི་ཐང་ང་བཞིའོ། ། 

གྲང་བ་སེལ་བའི་ཐང་གི་སྡེ་ཚན་ལ། བཅའ་སྒ་དང༌། རྒྱམ་ཚྭ་དང༌། ཨ་རུ་ར་གདུས་པའི་ཁུ་བ་ཚ་མོ་རྒྱམ་ཚྭ་གསུམ་ཐང་གིས་ལུས་དྲོད་ཆུང་བ་དང་གྲང་བའི་ནད་མ་ལུས་པ་སེལ་ཞིང༌། དེ་ལ་པི་པི་ལིང་བསྣན་པའི་རྒྱམ་ཚྭ་བཞི་ཐང་ངམ་ཆ་མཉམ་བཞི་ཐང་དེས་སྨན་མ་ཞུ་བ་ཀུན་འཇུ་བར་བྱེད་ལ། བཅའ་སྒ་དང་ཤིང་ཀུན་བསྡུས་པའི་ཁུ་བ་ལ་ཁ་རུ་ཚྭ་ཞེས་པ་བཅོས་ཚྭ་བཏབ་པའི་ཤིང་ཀུན་གསུམ་ཐང་དེས་སྙིང་རླུང་སེལ་བར་བྱེད་ཅིང༌། ཐང་མ་སྒྲོན་ཤིང་མོན་ལུག་གླ་སྒང་དང་ཤིང་ཀུན་ཨ་རུ་ར་བཅས་སྒྲོན་ཤིང་བཞི་ཐང་འདིས་ནི་རླུང་ལྡན་གྱི་རིམས་དང་གྲང་རླུང་དང་དེས་བསྐྱེད་པའི་ཁ་གདོང་གཡོ་བའི་ནད་སེལ། སེ་འབྲུ་དང་པི་པི་ལིང་དང་སྨན་སྒ་བསྡུས་པའི་ཁུ་བར་འབྲས་ཡོས་དང་སྦྲང་རྩིའི་ཁ་ཚར་བཏབ་པའི་སེ་འབྲུ་ལྔ་ཐང་གིས་གྲང་བས་འཁྲུ་བ་དང༌། སྐྱུགས་པ། སྦོ་བ། སྒྲེག་པ་སྐྱིགས་བུའི་ནད་རྣམས་སེལ། ད་ལིས་ནི་བ་ལུ་སྟེ་རིགས་དཀར་ནག་གཉིས་ཀྱི་དཀར་པོའི་མེ་ཏོགསུག་སྨེལ་དང་སྒ་སྨུག་གསུམ་བསྡུས་པའི་ད་ལིས་གསུམ་ཐང་དེས་ནི་ལྕེ་དང་མཆུ་དཀར་བ་དང༌། སྙིང་འདར་ཞིང་འཁྲུག་པ་ཟས་ཟོས་རྗེས་མཆིན་པ་ན་བའི་མཆིན་རྒུད་དང༌། ཁ་ཟས་མ་ཞུ་བ་དང་ཤེད་ཆུང་བ་སྟེ་ངལ་བའི་ནད་སེལ་ལོ། །ཁ་རུ་ཚྭ་དང༌། ཟི་ར་ནག་པོ། པི་པི་ལིང༌། ཤིང་ཚ། ལ་ལ་ཕུད་ལ་དཀར་ནག་གཉིས་ལས་འདིར་དཀར་པོ་དང༌། ཕོ་བ་རིས་བཅས་ཁ་རུ་ཚྭ་དྲུག་ཐང་གིས་ཁ་ཟས་མི་འཇུ་བ་དང་གྲང་བས་སྐྱུགས་པ་སེལ། ཤིང་ཚ་གོང་བཤད་ཀྱི་ཁ་རུ་ཚྭ་དང༌། སྒ། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་རྣམས་འོ་མར་བཏབ་སྟེ་བཏང་བའི་ཤིང་ཚ་ལྔ་ཐང་དེས་གྲང་བ་སེལ་ཞིང་གྲང་བས་འཁྲུ་བ་གཅོད་པར་བྱེད། སུག་སྨེལ། ཟི་ར་དཀར་པོ། པི་པི་ལིང་རྣམས་འོ་མར་བསྡུས་པའི་སུག་སྨེལ་གསུམ་ཐང་གིས་གཉིད་མེད་ཅིང་ཡེར་བ་འགུགས་པ་དང༌། སྒོག་སྐྱ་སྲང་བཞི་ཆུ་བོ་བརྒྱད་འགྱུར་ཏེ་སྲང་སོ་གཉིས་བཅས་སྣོད་ནང་དུ་སྒོག་པར་ཐིམ་པར་ཆུ་ལ་གདུས་པ་གར་སླ་ཞོ་ཙམ་བྱས་པ་དེ་སླར་འོ་མ་སྲང་སོ་གཉིས་ལ་གདུས་པའི་ཁུ་བ་སྒོག་སྐྱ་གཉིས་ཐང་དེས་རླུང་སྐྲན་དང་རླུང་རིམས་དང་གཟུགས་འཁུམས་པ་ལ་སོགས་པའི་རླུང་ནད་མ་ལུས་པ་སེལ་ཞིང༌། འདི་ལ་བྲང་ཏིས། སྨན་གྱི་སྦྱར་ཚད་སོ་སོ་ཆ། །ཞོ་ནི་བརྒྱད་ལ་སྲང་གང་སྟེ། །སྲང་གཅིག་སྤོར་གང་སྲང་གཉིས་ཁྱོར། །སྲང་བཞི་སྙིམ་གང་སྲང་བརྒྱད་ནི། །བྲེ་ཕྱེད་བཅུ་དྲུག་བྲེ་གང་སྟེ། །གཉིས་གཉིས་མིང་གི་རྣམ་གྲངས་ཡིན། །སྔ་ཕྱི་ཉིས་འགྱུར་གཉིས་ཀྱིས་ཏེ། །སྨན་ནི་སྐམ་པོའི་གཞལ་ཚད་ཡིན། །རློན་པ་དེ་ཡི་ཉིས་འགྱུར་གཞུག། ཅེས་བཤད་ཅིང༌། ཆུ་དང་འོ་མ་སོགས་གཤོར་བའི་སྲང་ཚད་ནི། ཡན་ལག་བརྒྱད་པའི་རང་འགྲེལ་ལས། སྲང་གཉིས་ལ་ཁྱོར་བ་གང་ངོ༌། །སྲང་བཞི་ལ་ནི་སྙིམ་པ་གང་ངོ་ཞེས་གསུངས་པ་ལྟར་ཡིན་པས་མ་འཕྱུགས་པར་བྱའོ། །ཨ་རུ་ར་གདུས་པའི་ཁུ་བར་དོང་གྲ་སྟེ་སྒ་སྨུག་བཏབ་སྟེ་བསྐོལ་བར་བྱས་ནས་ཨ་རུ་གཉིས་ཐང་འདི་ནང་རེ་བཞིན་བཏང་ན་སྐྲན་དང་མཁྲིས་པ་མིག་སེར་སེལ་བ་དང༌། ཐལ་ཚྭ་རིགས་གཉིས་གང་རུང་དང་ཡ་བཀྵ་ར་བཅས་ཐལ་ཚྭ་གཉིས་ཐང་དེས་སྦོས་པའི་ནད་རིགས་མཐའ་དག་སེལ་བར་བྱེད་དོ་ཞེས་པ་སྟེ། གྲང་སེལ་གྱི་ཐང་བཅུ་གཉིས་སོ། །

