ལེའུ་གསུམ་པ། མཐའ་རྩིས་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2015 |
ལེའུ་གསུམ་པ། མཐའ་རྩིས་བཤད་པ།
རིན་ཆེན་གསལ་སྒྲོན་ལས་ནམ་ཞག་གཏན་གྱི་མཐའ་རྩིས་ལ། །དང་པོ་རྩ་རྡེལ་བཅུ་གཉིས་ནི། གཅེས་པའི་རྡེལ་བཞི་སྒོས་རྡེལ་གཅིག །མེད་དུ་མི་རུང་རྡེ་འུ་གཉིས། །མི་འགྱུར་ཀླུང་གི་རྡེ་འུ་ལྔ། །བརྒྱ་འདྲེའི་རྡེ་འུ་བརྒྱ་ཕྲག་གཅིག །སྟངས་གཅོད་རྡེ་འུ་ཉི་ཤུ་བཞི། །སྤྱི་བསྡུས་བརྒྱ་དང་སུམ་ཅུ་དྲུག །གཅེས་༤ སྒོས་༡ མེད་མི་རུང་༢ མི་འགྱུར༥ །བརྒྱ་འདྲེ་༡༠༠ སྟངས་གཅོད་༢༤ མཐའ་རྩིས་སྡོམ། །དེ་ཡང་སྣམ་ཕྱིང་གཙང་མའི་སྟེང་། །མ་ཡེངས་སེམས་ཀྱིས་རྡེ་འུ་བོར། །
ཐོག་མར་གཅེས་པའི་རྡེལ་བཞི་ནི། །བརྩི་བྱ་རང་སྐྱེས་དུས་ཀྱི་ཁྱེའུའི་སྲོག་གིས་གནམ་ལོའི་སྲོག་ལ་འཐབ་པས་གནམ་ལོ་རྒྱལ་པོ་དང་། །ལུས་ཀྱིས་སྐྱེས་ཟླའི་ལུས་ལ་འཐབ་ཟླ་བ་བློན་པོ་ཞག་དབང་ཐང་གིས་སྐྱེས་ཞག་གི་དབང་ཐང་ལ་དམག་མི། །དུས་ཚོད་མཚོན་ཆའི་ཀླུང་རྟས་སྐྱེས་དུས་ཀླུང་རྟེ་འཐབ་རྡེའུ་བཞི། །སྐྱེས་པ་ཡིན་ན་གཞུང་འདིར་ས་བཅད་རྡེལ་ལས་མི་འདུག དཀར་པོ་དང་། །བུད་མེད་ལ་ནི་ནག་པོར་བོར། །སྐྱེས་དུས་མ་ཤེས་ན་འདྲི་དུས་སོ།། སྒོས་རྡེལ་བརྩི་བྱའི་རུས་ཁམས་དང་སྐྱེས་ལོ་སྦྱར་བའི། །དཔེ་ཤིང་ཁམས་པ་ལ་འཆད་ཆེན་ལུག་ལ་དཀར་གཅིག་འཆད་ཆུང་གླང་ལ་ནག་གཅིག །སྟག་ཡོས་དབང་ལོ་དཀར་གསུམ་བྱི་ཕག་མ་ལོར་དཀར་པོ་གཉིས། །རྟ་སྦྲུལ་བུ་ལོར་ཕྱེད་མ་དཀར་ནག་བྱ་སྤྲེལ་དགྲ་ལོ་ལ། །དཀར་གཅིག་ཁྱི་འབྲུག་གྲོགས་ལོར་ནག་གཅིག་སྟེ། །ཇི་མེ་ཁམས་པ་ལ་ཆད་ཆེན་ཁྱི། ཆད་ཆུང་འབྲུག དབང་ལོ་རྟ་སྦྲུལ། མ་ལོ་སྟག་ཡོས། བུ་ལོ་གླང་ལུག གྲོགས་ལོ་བྱ་སྤྲེལ། དགྲ་ལོ་བྱི་ཕག་ཡིན་པ་ལྟ་བུའོ།། གང་ཡིན་བོར་བ་སྒོས་རྡེའོ། །
འགྲེལ་པའི་ལེའུ་དང་པོའི་མདོ་དོན། པར་འབྲས་བཤད་འབྱུང་། མེད་དུ་མི་རུང་རྡེལ་གཉིས་ནི། །འགྲེལ་པ་གཉིས་པ་རིན་ཆེན་འཚངས་གསལ། ཁ་ཡན་སྲོག་དབང་གཅིག་པ་ཁོང་ནོང་དབང་སྲོག་གི་མ་རྡེལ་དཀར་དང་། །སེ་ཤིག་དབང་སྲོག་གི་བུ་འདུན་ཁུར་དབང་སྲོག་གི་དགྲ་ནག་པོ་འོ། །ཁ་རལ་དབང་སྲོག་གི་གྲོགས་དཀར་ནག་ཕྱེད་མ་སྟེ། །དེ་རྣམས་གང་ཞིག་ཡིན་པ་དེ་གང་ཡིན་རྡེལ་གཅིག་དང་། །དུས་ཚོད་འདི་རག་ཤག་ནམ་མཁའ་ཆོས་འབར་སོགས་ཀྱིས་སྐྱེས་དུས་ལ་བཞེད་ཀྱང་། ཁྱུང་ནག་གི་ལུགས་ལ་བརྩི་བའི་དུས་སྦྱོར་རྐྱང་པ་ཡིན། ཡང་འདི་འི་དུས་ཚོད་ཀྱི་དབང་ཐང་ངོས་བཟུང་སྟེ། དེའི་དགྲ་གྲོགས་བརྩི་བའི་འབྲས་བུ་ནི། རྩ་བར་གཉེན་དང་བཟང་པོ་མ་དང་ཕྱི། ཞེས་སོགས་ལུང་བསྟན་ཏོ།། རྩི་དུས་རྐྱང་རྩིས་ཏེ་ད་ལྟ་རྩིས་ནམ་རྩི་དུས་ཀྱི་དུས་ཚོད་སར། །རྡེལ་དཀར་གཅིག་བཞག་རྡེ་འུ་གཉིས། །
