སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་གསུམ་པ། ལུས་ཀྱི་འདྲ་དཔེ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
བཤད་རྒྱུད། >> ལེའུ་གསུམ་པ། ལུས་ཀྱི་འདྲ་དཔེ་བཤད་པ།

གཉིས་པ་ལུས་ཀྱི་འདྲ་དཔེ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འདྲ་བའི་དཔེ་འདི་ལྟར་བསྟན་པའི་དགོས་པ་ནི། ཤ་པགས་རྩ་རུས་དོན་སྣོད་ཀྱི་དབྱིབས་དང་ཆེ་ཆུང་གཉན་མི་གཉན་གྱི་རྣམ་པར་གཞག་པ་ཕལ་ཆེར་རྟོགས་སླ་བའི་ཆེད་དུ་བསྟན་པ་མ་གཏོགས་དགོས་པ་ཁྱད་པར་བ་གཞན་མེད་པས་དཔེ་ལས་ཞེན་ཆེས་པ་མི་བྱའོ། །གཞན་ཡང་རིན་ཅེན་སྤུངས་པ་ལས། འདྲ་བའི་ཚུལ་འདི་ལྟར་བཤད་དེ། རྒྱབ་ནི་མཁའ་འདྲ་ལྟོ་བ་ས་གཞི་འདྲ། །སྒལ་ཚིགས་ཉེར་བརྒྱད་རི་བོ་མཆོག་རབ་འདྲ། །སྲོག་རྩ་ཀླད་པ་མཚོ་འདྲ་ཡན་ལག་བཞི། །གླིང་བཞི་ཚུལ་འདྲ་མགོ་ནི་ལྕོག་ཆེན་ཚུལ། །ཆུ་ཆེན་གཉིས་ནི་དཔག་བསམ་ཤིང་བུ་འདྲ། །པགས་པ་རིམ་བདུན་གསེར་གྱི་རི་བདུན་འདྲ། །མིག་གཉིས་ཉི་ཟླ་རྩིབ་མ་ཉི་ཤུ་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཚུལ་དུ་གནས། །རྣམ་ཤེས་གཟའ་བརྒྱད་བླ་ཚེ་རཱ་ཧུ་ལ། །སྐད་འབྲུག་ལྕེ་གློག་སོ་ནི་གངས་དང་འདྲ། །དོན་སྣོད་བཅུ་གཉིས་ཟླ་བ་བཅུ་གཉིས་འདྲ། །ལུས་ཀྱི་སྟོད་སྨད་དབྱར་དང་དགུན་གྱི་ཚུལ། །བརླན་ནི་ཆུ་དང་དྲོད་མེ་དབུགས་རླུང་ལྟར། །སྨིན་མ་ནགས་འདྲ་ཤ་ས་རུས་པ་ཁྲག །ཆུ་བ་ཤིང་ལྟར་རྩ་ཆུ་རུས་པ་ནི། །སུམ་བརྒྱ་དྲུག་ཅུ་སུམ་བརྒྱ་དྲུག་ཅུའི་ཞག །ཟ་མ་བདུན་བརྒྱ་ཉི་ཤུ་རྩ་གཉིས་ནི། །བདུན་བརྒྱ་ཉི་ཤུ་བ་སྤུ་ཤིང་རྩི་ལྟར། །སྙིང་ནི་རྒྱལ་པོ་གློ་བ་བློན་པོ་འདྲ། །མཆིན་པ་ཀླུ་ནག་མཁལ་མ་ཀླུ་བདུད་འདྲ། །མཆེར་པ་ཀླུ་དཀར་སྨིན་བུ་ཀླུ་བཙན་འདྲ། །སོར་མོ་དམག་མི་སེན་མོ་མཚོན་ཆའི་ཚུལ། །རྩ་ཆུའི་དྲ་བར་རུས་པའི་སྒོ་སྐོང་རྫིང༌། །ཤ་ཡི་འདག་བྱུགས་མི་གཙང་རྐྱལ་པ་ལ། །རྣམ་ཤེས་ཆགས་པ་སྒྱུ་མ་ངོ་མཚར་ཆེ། །ཞེས་འབྱུང་བ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་བསྟན་པ་ནི་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་ཆགས་ཚུལ་རྒྱས་པ་གསུངས་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་ལུས་ཀྱི་འདྲ་དཔེ་རྣམས་འདི་སྐད་ཅེས་གསུངས་སོ། །ཀྱེ། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས། ད་དུང་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། འགྲོ་བ་མིའི་ལུས་ཇི་ལྟར་ཆགས་པ་དེ་རྣམས་ཀྱང་ཚུལ་གང་དང་འདྲ་བ་མི་ཤེས་པ་རྣམས་ཀྱི་དེའི་སླད་དུ་འདྲ་བའི་དཔེ་དང་སྦྱར་ཏེ་ཕུང་པོའི་ཆ་ཤས་རྣམས་ཀྱི་གནས་ལུགས་འདི་ལྟར་བསྟན་པར་བྱའོ། །ཞེས་པའི་དོན་ཏོ། །

གཉིས་པ་རྒྱས་པར་བཤད་པ་ནི། དཔྱི་རུས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་མིའི་ལུས་འདི་ཉིད་ཙོག་ཙོག་པུར་ལག་པ་དཔྱངས་ཏེ་བསྡད་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕོ་བྲང་གི་ཚུལ་དུ་གསུངས་པ་ལས། དཔྱིའི་རུས་པ་གཡས་གཡོན་གཉིས་པོ་ནི་རུས་པའི་ནང་ནས་ཆེ་ཞིང་རྩ་བར་གནས་པའི་དོན་གྱིས་རྩིག་པའི་འགྲམ་གཞི་དང་ཚུལ་འདྲའོ། །སྐལ་ཚིགས་ཉེར་གཅིག་གམ་ཉེར་བརྒྱད་ནི་དཀོར་མཛོད་དུ་གསེར་གྱི་དོང་ཙེ་བརྩེགས་ནས་བཞག་པ་དང་འདྲའོ། །སྲོག་པ་རྩ་ནག་པོ་ནི་མཆོང་གི་ཀ་བ་དང་འདྲ་ལ། བྲང་གི་རུས་པ་གྲུ་བཞི་ནི་གདུང་མ་བཀལ་བ་དང་འདྲའོ། །དེའི་སྟེང་དུ་རྩིབ་མ་ཉེར་བཞི་ནི་ཕྱམ་འགྲེམས་ལེགས་པ་དང་འདྲ་ལ། ལྷ་རུ་རྩེ་ནི་ཕྱམ་གྱི་བརྟན་མ་འདྲའོ། །རྩ་དང་ཆུ་རྒྱུས་རྣམས་ནི་དྲལ་མ་ཕྱམ་གྱི་སྟེང་དུ་བཀོད་པ་དང་འདྲ་ལ། ཤ་དང་པགས་པ་རྣམས་ནི་ཕྱི་ནང་གཉིས་ཀར་འདག་པའི་ཞལ་བ་བྱས་པ་དང་འདྲའོ། །སྒྲོག་རུས་གཉིས་ནི་མཁར་རམ་སྤེའུ་ལ་བད་བཏགས་པ་དང་འདྲའོ། །སོག་པ་ནི་གྲུ་ཕུབས་ཁང་པའི་ནང་ཟུར་དང་འདྲའོ། །མགོ་བོ་ནི་དབུ་རྩེ་བ་གམ་བྱས་པ་དང་འདྲ་ལ། མིག་ལ་སོགས་པའི་དབང་པོ་སྒོ་ལྔ་པོ་ནི་སྐར་ཁུང་བློ་དཀར་གཏོད་པ་དང་འདྲའོ། །ཐོད་པའི་རུས་པ་ནི་ཡང་ཐོག་ཏུ་རྒྱ་ཕིབས་བྱས་པ་དང་འདྲ་ལ། ཚངས་པའི་བུ་ག་ནི་དུད་ཁུང་ཕྱི་བ་དང་འདྲའོ། །རྣ་བ་གཡས་གཡོན་ནི་ཁྱུང་མགོ་འགྱིང་བ་དང་འདྲ་ལ། དེའི་དབུས་སུ་སྣ་བུག་ནི་མཛེས་པའི་རྒྱན་ཏེ་རྒྱ་ཕིབས་ཀྱི་ཏོག་དང་འདྲའོ། །སྐྲའི་ལོ་མ་རྣམས་ནི་ཕོ་གྱོ་མོ་གྱོའི་རྫ་བསྒྲིགས་པ་དང་འདྲ་ལ། ལག་པ་གཉིས་ནི་ཁང་པའི་ཕྱི་ལ་དར་དཔྱངས་བཏགས་པ་དང་འདྲའོ། །བྱང་ཁོག་གི་སྟོད་སྨད་ནི་ཁྱམས་སྟོད་ཁྱམས་སྨད་འདྲའོ། །དེའི་བར་མཆིན་དྲི་ནི་དར་གྱི་ཡོལ་བ་བཀྲམ་པ་དང་འདྲའོ། །དེ་ལ་ཁྱམས་སྟོད་དུ་སྙིང་ནི་རྒྱལ་པོ་གདན་ལ་བཞུགས་པ་དང་འདྲ་ལ། གློ་བ་མ་ལྔ་ནི་རྒྱལ་པོ་དེའི་བློན་པོ་དང་འདྲའོ། །གློ་བ་ལྔ་ནི་རྒྱལ་པོའི་སྲས་ཕོ་མོ་དང་འདྲ་སྟེ་ཤིན་ཏུ་བཀའ་གཉན་ལ། ཁྱམས་སྨད་དུ་མཆིན་པ་དང་མཆེར་བ་གཉིས་ནི་བཙུན་མོ་ཆེན་མ་ཆུན་མ་དང་འདྲའོ། །མཁལ་མ་གཉིས་པོ་ཕྱིའི་བློན་པོའམ་ཡང་ན་གྱད་པས་གདུང་མ་འདེགས་པ་དང་འདྲའོ། །བསམ་སེའུ་ནི་ནོར་བུ་རིན་པོ་ཆེ་ཡིས་བཀང་བའི་བང་མཛོད་དང་འདྲའོ། །ཕོ་བ་ནི་ཁ་ཟས་གཡོས་བཅུ་བྱེད་པའི་ཁོག་མ་དང་འདྲ་ལ། རྒྱུ་མ་དང་ལོང་ག་གཉིས་ནི་བཙུན་མོ་གཉིས་ཀྱི་ཡང་གཡོག་དང་འདྲ། མཁྲིས་པ་ནི་སྡོར་གྱི་རྐྱལ་པ་བཀལ་བ་དང་འདྲ་ལ། ལྒང་ཕུག་ནི་ཆུའི་རྫ་མ་བཀང་བ་དང་འདྲའོ། །འོག་སྒོ་གཉིས་ནི་ཆུ་ཁུང་བཞག་པ་དང་འདྲ་ལ། རྐང་པ་གཉིས་ནི་སྒོའི་རྟ་བབས་དང་འདྲའོ། །ཕྱི་ནང་གི་གཉན་པའི་གནད་རྣམས་ནི་རྒྱལ་པོའི་མངའ་བསྐུར་བའི་ཕོ་ཉ་བ་མང་པོ་དང་འདྲ་སྟེ། ཕོ་ཉ་བ་དང་འདྲ་བའི་གནད་རྣམས་མ་བདེ་ན་རྒྱལ་པོ་དང་མཚུངས་པའི་སྙིང་ཡང་འཁྲུགས་ཏེ་ལུས་དང་སྲོག་འབྲལ་བར་འགྱུར་རོ། །ཞེས་བྱ་བའི་དོན་དུ་གསུངས་སོ། །དོན་སྣོད་ཀྱི་འདྲ་དཔེ་ནི། མན་ངག་རྒྱུད་ལས། སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །བུ་ལྔ་རྒྱལ་སྲས་མ་ལྔ་བློན་གྱི་ཚུལ། །གློ་བའི་པང་དུ་སྙིང་ནི་བུ་ཐོགས་འདྲ། །མཆིན་དྲི་དཀར་པོ་དར་དཀར་ཡོལ་བ་འདྲ། །མཆིན་པ་བྲག་གཡང་གཟར་འདྲ་གྱེན་དུ་བསླང༌། །མཆེར་པ་མཐའ་འཐུག་དཀྱིལ་སྲབ་འཁུར་བ་འདྲ། །མཁལ་མ་གཡས་གཡོན་གྱད་པ་གདུང་འདེགས་འདྲ། །ཕོ་བ་ཟས་སྣོད་ལ་ཕུག་སུལ་བཞི་འདྲ། །མཁྲིས་པ་མཆིན་འདབས་གསེར་རྐྱལ་བཀལ་བ་འདྲ། །ལོང་ག་སུམ་འཁྱོག་གསེར་སྦྲུལ་ལྕག་བྲབས་འདྲ། །རྒྱུ་མ་སྟོད་སྨད་ཡུར་བ་ཆུས་བཀང་འདྲ། །གཉེ་མ་ལོང་འབྲེལ་གཡང་བཞག་བསྐོར་བ་འདྲ། །ཚིལ་ཤུབས་དཀར་ནག་ལྕགས་སྦྲུལ་རྒྱུས་པ་འདྲ། །བསམ་སེའུ་རྩ་ཡི་མདུད་པ་ཤ་རྨེན་འདྲ། །ལྒང་ཕུག་ཁ་ནི་ཐུར་བལྟས་ཆུ་རྐྱལ་འདྲ། །དེ་དག་གཉན་པས་འཆི་བའི་གནད་དུ་བསྟན། །ཞེས་གསུངས་པ་ལྟར་ཡིད་ལ་འབབ་བདེ་བ་ལེགས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་འདྲ་དཔེ་བསྟན་པའི་ལེའུ་སྟེ་གསུམ་པའོ། །ཞེས་བྱ་བའི་དོན་ཏོ། །

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 12:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།