ཁ་རུ་ཚྭའི་ཆིག་ཐང་གིས་ཁ་ཟས་མངས་པའི་ཕོ་ལོག་འཇོམས་ཤིང༌། རྒྱམ་ཚྭའི་ཆིག་ཐང་གིས་མ་ཞུ་བ་གསར་པ་འཇུ་བར་བྱེད། རྒྱ་ཚྭའི་ཆིག་ཐང་གིས་དྲི་ཆུ་འགགས་པ་སེལ་ཞིང༌། རྡོ་ཐལ་ནི་རྡོ་ཞུན་རིགས་ལྔ་གང་རུང་མེར་དཀར་པོར་མ་སོང་གི་བར་བསྲེགས་ལ་ཆུ་དཀྱིལ་དུ་བསྐྱུར་ཏེ་བཞུ་བའི་ཐལ་བའམ་ཅོང་ཞིའི་ཐལ་བའི་ཆིག་ཐང་གིས་ཕོ་བའི་བད་ཀན་བཤིགསྨན་སྒའི་ཆིག་ཐང་གིས་ལུས་ཀྱི་དྲོད་སྐྱེད་ཅིང་མ་ཞུ་བ་འཇུ་བ་དང༌། སྲད་དཀར་གྱི་ཆིག་ཐང་གིས་མཆེར་པའི་ནད་དང་དམུ་རྫིང་སེལ། བ་སྤྲུ་བའི་ཆིག་ཐང་གིས་སྨད་ཀྱི་གྲང་བ་སེལ་ཞིང༌། ནས་སྔོན་པོའམ་དེ་མིན་རྒྱུ་གང་ཡིན་སོག་ཚིགས་ཀྱི་ཆིག་ཐང་ཆང་མ་ཞུ་བ་འཇུ། སོག་ཡུའི་ཐང་ཞེས་པ་ཤ་རིགས་དེ་གང་ཡིན་ནམ་ལུག་ཐོང་ངམ་གཡག་རྒོད་ཀྱི་སོག་པ་ཤ་མེད་པའི་ཐང་གིས་ཤ་མ་ཞུ་བ་འཇུ་ཞིང༌། དེ་ཡང་ཚབས་ཆེ་ན་བསྲེགས་ཐལ་ཡང་བཏང་ངོ༌། །ནས་སྔོན་པོའི་གདུས་ཐང་གིས་དང་ག་འགགས་པ་འབྱེད་ཅིང༌། སྲེ་ལོང་པའི་ཐང་གིས་ཐོར་བུའི་རླུང་གི་སྣ་གནོན་པ་སོགས་དེ་ལྟར་བཤད་པའི་ཚ་སེལ་གྱི་ཐང་ལྔ་བཅུ་ང་བཞི་དང༌། གྲང་སེལ་ཉི་ཤུ་རྩ་གསུམ་བསྡོམས་པས་བདུན་ཅུ་དོན་བདུན་དུ་བཞེད་དགོས་པ་ལ། འགའ་ཞིག་གནས་ཀྱི་ཚ་སེལ་བཅུ་བདུན་དང༌། རིགས་ཀྱི་ཚ་སེལ་བརྒྱད། ཁ་འཐོར་བཅུ་གཅིགཆིག་ཐང་བཅུ་བཞི་བཅས་ཚ་སེལ་ལྔ་བཅུར་བཞེད་པ་ནི། སྙ་ལོ་བཙོད་དང་བོང་ང་དཀར་པོའི་ཐང༌། །དུག་ཉུང་བོང་ང་ག་དུར་བ་ལེ་ཀའི། །ཐང་གིས་རྒྱུ་ལོང་སྣོད་ཚད་མ་ལུས་སེལ། །ཞེས་སྙ་ལོ་གསུམ་ཐང་དང་ཨིནྡྲ་བཞི་ཐང་གཉིས་ནུས་པ་མཚུངས་ཕྱིར་ཐང་སྦྱོར་གཅིག་ཏུ་བསྡུས་པས་བཅུ་བདུན་དང༌། དེ་བཞིན་དུ་ཆིག་ཐང་གི་སྐབས། གླ་སྒང་ག་དུར་སྲོ་ལོ་དཀར་པོ་ཡི། །ཆིག་ཐང་གློ་ཡི་ཚད་པ་མ་ལུས་སེལ། །ཞེས་གླ་སྒང་ཆིག་ཐང༌། ག་དུར་ཆིག་ཐང༌། སྲོ་ལོ་ཆིག་ཐང་གསུམ་ཡང་ནུས་པ་མཚུངས་པས་ཐང་སྦྱོར་གཅིག་ཏུ་བསྡུས་པ་དང༌། བཙོད་དང་སྤང་རྒྱན་ཆིག་ཐང་འབྲུམ་ནག་སེལ། །ཞེས་བཙོད་ཆིག་ཐང་དང༌། སྤང་རྒྱན་ཆིག་ཐང་ཡང་ནུས་པ་མཚུངས་ཕྱིར་ཐང་སྦྱོར་གཅིག་ཏུ་བསྡུས་པས་ཆིག་ཐང་བཅུ་བཞིར་བགྲངས་པའི་སྐྱོན་ནོ། །

ཐང་གི་སྦྱོར་བ་དེ་དག་ལ་སོགས་པ་ཁུ་བའི་སྡེ་ཚན་མཐའ་དག་སྦྱར་བའི་ཐབས་ནི་གྲང་ཐང་བྱེད་ན་ཁུ་བ་ཐོན་པར་སྦང་བ་གཅེས་ལ་བསྡུས་ཐང་ཀུན་ལ་ཁུ་བ་ཆ་གསུམ་དུ་བྱས་པའི་སུམ་གཉིས་གདུ་ལ་སུམ་གཅིག་ལུས་པའི་བར་བསྐོལ་ལ་གཏོང་བ་དང༌། དེ་ཡང་ཚ་སེལ་གྱི་ཐང་ནི་གྲང་མོར་བྱས་ལ་བཏང་ཞིང་གྲང་སེལ་གྱི་ཐང་རྣམས་ནི་ཚ་མོར་བཏང་བ་དང༌། དེ་བཞིན་ཚ་གྲང་འདྲེས་མའི་ནད་ལ་ནི་ཐང་ཡང་དྲོ་འཇམ་ཙམ་དུ་བསྟེན་ཅིང་ཟས་དང་སྤྱོད་ལམ་ཡང་ནད་ཚ་གྲང་འདྲེས་མ་སོ་སོ་དང་མཐུན་པ་བཅོས་པར་གཅེས་ཞེས་གསུངས་སོ། །དེ་ལྟར་འདི་ཉིད་དུ་མི་དགོས་ཀ་མེད་རྣམས་མ་གཏོགས་ཡི་གེའི་ལས་སུ་ཆེ་ཞིང་འདི་གའི་ཉམས་ལེན་ཡང་འདྲེན་པ་སྨན་གྱི་བླའི་ཐུགས་རྗེས་བསྐྱངས་ཤིང་ལུས་ཅན་གྱི་སྤྱི་ནོར་དུ་གྱུར་པའི་སྨན་པ་དོན་མཐུན་འགའ་རེའི་སྤྱོད་ཡུལ་ལས་མ་འདས་ནའང་རྒྱས་བཤད་སོགས་ཀྱི་དཔྱད་པ་མཛད་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པར་ཐང་སྦྱོར་གྱི་རིགས་སྣ་མ་འགགས་པ་གསུངས་པ་དང༌། ཟླ་ཟེར་དུ་སྦྱོར་སྡེ་དང་གྲང་དང་གདུས་གྲང་སོགས་ཀྱི་དབྱེ་བ་བསྐོལ་ཚད་བཅས་ཡོད་པས་དེར་བལྟ་བར་བྱོས་ཤིག་གོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་དང་པོ་ཐང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 2:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།