མི་འགྱུར་ཀླུང་གི་རྡེལ་ལྔ་ནི། །རང་སྐྱེས་དུས་ཀྱི་ཕ་ཡི་ལོག་མེན་གར་བབས་སར། །རྡེལ་དཀར་གཅིག་བཞག་ཕ་ཀླུང་གཅིག །རང་སྐྱེས་དུས་ཀྱི་ལོར་མ་ཡི་ལོག་མེན་གར་བབས་དང་། །སྐྱེས་དུས་མ་ཡི་བབ་པའི་སྤར་ཁ་དང་མ་ཡི་བབ་སྨེ་གང་ཡིན་སྟེང་། །རྡེལ་ནག་རེ་བོར་མ་ཀླུང་གསུམ། །བརྩི་བྱ་རང་སྐྱེས་ཟླ་བ་གང་ཡིན་ཁར། །རྡེལ་དཀར་གཉིས་བོར་རང་ཀླུང་གཅིག་སྟེ་ལྔ་ཡིན། །བུ་མོ་ཡིན་ན་ཕ་ཡི་ཀླུང། །དོར་བའི་ཚབ་ཏུ་མ་ལོ་ནས། །བརྩི་བྱའི་ལོ་གྲངས་དུ་ལོན་གྱེན་དུ་བགྲངས་པ་ཡི། །གར་སླེབས་ས་རུ་རྡེལ་ནག་གཅིག །བོར་བས་མ་ཀླུང་བཞི་རུ་འགྱུར། །འགའ་ཞིག་གིས་མ་ལོ་རང་བྱས་འདུག །བཻ་དཀར་དུ་མི་འགྱུར་ཀླུང་རྡེལ་ལྔ། ཕ་ལོ་༡ མ་ཡི་ལོག་མེན༢་། སྐྱེས་དུས་ཀྱི་བབས་སྤར༣ ། བབས་སྨེ་༤ སྟེ་མ་ཀླུང་གསུམ། བུ་མོ་ཡིན་ན་ཕ་ལོའི་ཚབ་མ་ལོས་བྱས་པས་མ་ཀླུང་བཞི། རང་སྐྱེས་ཟླ་བ་བཅས། དེ་ལྔ་ལ་བརྩི་བྱའི་སྲོག་སོགས་བཞིས་འཐབ། སྤར་སྨེ་རྐྱང་པ་གཞན་རྣམས་སྲོག? དེ་རྣམས༌མི་འགྱུར་རྡེལ་ལྔ་སྟེ། །དྲིལ་བས་རྩ་རྡེལ་བཅུ་གཉིས་སོ། །
དེ་རྗེས་བརྒྱ་འདྲེའི་རྡེ་འུ་ནི། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞི། །རང་མ་བུ་གྲོགས་དགྲ་ལྔར་ཕྱེ། །དེ་དག་ལྔ་པོ་རེ་རེས་ཀྱང་། །མི་འགྱུར་ཀླུང་༢༠གི་རྡེ་འུ་༥ ཡི། །ཕ་ལོ་མ་ལོ་ཟླ་ཀླུང་གསུམ་པོ་དེ་དག་གི། །སྲོག་གསུམ་ལུས་གསུམ་དབང་ཐང་གསུམ་ཀླུང་རྟ་གསུམ་ནི། །རང་ཁོ་ན་དང་རང་ཁོ་ན་ཞེས་འཐབ་བྱེད་སྲོག་གི་རང་མ་བུ་གྲོགས་དགྲ་ལྔས་ཕ་ལོ། མ་ལོ། ཟླ་ཀླུང་གསུམ་གྱི་སྲོག་གསུམ་ལ་འཐབ་པའི་བཅོ་ལྔའི་སྟེང་། དེ་ལྔས་སྤར་ཁའི་ཁམས་ལ་འཐབ་པའི་ལྔ། སྨེ་བའི་ཁམས་ལ་འཐབ་པའི་ལྔ་སྟེ་སྲོག་རྡེལ་ཉེར་ལྔ། དེས་ལུས་སོགས་འགྲེ། སྤར་སྨེ་ཡི། །ཁམས་གཉིས་རྐྱང་པ་ལ་འཐབ་རྡེ་འུ་ནི། །མ་གྲོགས་དཀར་ལ་དགྲ་བུ་ནག །ས་ཆུ་ནང་འཕྲད་དཀར་པོ་ལ། །ཤིང་ལྕགས་མེ་གསུམ་ནང་འཕྲད་ནག་པོར་བོར། །གཞན་འགར་སྤར་སྨེ་ལ་ཡང་མ་བུ་དགྲ་གྲོགས་ལྔ་འཚོལ་བར་བརྩི་བྱའི་སྲོག་གི་མས་འཐབ་པའི་རྡེལ་སོགས་བྱས་འདུག དེ་ལྟར་སྲོག་རང་ཁོ་ན་ལུས་དབང་ཀླུང་བཞི། །རེ་རེར་རྡེ་འུ་ཉེར་ལྔ་རེ། །དྲིལ་བས་རྡེ་འུ་བརྒྱ་ཕྲག་གཅིག །སྲོག་ལུས་དབང་ཀླུང་བཞི་པོ་ཡི། །སྲོག་གི་རང་༥ མ་༥ བུ་༥ གྲོགས་༥ རྩིས་ལ་འོག་ཏུ་གཏང་གཅོད་དཀར་ན་བཟང་། །སྲོག་ལུས་དབང་ཀླུང་བཞིའི་དགྲ་རྡེ་བཞི་པོ་ནག་ན་དཀར། །བུད་མེད་ལུས་ཀྱི་དགྲ་གྲོགས་ལྡོག །དེ་ལྟར་ངེས་པར་བྱས་ནས་ཀྱང་། །རྡེ་འུ་ཉེར་བཞིས་སྟངས་གཅོད་དོ། །
སྟངས་གཅོད་ཚུལ་དེ་ཡང་བརྒྱ་འདྲེའི་རྡེ་འུ་ནི། །དཀར་ནག་སོ་སོར་བགྲངས་སྲོག་རྡེལ་རང་མ་བུ་གྲོགས་དགྲའི་དཀར་ནག་བགྲངས། ལུས་རྡེལ་དབང་རྡེལ་ཀླུང་རྡེལ་བཅས་དཀར་ནག་བགྲངས། དེ་ཡང་སྲོག་གི་རང་གི་ཀླུང་ལྔར་འཐབ་རྡེལ་ལྔ། དེ་བཞིན་ལུས་སོགས་གཞན་འགྲེ་བས་སྟངས་གཅོད་རྡེའུ་ཉི་ཤུ་བྱས་ལ། །ཤན་འབྱེད་རྡེ་འུ་བཟང་ལ་དཀར་གཅིག་ངན་ལ་ནག་པོ་གཅིག །རྡེ་འུ་ཉི་ཤུ་དཔེར་ན་སྲོག་གི་རང་རྡེལ་ལྔ་པོའི་ནང་རྡེལ་དཀར་མང་ན་དཀར་གཅིག་དང་། རྡེལ་ནག་མང་ན་ནག་གཅིག་སྙོམ་ན་དཀར་ནག་གཉིས། དེ་བཞིན་མ་རྡེལ་བུ་རྡེལ་སོགས་ཐམས་ཅད་ནས་ཤན་འབྱེད་རྡེའུ་རེ་དབྱུང་བས་སྲོག་རྡེལ་ཉེར་ལྔ་ལས་ཤན་འབྱེད་རྡེའུ་གཅིག་དེས་འགྲེ་དེ་ཡི་སྟེང། །དར་གུད་ཞག་མལ་བཞི་རྡེལ་བཞི་ནི། བརྩི་བྱའི་སྲོག་༡ ལུས་༢ དབང་ཐང་༣ ཀླུང་རྟ་༤ བཞིའི། །དར་གུད་རིམ་བཞིན་བརྩི་བྱ་དེ་གང་སྐྱེས་ཀྱི། །སྐྱེས་ལོ་༡ སྐྱེས་ཟླ་༢ སྐྱེས་ཞག་༣ སྐྱེས་དུས་༤ སྟེང་བབས་ནས། །འབྲས་བུ་འབྱུང་བ་འཕྲུལ་གྱི་སྒྲོན་མེར་གསུངས། བརྩིས་ཏེ་བཟང་དྲུག་རྡེལ་དཀར་རེ། །ངན་དྲུག་ནག་སྟེ་རྡེལ་བཞི་པོ། །སྒོས་རྡེའི་མདུན་དུ་བོར་བར་བྱ། །དེ་ཡི་སྟངས་གཅོད་ཉེར་བཞིར་འགྱུར། །འདི་ནི་མར་སྟོན་མཁས་པའི་བཞེད། ཁྱུང་ནག་ལ་བརྒྱུད་རང་ལུགས་ཏེ། །གསལ་སྒྲོན་རྩ་བའི་དགོངས་པ་ནི། །འཁྲུལ་མེད་ཡིན་ཕྱིར་གཅེས་པར་བཟུང་། །
འདི་ལས་གཞན་ཡང་ཁྱུང་ནག་ལ། །ཕྱག་ལེན་མི་འདྲ་རྣམ་གཉིས་ཡོད། །
དེ་ཡང་བྱང་སྟོན་པདྨའི་ལུགས། །བརྩི་༢༠ བྱའི་སྲོག་ལུས་དབང་ཀླུང་གི། །རང་མ་བུ་གྲོགས་དགྲ་ལྔ་པོས། །ཀླུང་ལྔའི་སྲོག་སོགས་རང་མ་བུ། །གྲོགས་དགྲར་ནང་འཐབ་རྡེ་འུ་བརྒྱ། །ནང་འཐབ་ཅེས་བརྩི་བྱའི་སྲོག་གི་རང་གིས་ཕ་ལོའི་སྲོག་གི་རང་དང་། མ་ལོའི་སྲོག་གི་རང་། ཟླ་ཀླུང་གི་སྲོག་གི་རང་། སྤར་ཁའི་རང་། སྨེ་བའི་རང་ལྔ་ལ་འཐབ། དེ་བཞིན་དུ་བརྩི་བྱའི་སྲོག་གི་མས་ཕའི་སྲོག་གི་མ་སོགས་ལ་འཐབ། དེ་མཚུངས་བུས་བུ། གྲོགས་ཀྱི་གྲོགས། དགྲས་དགྲར་འཐབ་སྲོག་རྡེལ་ཉེར་ལྔ་དང་། ལུས་རྡེལ་སོགས་དེས་འགྲེས་རྡེའུ་བརྒྱ་ཡིན། དེ་ཡི་ཁ་དམར་ཉི་ཤུའི་སྟེང། །དར་གུད་བརྩིས་ཏེ་དར་གུད་གང་གི་དར་གུད་དར་གྱུར་ན། །རྡེལ་དཀར་མདུན་ཚུགས་གུད་ན་རྒྱབ་སྟོངས་རྡེལ་ནག་ཞེས། །གང་ཡིན་རྡེ་འུ་གཅིག་བོར་ནས། །སྟངས་གཅོད་ཉེར་གཅིག་ཡིན་ཞེས་བཞེད། །
