སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

དེ་ནས་ཡང་གསོ་བ་རིགས་[རིག་]པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། མཁྲིས་ནད་གསོ་བའི་ཐབས་ནི་ཅི་ལྟར་ལགས། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་འཁོར་རྣམས་མ་ལུས་ཀུན། །མཁྲིས་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྗེས་གཅོད་དྲུག་གིས་བསྟན། །རྒྱུ་ནི་ནད་གཞི་སྣོད་ཀྱི་མཁྲིས་པ་ལ། །སློང་རྐྱེན་གནད་དུ་མཚོན་ལུས་འགྲམས་པ་དང༌། །ཟས་སྐོམ་ཚ་སྐྱུང་[སྐྱུར་]མི་འཕྲོད་མ་ཞུ་དང༌། །ཞེ་སྡང་མི་གཙང་ལྷ་མནོལ་འདྲེས་[འདྲེ་]གཡོས་པས། གསོ་དཀར་[དཀའ་]མཁྲིས་ནད་བཞི་བཅུ་བདུན་དུ་འགྱུར། །དེ་ལ་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །མཁྲིས་ནད་སྤྱི་ལ་རིགས་དང་གནས་ཀྱིས་དབྱེ། །རིགས་ཀྱི་སྒོ་ནས་དབྱེ་ན་རྣམས་[རྣམ་]བཞི་སྟེ། །ནད་གཞིའི་མཁྲིས་པ་ཐང་ལ་ལྷགས་པ་དང༌། །མེ་དྲོད་མཁྲིས་པ་གཞན་གྱི་གནས་གྱུར་དང༌། སྣོད་ཀྱི་མཁྲིས་པ་ཁ་ལུད་ཁ་ཤོར་དང༌། །ཐུན་མོང་འཁྲིས་[མཁྲིས་]པ་རྩ་རུ་རྒྱུ་བའོ། །དང་པོ་རྐྱེན་བཞིས་མཁྲིས་པ་འཕེལ་བ་སྟེ། །ཚད་པ་གསོ་བའི་སྐབས་སུ་རྒྱས་པར་སྟོན། །གཉིས་པ་བད་རླུང་མ་ཞུ་ཁྲག་ལ་སོགས། །འཇུ་བྱེད་འཁྲིས་[མཁྲིས་]པའི་ཡུལ་དུ་ཞུགས་པ་ཡིས། །མཁྲིས་པའི་གོ་ཕྲོགས་ཕྱི་རུ་བྱེད་[བྱེར་]བའོ། །གསུམ་པ་ཕོ་མཆིན་སྐྲན་གྱིས་འཁྲིས་[མཁྲིས་]པ་བཅད[བཅར]། །ཡང་ན་མཁྲིས་པ་རང་ལ་སྐྲན་ཞུགས་པས། །མཁྲིས་པ་དབང་མེད་ཕྱི་རུ་ཁ་ལུད་དམ། །འགྲམས་སམ་རླུང་གིས་མཁྲིས་ཁ་ཤོར་བའོ། །བཞི་པ་སྣོད་མཁྲིས་འཇུག་[འཇུ་]བྱེད་གང་(ཡང་)རུང༌། །འགྲམས་འཁྲུག་[འཁྲུགས་]རིམས་རྐྱེན་འཁྲིས་[མཁྲིས་]པ་འཕེལ་བའོ། །ཟས་སྤྱོད་རྐྱེན་གྱིས་འཕེལ་ཏེ་རྩར་ལུད་པས། །ཤ་སེར་མིག་སེར་རྣམ་པ་གཉིས་སུ་འགྱུར། །མཁྲིས་ནད་བཅུ་གསུམ་རིགས་ཀྱི་དབྱེ་བར་འདོད། །མདོར་བསྡུས་ཐོག་མཐའ་རང་རྒྱུད་ཚ་བའི་ནད། །བར་པ་གཉིས་པོ་གཞན་དབང་ལྡན་པ་ཡིན། །གནས་ཀྱིས་དབྱེ་བ་ལྤགས་[པགས་]ལ་འགྲམས་[གྲམ་]པ་དང༌། །ཤ་ལ་རྒྱས་དང་རྩ་རུ་རྒྱུ་བ་དང་། །རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང༌། །དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། །དོན་ནི་གློ་སྙིང་མཆིན་མཚེར་མཁལ་མ་ལྔ། །སྣོད་ནི་ཕོ་ལོང་རྒྱུ་མ་སྒ་[ལྒང་]པ་མངལ། །དབང་པོ་མགོ་མིག་རྣ་བ་སྣ་ལྕེའོ། །དེ་ལྟར་བཅུད་[བཅུ་]དགུ་གནས་ཀྱི་དབྱེ་བར་འདོད། །བྱེ་བྲག་འཇུ་བྱེད་མདངས་སྒྱུར་སྒྲུབ་བྱེད་དང༌། །མཐོང་བྱེད་མདོག་གསལ་རྣམ་ལྔ་གནས་གྱུར་པ། །རླུང་དང་བད་ཀན་འདྲེས་པ་བཅུ་རུ་འགྱུར། །ཀུན་ཀྱང་མདོར་བསྡུས་ཚ་གྲང་གཉིས་སུ་གྱུར། ཁྲག་དང་འཁྲིས་[མཁྲིས་]པ་འཕེལ་བ་ཚ་བ་སྟེ། །མ་ཞུ་བད་རླུང་ཡུལ་འཕྲོགས་[ཕྲོགས་]གྲང་བའོ། །དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་མིག་སྤྲིན་བཞིན་ལྤགས་[པགས་]ཆུ་མདོག་སེརའ། ལྟོ་ཆེ་འཁྲིས་[མཁྲིས་]པ་འཁྲུ་སྐྱུག་ཟ་ཕྲུག་བྱེད། །དེ་ཡང་འཁྲིས་[མཁྲིས་]པ་ཚ་བ་སྐོམ་དད་ཆེ། །རྩ་གྲམས་[གྲིམས་]ཆུའི་རླངས་ཆེ་ཀུན་[ཀུ་]ཡ་འཐུག །ཁ་ཁ་ལུས་ཚ་གཉིད་ཆུང་གཤང་[བཤང་]བ་སེར། །ཤ་ཚང་[ཆང་]མར་རྙིང་བུ་རམ་དྲོ་བ་གནོད། །མཁྲིས་པ་གྲང་བ་དེ་ལས་གོ་ལོག་སྟེ། །མེ་དྲོད་འཇུ་སྟོབས་ཆུ་[ཆུང་]ལ་གཤང་[བཤང་]པ་དཀར། །བྱེ་བྲག་ཚ་བ་རྒྱུ་བརྟག་གོམ་[གོམས་]པས་བཏག་[བརྟག] །རླུང་གི་གནས་གྱུར་སྦོས་འཁྲག་[འཁྲོག་]ཏུག་[རྟུག་]པ་སྐམས། །གཡལ་མང་དྲོད་བཅུད་ཟོས་རྗེས་བདེ་བར་མངོན། །མ་ཞུ་བད་ཀན་གང་གི་གནས་གྱུར་ཀྱང༌། །ལུས་ལྗི་[ལྕི་]གཉིད་ཆེ་སྒྱིད་བསྐུད་[སྐྱུར་]འདུག་སྙིང་འདོད། །ཟས་སྐོམ་སྤྱོད་ལམ་བསིལ་གནོད་དྲོ་ན་བདེ། །ཁྱད་པར་དྲི་མ་སྐྱ་ལ་གསོབ་པ་ཡིན། །ཁྲག་གི་གནས་གྱུར་སྨུག་པོའི་རྒྱུ་བྱས་ཏེ། །དྲི་མ་ནག་གམ་སྨུག་པོ་ཤ་རིལ་འདྲ། །མཆིན་པའི་སྐྲན་ནམ་མཆིན་པ་རྒྱས་པ་ཡིས། །མཁྲིས་ཡུལ་ཕྲོགས་ན་མྱངས་པས་དངོས་སུ་གསལ། །ཕོ་བའི་སྐྲན་གྱིས་ཡུལ་ཕྲོགས་ཟས་སྐོམས་མཁྲིན[འཁྲེན]། །མཁྲིན་[མཁྲིས་]པའི་སྟེང་དུ་བྲ་[སྲ་]ཞིང་མནན་མི་བཟོད། །མཁྲིས་པར་རང་ལ་སྲིན་[སྐྲན་]ཞུགས་ལུས་ཤེད་ཆུང༌། །ལུས་ཀྱི་མདོག་སེར་ཟ་འཕྲུག་དང་ཀ་[ག་]འགག །བཤལ་གཏལ་[གཏར་]འཁྲིས་[མཁྲིས་]པའི་ནད་ཐོང་[ཐོན་]བཅོས་རྐྱེན་[སྐྱེད་]མེད། །ངན་[ནད་]དེ་འཆི་བདག་ཁ་རུ་ཚུད་དང་འདྲ། །ཁ་ཤོར་ཤད་[ཤེད་]མེད་འཁྲིས་[མཁྲིས་]པ་འཁྲུ་སྐྱུག་བྱེད། །འཁྲིས་[མཁྲིས་]པ་འགྲམས་སམ་འཁྲུགས་ཚད་མཁྲིས་པར་བབས། །རིམས་ནད་མཁྲིས་པར་བབས་པའི་རྩ་རྒྱུ་[རྒྱུག་]གསུམ། །དེ་རྟགས་བཅོས་ཐབས་རང་རང་ལེའུར་གསལ། །རང་བཞིན་ཟས་སྤྱོད་རྐྱེན་གྱིས་མཁྲིས་འཕེལ་བའི། །རྩར་རྒྱུག་དག་ལ་ཤ་སེར་མིག་སེར་གཉིས། །མཁྲིས་པ་ཤ་སེར་ཤེད་ཆུང་གཉེད་[གཉིད་]མི་ཐུབ། །ལུས་ལྗི་[ལྕི་]ཞོ་དང་[དར་]ཆུ་སོགས་གང་ཡང་ཁ། །ཤ་མདོག་སེར་[གསེར་]འདྲ་རྫས་དཀར་སེར་པོར་མཐོང༌། །སྔ་གྲོ་[དྲོ་]བསིལ་ཕེབས་བདེ་ལ་ཉིན་དགུང་ན། །མཁྲིས་པ་མིག་སེར་མིག་སྤྲིན་སེན་མོ་སེར། །ལུས་རྔུལ་ཉམས་[ཉམ་]ཆུང་ཁོང་པ་[ཚ་]མིག་རྒྱུས་[རུས་]ན། །ཁ་ཟས་ཡི་གར་མི་འོང་སྐོམ་དད་ཆེ། །སྐྱུག་པ་སྙམས་[སྙམ་]བྱེད་མིག་སྔར་སྔོན་[སྔོ་]དམར་མཐོང༌། །ཀུན་ཀྱང་ཡུན་རིང་རྒྱས་ནས་སྨིན་པའི་དུས། །གཤའ་[ཀྵ་]ཡ་ནག་པོར་གྱུར་ཏེ་ཟ་འཕྲུག་བྱེད། །ལྤགས་[པགས་]པ་སྔོ་ནག་(སྐྲ་)དང་སྨིན་མ་བྱེད་[འབྱི]། །ཤེད་མེད་ཤ་སྐམ་སེན་མོ་ནག་ཐིག་ཆགས། །འདི་དུས་མཁྲིས་པས་ཤ་རུས་ཐམས་ཅད་ཁྱབ། །གཤིན་རྗེའི་ཞགས་པས་ཟིན་པས་འཚོ་མི་འགྱུར། །འདི་ལ་བཅོས་ཐབས་མི་ཙམ་[བརྩམ་]ཚོགས་གསོག་བསྐུལ། །མཁྲིས་པ་ལྤགས་[པགས་]ལ་གྲམ་པ་ཟ་འཕྲུག་བྱེད། །ཤ་ལ་རྒྱས་པ་ཤུ་བ་ཐོར་པ་འབྱུང༌། །ཕྲུག་[འཕྲུགས་]ན་ཆུ་སེར་ཁྲགས་[ཁྲག་]དང་མཁྲིས་པ་འཛག །རྩ་རུ་རྒྱུག་མ་[པ་]ཉྭ་གཞི་ཚིག་བཞི་[ཚིགས་བཞི་]དང༌། །དྲེ་[དྲོ་]སེར་[སར་]ཟ་ཞིང་རྒྱས་ན་ལུས་ཀུན་ཟ། །རྩ་མིག་མཁྲིས་པས་གང་སྟེ་ལྤགས་[པགས་]མིག་སེར། །གཏར་ན་ཁྲག་མེད་མཁྲིས་པ་ཟང་མར་འོང༌། །རུས་ལ་གཞེན་[ཞེན་]པ་ཚིགས་པ་ཐམས་ཅད་ན། །ཁོལ་བུར་ན་ཞིང་ཤ་སྐམ་ཚིགས་ཐོག་སྐྲང་། སྙིང་ལ་ཞུགས་ན་གློ་སྙིང་སྟོད་མི་བདེ། །ལྕེ་སེར་གཉིད་ཆུང་སྙིང་ལ་བསིལ་གྲིབ་འདོད། །གློ་ལ་ཞུགས་ན་སྣབ་[སྣབས་]ལུད་སེར་པོར་འོང༌། །མཆིན་པར་ཞུགས་ན་ཤ་སྔོ་མཆིན་སྟེང་ན། །མགོ་ན་མིག་ཚ་མཆིལ་མ་བསྐལ་[སྐ་]ལ་འདྲིལ། །མཆེར་པར་ཞུགས་ན་ལྕེ་ཁྲ་ཁྲག་རླན་འཁྲུ། །སྦོ་རྫིང་རྐང་པ་གཡོན་སྐྲངས་ལྷུ་ཚིགས་ན། །མཁལ་མར་ཞུག་[ཞུགས་]ན་རྐང་པ་ལྗི་[ལྕི་]ལ་སྦྲིད། །མཁལ་རྐེད་ན་ཞིང་རྣ་རྒྱབ་སེར་པོ་[པོར་]འགྲོ། །པ་[ཕོ་]བར་ཞུགས་ན་མཁྲིས་པ་འཁྲུ་སྐྱུག་བྱེད། །ལོང་དང་རྒྱུ་མར་ཞུགས་ན་མཁྲིས་པ་ཁྲུ[འཁྲུ]། །སྒང་ཕགས་[ལྒང་ཕུགས་]ཞུགས་ནས་ཆུ་ཁ་སྙིང་[སྙི་]འམ་སྲིང[སྲི]། །མངལ་དུ་ཞུགས་པ་[ན་]མཁྲིས་པ་འཛག་གམ་འདྲིལ། །མགྲོ་[མགོ་]ལ་ཞུགས་པ་[ན་]འཚོག་[མཚོག་]མ་གླད་[ཀླད་]པ་ན། །ཉི་མ་ཕོག་དང་ཞོ་འཐུང་སྟོན་དུས་ལྡང༌། །མིག་ཞུགས་མདོག་སེར་ཚ་ཞིང་མཆི་མ་འཛག །རྣར་ཞུགས་ཟུག་ཆེ་ཚ་ལ་ཆུ་སེར་འཛག །སྣར་ཞུགས་སྣབ་[སྣབས་]ཀྱི་མདོག་སེར་འཚུལ་[མཚུལ་]པ་འགག །ལྕེ་ལ་ཞུགས་པས་ལྕེ་སེར་རོ་ཀུན་ཁ། །ཀུན་ལ་མི་[མིག་]ཆུ་སེར་བ་མཁྲིས་པའི་རྟགས། །བྱེ་བྲག་མཁྲིས་པ་ལྔ་ལས་འཇུ་བྱེད་ནི། ནད་དུ་གྱུར་ན་ལྕེ་སེར་སྐོམ་དད་ཆེ། ཁ་ཟས་མི་འཇུ་དང་ཀ་[ག་]འགག་པར་བྱེད། མདངས་སྒྱུང་[སྒྱུར་]ནད་གྱུར་ཆུས་[ཆུ་]སེར་ཕོ་བ་ལྡིམ[ལྟེམ]། །ལུས་པོ་ལྗི་[ལྕི་]ལ་ཤེད་ཉམས་[ཉམ་]ཆུང་བ་ཡིན། །སྒྲུབ་བྱེད་སྙིང་ཆུང་[སྤྱུགས་]དབུགས་རྒོད་སྐོམ་དད་ཆེ། །དང་ཀ་[ག་]མི་བདེ་ལུས་འདར་གློ་སྙིང་ཚ། །མཐོང་བྱེད་ནད་གྱུར་མགོ་ན་ཆང་འཐུང་གཟེར། །མིག་སེར་མིག་གིས་མདོག་ལོག་རིང་མི་མཐོང་། །མདོག་གསལ་ནད་གྱུར་ལུས་ཀྱི་ཕྱི་དྲོད་ཆེ། །ཤ་ལྤགས་[པགས་]སྔོ་ནག་ཚ་ལ་རྩུབ་པའོ། །རླུང་དང་བད་ཀན་གང་འདྲེས་དེ་རྟགས་སྟོན། །

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་བཅོས་མཁྲིས་ནད་ཚ་གྲངས་[གྲང་]རྣམ་པ་གཉིས། །གཉེན་པོ་ཟས་དང་སྨན་དཔྱད་སྤྱོད་ལམ་རྣམ་པ་གཉིས། །མཁྲིས་ནད་ཚ་བའི་སྨན་ནི་ཏིག་ཏ་དང༌། གསེར་གྱི་མེ་ཏོག་ཁྱི་[ཀྱི་]ལྕེ་བ་ཤ་ཀ །བོང་ང་དཀར་པོ་བསྐོལ་གྲང་ཐང་དུ་བཏང༌། །དྲོད་ཆུང་འཇུ་བ་དཀར་[དཀའ་]ན་དྲོད་སྨན་བསྣན། །དེ་འོག་ཏིག་ཏ་གསུམ་དང་གསེར་མེ་ཏོག །བོང་ང་དཀར་པོ་རུ་ཏ་[རྟ ་]པར་པ་ཏ། །རྩ་མཁྲིས་ཧོང་ལེན་སྐྱེང་[སྐྱེར་]ཤུན་ཀ་ར་སྦྱར། །ཕྱེ་མ་ཆུས་འཕྲུལ་[འཕུལ་]མཁྲིས་ནད་མ་ལུས་སེལ། རུར་[རུ་]ཐུང་གཤའ་རིང་[རིངས་]སྣོད་ཁ་གང་བབས་གཏར། །དེས་མ་ཞི་ན་བསྡུ་སྦྱང་ཞིང་[ཞི་]གསུམ་སྦྱར། །དང་པོ་བྲག་ཞུན་ནིམ་པ་བ་ཤ་ཀ །ཡ་[སྤ་]འབྲུམ་ཏིག་ཏ་ཨ་བ་རྒུན་འབྲུམ་དང༌། །ལྕུམ་རྩ་ཤིང་མངར་སྐྱེར་ཤུན་ཀ་ར་སྦྱར། །གསེར་གྱི་མེ་ཏོག་བ་ཆུར་སྦྱར་ཁུས་ཕུལ། འདུས་རྟགས་མིག་ཆུ་བཞིན་རྣམ་[རྣམས་]སྔར་བསེ་[བས་]དཀར། །སྐོམ་སྙོགས་[སྙེག་]དང་ག་འགགས་ན་སྦྱར་[སྦྱང་]བར་བྱ། །ཁྲོན་བུ་ཚ་ལ་གསེར་གྱི་མེ་ཏོག་ཕྱེ། །དྲི་ཆུང་[ཆུར་]སྦྱར་བཏང་བ་ཆུའི་ལྕག་གིས་བསྐུལ། །འབྲས་ཐུགས་[ཐུག་]རྗེས་གཅོད་ཟས་སྐོམ་བསིལ་བ་གཅེས། །དེ་རྗེས་ནད་ལྷག་རོལ་དུ་བསད་པའི་ཕྱིར། །གསེར་གྱི་མེ་ཏོག་སྤྱི་ཞུར་ཀ་ར་སྦྱར། །བ་འོས་འཕུལ་རྟེན་[བསྟེན་]དེ་རྗེས་ཏིག་ཏ་གསུམ། །གསེར་གྱི་མེ་ཏོག་ལྕགས་ཕྱེ་བོང་ང་ཀར[དཀར]། །སྐྲ་བཟང་བྱི་ཏིང་ཀར་[ཏང་ག་]དང་ཀ་ར་སྦྱར། །ཕྱེ་མ་གངས་ཆུས་འཕུལ་ལ་སུམ་ཡར་བཏང༌། །དེ་རྗེས་ཚ་བའི་ལྷག་མ་ལུས་སྲིད་ན། །ཁྲག་མཁྲིས་ཤས་ཆེ་ཉི་ཤུ་རྩ་ལྔ་སྦྱར། །རླུང་ཤས་ཆེ་ན་ཏིག་ཏའི་སྨན་མར་ཤི[ཤིས]། །རུང་[རུ་]ཐུང་གཤའ་རིང་[རིངས་]སྣོད་ཁ་གང་བབས་གཏར། །ཁ་ཟས་བ་གླང་རི་དྭགས་ཤ་གསར་དང༌། །མར་གསར་ཁུ་[ཁུར་]མངས་[མང་]འབྲས་དང་ནས་སྔོན་ཟན། །གངས་ཆུ་བ་རའི་ཞོ་དར་ཆབ་ཚ་སོགས། །བསིལ་ལས་ཡང་བའི་ཟས་སྐོམ་བརྟེན་[བསྟེན་]པར་བྱ། །སྤྱོད་ལམ་མེ་ཉི་ཞེ་སྡང་དྲག་ཤུལ་སྤང༌། །ཡིད་འོང་བསྙན་[སྙན་]ཚིག་བསིལ་གནས་དལ་བར་འདུག །ཁྲུས་བྱ་མགོ་དཀྲུ་[བཀྲུ་]གོས་གསར་དྲི་མེད་གོན། །གྲང་མཁྲིས་སྨན་ནི་སི་བྲུ་[སེ་འབྲུ་]ཤིང་ཚ་དང༌། །སྐྱུར་[སྐྱུ་]རུ་ར་དང་སྟར་བུ་ནིམ་པ་དང༌། །ཕག་རིལ་ཐལ་བ་བུར་ཆུས་སྐོལ་ལ་དབུལ། །དེས་མ་བཞི་[ཞི་]ན་ཆ་མཉམ་བཞི་པའི་སྟེང༌། །ཏིག་ཏ་བསྣན་ལ་ཀ་ར་ཆུ་བསྐོལ་ཕུལ། །དེ་ཡིས་མཁྲིས་པ་བད་ཀན་སྡུད་དང་འདུལ[འདྲུལ]། །དེ་ནས་གསེར་གྱི་ཕུལ་[ཕུད་]བུ་རི་ཤོ་བ། །རྒྱམ་ཚྭ་པི་པི་ལིང་དང་དུར་བྱིད་རྣམས། །ཞིབ་བཏག་[བཏགས་]འོ་མ་སྦྱར་བླུད་ནད་ཀུན་འདྲེན། །ཡང་ན་རྒྱམ་ཚྭ་ཨ་རུ་མཆུ་ཉུང་[སྙུང་]དང༌། །ལྕུམ་རྩ་ཟང་[ཟངས་]རྩི་བ་དང་པི་པི་ལིང༌། །གསེར་གྱི་མེ་ཏོག་ཐང་གི་རྒྱུན་སྦྲིང་[སྦྱོངས་]བཏང༌། །རྗེས་ལ་ཟས་སྐོམ་དྲོད་ཀྱིས་བཅད་[གཅད་]པར་བྱ། །དེ་འོག་སི་[སེ་]འབྲུ་སྒ་སྒྱ་[སྐྱ་]པི་པི་ལིང༌། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །མ་ནུ་ཀ་ར་སྦྱར་བ་ཆུ་བསྐོལ་ཕུལ། །རྗེས་གཅོད་ནད་རྣམས་མལ་དུ་འཇུད་[འཇུག་]པར་བྱེད། །གསོ་དཀར་[དཀའ་]བརྒྱད་དགུ་བཅུ་གཉིས་ལོང་ཐེལ་[ཐེར་]བསྲེག །ཁ་ཟ་[ཟས་]བ་ར་མཛོ་མར་གསར་པ་དང༌། །ལུག་ཤ་གསར་པ་ཉ་ཤ་ཤ་རྙིང་སྐམ། །ཟན་དྲོད་[དྲོན་]སྒོག་སྐྱའི་ཚ་མིག་གསར་འཇམ་བརྟེན[བསྟེན]། །སྤྱོད་ལམ་རླན་གྲངས་[གྲང་]བསེར་བུས་བདྲང་[གྲང་]པ་སྤངས། །སྐམ་སེར་[སར་]མི་རྔུལ་ཙམ་དུ་བཅག་པར་བྱ། །དེ་ནས་བྱེ་བྲག་བཅོས་ཐབས་ཐང་ལ་ལྷགས། །ཚ་བ་སྤྱི་བཅོས་ལེ་འུར་བསྟན་པར་བྱས[བྱ]། །རླུང་གི་གནས་འགྱུར་[གྱུར་]ལུག་ཤ་མར་འཆང་འཇམས་[ཆང་འཇམ་]བཏང་། །དྲོད་བཅུད་ཟས་བརྟེན་[བསྟེན་]སེ་འབྲུ་པི་པི་ལིང༌། །ཏིག་ཏ་ཤིང་ཀུན་བཅའ་སྒ་ཁ་རུ་ཚྭ། །ཨ་རུ་བུ་རམ་སྦྱར་བ་ཆུ་སྐོལ་དབུལ། །མར་གསར་འཇམ་རྩི་བདུད་རྩི་སྟར་[ལྟ་]བུ་བསྔགས། །ཚིགས་པ་དང་པོ་དགུ་པ་མེ་ཡིས་བསྲེགས། །མ་ཞུ་བད་ཀན་གང་གི་གནས་འགྱུར་[གྱུར་]ཀྱང༌། །སེ་འབྲུ་བཞི་འམ་རྒོད་མ་ཁ་ཡི་ཕྱེ། །མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། །དེ་རྗེས་སྐྱུགས་བཤལ་གང་འཚམ་གོང་བཞིན་བརྟེན[བསྟེན]། །དེ་འོག་ཏིག་ཏ་གསེར་གྱི་མེ་ཏོག་དང༌། །རྒྱམ་ཚྭ་གོང་ལ་བསྣན་ཏེ་ནད་ལྷག་གདོན། །གསུམ་པ་བཅུ་གསུམ་མེ་མཉམས་[མཉམ་]ལྷེན་གསང་བསྲེགས། །ཁྲག་འཁྲིས་[མཁྲིས་]གནས་གྱུར་བད་ཀན་སྨུག་པོར་བཅོས། །རྗེས་ལ་བརྒྱད་དགུ་མེ་ཡིས་མནན་པ་གཅེས། །མདོར་ན་ཞུགས་པའི་ནད་དེ་བཅོས་པ་ཡིས། །རང་གནས་མཁྲིས་པ་རང་སོར་འགྱུར་བ་ཡི[ཡིན]། །རྒྱུ་མ་བསལ་བར་འབྲས་བུ་ཁེགས་མི་སྲིད། །མཆིན་པ་རྒྱས་སམ་མཆིན་སྐྲན་[ཁྲག་]ཁ་ལུད་ན། །ཅུ་གང་བརྒྱད་སྦྱར་རྗེས་ལ་རུ་ཐུར་[ཐུང་]གཏར། །སྣོད་ཁ་བཤའ་[གཤའ་]རིངས་མང་གཏར་སྣོད་ཁ་[ཁྲག་སྟོབས་]དབྲི། །དེ་འོག་སྦྱངས་ཏེ་མེ་ཡིས་བཅད་[གཅད་]པར་བྱ། །སྐྲན་གྱི་ཁ་ལུད་འགྲོན་བུའི་ཐལ་བ་དང༌། །མདའ་རྒྱུས་ཤུ་དག་སྤྱང་ཚེར་རྒྱམ་ཚྭ་དང་། །ཐལ་སྨན་སྦྱར་བའི་རིལ་བུས་བཤིག་ལ་སྦྱང༌། །རུ་ཐུང་བཤའ་[གཤའ་]རིངས་ཅུང་ཟད་གཏར་བར་བྱ། །རྗེས་ལ་ལྷེན་གསང་དགུ་པ་ཁ་གསུམ་བསྲེག །མཁྲིས་སྲན་[སྐྲན་]མི་དང་ཕག་བྲུན་བསྲེགས་ཐལ་ལ། །གདར་སེར་འཕྲུ་[ཀ་ར་སེ་འབྲུ་]ལྔ་སྦྱོར་ཆུ་སྐོལ་ཕུལ། །སྐབས་སུ་ཏིག་ཏ་བརྒྱད་སྦྱར་ཅུང་ཟད་གཏར། །རྗེས་སྦྱོར་[དཔྱད་]བརྒྱད་དགུ་བཅུ་གཉིས་ཕོ་དཀར་[གསང་]བསྲེགས། །མཁྲིས་པ་ཤ་སེར་ཏིག་ཏ་དུག་མོ་ཉུང༌། །གསེར་གྱི་མེ་ཏོག་ཧང་[ཧོང་]ལེན་བ་ཤ་ཀ །བོང་ང་དཀར་པོ་བ་ལེ་ཀ་ཐང་བཏང༌། །རྩེ་ཆུང་དྲུག་འགོ་གཤའ་རིངས་གསུམ་ཁ་གཏར། །ཏིག་ཏ་བཤལ་བྱ་ཕྱི་རྗེས་བསིལ་ཤས་བཅད། །གུར་ཀུམ་བདུན་པ་སྦྱར་བཏོང་[བཏང་]ཞོ་དཀྲུགས་སྦྱར། །མཁྲིས་པ་མིག་སེར་ཏིག་ཏའི་བྲང་[གྲང་]ཐང་བཏངས་[བཏང་]། །འབྲས་བུའི་ཐང་ཁྲུས་མཁྲིས་ཚད་འོར་དུ་སྒྱུར། །མཆིན་མཁྲིས་འདོམ་རྩ་ཆེ་[རྩེ་]ཆུང་བཤའ་[གཤའ་]རིངས་གཏར། །སླེ་ཀྲེ་[ཏྲེས་]ཏིག་ཏ་སྒ་སྐྱ་ཨ་རུ་ར། །ཧུང་[ཧོང་]ལེན་དུག་མོ་ཉུང་དང་ཀ་ར་སྦྱར། །ག་ཕུལ་[བུར་]བདུན་པ་ཀ་ར་སྦྱར་ལ་བཏང༌། །མཁྲིས་པ་ཤ་ལྤགས་[པགས་]གཉིས་ལ་རྒྱས་པ་ལ། །ཁ་ལུད་ལ་སོགས་ནད་གང་ཡིན་གང་[ཡང་]རུང༌། །རྒྱ་སྤོས་སྤང་སྤོས་བྲག་སྤོས་ཨ་རུ་ར། །ཤུག་པ་ལྕ་བ་ཏང་ཀུན་བ་ལུ་དང༌། །ཤུ་དག་རུ་རྟ་ཐལ་བ་བ་ཆུར་བྱུག །ཡང་ན་སྔོན་བུ་སྲུ་[སྲུབ་]ཀ་ཞོ་སྦྱར་བྱུག །དེས་མ་སོས་ན་ཟོ་མར་སྒོག་སྐྱ་ཚ། །ཆུ་དྲོན་བཀྲུས་རྗེས་བྱུག་ལ་ཉི་མིས་[མར་]བསྲེག །སེན་མོས་དྲེད་[བྲད་]པས་མཁྲིས་པ་ཟངས་[ཟང་]མར་ཐོན། །ཤུག་ཚེར་སྤ་མ་སྲན་མའི་ལོ་མ་གསུམ། ཚ་[ཚྭ་]སྦྱར་བྱུགས་བསྲེགས་སེན་མོས་བྲད་ཅིང་བཞར། །ཡང་ཡང་སྐྱར་[བསྐྱར་]བས་ཆུ་སེར་རྩད་ནས་འདོན། །དེས་ཀྱང་མ་སེལ་དུར་བྱིད་སྔོན་ཤུ་[བུ་]དང༌། །ཨ་རུ་ར་གསུམ་སྐྲུས་[བསྡུས་]པའི་བ་དྭངས་ལ། །ཆུ་སེར་སྨན་གསུམ་བཏབ་པའི་རྒྱུན་སྦྱོང་བྱ། །མཆིན་འཚེར་[མཚེར་]ཆུ་སེར་མཁྲིས་རྩ་མང་དུ་གཏར། །ཆུ་ལུམས་བྱས་རྗེས་སེང་ལྡིང་[ལྡེང་]སྨན་མར་ཕན། །རྩར་ཞུགས་ཏིག་ཏ་དུག་ཉུང་བ་ལེ་ཀ །བ་ཤ་ཀ་དང་ཁྱི་[ཀྱི་]ལྕེ་གསེར་མེ་ཏོག །འོམ་བུ་ཏིག་ཏའི་ཐང་བཏང་ཁ་[རྩ་]མང་གཏར། །དེ་འོག་སྦྱང་རྗེས་ག་ཕུར་[པུར་]ཉེར་ལྔ་སྦྱར། །རུས་ལ་ཞེན་ན་འཁྲིས་[མཁྲིས་]པའི་རྒྱུན་སྦྱོང་བཏང༌། །ཉི་ཤུ་རྩ་ལྔ་མཁྲིས་སྨན་ཁ་བསྒྱུར་སྦྱར། །ཁ་ཟས་བསིལ་བསྟེན་ཆུ་ལུམས་མཆོག་ཏུ་བསྔགས། །ཤ་ཁྲག་རུས་[རྒྱུས་]པ་སྐམས་པ་གསོ་བའི་ཕྱིར། །ག་ཕུལ་[བུར་]ཙན་དན་དཀར་དམར་གེ་སར་གསུམ། །ཨུ་དཔལ་[ཨུཏྤལ་]བ་དམར་[མར་]དམར་[ཀ་]ར་སྦྲང་གི་དྷེ་[ལྡེ་]གུ་བཏང༌། །མདོར་ན་མཁྲིས་པ་ཕྱིར་བྱེར་ཆུ་སེར་བཅོས། །དོན་ལྔ་[ལྔར་]མཁྲིས་པ་ཞུགས་པའི་སྤྱི་སྨན་དུ། །ཏིག་ཏ་གསུམ་དང་གསེར་གྱི་མེ་ཏོག་དང་། །དུག་ཉུང་ཁྱི་ལྕེ་རྒུན་འབྲུམ་བོང་ང་དཀར། །སྙིང་ལ་ཛའ་[ཛཱ་]ཏི་རུ་རྟ་ཨ་རུ་ར། །གློ་བར་ཅུ་གང་ཤིང་མངར་ཨ་བྲོང་[ཀྲོང་]མནན[བསྣན]། །མཆིན་པ་[པར་]བྲག་ཞུན་གུར་ཀུམ་བ་ཤ་ཀ །མཚེར་པར་རུ་རྟ་སེ་འབྲུ་པི་པི་ལིང༌། །མཁལ་མར་ཞུགས་[ཤུག་]ཚེར་སུག་སྨེ་[སྨེལ་]དམར་[དཀར་]པོ་གསུམ། །ཀ་ར་སྦྱར་བཏང་རང་རང་རྩ་ལ་གཏར། །ཚ་བ་ཆོམ་[ཆོམས་]ནས་ཚིག་[ཚིགས་]གསང་མེ་ཡིས་བསྡམ། །སྣོད་ལྷུང་གང་ལ་བཤལ་ལས་ལྷུག་[ལྷག་]པ་མེད། །མགོ་ལ་ཁ་ལུད་བཤལ་སྐྱུགས་གཏར་བ་དང་། ཕྱེ་མ་ཆུས་ལྕགས་[ཆུ་ལྕག་]སྨན་མར་མེ་བཙས་བཅོས། །མིག་ལ་དཔྲལ་རྩ་སྐྱེར་པའི་ཁཎ་དྷེ་[ཁཎྜ་]བྱུག །རྣ་བར་རུ་རྟ་སྲན་མའི་མེ་ཏོག་དང༌། །གསེར་གྱི་མེ་ཏོག་ཨ་རུ་རའི་ཁུ་བ་བླུག །སྣ་ལ་སྣ་སྦྱོང་བཏང་རྗེས་གུར་ཀུམ་བླུག །ལྕེ་ལ་སྒབ་རྩ་གཏར་དང་མངར་བས་དགང༌། ། ཁྱེད་[ཁྱད་]པར་མཁྲིས་པ་འཇུ་བྱེད་རྣམ་གྱུར་ན། །རྒྱམ་ཚྭའི་ཐང་བཏང་གསེར་ཕུད་སྐྱུགས་ཀྱིས་བཏང་[དྲངས]། །དམར་[མདངས་]གུར་[སྒྱུར་]བཤལ་རྗེས་རྒོད་མ་ཁ་ཕྱེ་ལ། །ཏིག་ཏ་བསྣན་བཏང་མཁྲིས་རྩ་མང་དུ་གཏར། །སྒྲུབ་བྱེད་ཨ་ཀ་རུ་དྲུག་སྦྱར་རྩེ་ཆུང་བསྣོལ། །མཁྲིས་པའི་རྩ་གཏར་སྙིང་གར་ཆུ་ལྕགས་[ལྕག་]བཏེག[བརྡེག]། མཐོང་བྱེད་ནད་ལ་ཏིག་ཏའི་ཌྷདི་[ལྡེ་]གུ་སྦྱར། །གསེར་མདུང་གཏར་ལ་ཆུ་ལྕགས་[ལྕག་]མང་དུ་བརྡེག །མདོག་གསལ་ནད་ལ་ཙན་དན་གུར་སྒུམ་[ཀུམ་]བྱུག །གསེར་གྱི་མེ་ཏོག་ཙན་ལྡན་[དན་]སྲོ་[སོ་]མ་ར། །ར་གསུམ་ཀར་སྦྱར་ཆུས་བྲན་རྩ་ཕྲན་གཏར། །བད་རླུང་གང་འབྲེལ་དེ་ཡི་གཉེན་པོ་བསྟེན་ལ། །སྤྱིར་ན་ནད་འདི་འདོན་[གདོན་]ཆེ་བཅོས་སྔོན་དུ། །སྐུ་མདོག་[མདོས་]སྔོ་མདོས་གསེར་མདོས་ལ་སོགས་སྔགས[བསྔགས]། །ཐ་མ་མི་ལྡོག་ཕྱི་རྗེས་བཅད་པའི་ཐབས། །ནད་ལྷག་ཅུང་ཟད་ཡོད་ཀྱང་ལྡོག་འགྱུར་བས། །བཤལ་གྱིས་རྗེས་བཅད་མི་དོམ་ཉ་མཁྲིས་གསུམ། །གུར་ཀུམ་ཀ་ར་སྦྱར་ཕྱེ་བ་འོས་འཕུལ། །དེས་[དེ་]རྗེས་ཀ་ར་སྤྱི་ཞུར་གསེར་མེ་ཏོག །བ་དམར་འོ་མས་འཕུལ་བས་ཕྱིར་མི་ལྡོག །བཅུ་གསུམ་བཅུ་དགུ་ཁ་གསུམ་མེ་ཡིས་བསྲེག །ཟུངས་ངན་རླུང་ཆེ་ཏིག་ཏའི་སྨན་མར་སྦྱར། །ལོ་ན་ཟས་སྤྱོད་གཟབ་པས་བརྟན་པར་འགྱུར། །ཅེས་གསུངས་སོ།།

  རྒྱུད་བདུན་[བདུད་]རྩི་སྨན་གྱི་མདོག་[དགུ་]དགུ་ལས། གསོའ་བྱ་[གསོ་བྱའི་]ནད་འབུམ་ནག་པོ་ལས་མཁྲིས་པའི་ནད་གསོའ་[གསོ་]ཐབས་ཀྱི་ལེའུ་སྟེ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།