སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གསུམ་པ། མཁྲིས་པའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་གསུམ་པ། མཁྲིས་པའི་ནད་བཅོས་པ།


དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མཁྲིས་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྗེས་བཅད་སྤྱི་དོན་རྣམ་པ་དྲུག་གིས་བསྟན།།

སྤྱི་དོན་དང་པོ་།རྒྱུ་ནི་ནད་གཞིའི་མཁྲིས་པ་དང་སྣོད་ཀྱི་མཁྲིས་པ་མཚན་ཉིད་སྣུམ་རྣོ་ཚ་ཡང་དྲི་མནམ་འཁྲུ་ཞིང་གཤེར་བ་བདུན་ལྡན་ལ། །

སྤྱི་དོན་གཉིས་པ་སློང་རྐྱེན་གནད་དུ་མཚོན་བསྣུན་འགྲམས་པ་དང༌། །ཟས་སྐོམ་ཚ་སྐྱུར་མི་འཕྲོད་མ་ཞུ་དང༌། །ཞེ་སྡང་མི་གཙང་བའི་གྲིོབ་ཀྱིས་ལྷ་བསྣོལ་ཏེ་བྲལ་བ་དང་འདྲེ་གཡོས་པས། །གསོ་དཀའ་མཁྲིས་ནད་ནག་པོ་མ་གཏོགས་པ་བཞི་བཅུ་རྩ་བདུན་དུ་འགྱུར།

སྤྱི་དོན་གསུམ་པ་དེ་ལ་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་རིགས་དང་གནས་ཀྱིས་དབྱེ་བ་གཉིས་ལས་། །དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་རྣམ་བཞི་སྟེ། །དེའི་དང་པོ་ནད་གཞིའི་མཁྲིས་པ་མཚན་ཉིད་བདུན་དེ་ཉིད་ཚད་དང་ཐང་ལ་ལྷགས་པ་དང༌། །གཉིས་པ་མེ་དྲོད་མཁྲིས་པ་འཇུ་བྱེད་གཞན་གྱི་གནས་སུ་གྱུར་པ་དང༌། །གསུམ་པ་མཆིན་པའི་འདབ་ལ་སྣོད་ཀྱི་མཁྲིས་པ་ཁ་ལུད་ཁ་ཤོར་དང༌། །བཞི་པ་ནད་གཞི་དང་མེ་དྲོད་དང་སྣོད་ཀྱི་མཁྲིས་པ་གསུམ་ཐུན་མོང་རྐྱེན་གྱིས་མཁྲིས་པ་འཕེལ་བས་རྩ་རུ་རྒྱུ་བ་དང་བཞིའོ། །དང་པོ་རྐྱེན་བཞིས་དུས་གདོན་ཟས་སྤྱོད་ཀྱིས་མཁྲིས་པ་འཕེལ་བ་སྟེ། །འོག་ཏུ་ཚད་པ་གསོ་བའི་སྐབས་སུ་རྒྱས་པར་སྟོནཡོད་ལ་། །གཉིས་པ་གནས་ལ་ཞུགས་པ་ནི་རླུང་དང་མ་ཞུ་བད་ཀན་ཁྲག །འཇུ་བྱེད་མཁྲིས་པའི་ཡུལ་དུ་ཞུགས་པ་ཡིས། །མཁྲིས་པའི་གོ་ཕྲོགས་ཕྱི་རུ་བྱེར་བའོ། །གསུམ་པ་ལ་ཁ་ལུད་ནི་ཕོ་བ་དང་མཆིན་པའི་སྐྲན་གྱིས་མཁྲིས་པས་གསུམ་བཅར་བའོ་། །ཡང་ན་མཁྲིས་པ་རང་ལ་སྐྲན་ཞུགས་པས། །མཁྲིས་པ་དབང་མེད་ཕྱི་རུ་ཁ་ལུད་དམ། །ཡང་མ་འགྲམས་སམ་རླུང་གིས་མཁྲིས་ཁ་ཤོར་བའོ། །བཞི་པ་ལ་རྩ་རུ་རྒྱ་བ་ནི་སྣོད་མཁྲིས་སམ་འཇུ་བྱེད་མཁྲིས་པ་གཉིས་གང་ཡང་རུང༌། །འགྲམས་འཁྲུགས་རིམས་ཀྱི་རྐྱེན་གྱིས་མཁྲིས་པ་འཕེལ་བའམ། །ཡང་ན་ཟས་སྤྱོད་རྐྱེན་གྱིས་མཁྲིས་པ་འཕེལ་ཏེ་རྩར་ལུད་པས། །ཤ་སེར་མིག་སེར་རྣམ་པ་གཉིས་སུ་འགྱུར་བ་དེ་རྣམས་བསྡོམས་པས་། །མཁྲིས་ནད་བཅུ་གསུམ་རིགས་ཀྱི་དབྱེ་བར་འདོད། །མདོར་བསྡུས་ཐོག་ཐང་ལྷག་མཐའ་རྩར་རྒྱུགས་རང་རྒྱུད་ཚ་བའི་ནད་ཡིན། །བར་པ་གནས་འགྱུར་དང་ནང་ཚེགས་གཉིས་པོ་ནད་གཞན་དབང་དང་ལྡན་པ་ཡིན། །གཉིས་པ་གནས་ཀྱིས་དབྱེ་ན་ལྤགས་ལ་གྲམ་པ་དང༌། །ཤ་ལ་རྒྱས་དང་རྩ་རུ་རྒྱུ་བ་དང་། །རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང༌། །དབང་པོ་ལྔ་ལ་མེ་ཏོག་ཤར་བ་བདུན་གྱིའོ་། །དེ་ཡང་དོན་ནི་གློ་སྙིང་མཆིན་མཆེར་མཁལ་མ་ལྔ། །སྣོད་ནི་ཕོ་ལོང་རྒྱུ་མ་ལྒང་པ་མངལ། །དབང་པོ་མགོ་མིག་རྣ་བ་སྣ་ལྕེའོ། །དེ་ལྟར་བཅུ་དགུ་གནས་ཀྱི་དབྱེ་བར་འདོད། །གཉིས་པ་བྱེ་བྲག་འཇུ་བྱེད་དང་གཅིག་སྒྲུབ་བྱེད་དང་གཉིས་མདངས་སྒྱུར་དང༌གསུམ་། །མཐོང་བྱེད་དང་བཞི་མདོགགསལ་དང་རྣམ་པ་ལྔར་གྱུར་པའོ། །དེ་ལྔ་པོ་རླུང་དང་འདྲེས་པ་ལྔ་དང་བད་ཀན་འདྲེས་པས་ལྔ་སྟེ་བཅུ་རུ་འགྱུར། །ཀུན་ཀྱང་མདོར་བསྡུས་ཚ་གྲང་གཉིས་སུ་འདུས། །ཁྲག་དང་མཁྲིས་པ་འཕེལ་བ་ཚ་བ་སྟེ། །མ་ཞུ་བད་རླུང་ཡུལ་ཕྲོགས་གྲང་བའོ།།

སྤྱི་དོན་བཞི་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་ལས་། །དང་པོ་སྤྱི་རྟགས་མིག་སྤྲིན་བཞིན་ལྤགས་ཆུ་མདོག་སེར་བ་སྤྱི་དང་ཁྱད་པར་དུ་ལག་མཐིལ་དང་མུར་གོང་ལྕེ་རྣམས་སེར་། །ལྟོ་ཆེ་མཁྲིས་པ་འཁྲུ་འམ་སྐྱུག་སྐྲ་རྩ་ཡན་ལག་ཟ་འཕྲུག་བྱེད། །དེ་ཡང་མཁྲིས་པ་ཚ་བ་སྐོམ་དད་ཆེ། །རྩ་གྲིམས་ཆུ་ཡི་རླངས་ཆེ་ཀུ་ཡ་མཐུག །ཁ་ཁ་ལུས་ཚ་དྲོད་ཆེ་གཉིད་ཆུང་བཤང་བ་སེར། །ཤ་ཆང་མར་རྙིང་བུ་རམ་དྲོད་བག་གནོད། །མཁྲིས་པ་གྲང་བ་ཚ་བའི་རྟགས་དེ་ལས་གོ་ལོག་སྟེ། །མེ་དྲོད་འཇུ་སྟོབས་ཆུང་ལ་བཤང་བ་དཀར། །གཉིས་པ་བྱེ་བྲག་ཚ་བ་རྒྱུ་ལ་བརྟག་པ་ཕན་གནོད་ལ་གོམས་པས་བརྟག་གཉིས་སོ། །རླུང་གི་གནས་གྱུར་སྦོ་འཁྲོག་རྟུག་པ་སྐམ། །གཡལ་མང་དྲོད་བཅུད་ཟོས་རྗེས་བདེ་བར་མངོན། །མ་ཞུ་བད་ཀན་གང་གི་གནས་གྱུར་ཀྱང༌། །ལུས་ལྕི་གཉིད་ཆེ་སྒྱིད་སྐྱུར་ལུས་པོ་ཉོབ་པ་འདུག་སྙིང་འདོད། །ཟས་སྐོམ་སྤྱོད་ལམ་བསིལ་གནོད་དྲོ་ན་བདེ། །ཁྱད་པར་དྲི་མ་སྐྱ་ལ་གསོབ་པ་ཡིན། །ཁྲག་གི་གནས་གྱུར་སྨུག་པོའི་རྒྱུ་བྱས་ཏེ། །དྲི་མ་ནག་སྨུག་སྐམ་ལ་ཤ་རིལ་འདྲ། །མཆིན་པའི་སྐྲན་ནམ་མཆིན་པ་ཁྲག་གིས་རྒྱས་པ་ཡིས། །མཁྲིས་པའི་ཡུལ་ཕྲོགས་ན་མཆིན་པའི་ཡུལ་དུ་ལག་པས་མྱངས་པས་དངོས་སུ་སྣང་གིས་གསལ། །ཕོ་བའི་སྐྲན་གྱིས་མཁྲིས་པའི་ཡུལ་ཕྲོགས་ན་ཟས་སྐོམ་འཁྲེན་ནས་སྐྱུག་པས་། །མཁྲིས་པའི་སྟེང་དུ་སྲ་ཞིང་མནན་མི་བཟོད། །མཁྲིས་པ་རང་ལ་སྐྲན་ཞུགས་ལུས་ཤེད་ཆུང༌། །ལུས་ཀྱི་མདོག་སེར་ཟ་འཕྲུག་དང་ག་འགག །བཤལ་དང་གཏར་ལ་མཁྲིས་པའི་ནད་ཐོན་ཅིང་བཅོས་སྐྱེད་མེད་ན་། །ནད་པ་དེ་འཆི་བདག་ཁ་རུ་ཚུད་དང་འདྲ། །ཁ་ཤོར་ན་ཤེད་མེད་མཁྲིས་པ་འཁྲུ་སྐྱུག་བྱེད་པར་། །མཁྲིས་པ་འགྲམས་སམ་ཡང་ན་འཁྲུགས་ཚད་མཁྲིས་པར་བབས་པའམ་། །རིམས་ནད་མཁྲིས་པར་བབས་པའི་རྩར་རྒྱུག་གསུམ། །དེ་རྟགས་འགྲམ་འཁྲུགས་རིམས་གསུམ་བཅོས་ཐབས་འོག་ནས་རང་རང་ལེའུར་བལྟ། །རང་བཞིན་ཟས་སྤྱོད་རྐྱེན་གྱིས་མཁྲིས་པ་འཕེལ་བའི། །རྩར་རྒྱུག་དག་ལ་ཤ་སེར་མིག་སེར་དང་གཉིས། །མཁྲིས་པ་ཤ་སེར་ནི་ཤེད་ཆུང་ཉིན་མོ་གཉིད་བཀག་མི་ཐུབ་མཚན་པོ་གཉིད་ཆུང་། །ལུས་ལྕི་ཞོ་དར་ཆུ་སོགས་གང་ཡང་ཁ། །ཤ་མདོག་གསེར་འདྲ་རྫས་དཀར་སེར་པོར་མཐོང༌། །སྔ་དྲོ་བསིལ་ཕེབས་བདེ་ལ་ཉིན་དགུང་ན། །མཁྲིས་པ་མིག་སེར་མིག་སྤྲིན་སེན་མོ་སེར། །ལུས་རྔུལ་ཉམ་ཆུང་ཁོང་ཚ་མིག་རུས་ན། །ཁ་ཟས་ཡི་གར་མི་འོང་སྐོམ་དད་ཆེ། །སྐྱུག་པ་སྙམ་བྱེད་པ་དང་རྩ་སྦུབས་སྒོ་རྣམས་ཉམས་པས་མིག་སྔར་དགོང་དང་ཐོ་རངས་སུ་སྔོ་དམར་མཐོང༌། །གོང་བཤད་ནད་ཀུན་ཀྱང་ཡུན་རིང་རྒྱས་ནས་སྨིན་པའི་དུས། །ཀྵ་ཡ་ནག་པོར་གྱུར་ནས་ཟ་འཕྲུག་བྱེད། །ལྤགས་མདོག་སྔོ་ནག་སྐྲ་དང་སྨིན་མ་འབྱི། །ཤེད་མེད་ཤ་སྐམ་སེན་མོ་ནག་ཐིག་ཆགས། །འདི་དུས་མཁྲིས་པས་ཤ་རུས་ཐམས་ཅད་ཁྱབ། །གཤིན་རྗེའི་ཞགས་པས་ཟིན་པས་འཚོ་མི་འགྱུར། །འདི་ལ་བཅོས་ཐབས་མི་བརྩམ་ཚོགས་གསོག་བསྐུལ། །མཁྲིས་པ་ལྤགས་ལ་གྲམ་པ་ཟ་འཕྲུག་བྱེད། །ཤ་ལ་རྒྱས་པ་ཤུ་བ་ཐོར་པ་འབྱུང༌། །ཕྲུགས་ན་ཆུ་སེར་ཁྲག་དང་མཁྲིས་པ་འཛག །རྩ་རུ་རྒྱུ་བ་པུན་མོ་གཉིས་སོགས་ཚིགས་གཞི་ཡན་ལག་ཉྭ་གཞི་དང༌། །དྲོ་སར་ཟ་ཞིང་རྒྱས་ནས་ལུས་ཀུན་ཟ། །རྩ་མིག་མཁྲིས་པས་གང་ཕྱིར་ལྤགས་མིག་སེར། །ག་ཏར་ན་ཁྲག་མེད་མཁྲིས་པ་ཟང་མར་འོང༌། །རུས་ལ་ཞེན་པ་ཚིགས་པ་ཐམས་ཅད་ན། །ཁོལ་བུར་ན་ཞིང་ཤ་སྐམ་ཚིགས་ཐོག་སྐྲངས། །སྙིང་ལ་ཞུགས་ན་གློ་སྙིང་སྟོད་མི་བདེ། །ལྕེ་སེར་གཉིད་ཆུང་སྙིང་ལ་གྲང་མོ་འདོད། །གློ་ལ་ཞུགས་ན་སྣབས་ལུད་སེར་པོར་འོང༌། །མཆིན་པར་ཞུགས་ན་ཤ་སྔོ་མཆིན་སྟེང་ན། །མགོ་ན་མིག་ཚ་མཆིལ་མ་སྐ་ལ་འདྲིལ། །མཆེར་པར་ཞུགས་ན་ལྕེ་སྔོ་ཁྲ་དང་སེར་ཁྲ་འབྱུང་ཁྲག་རླན་འཁྲུ། །སྦོ་རྫིང་རྐང་པ་གཡོན་སྐྲངས་ཡན་ལག་གི་ཚིགས་བར་དང་ལྷུ་ཚིགས་ཕྲན་རྣམས་ན། །མཁལ་མར་ཞུགས་ན་རྐང་པ་ལྕི་ལ་སྦྲིད། །མཁལ་རྐེད་ན་ཞིང་རྣ་རྒྱབ་སེར་པོར་འགྲོ། །ཕོ་བར་ཞུགས་ན་མཁྲིས་པ་འཁྲུ་སྐྱུག་བྱེད། །ལོང་དང་རྒྱུ་མར་ཞུགས་ན་མཁྲིས་པ་འཁྲུ། །ལྒང་པར་ཞུགས་ན་ཆུ་ཁ་སྲིའམ་སྙི། །མངལ་དུ་ཞུགས་ན་མཁྲིས་པ་འཛག་གམ་འདྲིལ། །མགོ་ལ་ཞུགས་ན་མཚོགས་མ་ཀླད་པ་ན། །ཉི་མ་ཕོག་དང་ཞོ་འཐུངས་སྟོན་དུས་ལྡང༌། །མིག་ཞུགས་མདོག་སེར་ཚ་ཞིང་མཆི་མ་མང༌། །རྣར་ཞུགས་ཟུག་ཆེ་ཚ་ལ་ཆུ་སེར་འཛག །སྣར་ཞུགས་སྣབས་ཀྱི་མདོག་སེར་མཚུལ་པ་འགག །ལྕེ་ལ་ཞུགས་ན་ལྕེ་སེར་རོ་ཀུན་ཁ། །ཀུན་ལ་མིག་ཆུ་སེར་ན་མཁྲིས་པར་བརྟག །ཁྱད་པར་བྱེ་བྲག་ནང་ཚེགས་མཁྲིས་པ་ལྔ་ལས་འཇུ་བྱེད་ནི། །ནད་དུ་གྱུར་ན་ལྕེ་སེར་སྐོམ་དད་ཆེ། །ཁ་ཟས་མི་འཇུ་དང་ག་འགག་པར་འགྱུར། །མདངས་སྒྱུར་ནད་གྱུར་ཆུ་སེར་ཕོ་བ་ལྟེམ། །ལུས་པོ་ལྕི་ལ་ཤེད་ཉམ་ཆུང་བ་ཡིན། །སྒྲུབ་བྱེད་སྙིང་སྤྱུགས་ཏེ་ ཕྱོགས་སུ་བཅུས་སྙམ་བྱེད་པ་དབུགས་རྒོད་སྐོམ་དད་ཆེ། །དང་ག་མི་བདེ་ལུས་འདར་གློ་སྙིང་ཚ། །མཐོང་བྱེད་ནད་གྱུར་མགོ་ན་ཆང་འཐུངས་གཟེར། །མིག་སེར་མིག་གིས་ཉེ་མཐོང་རིང་མི་མཐོང་རེས་མཐོང་རེས་མི་མཐོང་ཟེར་བ་གཞུང་ལ་ལར་འདུག། །མདོག་གསལ་ནད་གྱུར་ལུས་ཀྱི་ཤ་དྲོད་ཆེ། །ཤ་ལྤགས་སྔོ་ནག་ཚ་ལ་རྩུབ་པའོ། །རླུང་དང་བད་ཀན་གང་འདྲེས་དེ་རྟགས་སྟོན། །

སྤྱི་དོན་ལྔ་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་། །དང་པོ་སྤྱི་བཅོས་མཁྲིས་ནད་ཚ་གྲང་གཉིས་སུ་བསྡུ། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །མཁྲིས་ནད་ཚ་བའི་སྨན་ནི་ཏིག་ཏ་དང༌། །གསེར་གྱི་མེ་ཏོག་ཀྱི་ལྕེ་བ་ཤ་ཀ །བོང་ང་དཀར་པོ་བསྐོལ་གྲང་ཐང་དུ་བཏང༌། །དྲོད་ཆུང་འཇུ་བ་དཀའ་ན་དྲོད་སྨན་པི་ལིང་བསྣན། །དེ་འོག་གསེར་གྱི་མེ་ཏོག་ཏིག་ཏ་གསུམ་འགྲེལ་བྱེད་སྔ་མ་དག་རྒྱ་ཏིག་བོད་ཏིག་བལ་ཏིག་གསུམ་བཤད་ཀྱང་ལག་ལེན་དུ་ཟངས་ཏིག་ལྕགས་ཏིགལ་མཛད་འདུག། །བོང་ང་དཀར་པོ་རུ་རྟ་པར་པ་ཏ། །རྩ་མཁྲིས་ཧོང་ལེན་སྐྱེར་ཤུན་ཀ་ར་སྦྱར། །ཕྱེ་མ་ཆུས་འཕུལ་མཁྲིས་ནད་མ་ལུས་འཇོམས། །རུ་ཐུང་གཤའ་རིངས་སྣོད་ཀ་གང་བབས་གཏར། །དེས་མ་ཞི་ན་བསྡུ་སྦྱང་ཞི་གསུམ་སྦྱར། །དང་པོ་བྲག་ཞུན་ནིམ་པ་བ་ལེ་ཀ་འདྲ་བའི་ཤིང་སེར་མཁྲེག་རོ་ཤིན་ཏུ་ཁ་བ་ལྷོ་མོན་ནས་འབྱུང་བས་མ་རྙེད་ན་ཉེ་ཤིང་ནས་ཚབ་རུང་བར་མཉམ་ཉིད་རྡོ་རྗེས་གསུངས་ལ་བ་ཤ་ཀ།ཤུག་པ་སྤ་མའི་ཐོགས་བུ་འབྲུ་དང་ཏིག་ཏ་རྩ་ཨ་བ་རྒུན་འབྲུམ་དང༌།།ལྕུམ་རྩ་ཤིང་མངར་སྐྱེར་པའི་བར་ཤུན་ཀ་ར་སྦྱར། །གསེར་གྱི་མེ་ཏོག་བ་ཆུར་སྦངས་ཁུས་དབུལ། །འདུས་རྟགས་མིག་ཆུ་བཞིན་མདངས་སྔར་བས་དཀར། །སྐོམ་སྙེག་སྐོམ་དད་ཆེ་བ་དང་ག་འགགས་ན