གཉིས་པ་འབྲོག་སྟོན་རལ་བའི་ལུགས། །བརྩི་བྱའི་སྲོག་སོགས་རང་བཞི་ཡི། །འཐབ་ཟླ་ཀླུང་ལྔའི་རང་བཞིར་བྱེད། །དེ་བཞིན་མ་བུ་གྲོགས་དགྲ་བཞིས། །ཀླུང་ལྔའི་ནང་ནས་སྤར་ཁ་དང་སྨེ་བ་གཉིས་དེའི་རང་རང་གི་ཁམས་དང་ནི། །གཞན་ཕ་ལོ་མ་ལོ་ཟླ་ཀླུག་གསུམ་དབང་ཐང་གཅིག་པུར་འཐབ། །དེ་ཡི་སྟངས་གཅོད་ཉི་ཤུའི་སྟེང། །དར་གུད་རྡེ་འུ་ཉི་ཤུ་ལྔ། །བོར་ལ་དཀར་ནག་བགྲངས་པ་ཡིས། །གང་མང་རྡེ་འུ་གཅིག་ཏུ་སྡུད། །དེ་ཡིས་སྟངས་གཅོད་ཉེར་གཅིག་གོ། །འདི་ཡི་དབང་ཐང་ཁོ་ན་འཐབ་ཟླ་བྱས་པ་ཇི་ལྟ་བར། །བརྩི་བྱའི་སྲོག་སོགས་ཀྱི་མ་བུ་གྲོགས་དགྲའི་འཐབ་ཟླ་དེ། །ཀླུང་ལྔའི་སྲོག་གིས་བྱེད་པ་ནི། །རྒྱ་རྩིས་རྙིང་མའི་ལུགས་ཡིན་གསུངས། །ཕ་ཀླུང་༡ མ་ཀླུང་བབ་སྤར་༢ དང་། །རང་ཀླུང་མ་ཡི་སྤར་ཁ་༣ སྟེ། །སྨེ་ཀླུང་༤ དང་ནི་ཟླ་ཀླུང་༥བཅས། །མི་འགྱུར་ཀླུང་ལྔར་བཞེད་པའང་། །ཡོད་མོད་མཁས་པས་དཔྱད་བྱའི་གནས། །
དེ་ནས་ཀུན་ལ་རབ་གཅེས་པའི། །དར་གུད་རྡེ་འུ་ཉེར་ལྔ་བཤད། །བརྩི་བྱ་སྐྱེས་བུའི་སྲོག་ལུས་དང་། །དབང་ཐང་ཀླུང་རྟ་རུས་ཁམས་སྐྱེས་སྨེ་ལྔ། །རང་མ་བུ་གྲོགས་དགྲ་ལྔར་ཕྱེ། །དེ་དག་འབྱུང་བའི་དར་གུད་རྣམས། །འབེབས་ཚུལ་སྲོག་དང་རུས་ཁམས་བོན་རྩིས་ལས་སྐྱེས་ལོ་ཟེར་གནམ་ལོའི་སྟེང་། །དེ་བཞིན་ལུས་རྣམས་སྐྱེས་ཟླ་བ་དང་། །དབང་ཐང་སྐྱེས་ཞག་དང་ཀླུང་རྟ་རྣམས། །སྐྱེས་དུས་ཚོད་རུས་ཁམས་ཀྱང་དུས་ཚོད་སྟེང་ཕབ་ཟེས་མི་ཕམ་གསུངས། སྟེང་ཕབ་རྡེ་འུ་༢༥ ནི། །བཟང་དྲུག་དཀར་ཏེ་ངན་དྲུག་ནག །དེ་ལས་སྤྲོས་ཏེ་དར་གུད་རྡེལ། །བརྒྱ་དང་ལྔ་བཅུའི་འབོར་ལུགས་ཀྱང་། །སྔར་གྱི་སྲོག་སོགས་ལྔ་ཚན་ལྔ། །རེ་རེ་ལའང་རང་མ་བུ། །གྲོགས་དགྲ་ལྔ་ལྔར་ཕྱེ་བ་ལ། །དར་གུད་བསྐོར་བས་རྡེ་འུ་ནི། །བརྒྱ་དང་ཉེར་ལྔ་དེ་དག་སྟེང་། །སྟངས་གཅོད་རྡེ་འུ་ཉེར་ལྔ་བཅས། །བརྒྱ་དང་ལྔ་བཅུ་ཐམ་པར་འགྱུར། །སྲོག་གི་རང་ལ་རང་མ་བུ་གྲོགས་དགྲ་ལྔ། སྲོག་གི་མ་ལ་རང་མ་བུ་གྲོགས་དགྲ་ལྔ་། སྲོག་གི་བུ་ལ་རང་མ་བུ་གྲོགས་དགྲ་ལྔ། སྲོག་གི་གྲོགས་ལ་རང་མ་བུ་གྲོགས་དགྲ་ལྔ། སྲོག་གི་དགྲ་ལ་རང་མ་བུ་གྲོགས་དགྲ་ལྔ་སྟེ་སྲོག་རྡེལ་ཉེར་ལྔ། དེ་བཞིན་ལུས། དབང་ཐང་། ཀླུང་རྟ། རུས་ཁམས་བཅས་ལྔ་རེ་སྟེ་བསྡོམས་རྡེལ་བརྒྱ་དང་ཉེར་ལྔ། དེ་སྟེང་ཁ་དམར་ཉེར་ལྔ་བཅས་བརྒྱ་དང་ལྔ་བཅུ་ཐམ་པ་འབྱུང་ངོ་།།
དེ་ནས་ལྷ་དཔལ་འདྲེ་བདུད་ནི། །ཐོག་མར་སྤར་ཁ་དང་བརྩི་སྐབས། བརྩི་བྱའི་སྲོག་སོགས་བཞིས་རང་གི་སྐྱེས་སྤར་ལ་འཐབ་དུས་བུ་ཚའི་སྲོག་ལུས་དབང་ཀླུང་བཞིས། །རང་སྐྱེས་ལོའི་མའི་བབས་སྤར་སྐྱེས་སྨེ་རང་སྐྱེས་ལོའི་གནམ་ལོའི་སྨེ་བ་གཉིས་ལ་འཐབ། །རྡེལ་ཚར་མ་འདྲེས་སོ་སོར་སྒྲིགས། །མ་དང་འཕྲད་ན་ཕ་མ་ལྷ། །བུ་དང་འཕྲད་ན་བུ་ཚ་དཔལ། །གྲོགས་དང་འཕྲད་ན་ཐུབ་པ་འདྲེ། །དགྲ་དང་འཕྲད་ན་མི་ཐུབ་བདུད། །རང་ནང་འཕྲད་པ་མཐུན་པ་ཚེ། །
དེ་ཡང་སྲོག་གི་ཚེ། ལུས་ཀྱི་ལུས་ལ་ནད། དབང་ཐང་གིས་བུ་ནོར། ཀླུང་རྟས་ཡིད་ཚང་བཟང་ངན་བལྟའོ།། སྨེ་བ་ལའང་འཐབ་ཚུལ་དེ་བཞིན་དགོས། དེ་ནི་སྨེ་བའི་ལྷ་དཔལ་ཚེ་བདུད་ཡིན། །ཡང་གཅིག་དཔལ་བབས་བྱུར་བབས་ལ་སོགས་བརྟག །བརྩི་བྱ་བྱིས་པའི་སྲོག་དང་ཀླུང་རྟ་ཡི་འབྱུང་བས། །ཕ་ཡི་སྲོག་ཕལ་ཆེར་ཕའི་ལོ་རྟགས་ཀྱི་སྲོག་འདྲ། འདི་ཕ་ཡི་ལོ་རྟགས་ཀྱི་སྲོག་གམ་ཕའི་ལོག་མེན་གྱི་སྲོག་གང་ཡིན་བརྟག དཔེར་ན་བུའི་སྲོག་ཆུས། ཕའི་སྲོག་མེ་ལ་འཐབ་ན་ཆུ་གྲོགས་མེ་ཚེ་ལེན་ཡིན་པ་ལྟ་བུའོ།། ཀླུང་གཉིས་ལ་འཐབ། །དེ་བཞིན་བརྩི་བྱའི་ལུས་དབང་གཉིས་པོ་ཡིས། །མ་ཡི་ལུས་དབང་ལ་འཐབ་པའི་རྡེའུ་བཞི། །མ་དང་འཕྲད་ན་སོ་སོར་འབྱུང་བ་ལྔ་ཡོས་པས་དཔལ་བབས་ལྔ། །དེ་བཞིན་དགྲ་འཕྲད་བྱུར་བབས་ཏེ། །རང་ནང་འཕྲད་པ་རང་རྐང་ལྔ། །བུ་དང་འཕྲད་ན་མདངས་ཤོར་དང། །གྲོགས་འཕྲད་ཚེ་ལེན་སྔ་རུ་འདོད། །
གཞན་ཡང་སྦས་པ་མཛུབ་ཚུགས་ལས། །གསུངས་པའི་མན་ངག་བསྟན་པ་ནི། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །བརྩི་བྱ་རང་གི་ལུས་ལ་མ་ཐེ་བའི་སྲོག་དབང་ཀླུང་སྟེ་འཐབ་ཟླ་གསུམ་ལ། །འཐབ་བྱེད་རང་དོར་ལྷག་གསུམ་གྱིས་འཐབས་པའི། །རྡེ་འུ་དགུ་པོར་ངོས་འཛིན་བྱ། །སྲོག་ལུས་ཀླུང་རྟས་དབང་ཐང་ལ། །བཅད་པ་འཁོར་ལོ་རབ་སྟོངས་ཏེ། །ལུས་དབང་ཀླུང་གིས་རང་སྲོག་ལ། །བཅད་ན་ཕེའུ་ཤ་རལ་དང་། །སྐྱོབ་ན་གཤིན་ཆུ་རབ་བསྲུང་ཟེར། །སྲོག་ལུས༌དབང་གིས་ཀླུང་རྟ་ལ། །བཅད་པ་བྱ་དམར་མེ་ལེན་ཡིན། །
དེ་ནས་གཟའ་སྤར་ན་ཕུར་མིག་ལྷག་བཞིའི་མ་ཀླུང་གི་རྩིས་ནི། །ཕྱི་གཟའ་དབང་ཐང་ས་ཐམས་ཅད་སྤེན་པ། ཤིང་ཐམས་ཅད་ཕུར་བུ། མེ་ཐམས་ཅད་མིག་དམར། ཆུ་རྣམས་ལྷག་པར་ངོས་བཟུང་བས་ཕྱི་གཟའ་བཞི། བར་གཟའ་ལོ་འགྲོས་བཅུ་གཉིས་ཀྱི། སྟག་རྟ་ཁྱི་གསུམ་སྤེན་པ། བྱི་འབྲུག་སྤྲེལ་གསུམ་མིག་དམར། བྱ་གླང་སྦྲུལ་གསུམ་ཕུར་བུ། ཕག་ལུག་ཡོས་གསུམ་ལྷག་པའོ།། ནང་གཟའ་སྤར་ཁ་བརྒྱད་ལས། ལི་ཁམ་ཕོའི་སྤེན་མོའི་མིག་དམར། དྭ་ཟིན་ཕོའི་དམར་མོའི་སྤེན་པ། ཁེན་ཟོན་ཕོའི་ཕུར་མོའི་ལྷག་པ།་གིན་ཁོན་ཕོའི་ལྷག་མོའི་ཕུར་བུའོ།། ཕོ་ནི་སྟག་རྟ་ཁྱི་གསུམ་དང་། །ས་ཡི་ལོ་པ་མ་ཡི་བབས་སྤར་ལི་ཁམ་སྟེང་། །བཙས་པ་དང་རང་གི་བབས་སྤར་ལི་ཁམ་ལ་བབས་དུས་སམ་དེའི་སྟེང་དུ་ཤི་ཡང་རུང་། །སྤེན་པ་སུམ་འདོམ་ཞེས་སུ་གྲགས། །བུད་མེད་ས་ལོ་སྟག་རྟ་ཁྱི། །དྭ་མ་ལོ་བཅུ་དགུ། ཉེར་བདུན། སོ་ལྔ། ཞེ་གསུམ། ཟིན་མ་ལོ་བཅོ་ལྔ། ཉེར་གསུམ། སོ་གཅིག སོ་དགུ། ཞེ་བདུན། སྤེན་པ་སུམ་འདོམ་ཡིན། །དེ་བཞིན་བྱི་འབྲུག་སྤྲེལ་གསུམ་དང་། །མེ་ཡི་ལོ་པ་ཕོ་དྭ་ཟིན། །མོ་ནི་ལི་ཁམ་དམར་སུམ་འདོམ། །བྱ་གླང་སྦྲུལ་གསུམ་ཤིང་ལོ་པ། །ཕོ་ནི་ཁེན་ཟོན་མོ་གིན་ཁོན། །བཙས་སོགས་ཕུར་བུ་སུམ་འདོམ་གྲགས། །ཕག་ལུག་ཡོས་གསུམ་དབང་ཐང་ཆུ། །ཕོ་ནི་གིན་ཁོན་མོ་ཁེན་ཟོན། །དེ་རྣམས་ལྷག་པ་སུམ་འདོམ་སྟེ། །དེ་དག་མ་ཡི་བབས་སྤར་དང་། །ལོ་འགྲོས་རྐྱང་པ་ཕ་དང་མ། །རང་ལོ་གསུམ་ལ་བརྩི་ཞེས་ཕ་ལོ་བྱི་འབྲུག་སྤྲེལ་གསུམ་གྱི་ལོ་པ་དང་། མ་བྱི་འབྲུག་སྤྲེལ་གསུམ་གྱི་ལོ་པ་ལ། རང་གི་བུ་བྱི་འབྲུག་སྤྲེལ་གསུམ་གྱི་ལོ་པ་བྱུང་ན་མིག་དམར་གསུམ་འདོམས་ཀྱི་འབྲས་བུ་བརྗོད། དེ་ཡང་དབང་ཐང་མེ་བྱུང་ན་མིག་དམར་ཆེ་བ་དང་། གཞན་ཤིང་ཁམས་སོགས་སྣ་ཚོགས་བྱུང་ན་མིག་དམར་ཆུ་བ་ཡིན་པས་དེས་འགྲེའོ་གསུངས། །ཁྱིམ་གཅིག་འཚོག་པ་ཞེས་བྱ་བ། །ས་ཡི་སྟག་རྟ་ཁྱི་གསུམ་གཅིག་པ་ལྟར། །ཕྱི་གཟའི་ཁམས་བསྟུན་མཐུན་གསུམ་འཛོམས་པ་ཡིན། །གཞན་ཡང་ཕྱི་གཟའ་དྲུག་ཅུའི་ནང་གི་དབང་ཐང་དང་། །བར་གཟའ་བཅུ་གཉིས་ལོ་གང་ཡིན་པའི་སྲོག་དང་ནང་གཟའ་སྤར་ཁའི་ཁམས། །ངེས་བྱས་གཅོད་འདྲལ་རྡེལ་དྲུག་བོར། །ཕྱི་གཟས་བར་༡ དང་ནང་༢ ལ་འཐབས། །དེ་བཞིན་བར་གཟས་ཕྱི་༡ དང་ནང་༢། །ནང་གཟས་ཕྱི་༡ བར་༢ ལ་འཐབ་༦ ཏེ། །བསྐྱེད་སྐྱོབ་དང་གཅོད་པ་བརྟག་པར་བྱ། །འདི་དག་རྩ་བའི་ལྷན་ཐབས་ལུགས། །
མ་ཀླུང་གི་རྩི་ཚུལ་གཞན་ཡང་སྦས་པ་མཛུབ་ཚུགས་སྐོར་ལས་ནི། །ཕྱི་གཟའ་བུ་སྐྱེས་ལོའི་མཐུན་གསུམ་མ་ཡི་ལོག་མེན་དེ་གང་རུང་བར་གཟར་བུའི་ལོར་བབས། །དེ་དང་ནང་གཟའ་མ་ཡི་བབས་སྤར་སྤྲད་པའི་སྟེང་། །བུ་ཆུང་སྐྱེ་བའི་ཁམས་ནང་སྤར་དེ་རང་དང་ཁམས་མཐུན་དཔེར་ན་ནང་གཟའ་སྤེན་པ་ལ་བུ་སའི་སྟག་རྟ་ཁྱི་གསུམ་ལྟ་བུ་སྤེན་པ་ཆེ་བ། ཤིང་གི་སྟག་རྟ་ཁྱི་གསུམ་སོགས་གཞན་སྤེན་པ་ཆུང་བ་བར་གཟའི་ལོ། །སྐྱེས་ན་གང་ཡིན་གཟའ་སྤུན་གསུམ་ཞེས་སྤེན་པ་སོགས་ཆེ་བ། །སྤར་ཁམས་དེ་རང་མཐུན་མ་སྐྱེས་ཤིང་སྟག་སོགས་མ་གཟའི་སྟེང་། །གཟའ་གཞན་སྐྱེས་ཞེས་འབྲས་བུ་སྟོབས་ཆུང་བར་ཁ་དམར་གདགས། །
དེ་ནས་མི་གྲངས་འཕེལ་ཁ་བརྟ་པའི་རྩིས་ཡིན། རྒྱ་མ་ཕ་ཀླུང་ནི། །གྱེན་འཕར་གྱེན་ལྟ་ཐུར་བབས་གསུམ། །ཕ་མེས་ཕ་དང་མེས་པོ་རིམ་བཞིན་བསྐོར་བུ་དང་ཚ་ལོའི་སྟེང་སོ་སོར་ཕབས་དགོས། ལོ་ཡི་དར་གུད་དེ། །བུ་དང་ཚ་བོའི་ལོ་ཐོག་སྟེ་ལོ་རྟགས་ཀྱི་སྟེང་དུ་ཕབ་ལ་བསྐོར། །དེ་ཡང་ཕ་དང་མེས་པོ་ལ་སྲོག་ལུས་དབང་ཀླུང་བཞི་རེ་ཡོད་པའི་ནས་ནས་གཙོ་བོ་སྲོག་གི་ཁམས་དང་སྦྱོར། །
དང་པོ་གྱེན་འཕར་སྐོར་འགོ་ནི། གྱེན་འཕར་དང་གུད་སྤྱི་ལྟར་བསྐོར་བའི་མངལ་གནས་ནས་དབུགས་བླངས་པའི་གྱེན་བསྐོར་རམ་གཡོན་བསྐོར་གྱིས་བུ་ཚའི་ལོ་རྟགས་སྟེང་བསྐོར། དཔེར་ན་མེས་པོ་རྟ་ཡིན་ན་སྲོག་མེ་ཡི་དབུགས་ཕག་ནས་ལེན་དགོས་པ་དང་། ད་ལམ་མངལ་གནས་བྱི་བ་ནས་དབུགས་བླངས་ཏེ་གཡོན་དུ་བསྐོར་ཁྲུས་བྱེད་སྟེང་དུ་བབས་ན་རྒྱ་མ་ཚོམས་པ་ཡིན་ལ་བཙས་པའི་སྟེང་བབས་ན་ལྟེམས། །དར་བ་སྡོད་ལ་ལས་བྱེད་སར། །བབས་པ་རྣམས་ནི་ཁ་རལ་ལོ། །
གཉིས་པ་གྱེན་ལྟའི་གྱེན་ལྟ་ཞེས་རྩིས་གཞུང་འགའ་ཞིག་ཏུ་འཕྲེད་ཅེས་འབྱུང་བ་དོན་དུ་དར་གུད་སྤྱི་ལྟར་གྱི་བཙས་པ་ནས་དབུགས་བླངས་ཏེ་གཡས་བསྐོར་གྱིས་བུ་ལོའི་སྟེང་དུ་ཕབ་པའི་བསྐོར་འགོ་ནི། །དབུགས་ལེན་ཚོམས་ལ་མངལ་གནས་ལྟེམས། །ལུས་རྫོགས་སྡོད་ལ་གུད་ན་རལ། །
གསུམ་པ་ཐུར་འབབ་ངན་པ་ནི། །ཐུར་འབབ་ནི་དར་གུད་སྤྱི་ལྟར་བསྐོར་བའི་དུས་སུ་བུ་ཚའི་ལོ་སྟེང་དུ་བབ། ན་སར་ཚོམས་ལ་ཤི་སར་ལྟེམས། །དུར་སར་ཁ་རལ་དུར་གཤེད་སྡོད། །དེ་ཡང་དཔེར་ན་མེས་པོ་རྟ་ཡིན་ན་ཚ་བོའི་ལོ་ཁྱི་དང་འབྲུག་ལྟ་བུ་སྟེ། རྟའི་སྲོག་མེ། མེ་དུར་ཁྱི། དེའི་བདུན་ཟུར་འབྲུག་དུར་ཆུང་ཡིན་ནོ། དཔེར་ན་ཕ་མེས་ཀླུང་རྟ་ལྕགས་ལ། བུ་བྱི་བྱུང་ན། ཐུར་དེད་ཤི་བ། གྱེན་དེད་བཙས་པ། འཕྲེད་དེད་དར་བ་ཡིན་པ་ལྟ་བུའོ། །སྐྱོན་མེད་ན་རྡེལ་དཀར། ཡོད་ན་རྡེལ་ནག་བོར། མེས་པོའི་རྒྱ་མའི་རྡེལ་བཅུ་གཉིས་དང་། ཕ་ཡི་རྒྱ་མའི་རྡེལ་བཅུ་གཉིས་ཏེ་ཉེར་བཞི་འོང་ངོ་། །རྒྱ་མ་ལྡོག་པ་ཁ་རལ་དོན་གཅིག །དུར་སྤར་སྤྲད་པ་ཁོན་ཐོག་བུ་ཚ་སྟག་ཡོས་སྐྱེས། །གིན་ལ་བྱ་སྤྲེལ་ཁེན་རྟ་སྦྲུལ། །ཟོན་ཐོག་གཤེད་བཞི་བྱི་ཕག་དྲུག །སྐྱེས་རྣམས་རྒྱ་མའི་འུར་རྡོར་གྲགས། །ཕ་མེས་རྟ་སྦྲུལ་བཞི་བསྟུད་ལ། །བུ་ཚ་བྱི་ཕག་བྱུང་བ་ལྟར། །ཕ་མེས་བཞི་བསྟུད་སྲོག་དགྲར་བུ། །གྱུར་ན་འཆིང་འགགས་ཚུད་པ་ཟེར། །ལོ་ནི་ཐ་ཆུ་བཞི་རུ་དང་། ར་བ་བཞི་བསེ་རུ། འབྲིང་པོ་འཆོལ་བུ་ཡིན་ནོ། །སྨེ་བ་ནི་མེ་ལྕགས་ཆུ་གསུམ་ར་རུ། ས་ཤིང་གཉིས་སེ་རུ་ཡིན་ནོ།། སྤར་ཁའི་རྭ་རུ་༡ ཕྱོགས་བཞི་དང་། །བསེ་རུ་༢ མཚམས་བཞི་འཆོལ་བ་༣ གསུམ་ངེས་པས། །རིམ་བཞིན་ཁྱིམ་དེར་བཟའ་ཚང་མི་གྲངས་ཟུང་༡ དང་ཡ་༢། །ངེས་མེད་༣ འབྱུང་ཞེས་ལུང་བསྟན་བྱ། །ནག་འཐུས་༡༣ ལྕགས་བཞི་ལོ་ངན་ལྕགས་བཞི་ཞེས་རྔ་ཟོར་ལྕགས་ཀྱི་ཁྱི་ཕག །རོ་ཁུར་ལྕགས་ཀྱི་བྱི་གླང་སྟེ་བྱང་ཕྱོགས་ལྕགས་བཞི། མེ་བརྒྱད་རུས་གཅོད་མེའི་སྟག་ཡོས། མདུན་སྡེབ་མེའི་འབྲུག་སྦྲུལ། གྲུ་ཁྱེར་མེའི་རྟ་ལུག །བྱེ་བྲལ་མེའི་བྱ་སྤྲེལ་དང་བརྒྱད་དོ།། སོགས། །ཀྱིས་བསྡུས་པའི་ལོ་ངན། ལྟས་ངན་ལོ་བདུན། སྐར་ཆུང་ལོ་དྲུག གནམ་སའི་བྱ་ར་གཉིས། ཐན་སྐྱེལ་བཅུ་གཉིས། དུར་མི་ནག་པོ་བཞི། ལྡིང་ནག་བུ་གསུམ། ལོ་ནག་མཆེ་བ་ཅན་བཞི། སྲིན་ཁྱེར་ལོ་བཅུ་གཅིག ཐེར་འདྲེ་མི་བཞི། ལོ་ངན་རྣམས་ལ་སྐྱེས་པ་དང་། །སྤར་སྨེའི་བསྡོམས་རྩིས་ཞེས་སྲུང་བསྡོམ་ཕན་ཆ་བསྟེན་ལུགས་ཏེ། དཔེར་ན་བཙས་ལོའི་མ་སྤར་ཟིན་ཡིན་ན། ལོ་དེར་བུ་ཚའི་སྲུང་བསྡོམ་ཚང་མ་ཟིན་གྱི་འབྲས་བུ་དང་གཅིག་པ་བསྲུང་། སྲུང་བསྡོམ་དགོས་ཉེན་པ་དགྲ་སྤར། སྐྱེས་སྤར། དུར་སྤར་སོགས། སྨེ་བའང་དེ་བཞིན། ཉེན་པ་ཀུན་གྱི་གཉིས་ནག་དང་། སོ་སོའི་གཉིས་ནག་སྲོག་དགྲར་ལ་སོགས་པ། །གོས་སྲུང་བྱིས་པ་དེའི་སྲོག་དང་ལུས་ཀྱི་མ་ཡི་མདོག་གཙོ་བོ་བྱེད་དགོས་པར་གསུངས་འདུག ཞིབ་མོའི་བློ་ཡིས་ལེགས་བརྟག་ནས། །དེ་རྣམས་འབྲས་བུའི་རིམ་པ་ནི། །རྩ་བའི་འགྲེལ་པ་ཉི་ཤུ་དང་། །དམར་ཆུང་སྟག་མགོ་སྒང་སྒྲིལ་སོགས། །མཁས་པའི་གཞུང་ལྟར་ཕྱིས་འབྱུང་བའི། །སྔ་རྟགས་ཚང་གི་མངོན་ཤེས་རྣམས། །འཁྲུལ་བ་མེད་པར་གཏན་ལ་དབབ། །
འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །མཐའ༌རྩིས༌བཤད༌པའི༌ལེའུ༌སྟེ༌གསུམ༌པའོ།། །།
མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 12:49 PM
<< སྔ་མ།