སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གཉིས་པ། མཐོང་བ་ཆུ་ལ་ངོས་བཟུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་གཉིས་པ། མཐོང་བ་ཆུ་ལ་ངོས་བཟུང་བ།



ལེའུ་གཉིས་པ།  མཐོང་བ་ཆུ་ལ་ངོས་བཟུང་བ། 

བརྟག་ཐབས་དང་པོ་རེག་པ་རྩ་ལ་ནད་ངོས་བཟུང་བའི་ལེའུ་གསུངས་ཟིན་པའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་འབོད་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། དེ་ཡང་བརྟག་པ་གཉིས་པ་མིག་གི་ཡུལ་དུ་རང་བྱད་རང་ལ་གབ་པའི་གཟུགས་མཐོང་བ་གཡའ་བྲལ་གྱི་མེ་ལོང་ལ་གསལ་བ་བཞིན་ཆུ་ལ་བརྟེན་ནས་ནད་དང་ནད་མེད་གདོན་སོགས་ངོས་བཟུང་བ་ལ་བརྟགས་པ་རྣམ་པ་བརྒྱད་ཀྱིས་བསྟན་ཏེ།

དེ་ལ་སྔོན་འགྲོ་དང༌། བལྟ་བའི་དུས་དང༌། བླུགས་པའི་སྣོད་དང༌། ཆུ་ཇི་ལྟར་གྱུར་པའི་ཚུལ་དང༌། ནད་མེད་ཐ་མལ་གྱི་ཆུ་དང༌། ནད་ཆུ་དང༌། འཆི་ཆུ་དང༌། གདོན་ཆུ་སྟེ་ས་བཅད་རྣམ་པ་བརྒྱད་པོ་འདི་ནི་ཆུ་ལ་བརྟག་ཚུལ་གྱི་དོན་མདོར་བསྟན་པ་ཡིན་ནོ། །

ས་དཔྱད་དང་པོ་སྔོན་འགྲོ་ནི་སང་ཉིན་ཆུ་ལ་བལྟ་བའི་སྔ་རོལ་གྱི་ནུབ་མོ་དེ་ནས་ནུས་པ་བསིལ་བའི་རླུང་གི་ཆུ་མདོག་ཏུ་འཁྲུལ་པའི་ཇ་དང༌། མདོག་གི་བད་ཀན་གྱི་ཁ་དོག་ཏུ་འཁྲུལ་པའི་དར་བ་དང༌། ནུས་པ་དྲོ་བས་ཁྲག་མཁྲིས་སྐྱེད་ཅིང་མཁྲིས་པའི་ཁ་དོག་ཏུ་འཁྲུལ་གཞི་སྐྱེ་བའི་ཆང་དང་སིངས་པོ་ལ་སོགས་པ་བཏུང་བའི་རིགས་རྣམས་ཀྱི་རྐྱེན་གྱིས་ནད་མེད་ལ་གོང་དུ་བཤད་པའི་ནད་གཞི་ལྟ་བུའི་ཆུ་དང༌། ནད་ཅན་ལའང་ནད་ཆུ་ཚུལ་བཞིན་མི་འབྱུང་བར་ཆུ་མདོག་རྐྱེན་དང་མཐུན་པར་འགྱུར་བའི་ཕྱིར་ཧ་ཅང་མང་བ་སྤང་ཞིང༌། ཡང་སྐོམ་པར་ཡང་མི་བསྡད་པར་རྒྱུན་དུ་གང་འཐུང་ངོམ་རན་ཙམ་བསྟེན་པ་དང༌། ལུས་ཀྱི་སྤྱོད་ལམ་ཡང་བུད་མེད་དང་ལྷན་ཅིག་ཏུ་ཉལ་པོ་སྤྱོད་པ། གཞན་ཡང་དངས་མ་ཉམས་པར་འགྱུར་བའི་རིགས་དང་གཉིད་ཆག་པ། དྲག་ཤུལ་གྱིས་འགྲོ་བ་སོགས་ལུས་འཁྲུགས་པའི་རིགས་དང༌། སེམས་ལས་ཆེ་བ་སོགས་ཀྱིས་ཆུའི་ཁ་དོག་འཁྲུགས་པར་འགྱུར་བས་སྤང་བར་བྱ་ཞིང༌། ཉིན་མོ་ལས་མཚན་ལ་ཟས་མི་ཟ་བའི་དབང་དང་ཉིན་ཞག་རགས་པ་གཅིག་གི་དུས་ཀྱང་ཉིན་ཟོས་པའི་ཟས་སྐོམ་དེ་ཉིད་ནམ་ཕྱེད་ཕན་ཆད་ལ་ཞུ་བས་ཉིན་མོའི་ཟས་སྐོམ་གྱིས་ཆུའི་ཁ་དོག་བསྒྱུར་བས་ན་དེ་ཕན་གྱི་ཆུ་ཕྱིར་ཕོ་ལ། ནམ་སྨད་ཟས་སྐོམ་གྱི་ཆུ་ཆེར་མི་གནས་ཤིང་ཁོང་དུ་རྒྱུ་ལོང་ཁྲག་མཁྲིས་སོགས་ནས་ནད་དང་རིགས་མཐུན་གྱི་ཆུའི་ཁ་དོག་ཡུན་བསྲིངས་ཏེ་རིམ་གྱིས་འབྱུང་བས་ནམ་སྨད་ཟས་སྐོམ་མ་བྱས་པའི་ནད་ཆུ་དེ་ཕྱི་ལ་མ་བཏང་བར་ཁོང་དུ་བསགས་ཏེ་མཁའ་ལ་ཉི་ཤར་གྱི་དུས་དེར་བལྟ་བར་བྱའོ། །