་སྦྱང་བར་བྱ། །ཁྲོན་བུ་ཚ་ལ་གསེར་གྱི་མེ་ཏོག་ཕྱེ། །ལོ་བརྒྱད་དྲི་ཆུར་སྦྱར་བཏང་བ་ཆུའི་ལྕག་གིས་བསྐུལ། །འབྲས་ཐུག་རྗེས་གཅོད་ཟས་སྐོམ་བསིལ་བ་གཅེས། །དེ་རྗེས་ནད་ལྷག་རོལ་དུ་བསད་པའི་ཕྱིར། །གསེར་གྱི་མེ་ཏོག་སྤྱི་ཞུར་ཀ་ར་སྦྱར། །བ་འོས་འཕུལ་བསྟེན་དེ་རྗེས་ཏིག་ཏ་ཟངས་ལྕགས་སུམ་ཏིག་གསུམ། །གསེར་གྱི་མེ་ཏོག་ལྕགས་ཕྱེ་བོང་ང་དཀར། །སྐྲ་བཟང་བྱི་ཏང་ག་དང་ཀ་ར་སྦྱར། །ཕྱེ་མ་གངས་ཆུས་འཕུལ་ལ་སུམ་ཡར་བཏང༌། །དེ་རྗེས་ཚ་བའི་ལྷག་མ་ལུས་སྲིད་ན། །ཁྲག་མཁྲིས་ཤས་ཆེ་ཕྱི་རྒྱུད་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །རླུང་ཤས་ཆེ་ན་ཏིག་ཏའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་ཤིས། །ཁ་ཟས་བ་ལང་རི་དྭགས་ཤ་གསར་དང༌། །མར་གསར་ཁུར་མངས་འབྲས་དང་ནས་གཙང་ནས་སྔོན་མོའི་ཟན། །གངས་ཆུ་བ་རའི་ཞོ་དར་ཆབ་ཚ་ཕྱེ་ཐུག་ཚ་རྡོ་མེད་པ་སོགས། །བསིལ་ལ་ཡང་བའི་ཟས་སྐོམ་བཏང་བར་བྱ། །སྤྱོད་ལམ་མེ་ཉི་ཞེ་སྡང་དྲག་ཤུལ་སྤང༌། །ཡིད་འོང་སྙན་ཚིག་བསིལ་གནས་དལ་བར་འདུག །ཁྲུས་བྱ་མགོ་བཀྲུ་གོས་གསར་དྲི་མེད་བགོ། །གྲང་མཁྲིས་སྨན་ལ་སེ་འབྲུ་ཤིང་ཚ་དང༌། །སྐྱུ་རུ་ར་དང་ནིམ་པ་དངོས་མ་རྙེད་ན་ཉེ་ཤིང་སྟར་བུ་དང༌། །ཕག་རིལ་ཐལ་བ་བུར་དཀར་ཆུ་སྐོལ་དབུལ། །དེས་མ་ཞི་ན་ཆ་མཉམ་རྒྱམ་ཚ་སྒ་དང་ཨ་རུ་པི་པི་ལིང་བཞི་པའི་སྟེང༌། །ཏིག་ཏ་གང་རུང་བསྣན་ལ་ཀར་སྦྱར་ཆུ་སྐོལ་དབུལ། །དེ་ཡིས་མཁྲིས་པ་བད་ཀན་སྡུད་དང་འདྲུལ་ཏེ་རུལ་བ་། །དེ་ནས་གསེར་གྱི་ཕུད་བུ་རི་ཤོ་བ། །རྒྱམ་ཚྭ་པི་པི་ལིང་དང་དུར་བྱིད་རྣམས་ཐུན་གཉིས་གཉིས་། །ཞིབ་བཏགས་འོ་མ་སྦྱར་བཏང་ནད་ཀུན་འདྲེན། །ཡང་ན་རྒྱམ་ཚྭ་ཨ་རུ་མཆུ་སྙུང་དང༌། །ལྕུམ་རྩ་ཟངས་རྩི་བ་ནག་པོ་བསྔགས་པ་དང་དང་པི་པི་ལིང༌། །གསེར་གྱི་མེ་ཏོག་ཐང་གི་རྒྱུན་སྦྱོངས་བཏང༌། །རྗེས་ལ་ཟས་སྐོམ་དྲོད་ཀྱིས་བཅད་པ་གཅེས། །དེ་འོག་སེ་འབྲུ་སྒ་སྐྱ་པི་པི་ལིང༌། །ཏིག་ཏ་གང་རུང་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །མ་ནུ་ཀ་ར་སྦྱར་བ་ཆུ་སྐོལ་དབུལ། །རྗེས་གཅོད་ནད་རྣམས་མལ་དུ་འཇུག་པར་བྱེད། །གསོ་དཀའ་ཚིགས་པ་བརྒྱད་པ་དང་དགུ་པ་བཅུ་གཉིས་པ་དང་ལོང་ཐེར་གཡས་གཡོན་བསྲེག །ཁ་ཟས་བ་ར་མཛོ་མར་གསར་པ་དང༌། །ལུག་ཤ་གསར་པ་ཉ་ཤ་ཤ་རྙིང་སྐམ། །ཟན་དྲོན་སྒོག་སྐྱའི་བསྣུར་དེ་བཙོས་པའི་ཚོད་མ་ཚ་མིག་དང་ཟས་གསར་འཇམ་བསྟེན། །སྤྱོད་ལམ་རླན་གྲང་བསེར་བུས་གྲང་པ་སྤངས། །སྐམ་སར་མི་རྔུལ་ཙམ་དུ་བཅག་པར་བྱ། །གཉིས་པ་དེ་ནས་བྱེ་བྲག་བཅོས་ཐབས་ཐང་ལ་ལྷགས། །ཚ་བ་སྤྱི་བཅོས་ལེ་འུར་བཤད་པ་ལྟར་བསྟན་པར་བྱ། །རླུང་གི་གནས་གྱུར་ལུག་ཤ་མར་གསར་ཆང་། །དྲོད་བཅུད་ཟས་བསྟེན་སེ་འབྲུ་པི་པི་ལིང༌། །ཏིག་ཏ་ཤིང་ཀུན་བཅའ་སྒ་ཁ་རུ་ཚྭ། །ཨ་རུ་བུ་རམ་སྦྱར་བ་ཆུ་སྐོལ་དབུལ། །མར་གསར་འཇམ་རྩི་ལ་འབྲས་གསུམ་དང་རུ་རྟ་རྒྱམ་ཚ་བཅན་སྒ་བཏབ་པ་པའི་བདུད་རྩི་ལྟ་བུར་བསྔགས། །ཚིགས་པ་དང་པོ་དགུ་པ་མེ་ཡིས་བསྲོ། །མ་ཞུ་བད་ཀན་གང་གི་གནས་གྱུར་ཀྱང༌། །ཕྱི་རྒྱུད་ལྟར་སེ་འབྲུ་བཞི་འམ་རྒོད་མ་ཁ་ཡི་ཕྱེས། །མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། །དེ་རྗེས་སྐྱུགས་བཤལ་གང་འཚམ་གོང་གི་གྲང་མཁྲིས་བཅོས་པ་བཞིན་བསྟེན། །དེ་འོག་ཏིག་ཏ་གསེར་གྱི་མེ་ཏོག་དང༌། །རྒྱམ་ཚྭ་གོང་ལ་བསྣན་པས་ནད་ལྷག་གདོན། །ཚིགས་པ་གསུམ་པ་བཅུ་གསུམ་པ་དང་མེ་མཉམ་གསང་དང་ལྷེན་གསང་བསྲེག །ཁྲག་གི་གནས་གྱུར་བད་ཀན་སྨུག་པོར་ལྟ་བུ་བཅོས། །རྗེས་ལ་ཚིགས་པ་བརྒྱད་པ་དང་དགུ་པར་མེ་ཡིས་མནན་པ་གཅེས། །མདོར་ན་ཞུགས་པའི་ནད་དེ་བཅོས་པ་ཡིས། །རང་གནས་མཁྲིས་པ་རང་སོར་འགྱུར་བ་ཡིན། །རྒྱུ་མ་བསལ་བར་འབྲས་བུ་ཁེགས་མི་སྲིད། །མཆིན་པ་རྒྱས་སམ་མཆིན་ཁྲག་ཁ་ལུད་ན། །ཅུ་གང་གུར་གུམ་ལིི་ཤི་ཏིག་ཏ་བྲག་ཞུན་པི་ལིང་ཨ་རུ་མཚལ་དཀར་ཏེ་བརྒྱད་སྦྱར་དེ་རྗེས་རུ་ཐུང་ངམ། །སྣོད་ཀ་མཆིན་པ་གཤའ་རིངས་མང་གཏར་ཁྲག་ཉུང་དབྱུང་བས་སྟོབས་དབྲི། །དེ་འོག་སྦྱངས་ཏེ་ཚིགས་པ་བརྒྱད་པ་དང་དགུ་པར་མེ་ཡིས་བཅད་པར་བྱ། །སྐྲན་གྱི་ཁ་ལུད་འགྲོན་བུའི་ཐལ་བ་དང༌། །མདའ་རྒྱུས་འོལ་མོ་སེ་ཚམ་རུང་ཤུ་དག་སྤྱང་ཚེར་རྒྱམ་ཚྭ་དང་། །ཐལ་སྨན་ཅོང་ཞི་འཕྲུལ་ཐང་སྦྱར་བའི་རིལ་བུས་བཤིག་ལ་སྦྱང༌། །རུ་ཐུང་གཤའ་རིངས་ཅུང་ཟད་གཏར་བར་བྱ། །རྗེས་ལ་ལྷེན་གསང་དགུ་པ་ཁ་གསུམ་བསྲེག །མཁྲིས་སྐྲན་མི་དང་ཕག་བྲུན་བསྲེགས་ཐལ་ལ། །ཀ་ར་སེ་འབྲུ་ལྔ་སྦྱར་ཆུ་སྐོལ་དབུལ། །སྐབས་སུ་ཕྱི་རྒྱུད་ཏིག་ཏ་བརྒྱད་དང་རུ་ཐུང་དང་གཤའ་རིངས་སྦྱར་ཅུང་ཟད་གཏར། །རྗེས་དཔྱད་དེ་རྗེས་བཅད་པ་ནི་ཚིགས་པ་བརྒྱད་དགུ་བཅུ་གཉིས་ཕོ་གསང་བསྲེག །མཁྲིས་པ་ཤ་སེར་ཏིག་ཏ་དུག་མོ་ཉུང༌། །གསེར་གྱི་མེ་ཏོག་ཧོང་ལེན་བ་ཤ་ཀ །བོང་ང་དཀར་པོ་བ་ལེ་ཀ་ཐང་བཏང༌། །རྩེ་ཆུང་དྲུག་འགོ་གཤའ་རིངས་གསུམ་ག་གཏར། །ཏིག་ཏའི་(དུག་མོ་ཉུང་ཀྱི་ལྕེ་དུར་བྱིད་)ཀྱིས་བཤལ་བྱ་ཕྱི་རྗེས་ར་ཕག་སོགས་བསིལ་ཤས་བཅད། །ཕྱི་རྒྱུད་གུར་ཀུམ་མཆོག་བདུན་པ་སྦྱར་ཏེ་བཏང་ཞོ་དཀྲུགས་ནང་ཞོ་བྱིན། །མཁྲིས་པ་མིག་སེར་ཏིག་ཏའི་གྲང་ཐང་བཏང༌། །འབྲས་བུ་(གསུམ་དུར་བྱིད་དོང་ག་ལྕུམ་རྩ་ཀྱི་ལྕེ་རྒུན་འབྲུམ་ཧོང་ལེན་བོང་ང་སླེ་ཏྲེས་)འི་ཐང་གིས་མཁྲིས་ཚད་འོར་དུ་སྐྱུར་ནིི་འོར་དུ་བསྒྱུར་། །མཆིན་མཁྲིས་འདོམ་རྩ་རྩེ་ཆུང་གཤའ་རིངས་གཏར། །སླེ་ཏྲེས་ཏིག་ཏ་སྒ་སྐྱ་ཨ་རུ་ར། །ཧོང་ལེན་དུག་མོ་ཉུང་དང་ཀ་ར་སྦྱར། །ག་བུར་བདུན་པ་ག་བུར་(ཅུ་གང་གུར་ཀུམ་ཙན་དན་བ་ཤ་ཀ་ཧོང་ལེན་པདྨ་གེ་སར་ཏེ་)བདུན་པ་ཀ་ར་སྦྱར་བ་བཏང༌། །མཁྲིས་པ་ཤ་ལྤགས་གཉིས་ལ་རྒྱས་པ་ལ། །ཁ་ལུད་ལ་སོགས་ནད་གང་ཡིན་ཡང་རུང༌། །རྒྱ་སྤོས་སྤང་སྤོས་བྲག་སྤོས་ཨ་རུ་ར། །ཤུག་པ་ལྕ་བ་ཏང་ཀུན་བ་ལུ་དང༌། །ཤུ་དག་རུ་རྟ་བ་ཆུར་སྦྱར་བའམ། །ཡང་ན་སྔོན་བུ་ཤོག་ཤིང་སྲུབ་ཀ་ཞོ་སྦྱར་བྱུག །དེས་མ་སོས་ན་ཟོ་མར་ཟོམ་རྩི་སྒོག་སྐྱ་ཚ། །ཆུ་དྲོན་བཀྲུས་རྗེས་བྱུགས་ལ་ཉི་མར་བསྲེག །སེན་མོས་བྲད་པས་མཁྲིས་པ་ཟང་མར་ཐོན། །ཤུག་ཚེར་ཤུག་པ་སྤ་མ་སྲད་མ་ནག་པོའི་ལོ་མ་གསུམ། །ཚྭ་སྦྱར་བྱུགས་བསྲེགས་སེན་མོས་བྲད་ཅིང་ཞར། །ཡང་ཡང་བསྐྱར་བས་ཆུ་སེར་རྩད་ནས་འདོན། །དེས་ཀྱང་མ་སེལ་དུར་བྱིད་སྔོན་བུ་དང༌། །ཨ་རུ་ར་གསུམ་བསྡུས་པའི་དྭངས་མ་ལ། །ཆུ་སེར་སྨན་སྤོས་དཀར་ཐལ་དཀར་རྡོ་རྗེ་སོ་མ་རཱ་རྫ་གསུམ་བཏབ་པའི་རྒྱུན་སྦྱོངས་བྱ། །མཆིན་པར་རུ་ཐུང་མཆེར་པར་རྟ་མཐུར་ཆུ་སེར་སོ་སོའི་མཁྲིས་རྩ་གཤའ་རིངས་སོགས་ལན་མང་དུ་གཏར། །ཆུ་ལུམས་བྱས་རྗེས་སེང་ལྡེང་སྨན་མར་ཕན། །རྩར་ཞུགས་ཏིག་ཏ་དུག་ཉུང་བ་ལེ་ཀ །བ་ཤ་ཀ་དང་ཀྱི་ལྕེ་གསེར་མེ་ཏོག །འོམ་བུ་ཏིག་ཏའི་ཐང་བཏང་མཁྲིས་རྩ་མང་གཏར། །དེ་འོག་སྦྱངས་རྗེས་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །རུས་ལ་ཞེན་ན་ཏིག་ཏའི་(གསུམ་དང་འབྲས་བུ་གསུམ་ཁྲོན་བུ་ལྕུམ་རྩ་སྟབ་སེང་བསྡུས་པ་)རྒྱུན་སྦྱོང་བཏང༌། །ག་བུར་ཉི་ཤུ་རྩ་ལྔ་ལ་མཁྲིས་སྨན་གྱི་ཁ་བསྒྱུར་སྦྱར། །ཁ་ཟས་བསིལ་བསྟེན་ཆུ་གྲང་མོའི་ལུམས་མཆོག་ཏུ་བསྔགས། །ཤ་ཁྲག་རྒྱུས་པ་སྐམས་པ་གསོ་བའི་ཕྱིར། །ག་བུར་ཙན་དན་དཀར་དམར་གེ་སར་གསུམ། །ཨུཏྤལ་བ་མར་ཀར་སྦྲང་ལྡེ་གུ་བཏང༌། །མདོར་ན་མཁྲིས་པ་ཕྱིར་བྱེར་ཆུ་སེར་བཅོས། །དོན་ལྔར་མཁྲིས་པ་ཞུགས་པའི་སྤྱི་སྨན་དུ། །ཏིག་ཏ་གསུམ་ཟངས་ལྕགས་སུམ་ཏིག་་དང་གསེར་གྱི་མེ་ཏོག་དང་། །དུག་ཉུང་རྒུན་འབྲུམ་ཀྱི་ལྕེ་བོང་ང་དཀར། །སྙིང་ལ་ཛཱ་ཏི་རུ་རྟ་ཨ་ག་རུ། །གློ་ལ་ཤིང་མངར་ཅུ་གང་ཨ་ཀྲོང་བསྣན། །མཆིན་པར་བྲག་ཞུན་གུར་ཀུམ་བ་ཤ་ཀ །མཆེར་པར་རུ་རྟ་སེ་འབྲུ་པི་པི་ལིང༌། །མཁལ་མར་ཤུག་ཚེར་སུག་སྨེལ་དམར་པོ་གསུམ་ཚོས་བཙོད་ཞུན་མཁན་། །ཀ་ར་སྦྱར་བཏང་རང་རང་རྩ་ལ་གཏར། །ཚ་བ་ཆོམས་ནས་ཚིགས་གསང་མེ་ཡིས་བསྡམ། །སྣོད་ལྷུང་གང་ཡང་བཤལ་ལས་ལྷག་པ་མེད། །མགོ་ལ་ཁ་ལུད་བཤལ་ཏིག་ཏ་དང་གཡའ་སོགས་ཀྱིས་སྐྱུགས་དཔྲལ་རྩ་གཏར་བ་དང་། །ཕྱི་རྒྱད་(ཏིག་ཏ་བརྒྱད་པའི་)ཕྱེ་མ་ཆུ་ལྕག་(ཚོགས་མ་སྤྱི་གཙུག་ལྟག་པ་སྡུད་སྒོ་གསུམ་ལ་)མེ་བཙའ་(འབྲས་བུ་གསུམ་གྱི་)སྨན་མར་བཅོས། །མིག་ལ་དཔྲལ་རྩ་གཏར་ཞིང་སྐྱེར་ཁཎ་བྱུག །རྣ་བར་རུ་རྟ་སྲན་མའི་མེ་ཏོག་དང༌། །གསེར་གྱི་མེ་ཏོག་ཨར་བར་ཁུ་བ་བླུག །སྣ་ལ་སྣ་སྦྱོང་བཏང་རྗེས་གུར་ཀུམ་བླུག །ལྕེ་ལ་སྒབ་རྩ་གཏར་དང་མངར་བས་དགང༌། །ཁྱད་པར་མཁྲིས་པ་འཇུ་བྱེད་རྣམ་གྱུར་ན། །རྒྱམ་ཚྭའི་(གསུམ་པ་)ཐང་བཏང་གསེར་ཕུད་སྐྱུགས་ཀྱིས་དྲངས། །མདངས་སྒྱུར་བཤལ་རྗེས་རྒོད་མ་ཁ་ཕྱེ་ལ། །ཏིག་ཏ་བསྣན་བཏང་མཁྲིས་རྩ་མང་དུ་གཏར། །སྒྲུབ་བྱེད་ཨ་གར་(ཛཱ་ཏི་གུར་ཀུམ་ཏིག་ཏ་ཨ་རུ་ར་ནཱ་ག་གེ་སར་ཀ་ར་དང་)དྲུག་སྦྱར་རྩེ་ཆུང་བསྣོལ་དེ་རིང་གཡས་གཏར་སང་ཉིན་གཡོན་གཏར་། །མཁྲིས་པའི་གཤའ་རིངས་རྩ་གཏར་སྙིང་གར་ཆུ་ལྕག་བརྡེག །མཐོང་བྱེད་ནད་ལ་ཏིག་ཏའི་ལྡེ་གུ་ཕྱི་རྒྱུད་ལྟར་སྦྱར། །གསེར་མདུང་གཏར་ལ་ཆུ་ལྕག་མང་དུ་བརྡེག །མདོག་གསལ་ནད་ལ་ཙན་དན་དམར་པོ་གུར་ཀུམ་བྱུག །གསེར་གྱི་མེ་ཏོག་ཙན་དན་དམར་པོ་སོ་མ་ར། །ར་གསུམ་ཨ་བར་སྐྱུར་ཀར་སྦྱར་ཆུས་བྲན་རྩ་ཕྲན་གཏར། །བད་རླུང་གང་འབྲེལ་དེ་ཡི་གཉེན་པོ་བསྟེན། །སྤྱིར་ན་ནད་འདི་གདོན་ཆེ་བཅོས་སྔོན་དུ། །དཔལ་ལྡན་ལྷ་མོའི་སྐུ་མདོས་མཚོ་སྨན་གྱི་སྔོ་མདོས་བྱང་སྨན་གྱི་གསེར་མདོས་ལ་སོགས་མང་པོའི་མདོས་གཞན་གང་གྲུབ་དང་གཟུགས་བསྒྲུབས་སྒྲོག་དབང་བསྐུར་ཞུ་བ་སོགས་བསྔགས། །

སྤྱི་དོན་དྲུག་པ་ཐ་མ་མི་ལྡོག་ཕྱི་རྗེས་བཅད་པའི་ཐབས། །ནད་ལྷག་ཅུང་ཟད་ལུས་ཀྱང་ལོག་འགྱུར་བས། །བཤལ་གྱིས་རྗེས་བཅད་མི་དོམ་ཉ་མཁྲིས་གསུམ། །གུར་ཀུམ་ཀ་ར་སྦྱར་ལ་བ་འོས་འཕུལ། །དེ་རྗེས་ཀ་ར་སྤྱི་ཞུར་གསེར་མེ་ཏོག །བ་དམར་འོ་མས་འཕུལ་བས་ཕྱིར་མི་ལྡོག །བཅུ་གསུམ་བཅུ་དགུ་ཁ་གསུམ་མེ་ཡིས་བསྲེག །ཟུངས་ངན་རླུང་ཆེ་ཏིག་ཏའི་སྨན་མར་སྦྱར། །ལོ་གཅིག་ཟས་སྤྱོད་གཟབ་པས་བརྟན་པར་འགྱུར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཁྲིས་པའི་ནད་བཅོས་པའི་ལེའུ་སྟེ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།