སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་གསུམ་པ། ཚད་པ་བཅོས་པའི་གདམས་ངག་སྡུག་བསྔལ་ཞི་བྱེད།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚད་པ་བཅོས་པའི་གདམས་ངག་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་འདི་ལ་ལྔ་སྟེ། མ་སྨིན་པའི་ཚ་བ་ཆུ་ལྟར་རྙོག་པ་དང་། རྒྱས་པའི་ཚ་བ་མེ་ལྟར་འབར་བ་དང་། སྟོངས་པའི་ཚ་བ་མདའ་ལྟར་གཟེར་བ་དང་། གབ་པའི་ཚ་བ་མུན་ལྟར་གཏིབས་པ་དང་། རྙིང་པའི་ཚ་བ་རྩི་ལྟར་ཞེན་པའོ།།

དང་པོ། མ་སྨིན་ཚ་བ།

དང་པོ་ཆུ་ལྟར་རྙོག་པ་ནི། མ་སྨིན་པའི་ཚད་པ་སྟེ། གྲང་ཤུམ་བྱེད། ཚིགས་བཞི་(གཞི་)ན། ཟ་ཟི་མང་། མེ་དང་ཉི་མ་འདོད། སེམས་ལས་ཆེ་བའོ། །དེ་ནི་རླུང་དང་བད་ཀན་གྱི་དུས་སུ་སྨན་དུ་མ་སྟེར་བའོ། །ནད་དྲག་པོ་དང་མཁྲིས་པ་ཤས་ཆེ་བ་དང་། ནམ་ཟླ་སྟོན་གྱི་དུས་དང་། ཁ་ཟས་དྲོད་ཅན་ཟོས་པ་དང་། སྤྱོད་ལམ་དྲག་ཤུལ་བྱ་ན་སྨིན་པ་སླའོ། །མ་སྨིན་པ་སྨིན་པར་བྱ་བ་ནི། འབྲས་བུ་གསུམ་གྱི་ཐང་དང་། སྐྱུ་རུ་རའི་ཆིག་ཐང་དང་། མ་ནུ་བཞི་ཐང་གིས་སྨིན་པར་བྱའོ། །སྨིན་པའི་རྟགས་ནི། སྔར་གྱི་རྣམས་ཆད་ནས་གཟེར་དུ་འདྲིལ་ནས་འོང་སྟེ། སྙིང་ལ་ཟས་བསིལ་བ་འདོད་པ་དང་། རྩ་འཕར་དམའ་ལ་གྲིམས་པ་དང་། ཆུ་མདོག་དམར་པོར་འོང་བའོ། །དེ་ལྟར་སྨིན་པ་དེ་ལ་སླེ་ཏྲེས་ཀྱི་ཐང་གིས་ནད་དྭངས་སྙིགས་དབྱེ། བསིལ་གྱི་ཐང་གཏང་ཞིང་རྩ་རྣམས་གཏར་རོ། །སྨིན་པའི་དུས་སུ་ཞག་གྲངས་ལ་ངེས་པ་མེད། དཔེར་ན་ནད་སྨིན་པ་ནི། ཆུ་རྙོག་པ་དངས་པ་དང་འདྲའོ། །ནད་མ་སྨིན་པར་གཏར་ན། ཟུག་གཟེར་སླར་ལ་སྐྱེའོ། །ལ་ལ་ཤེས་པ་བྱིངས་ནས་འགྲོ། ལུས་ཀྱི་ཟུངས་འཛད། ཚ་བ་རྙོགས་པ་ཡིན་པས་ཆུ་སེར་སྐྱེ། སྲོག་འདོད་ཏེ། ནད་ཁྲག་དང་ཟུངས་ཁྲག་ཆུ་མ་འདྲེས་པ་ལྟར་གྱུར་ནས། སྨན་པས་ཚ་གྲང་གང་ཡང་ངོ་མི་ཤེས་ཏེ། དེ་ལ་འཇམ་ཐང་གཏང་། ཁ་ཟས་དྲོད་ཅན་གྱི་བཅུད་ལ་བསྡུས་ལ་དེ་ནས་གཏང་། བསིལ་སྨན་གཏང་། ཁ་ཟས་བ་ལང་གི་ཤ་གཏང་། བྱུག་པ་བག་རེ་ཡང་བྱའོ།། །།

གཉིས་པ། རྒྱས་པའི་ཚ་བ།

རྒྱས་པའི་ཚ་བ་མེ་ལྟར་འབར་བ་ནི། ལུས་ཀྱི་དཔྱད་ལ་དྲག་ཤུལ་དང་། རྒྱུ་འཁྲུགས་པ་དང་། རྩ་འཁྲུགས་པ་དང་། དྲག་ཤུལ་བྱས་པས་རླུང་སྐྱེས་ནས། རླུང་གི་ཁྲག་ཆུར་གྱུར་པ་དང་། ཆང་འཐུང་ནས་མེ་དང་ཉི་ཚན་ལ་གཉིད་ལོག་པ་དང་། མདོར་ན་དྲག་ཤུལ་གྱི་ལས་མི་འཚམ་པ་བྱས་པས་འཇུག་པ་ཡིན། དེ་ལ་ཁྲག་དང་མཁྲིས་པ་གཉིས་ཚ་བ་ཡིན་པར་དོན་གཅིག་སྟེ། རྒྱས་ན་ཡང་རྒྱས་པར་མཐུན། སྟོངས་ན་ཡང་སྟོངས་པར་མཐུན་ནོ། །འདི་ཡི་རྟགས་ནི་སྤྱི་དང་མཐུན་པ་ལས། ཁྱད་པར་དུ་རྩ་དྲག་ལ་མཁྲང་བ་དང་། གཟེར་མི་འཕོ་བར་ཐོང་ངེ་ཡོད་པ་དང་། ཆུ་དམར་བ་དང་། ཁྲག་ལ་རྣག་དང་། མཁྲིས་པ་ལ་ཆགས་པ་དང་། དབུགས་རྒོད་ལ་ལུས་ཀྱི་དྲོད་ཆེ་བའོ། །དེ་ལ་དང་པོ་བསིལ་ཐང་བཟང་པོས་ཁྲག་རྣམས་རྩ་རུ་བསྡུས་ལ། རོ་སྟོད་ན་ན་སྟོད་ཀྱི་རྩ་རྣམས་གཏར། མགོ་བོ་ན་ན་དཔྲལ་བའི་གསེར་མདུད་གཏར། སྙིང་ལ་སྙིང་གི་ཨ་སོ་གཏར། གློའི་ནད་ལ་རྩེའུ་ཆུང་དང་སྒང་རྩ་གཏར། ཕོ་བ་དང་མཆིན་པ་ན་ན་སྣོད་ཁ་དང་རུ་ཐུང་གཏར། མཁལ་མ་ན་ན། ལོང་རྩ་དང་བྱིན་གཞུག་གཏར། ལོང་ལ་ཡང་ལོང་རྩ་གཏར། བསིལ་སྨན་ཅི་རིགས་པ་གཏང་ངོ་། །དེ་ཡང་རྩའི་རྒྱལ་པོ་རྩེའུ་ཆུང་དང་། སྨན་གྱི་རྒྱལ་པོ་ག་པུར་ལ་བརྟེན་ནས། རྒྱས་པའི་ཚ་བ་ཐོག་བབས་སུ་བསད། རྩའི་བློན་པོ་གློ་གལ་མདོ་དང་། སྨན་གྱི་བློན་པོ་ཅུ་གང་གུར་གུམ་ལ་བརྟེན་ནས། ཚ་བ་རྐྱར་ཁྲིད་དུ་བསད། རྩའི་ཕྱག་ཚང་བ་མཁྲིས་རྩ་དང་། སྨན་གྱི་ཕྱག་ཚང་བ་ཏིག་ཏ་ལ་བརྟེན་ནས་ཚ་བ་ཟག་བཅད། གོ་རིམ་དེ་ལྟེ་མ་བཅོས་ན། ལུད་པ་སེར་པོར་འགྲོའོ། །སྤྱོད་ལམ་གསེང་། ཉིན་པར་དང་སྲོད་ལ་གཉིད་བསྲུང་། ཤེས་པ་གསེང་། ཟས་དྲོད་པག་བསྲུང་། ཆབ་ཚ་དང་། དར་བ་ཆུས་བསླད་པ་དང་། རའི་འོ་མ་སྐོལ་གྲངས་དང་། ཁུར་མའི་ཚོད་མ་གཏང་ངོ་། །ན་ཚོད་རྒན་པ་དང་། རླུང་ཤས་ཆེ་བ་རྣམས་ལ། སྐམ་ཤ་དང་བསིལ་ཤ་གཏང་ངོ་། །སྙིང་ལ་ཚད་པ་ཁམ་ཆེན་བྱུང་ན། བསིལ་སྨན་འཚོགས་ཚད་དང་། བཤལ་གྱིས་བཅོས། ཆུ་བཞི་ཡང་བསྟེན་ནོ། །ཡན་ལ་གཏད་པ་ཟས་ཀྱི་ཆུ་དང་། རྩ་འདྲེན་པ་ཁྲག་གི་ཆུ་དང་། བསིལ་སར་སྡོད་པ་སྤྱོད་པ་ལམ་གྱི་ཆུ་དང་། བསིལ་དགུ་བསྟེན་པ་སྨན་ཀྱི་ཆུ་རྣམས་བསྟེན་པས་ཚད་པ་བྱང་བའི་རྟགས་རྣམས་འབྱུང་སྟེ། དེ་ནས་ཁ་ཟས་རིམ་གྱིས་ཀློད་དོ། །ཚ་བ་བྱུང་བའི་རྟགས་ཁ་ཟས་འཇུ་སྟོབས་ཆུང་བ་དང་། སྔར་གྱི་གོས་ཀྱིས་མི་དྲོས་པ་དང་། གདོང་པ་སྐྱ་སེང་ངེ་འོངས་པ་དང་། ཆུ་ཡང་སྔོ་དངས་འོངས་པ་དང་། ཉི་མའི་མི་སྡང་ཙམ་ན་ཚད་པ་ཟད་པ་ཡིན་པས་ཁ་ཟས་ཀློད། ཚད་པ་བྱུང་བའི་རྟགས་ཁ་ཟས་ཟོས་པས་རྗེས་ལ། ཟས་ཀྱི་ཚད་པ་ལྡང་མི་ནུས་སྟེ། དཔེར་ན་ཐལ་ཚན་གྱི་དྲོད་དང་འདྲ། བསིལ་སྤྱོད་དྲགས་པས་ཉེས་པ་བསྐྱེད་པའང་ཡོད་དེ། དེ་བས་ན་ཞུ་འཁྱགས་པར་གྱི་སྨན་པ་ནི་རྒྱུན་ཤེས་བུ་དང་འདྲ་ཡང་གཟབ་གསུང་ངོ་།། །།

གསུམ་པ། སྟོངས་པའི་ཚ་བ།

སྟོངས་པའི་ཚད་པ་མདའ་ལྟར་གཟེར་བ་བཅོས་པ་ནི། གཞི་རླུང་ཤས་ཆེ་བ་ལ་ལུས་ངག་ཡིད་ཀྱི་ལས་ཆེས་པ་དང་། སྐད་མཐོན་པོའི་བོས་པ་དང་། ཆོ་ངེ་དྲགས་པོ་བཏབ་པ་དང་། ཡིད་ཀྱི་མྱ་ངན་དྲགས་པ་དང་། སེམས་ལས་ཆེན་པོ་བྱས་པ་དང་། མི་མཐུན་པའི་བསམ་མནོ་སྐྱེས་པ་ལས་འབྱུང་། གཞན་ཡང་འཁྲུགས་ཆུང་ངུ་དང་། རིམས་ཕྲ་མོ་ལ་གཏར་ག་དང་། བསིལ་སྨན་དྲགས་པ་ལས་འབྱུང་ངོ་། །ཡང་ན་གོང་གི་ཚད་པ་རྒྱས་པའི་ཚ་བ་བཅོས་རྡུགས་དྲགས་པའི་རྗེས་ལ་ཡང་འབྱུང་ངོ་། །ཡང་གཞི་རླུང་དུ་ཡོད་པ་ལ་ག་པུར་དང་བསིལ་སྨན་དྲགས་ན་གཟེར་ནད་དྲག་པོ་འབྱུང་སྟེ། དེའི་རྟགས་ལུས་ངག་ཡིད་གསུམ་བྱ་བ་སྤང་བ་དང་། རྩ་སྟོང་རྒྱུག་དུ་འོང་། ཁ་སྐམ། དབུགས་རྒོད། གཡལ་དང་སྦྲིད་པ་མང་། ལུས་ཀྱི་གཟེར་འཕོ། རྐང་ལག་བརྐྱང་བསྐུམ་མང་། ཆུ་འཐུངས་ཀྱང་སྐོམ། མ་འཐུངས་ཀྱང་བསྲན་ཐུབ། ཆུ་མདོག་དམར་སེར་མེ་དང་འདྲ་བ། དྲག་ཅིང་རྩུབ་པའི་ནད་དེ་འདྲ་གཅིག་བྱུང་ན་གསོ་རུ་མི་བཏུབ་བོ། །དེ་ལ་ཡང་སྣ་ལ་གསུར་གྱི་བདུག བསྐུ་མཉེ་བག་རེ་བྱ། དེས་ལྕེ་རློན་དུ་སོང་ན། དེ་ལ་ངེས་པ་བསྐྱེད་ལ་ཚོ་ཁུ་དང་། བུ་རམ་ཆང་གཏང་། བ་ཕྲན་གྱི་ཤ་གཏང་། སྐོམ་དུ་དར་བ་གསར་འཇམ་གཏང་། ཡང་ན་བུ་རམ་རྙིང་པ་དང་སྦྲང་རྩི་གཡུང་གཏང་། ཏིག་ཏའི་སྨན་མར་གཏང་བས། རླུང་དང་ཁྲག་མཁྲིས་དུས་གཅིག་ལ་སེལ། ཨན་ཆེན་སྟོང་རུས་དང་། སྤྱི་གཙུག་དང་། ཚིགས་པ་དྲུག་པ། བདུན་པ་དང་། མདུན་གྱི་སྙིང་དཀར་ནག་གི་མཚམས་རྣམས་སུ་མེ་བཙའ་གདབ། རུས་བུའི་ནང་དུ་སྒོག་སྐྱ་གདུས་ལ་གཏང་། དེའི་རྗེས་ལ་རྡུལ་(རྔུལ་)དབྱུང་། དེས་ཚད་པ་འཇིལ་བར་འགྱུར་རོ། །གཟེར་ཞིང་ན་ནས་ཅུང་ཟད་མཇུག་ལུས་པ་འདྲ་ན། སླེ་ཏྲེས་དང་སྐྱུ་རུ་རའི་ཐང་གཏང་པས་ཞི་བར་འགྱུར་རོ། །དེས་ཀྱང་ཞི་བར་མ་ནུས་ན་གུར་གུམ་བདུན་པ་གཏང་། ཡང་རླུང་ལེགས་པར་ཞི་བ་དང་། ཅུང་ཟད་གཏར་ལ་སེམས་ལས་བསྐྱངས་ཏེ། ཡིད་དང་མཐུན་པའི་གྲོགས་བསྟེན། མེ་དང་ཉི་མ་ལ་མི་འདུག་གོ། གཞན་ཡང་སྟོངས་པའི་ཚ་བ་ཞེས་བྱ་བ། རྐང་ལག་དང་རུས་པ་ན་བ་དང་། གཉིད་མི་འོང་ལ། ཆོ་འཕྲུལ་མང་བ་དང་། ལུས་དབལ་སྐྱ་ལ་སྐྲ་འཐལ། འདར་ན་རིམས་ནད་སྟོངས་པའི་ཚ་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་གཏར་དུ་མི་རུང་། གྲིབ་མ་ལ་གཉིད་དུ་གཞག ལུག་ཤ་དང་། ཆང་གཏང་། བསྐུ་མཉེ་བག་རེ་བྱའོ། །འདི་དྲོད་བཅོས་འབའ་ཞིག་གིས་ཐུབ་པར་ངེས་སོ། །གཞན་ཡང་ཁྲག་སྟོངས་པའི་ཚ་བ་ཞེས་བྱ་བ། ཉིན་མཚན་མེད་པར་གཉིད་ཆེ་བ་དང་། གཉིད་བསླངས་ན་གྲོགས་ལ་རྒོལ་བའོ། །དེ་ལ་ཆང་གཏང་དུ་མི་རུང་། ཤ་གསར་པར་གཏང་། སྐུ་མཉེ་བག་ཙམ་བྱ། ཉིན་མོ་གཉིད་དུ་མི་གཏང་ངོ་། །མེ་བཙའ་མི་བྱ། འཇམ་ཐང་གཏང་བས་ཐུབ་པར་འགྱུར་རོ། །མཁྲིས་པ་སྟོངས་པའི་ཚ་བ་ཞེས་བྱ་བ། གཉིད་མི་འོང་བར་བླ་འཆོལ་སྨྲ་བ་དང་། ལུ་དབལ་སྐྱ་ལ་མིག་དང་ལྕེ་སེར་བའོ། །དེ་ལ་ཤ་ཆང་བསྡམས་ལ་གཉིད་བསྲུང་། བསྐུ་མཉེ་བྱ། བསིལ་ཐང་གཏང་། བཤལ་བྱ། དེས་ཐུབ་པར་འགྱུར་རོ། །ཡང་བད་ཀན་སྟོངས་པའི་ཚ་བ་ཞེས་བྱ་བ། གཉིད་ལོག་ན་ཟ་ཟི་མང་། ཤིན་ཏུ་ཉོན་མོངས་ཤིང་མི་བདེ་ལ། རྔུལ་ཆུ་བཞིན་དུ་འོང་ངོ་། །དེ་ལ་འབྲས་བུ་གསུམ་གྱི་ཐང་གཏང་། བསྐུ་མཉེ་བྱ། དེས་ཐུབ་པར་འགྱུར་རོ། །ཡང་ཆུ་སེར་སྟོངས་པའི་ཚ་བ་ཞེས་བྱ་བ་ཉིན་མཚན་མེད་པར་གཉིད་མི་ཁུག་ལ་མིག་སྔར་ཟ་ཟི་མང་བ་དང་། སྐབས་སུ་དབང་པོ་འཁྲུལ་བ་དང་། དངས་བ་དང་། སྨྱོ་ཚུལ་སྟོན་པའོ། །དེ་ལ་ཤ་རྙིང་མར་རྙིང་ཁུ་བ་གཏང་། གཉིད་འོང་ཚད་ལོག་ཏུ་གཞུག འབྲས་བུ་གསུམ་གྱི་སྨན་མར་གཏང་། ཚིགས་པ་ལྔ་པ་དང་། བདུན་པ་བསྲེག དེས་ཐུབ་པར་འགྱུར་རོ། །གློ་སྙིང་སྟོངས་པའི་ཚ་བ་ཞེས་བྱ་བ། སྐབས་སུ་ལུས་རེངས་པ་དང་། སོ་འཐོམས་ནས་མི་ཕྱེད་པ་དང་། སྐབས་སུ་བླ་འཆོལ་འོང་བ་དང་། གཉིད་ཆུང་བའོ། །དེ་ལ་ཐང་རྣམས་གཏང་ཏུ་མི་རུང་སྟེ། རུས་པ་རྙིང་པའི་སྐོལ་ཐང་གཏང་། བསྐུ་མཉེ་བྱ། གཉིད་མི་བསྲུང་བར་ལོག་ཏུ་གཞུག ཚིགས་པ་ལྔ་པ་དང་བདུན་པ་བསྲེག དེས་ཐུབ་པར་འགྱུར་རོ། །འོན་ཀྱང་དེ་རྣམས་ཀྱི་ནང་ནས་གསོ་དཀའ་བ་ནི། མིག་རི་ལ་བལྟ་བ་དང་། ཁ་ཁུ་ཡིས་འདེབས་པ་དང་། འདི་རྣམས་ཀྱང་སྟོངས་པའི་ཚ་བ་ཡིན་ཏེ་གསོ་དཀའོ། །ཡང་དར་ལ་བབས་པ་རྣམས་ལ་འཁྲུགས་སམ་རིམས་བྱུང་བའི་མཇུག་ལ། རྩ་དུས་ཉེ་བར་འཕར་ཞིང་། ཤ་སེར་ལ་སྐོམ་དད་ཆེ་བ་དང་། ལུས་ཀྱིད་དྲོད་ཆེ་ལ་ཉམ་ཆུང་བ་དང་། དབུགས་ཐུང་ལ་སྐྲ་འདབ་འདར་བ་ནི། ནད་ཀྱི་ཚ་བ་ཡིན། སྨན་རྩུབ་མོས་ཉམ་སྨད་ནས་དཔྱད་ཀྱིས་མེ་བུས་བ་བྱ་བ་ཡིན་ཏེ། ནད་ཀྱི་མཚན་ཉིད་མ་ཤེས་པས་འཁྲུལ་ནས་ཚད་པ་ཞུ་འཁྱགས་ཀྱི་བར་དུ་གསང་བ་མང་བ་ཡིན་པས་དེ་ལ་བསྐུ་མཉེ་བྱས་པས་གཟེར་འཇོམས། ཚིགས་པ་དྲུག་པ་བདུན་པ་ལ་མེ་བཙའ་བྱ། རྔུལ་ཅུང་ཟད་གདོན། དེ་ནས་གཉིད་ཕེབས་ཞེས་འོང་ངོ་། །སྤྱིར་ཚད་པ་འཆོས་པ་ལ། དཀའ་དུས་གསུམ་ཡོད་དེ། ཞུ་འཁྱགས་ཀྱི་བར་དུ་ནོར་ནས་གསད་པ་མང་བས་འདིར་གཟབས། རླུང་དང་བད་ཀན་གཉིས་གཞི་ཆེ་ན། ཞུ་འཁྱགས་ཀྱི་མཚམས་གསལ་བ་ཡིན་ཏེ། ཟས་འཇུ་སྟོབས་ཆུང་། སྔར་གྱི་གོས་ཀྱིས་མི་དྲོས། དབུག་སྣ་རིང་དུ་འགྲོ། རྩ་དལ་དུ་འགྲོ། ཁྲག་གི་གཟེར་འབྲི། སྐོམ་དད་ཆུང་དུ་འགྲོ། དེ་ལས་ཐལ་ན་མིག་ཕུག་སྐྲངས་པས་དེ་ལ་ཤ་ཆང་དང་། དྲོད་གཏང་བས་བཟློག་པ་འགྱུར་རོ། །དེ་ལས་ཐལ་བ་དང་། གཏར་ག་མང་ནས་དམུ་ཆུར་སང་བ་ཡང་ཡོད་དེ་འདི་བག་འཁྲུལ་པ་ཆུང་། རླུང་ཤས་ཆེ་ན། འདི་ལ་འཁྲུལ་བ་མང་བས་སྐབས་སུ་ཚོ་ཁུ་ཚ་མེད་གཏང་ངོ་། །ཟས་སྡ་རུ་ཀློད་ལ་སྨན་གཞུག་བསྲིང་། ཡང་སྟོངས་པའི་ཚ་བ་སྙིང་ལ་ཤོར་ན། བྱ་བ་གློ་སྙིང་གི་ཚ་བ་སྟོངས་པ་དང་འདྲ་བ་ལས། གཙོ་བོར་རིམས་འཁྲུགས་པ་ལས་འབྱུང་སྟེ། ལུས་མདངས་ཆུང་ལ། སྣ་ལྕེ་སྐམས་ལ། རྔམ་པ་ཆེ། ཚིག་འཆོལ་འཁྲུལ་འོང་། སྐབས་སུ་ཤེས་པ་དངས། མཁུར་བ་སྨུག་ལ་ཟས་མི་ཚུད་ན། དེ་ལ་ཇི་ལྟར་ཚ་ཡང་གཏར་དུ་མི་རུང་སྟེ། ཚིགས་པའི་རུས་པ་ཁྲག་ཁྲོལ་དུ་བརྡུངས་ཤིང་བཙོས་ལ། ཚང་ར་ལ་དུགས་བྱའོ། །དེའི་ཁུ་བ་ངད་ཡལ་བ་ལ་སྦྲང་རྩི་ཅུང་ཞིག་བཏབ་ལ་རླུད། དེ་ནས་བྱིབས་ལ་རྔུལ་དབྱུང་། རྒོད་ཤའི་ཚོད་མ་གཏང་། སྦང་མ་ཆང་འགག་གི་ཉེའུ་ལ་བུ་རམ་བཏབ་ལ་གཏང་། དེས་ཁ་ལྕེ་རློན་ལ་དབང་པོ་གསལ་བར་གྱུར་ན། ཚིགས་པ་ལྔ་པ་བདུན་པ་བསྲེག ཆང་གཏང་། ལུག་ཤ་གཏང་དུ་མི་བཏུབ་བོ། །དེས་ཐུབ་པར་འགྱུར་རོ།། །།

བཞི་པ། གབ་པའི་ཚད་པ།

གབ་པའི་ཚ་བ་མུན་གཏིབས་པ་བཅོས་པའི་ཐབས་ནི། འདིའི་ནད་ཀྱི་རྒྱུནི། མཆིན་པ་ལས་གྱུར་པ་ཡིན་ཏེ། ཚ་བ་གྲང་རླུང་གིས་སྦས་པའོ། །འདིའི་མན་ངག་མེད་པའི་སྨན་པ་རྣམས་ཀྱིས་ངོས་མི་ཟིན་ཏེ། སྙིང་ལ་གབ་ན་ཉི་མ་ལ་མི་ཚུགས་པར་གྲིབ་མ་ལ་སྙེགས་པ་དང་། སྲོད་ལ་གཉིད་མི་ཁུག་པ་དང་། སེན་མོ་དཀར། སྙིང་གར་ཤ་ཁྲ་བོ་འོང་། བྱད་ལ་སྲིན་ཐོར་དམར་པོ་རྒྱུན་མི་འཆད་པར་ཡོང་། ཆང་རྙིང་འཐུངས་ན་ནད་དེ་ལྡང་ངོ་། །དེས་ཀྱང་ཡིད་མ་ཆེས་ན། སྙིང་རྩ་ལ་ཁྲག་གཅིག་ཕྱུང་ལ་བལྟས་པས་ཁྲག་ངན་ན་ཡིན་ནོ། །མཁལ་མ་ལ་གབ་ན། མཁལ་མའི་ཟག་ཆུ་རྟག་ཏུ་ཡོང་ངོ་། །ནུ་བཞག་ན་དམར་ནག་ཏུ་འགྲོ། འགྲོ་འདུག་བྱས་ན་ཆུ་སྡོམ་ཞིང་ན། ལས་དང་འགྲོ་འདུག་བྱས་ན་རྐང་པ་ལྕི་རུ་འགྲོ། མཁལ་རྩ་གང་ན་ཡོད་པའི་ས་ཐམས་ཅད་ན། ཆང་བཟང་པོ་འཐུངས་པས་རྐང་པ་ལྕི་རུ་འགྲོ། དེས་ཀྱང་ཡིད་མ་ཆེས་ན། ལོང་རྩ་ཅུང་ཞིག་གཏར་ལ་གཏང་། རྣག་ཏུ་བྱུང་ན་ངེས་པར་ཡིན་ནོ། །ཕོ་མཆིན་ལ་གབ་ན། ལུས་གྲང་ནན། དྲོས་ན་ཡང་ཕུར་པ་བཙུགས་པ་བཞིན་འདྲིལ་ནས་ཡོང་། ཁ་ཟས་དང་སྐོམ་ཡང་འཇམ་ཙམ་བྱས་ན་ཕན། གྲང་དྲག་པ་དང་། ཚ་དྲགས་པ་དང་གཉིས་ཀ་གནོད་པར་འགྱུར་རོ། །དེས་ཀྱང་ཡིད་མ་ཆེས་ན། རུ་ཐང་གཏར་ལ་བལྟ། ཁྲག་ལ་རྣག་ཆགས་པ་ན་ངེས་པར་ཡིན་ནོ། །ལུས་ལ་གབ་པའི་ཚད་པ་ནི། ལུས་པོ་ལྕི་ལ་ཤེད་ཆུང་། རྔུལ་ཁ་སྙི། ཟས་ཀྱི་རོ་མི་ཚོར། དེས་ཀྱང་ཡིད་མ་ཆེས་ན། རྩེའུ་ཆུང་དང་། རུ་ཐུང་གཏར་ནས་བལྟས་པས། རྣག་བྱ་ཝང་རྒྱ་འདྲ་བ་གཅིག་ཆགས་ན་ཡིན་ངེས་སོ། །འདི་ཐམས་ཅད་ཀྱི་རྩ་མཐུན་པར་རུས་པའི་སྟེང་ན། རྟ་རྔ་ཙམ་གཅིག་མཁྲང་ལ། གྲིམས་ཤིང་བྱིངས་ལ་རྒྱུག་ན་ཡིན་ནོ། །འདིའི་བཅོས་ཐབས་ནི། གང་དུ་བབ་ཀྱང་ཚ་ཤས་ཆེ་ན་རྩ་ཡས་བབས་སུ་གཏར། དེ་ནས་གང་དུ་བབ་པའི་སར་གཏར། གང་དུ་བབ་ཀྱང་རུ་ཐུང་མི་གཏར་དུ་མི་རུང་ངོ་། །སྨན་སྦྱར་ཐབས་ནི། སྙིང་ལ་བབས་ན། ག་བུར་ཙནྡན་ཤིས། ཕོ་བ་དང་མཆིན་པ་མཁལ་མ་ལ་གུར་གུམ་བྲག་ཞུན་གཏང་ངོ་། །སྤྱིར་གང་གབ་པའི་ཚ་བ་འཇམ་བཤལ་ཤིས་པ་ཡིན། ཚད་པ་ཆོགས་ནས་སོ་སོའི་གསང་དུ་མེ་བཙའ་གདབ་བོ། །འདིར་རྒྱས་པའི་ཚ་བ་དང་མི་འདྲ་སྟེ། ཚད་པ་ཟད་ཟད་གཏར་མི་རུང་ངོ་། །ཁ་ཟས་སྔ་རུ་གློད་དགོས་ཏེ། སྙིང་ལ་ཟས་གློད་པ་ཕྱིས་ན། སྙིང་རླུང་འཇུག ཕོ་མཆིན་ལ་ཟས་གློད་པ་ཕྱིས་ན། སྐྲན་དང་དམུ་ཆུར་འགྲོ། མཁལ་མའི་ནད་ལ་ཟས་གློད་པ་ཕྱིས་ན་ཆུ་བསྡམས་པ་དང་། རྐང་ལག་ཞ་བ་དང་། སྒུར་པོར་འགྲོའོ།། །།

ལྔ་པ། རྙིངས་པའི་ཚ་བ།

རྙིང་པའི་ཚ་བ་རྩི་ལྟར་ཞེན་པ་ནི། ཚང་(ཚད་)པ་ལྐུགས་པ་བྱ་བ་ཡིན་ཏེ། འདིའི་རྒྱུ་རྐྱེན་ནི། དང་པོའི་ཚད་པ་ཡིན་པ་ལ། བཅོས་པ་ཕྱིས་ན་རྙིངས་པ་ཡིན་ཏེ། དེ་ལ་ཁ་ཟས་དང་། སྤྱོད་ལམ་དང་། སྨན་དང་། དཔྱད་ཀྱི་རྙིང་སྟེ། བསྟེན་མ་ལེགས་པས་ཚ་བ་ལུས་ལ་འདྲིལ་ནས་ཞེན་པ་ཡིན་ཏེ། དེས་ན་མ་སྨིན་པ་གཏར་ག་སྔས་ན་དཔྱད་ཀྱིས་རྙིངས་པ་ཡིན་ཏེ། ཚད་པ་བྱ་ཤོར་བའོ། །སྨན་གྱིས་རྙིངས་པ་ནི། སྨན་རྩུབ་མོ་སྔས་དྲགས་པ་ལས་འབྱུང་ངོ་། །གཉིད་མ་བསྲུང་ན་སྤྱོད་ལམ་གྱིས་རྙིངས་པ་ཡིན་ཏེ། ཁ་ཟས་ཀྱིས་རྙིངས་པ་ནི། ནམ་ཟས་ཀྱིས་དུས་ཚོད་མ་ཟིན་པར་ན་བ་ལ་སོགས་པ་སྔས་པ་ལ་འབྱུང་ངོ་། །ཚ་བ་རྙིངས་པའི་རྟགས་ནི། རྩ་ཕྲན་རྒྱུན་རིང་བ་དང་། རྔུལ་ཁ་སྙིལ་ཉམ་ཤེད་དམའ་བ་དང་། གྲིབ་མ་ལ་སྙིབ་ཅིང་། མེ་དང་ཉི་མ་ལ་འདུག་ན་ཤེས་པ་ལྕི། ལྕེ་ཆུང་གི་སྟེང་དུ་དྲག་པ་འཆགས། དང་ག་བདེའོ། །དེ་ལ་འཇམ་ཐང་ཡུན་རིང་དུ་གཏང་། ཁྲག་ལ་ནད་བབས་མ་བབས་ཡུན་རིང་དུ་བལྟས་པས། རྣག་བྱ་ཝང་རྒྱབ་འདྲ་བ་གཅིག་ཆགས་ན་བཅོས་སླ་བ་ཡིན། རྩ་ཁ་མང་དུ་དབྱེ། ཉམས་དང་སྦྱར་ལ་བག་རེར་བྱུང་ངོ་། །སྨན་ག་པུར་ཉི་ཤུ་རྩ་ལྔ་པ་གཏང་། དཔེ་གཉིས་ལ་འབྲས་བུ་གསུམ་བྱུང་། འབྲི་ཏ་རྒྱུན་དུ་གཏང་། བྲག་ཞུན་བཏུལ་མ་གཏང་། ཁ་ཟས་བ་ཤ་གསར་པ་དང་དར་བ་གཏང་། དེས་ལུས་པོ་ཇེ་ཡང་ཇེ་ཡང་འགྲོའོ། །བཤལ་བཏང་ན་ཡང་དགའ། དེས་ཚད་པ་ཞེན་པ་ཐོན་ངེས་སོ། །ནད་འཆོས་པ་ལ། དོས་དྲགས་ལ་གཉུག་ཐུང་ན་སྐྱོན་གསུམ། ཞེན་པའི་ནད་མི་ཐོན། ཕོ་བའི་མེ་དྲོད་འཆི། ཐོར་བུའི་རླུང་སྐྱེའོ། །འདི་ནི་རྩ་དང་། དོན་སྣོད་དང་། རུས་པ་ལ་ཞེན་པས་སེལ་དཀའོ། །མཇུག་གུར་གུམ་བདུན་པའམ། ཏིག་ཏའི་སྨན་མར་གཏང་ངོ་། །ཁྲག་ལ་རྣག་མ་ཆགས་པར་བསེ་རིང་པ་ལྟ་བུར་བྱུང་ན། ནད་ལྕི་བས་མང་པོ་གཏར་དུ་མི་རུང་ངོ་། །དེ་ལ་ག་པུར་ཉི་ཤུ་རྩ་ལྔ་པ་མང་དུ་སྦྱར་ལ་གཏང་། ཁ་ཟས་སྔར་དང་འདྲ།  འདི་ལ་བཤལ་མཆོག་ཏུ་ཤིས་པ་ཡིན། དེ་ལ་བཅོས་ཀ་ལན་འགའ་བྱས་པས་མ་ཕན་ཀྱང་། ཡི་དམ་གསད་པར་ཡུན་རིང་དུ་བཅོས་སོ། །དཔེར་ན་དབྱར་གྱི་སྔོ་ལོ་འགྱུར་བ་དང་འདྲ་སྟེ། ལོ་ཟླ་འདས་ནས་ནམ་སོས་ཆ་མེད་པ་འོང་ངོ་། །ནད་རྙིང་པ་ཤེད་ཆུང་བ་ལ་ལུག་ཤ་སིལ་བུ་དང་། ཆང་འཇམ་པོས་ཤེད་བསྐྱེད་ལ་བཤལ་གཏང་ངོ་། །ཚ་བ་རྒན་པོ་ཚིགས་པ་བཅུ་པ་བསྲེག དེས་ཚ་བ་འདུས་པ་དང་ལྡན་པ་ལ་ཕན། ཁ་ཟས་ཕྱོགས་མེད་ལ་བསླབས་ལ། ཚད་རོ་ལྡང་ངམ་མི་ལྡང་བརྟག་གོ །ཚ་བ་སྤྱི་བཅོས་པའི་མན་ངག་ཆེ་བ་སྡེ་ལྔ་ཞེས་བྱ་བ་བསྟན་ཟིན་ཏོ། །མདོར་ན་རྒྱས་པའི་ཚད་པ་ཞེས་བྱ་བ་དྲག་པོ་ལ་བསིལ་སྨན་ཙམ་གཏང་། ཚ་བ་སྡེ་ལྔ་ཆར་ལ་བཤལ་སྨན་དེ་ཁྱད་པར་དུ་རྩ་བཤལ་ཤིས་སོ། །རྩེ་ཆུང་ལ་སོགས་པ་རྩ་ཆེན་གཏར། ནད་གང་ལ་བབས་པ་དང་། གང་གཟེར་བའི་རྩ་གཏར། ཁྲག་གང་ངན་པའི་རྩ་གཏར། དེ་ནི་ཚ་བ་ཀླད་བཅག་པའོ། །ནད་བསྒྱུར་བ་ནི། ག་པུར། གུར་གུམ། ཅུ་གང་དང་གསུམ་ཀ་ར་དང་སྦྱར་ལ་གཏང་། དེའི་སྟེང་དུ་བ་ལེ་ཀ ཨུཏྤལ་སྔོན་པོ། པུ་ཤེལ་ཙེ། ཨ་རུ་ར། ཀ་ར་དྲུག་འགྱུར་སྦྱར་བ་ག་བུར་བདུན་པ་ཞེས་བྱ་སྟེ། དེ་གཏང་ངོ་། །དེ་ཡང་གུར་གུམ་བདུན་པ་ཞེས་བྱ་བ་ནི། གུར་གུམ། བ་ལེ་ཀ་ཕ་འོང་གི་དྲེག་པ། ཨུཏྤལ་སྔོན་པོ། སུག་སྨེལ། མཚེའི་ཚིག་པ་རྣམས་དང་ཀ་ར་དྲུག་འགྱུར་སྦྱར་ལ་གཏང་ངོ་། །དེ་ཡང་ནད་དང་བསྟུན་དགོས་ཏེ། སྙིང་ལ་ཚ་བ་ཤོར་ན། ག་པུར་བདུན་པ་གཏང་། གློ་བ་ལ་ཤོར་ན་ཤིང་མངར་བདུན་པ་གཏང་། མཆིན་པ་ལ་ཤོར་ན་གུར་གུམ་བདུན་པ་གཏང་། མཚེར་པ་ལ་ཤོར་ན་སུག་སྨེལ་བདུན་པ་གཏང་། ཕོ་བ་ལ་དང་མཁྲིས་པ་ལ་ཤོར་ན་གསེར་གྱི་མེ་ཏོག་བདུན་པ་གཏང་། བཤལ་བྱ། མཁལ་མ་ལ་ཤོར་ན་ཨ་རུ་ར་བདུན་པ་གཏང་ངོ་། །ཡང་ཚ་བ་རོལ་དུ་གསད་པ་ནི། ལས་སོ་སོ་ཡིན་ཏེ། གློའི་འཁྲུགས་ལ་བ་ལེ་ཀའི་ཐང་གཏང་། སྙིང་གི་འཁྲུགས་ལ་སྐྱུ་རུ་རའི་ཐང་གཏང་། མཆིན་པ་ལ་བ་ཤ་ཀའི་ཐང་གཏང་། མཁྲིས་པ་ལ་ཏིག་ཏ་དང་གསེར་གྱི་མེ་ཏོག་གི་ཐང་གཏང་ངོ་། །གལ་ཏེ་རླུང་གིས་འཁྲུགས་ན་རུས་ཁུ་མཆོག་ཏུ་ཕན་ནོ། །གློ་འགོག་ཏུ་མི་འདོད་པ་ལ། ག་པུར་གྱི་སྟེང་དུ་བསྔགས་སོ། །ལུད་པ་ཁམ་སེར་བྱུང་ན། ག་པུར་དང་། གླ་རྩིས་ཕན་ནོ། །ལུད་པ་ཁྲག་ཏུ་སོང་ན། ག་པུར་གྱི་སྟེང་དུ་མཚལ་བཟང་པོ་བསྔགས། ལུད་པ་རྣག་ཏུ་འོང་བ་ལ། ག་པུར་སྟེང་དུ་བསེ་རུ་བསྔགས། གུར་གུམ་ཅུ་གང་སྟར་བུ་དང་། ཤིང་མངར། རྒུན་འབྲུམ། པུ་ཤེལ་ཙེ། ཙནྡན་དཀར་དམར། ཨ་རུ་ར། ཀ་ར་དྲུག་འགྱུར་སྦྱར་ལ་གཏང་། གློའི་སྨན་ལ་ལུད་པ་ནག་པོ་འོང་ན། གཏར་བ་འཕྲོ་བཅད་ལ། སྨན་གྱིས་གསོ་འོ། །པུ་ ཤེལ་ཙེ་བདུན་པ་ནི། པུ་ཤེལ་ཙེ་དང་། ཨ་རུ་ར། ལེག་དུར་དང་། སླེ་ཏྲེས་དང་། ཨ་བིཥ་དང་། ཁྱི་ལྕེ་བ། རྒུན་འབྲུམ། དེ་རྣམས་བསྐོལ་བའི་ཁུ་བ་ནི་རིམས་སྣ་ཚོགས་དང་། གློ་དང་། མཆིན་པའི་ཚ་བ་དང་། ཁྲག་མཁྲིས་ཚ་བ་ཀུན་ལ་ཕན། སྤྱིར་ཧོང་ལེན་དང་། པར་པ་ཏ། སླེ་ཏྲེས། ཀཎྚ་ཀ་རི་བཞིའི་ཐང་སྤྱི་ཁྱབ་ཏུ་གཏང་ངོ་། །ཐང་མ་གཏང་བར་རྩ་གཏར་ན། ཉེས་སྐྱོན་བསམ་གྱིས་མི་ཁྱབ་སྟེ། སྲོག་ཁྲག་ནད་ལ་འཆོར་རོ། །སྔོན་ཁ་ཟས་མ་བཏང་བར་ཡང་རྩ་མི་གཏར་རོ། །རྩུབ་ཐང་ཞེས་བྱ་བ་ནི། བ་ལེ་ཀ ཨ་རུ་ར། ཏིག་ཏ། ལི་ག་དུར། ཨ་བི་ཥ། སླེ་ཏྲེས། ཁྱི་ལྕེ་བ། དུག་མོ་ཉུང་། པུ་ཤེལ་ཙེ། དེ་རྣམས་ཀུན་གྱི་ཁུ་བ་གཏང་ན། ཚད་པ་མཐའ་དག་སེལ་ངེས་སོ། །མཁྲིས་པ་ཕོ་བར་ལུད་ནས་སྐྱུགས་པ་ལ། གསེར་གྱི་མེ་ཏོག་ཉི་ཤུ། དུག་མོ་ཉུང་བཅུ། ཞིབ་པར་བཏགས་ལ་ཆུ་ལ་ཐང་དུ་བསྐོལ་ལ་གཏང་ངོ་། །དེས་ཕན་ངེས་སོ། །རླུང་ཚད་བསྡོངས་ན་ཆུའི་ལམ་ནས་ཁྲག་ཏུ་འོང་ངོ་། །བྲག་ཞུན། ལྟར་བུ། ལྕམ་པའི་ལོ་མ། བྱི་བའི་རིལ་མ་རྣམས་ཆང་གསར་པ་ལ་སྦྱར་ལ་གཏང་ངོ་། །དེས་སེལ་ལོ། །ད་ནི་གློའི་ནད་བཅོས་ཐབས་བསྟན་པར་བྱ་སྟེ། ནད་ཀྱི་རྒྱུ་ནི་ཁྲག་ལས་གྱུར་པའི་ནད་ཡིན་ཏེ། རྐྱེན་ལུས་ཀྱིས་སྟོབས་དྲག་པོ་ཕྱུང་བ་དང་། མྱ་ངན་དང་སེམས་ལས་ཆེས་པ་དང་། ནད་གཞི་གསུམ་འཁྲུགས་པའམ། འབྱུང་པོའི་གདོན་གྱིས་བསླད་བ་རྣམས་སོ། །དེ་ཡི་རྟགས་ནི། རྒྱས་པའི་ཚ་བ་དང་མཐུན་པ་ལས། ཁྱད་པར་དུ་མགོ་ན་བ་ལ་ཕྲུམ་སེར་ཁྱེར་བའོ། །དེ་ལ་ལུད་པ་ཕལ་ཆེར་ཁྲག་ཏུ་འོང་བས། དེ་ལ་གཏར་ག་མི་བྱ། བསེ་རུ་བདུན་པ་སྦྱར་ལ་གཏང་ངོ་། །རྒྱ་སྐྱེགས། ལྡུམ་བུ་རེ་རལ། སྐྱུ་རུ་ར། བཤ་ཀ དེ་རྣམས་བསྡུས་པའི་ཐང་གཏང་། ནས་དྲུས་མའི་ཐུག་པ་དང་། འབྲས་ཐུག ཞོ་གཏང་། ཁ་ཟས་བཅུད་ཅན་ཐམས་ཅད་སྤང་ངོ་། །དང་པོ་རང་དུ་ལུད་པ་སེར་པོ་དང་། དུད་ཁ་ལ་སོགས་བྱུང་ན། རྩེའུ་ཆུང་དང་། རྩ་ཆེན་རྣམས་ཡས་བབས་སུ་གཏར། ག་པུར་བདུན་པ་གཏང་ངོ་། །ཡང་ན་ག་པུར། གུར་གུམ་དང་། ཨུཏྤལ་སྔོན་པོ། བ་ལེ་ཀ མཚལ། ཙནྡན་དཀར་དམར་དང་། བསེ་རུ། དེ་རྣམས་ཆ་བསྙམས་ལ། ཀ་ར་དྲུག་འགྱུར་དང་སྦྱར་ལ། གངས་ཆུས་ཕུལ་བ་གཏང་ངོ་། །དེས་ལུད་པ་སེར་པོ་དང་། དུད་ཀ་རྣམས་སོས་ཁའི་འཁྱག་པ་བཞིན་དུ་འཇོམས་སོ། །ཨུར་ཤི་དང་། ཏིག་ཏ། སྐྱུ་རུ་རའི་ཐང་ནང་མ་གཅིག་བཞིན་གཏང་ངོ་། སྙིང་ལ་ཚ་བ་བཞུགས་ན། ཁ་དང་ལྕེ་སྐམས་ལ། མིག་སྤྲིན་དམར། དྲན་པ་ཉམས་ཤིང་། རྩ་ཕྲ། ཆུ་དམར་ལ་སྐ་ན། ག་པུར་ཙནྡན་དཀར་པོ་དང་། ཅུ་གང་། གུར་གུམ། ཛཱ་ཏི་རྣམས། ཀ་ར་དྲུག་འགྱུར་སྦྱར་ཏེ་གཏང་། རྔུལ་བྱུང་ན། སྙིང་གི་ཚད་པ་མྱུར་དུ་འཇོམས་སོ། །ཡང་གློ་བ་ལ། ཙནྡན་དཀར་པོ། ཨ་ག་རུ་ནག་པོ། གི་ཝང་། སྤང་རྒྱན་དཀར་པོ། ཅུ་གང་། གུར་གུམ། རྒུན་འབྲུམ། ཤིང་མངར། འབུ་སུ་ཧང་། སྲོ་ལོ་དཀར་པོ་རྣམས་ཞིབ་པར་བཏགས་ལ། ཀ་ར་བརྒྱད་འགྱུར་དང་སྦྱར་ནས། བཏང་ན་གློའི་ཚད་པ་འཇོམས། ཡང་ན། ལི་ཤི། ལི་ག་དུར། ཨུར་ཤི་གསུམ་པོ་བསྐོལ་ཐང་ལ། ཅུ་གང་དང་གུར་གུམ། ཀ་ར་གསུམ་བཏབ་ནས་ཡང་གློ་ཚད་འཇོམས། སྤྱིར་བདོ་པའི་དུས་སུ་ཕྱེ་མའི་སྦྱོར་བ་ཐམས་ཅད་པས། ག་པུར་རྐྱང་རྒྱུགས་དགའ་བ་ཡིན་ནོ། །དེའི་རྗེས་ལ་ག་པུར་དང་ཅུ་གང་། གུར་གུམ་གསུམ་གཏང་ངོ་། གློ་ཚས་(ཚད་)ཁ་ལྕེ་སྐམ་པ་ལ། སོ་ཕག་གི་ཐང་གཏང་ན་དང་ག་འགྲིབས་པས་མི་གཏང་ངོ་། །དེ་ལ་ལྡུམ་བུ་རེ་རལ་བསྡུས་པའི་གྲང་ཐང་ཤིས་སོ། །གུར་གུམ། ཅུ་གང་། ཀ་རའི་ཟག་ཐུན་གྱི་ཁ་ལྕེ་སྐམ་པ་སེལ། དེ་རྣམས་ཤིན་ཏུ་ཕན་པར་བཤད་དོ། །ཡང་གློ་ཚ་བཞབ་པོ་ཞེས་བྱ་བ་ལུད་པ་གཏིང་དུ་འཁྱིམས་པ་ཡིན་ཏེ། དང་ག་མ་བདེ། ཁ་ལྕེ་སྐམ། རོ་སྟོད་དང་། བྲང་རྒྱངས་ནས་ན། ཚ་བ་ཆེ་ལ་ལུས་པོ་ལྕི། གློ་མི་ཐོན་པར་ཐང་ཐང་ལུ། བག་རེ་ཁོག་པའི་གསེབ་ཏུ་རྣག་ཁྲག་ཏིལ་འབྲུ་ཙམ་སོང་ན། དེ་ལ་གློ་སྐྱུགས་གཏང་ངོ་། །དེའི་ལུད་པ་འབྱིན་པའི་སྨན་ནི། ཅུ་གང་། སུག་སྨེལ། བ་ལེ་ཀ ནཱ་ག་གེ་སར། ནཱ་ག་པུལྤ། ཨུཏྤལ་སྔོན་པོ། ཨུར་ཤི་དང་། ལྡུམ་བུ་རེ་རལ་རྡོ་དྲེག་རྣམས། ཀ་ར་བརྒྱད་འགྱུར་དང་སྦྱར་ནས་བཏང་ན་བདུད་རྩི་དང་འདྲའོ། །དེ་ལྟར་སྨན་བཏང་བས། ལུད་པ་གཙང་དུ་སོང་བ་དང་། རོ་སྟོད་ཀྱི་ཟུག་གཟེར་ཆག་ནས། གཏར་གའི་ཁྲག་དམར་དུ་སོང་བ་དང་། རྩ་དལ་ལ་སྙོམས་པ་དང་། སྐོམ་དད་ཆུང་ལ་ཁ་ལྕེ་རློན་དུ་སོང་ན་སོས་པར་འགྱུར་རོ། །གློ་ཚའི་ཞག་དུས་ཕལ་ཆེར་བདུན་དང་། དགུ་དང་། བཅུ་གཅིག་ཡིན་ནོ། །མི་སོས་པའི་རྟགས་ནི། སྨན་དང་དཔྱད་བྱས་པ་ལ་སྐྱེད་མེད་པ་དང་། ལུད་པ་ནག་པོར་སོང་བ་དང་། ལྕེ་ཕུགས་སུ་ནག་པོ་ཆགས་པ་དང་། སོ་ལ་དྲེག་པ་ཆགས་པ་དང་། སྐོམ་དད་ཆེ་བ་དང་། ཟུག་གཟེར་ཆེ་བ་དང་། དང་པོ་ནས་སྐེའམ། ལྟོང་ལྟོང་བ་ནས་སག་སག་ཟེར་བ་དང་། ཁྲག་དམར་པོ་དང་། ནག་པོ་འམ། སེར་པོ། ཆུ་རྩིགས་ཅན་ཁ་རུ་ཆགས་པ་དང་། རྩ་བྱིང་པ། ཆུ་གཞུག་ཆད་པ་འདྲ་བ་དང་། ཆུ་ལྡོང་རོས་མཉེས་པ་འདྲ་བ་དང་། ཕྱིས་སེར་ཁ་སླ་བ་འོང་བ་དང་། དེ་རྣམས་མཁས་པས་མྱུར་དུ་སྤོང་། ཅིས་ཀྱང་སྐྱེད་མེད་པ་ལ་བཤལ་བྱའོ། །རླུང་སྐྱེས་པའི་རྟགས་ནི་རེག་ན་རྩུབ་པ་དང་། ལུས་པོ་འཁྱོར་བ། བ་སྤུ་རིང་ལ་ཟིང་བ་གཏམ་ཅལ་ཅོལ་འོང་བ། མདོག་ཧམ་སྐྱར་འདུག་པ། མཆིལ་མ་དཀར་ལ་རྣ་བ་འུར་བ་གཉིད་ཆུང་དུ་སོང་བའོ། །དེ་ལ་ཉེའུ་དང་ཤ་ཆང་གིས་བསྡུ་འོ། །བསྡུ་བ་ཕྱིས་ན་རླུང་འབྱམས་ནས་འགྲོ་བས། དུས་སུ་བསྡུ་ཤེས་པར་བྱའོ། །དང་པོ་ལུད་པ་ཁྲག་ཏུ་འོང་དུས་སུ་མཚལ་དང་རྒྱ་སྐྱེགས་ཀྱི་སྦྱོར་བ་བྱ། ལུད་པ་ཁམ་པའི་དུས་སུ་ག་པུར་བདུན་པ་གཏང་། ལུས་པ་སེར་བའི་དུས་སུ་ག་པུར་རྒྱལ་བློན་གསུམ་པ་གཏང་། ལུད་པ་དུད་ཀའི་དུས་སུ་ག་པུར་རྐྱང་རྒྱུག་གཏང་། ལུད་པ་ནག་པོའི་དུས་སུ་ཕལ་ཆེར་གཤིན་རྗེའི་ལག་ཏུ་འགྱུར་བ་ཡིན་ནོ། །གློ་ཚའི་སྒོས་བཅོས་ཟབ་མོ་བསྟན་ཟིན་ཏོ། །

སྨན་དཔྱད་ཕྱོགས་རེ་ཙམ་ལ་བརྟེན་ནས་ངོ་མཚར་ཆེ་རུ་རེ་བའི་མིང་སྣ་ཚོགས་བཏགས་པའི་གསོ་དཔྱད་མང་པོ་བྱས་ཀྱང་ནད་ཀྱི་གཉེན་པོར་མི་འགྱུར་ཏེ། སྨན་པའི་བློ་ཡང་སྟོར་ནས་འགྲོ་སྟེ། སྨན་གྱི་སྦྱར་ཐབས་དང་། དཔྱད་མང་པོ་བློ་ལ་ཡོད་ཀྱང་ནད་ཐོག་ཏུ་མི་འབབ་པས། དང་པོ་ཚ་བ་ངོས་ཟིན་པ་གལ་ཆེའོ། །ནད་ལ་བརྒྱ་སྨོས་སྟོང་སྨོས་ཀྱང་། ཚ་གྲང་གཉིས་སུ་འདུས། སྨན་སྣ་སྟོང་རྩ་གཉིས་ཀྱང་བསིལ་དྲོད་གཉིས་སུ་འདུས། ཚ་བ་ངོས་ཟིན་ན། གྲང་བ་ཤུགས་ལས་ཤེས་པར་འགྱུར་རོ། །དེ་ལྟར་དུ་འདྲིལ་ཤེས་ན། འཚོ་བྱེད་སྨན་པའི་མཆོག་ཡིན་ནོ། །གསོ་དཔྱད་འདི་ནི་སའི་ནང་ནས་གསེར་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་ཚད་པ་བཅོས་པའི་མན་ངག་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་རྫོགས་སོ། །དྲང་སྲོང་གི་བརྒྱུད་པ་བར་མ་ཆད་པའི་གསོ་རིག་འདི་ལས་འཕྲོས་པའི་མིང་འདོགས་མི་འདྲ་བ་དུ་མ་ཅིག་ཡོད་ཀྱང་འདི་ཁོ་ནའོ། །ནད་པ་འདི་ནི་འཆི་འཚོ་དང་། ནད་དང་སྨན་ནི་འདི་ཡིན་ཞེས། །མི་སྨྲ་བ་ནི་དམ་ཚིག་ཡིན། །ནད་ངོས་ཟིན་ནས་མི་འཆོར་བར། །སྨན་དཔྱད་མྱུར་དུ་བྱེད་པ་སྤྱད། །འཆི་བར་ཤེས་ནས་སྤང་བ་སྤྱད། །འབྲོས་པར་ཤེས་པ་ཤིན་ཏུ་དཀོན། །བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཕྱག་དཔེ་ལས་བྲིས་སོ།། །།

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 9:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།