རྩའི་སྐབས་ལྟར་ཆུ་ལ་བལྟ་བའི་དུས་དེ་ཡང་ངེས་ཅན་དུ་འདི་ལྟར་དགོས་ཏེ། ཆུ་མདོག་དང་རླངས་པ་ཆེ་ཆུང་དང༌། ཀུ་ཡ་སྲབ་མཐུག་སོགས་ལ་བརྟག་པ་གསལ་བའི་ཕྱིར། ཞོགས་པ་ཆུ་སྣོད་ལ་ཉི་མདངས་ཐོག་མར་བྱུང་དུས་བརྟག་དགོས་ལ། གློ་བུར་དུ་མི་གསལ་ན་མཐའ་གཅིག་ཏུ་མ་ངེས་སོ། །

སྣོད་ཀྱི་ཁྱད་པར་ཡང་འདི་ལྟར་དགོས་ཏེ། སྣོད་ཀྱི་ཁ་དོག་གི་དབང་གིས་ཆུའི་མདོག་མི་འགྱུར་བའི་ཕྱིར། དཀར་ཡོལ་ནང་དུ་སྔོ་དམར་གྱི་རི་མོ་སོགས་མདོག་སྣ་ཚོགས་པ་མེད་པའི་བཟང་པོ་དང༌། འཁར་གཞོང་དང༌། བཙས་མ་ཁྱེར་བའི་ལྕགས་དཀར་ལ་སོགས་པའི་ཁ་དོག་དཀར་པོའི་སྣོད་དངུལ་ཕོར་སོགས་ཆུ་མདོག་མི་བསྒྱུར་བའི་ནང་དུ་བརྟག་དགོས་ལ། དེ་མ་ཡིན་པའི་རྫ་དང༌། ཟངས་དམར་དང༌། ར་གན་ཏེ་ལྕུག་འགག་ལྟ་བུ་དང༌། ཁ་དོག་དམར་པོའི་ཡོལ་གོ་སྟེ་ཕོར་པ་རྩི་དམར་པོ་ཡོད་པའི་སྣོད་སོགས་ཀྱིས་ཆུ་མདོག་སྣོད་ཀྱི་ཁ་དོག་ཏུ་འགྱུར་བ་སྤངས་ནས་བལྟ་དགོས་པ་ཡིན་ལ། གཞན་ཡང་མཁས་པ་དག་སྣོད་དཔངས་མཐོན་པོའི་ཡོལ་གྱི་མདངས་དམར་པོ་ཆུ་ལ་ཕོག་ན་མདོག་འགྱུར་བས་སྤང་ཞེས་ཀྱང་གསུང་ངོ༌། །འོན་ཀྱང་རུང་བའི་སྣོད་དེ་ལྟ་བུ་མི་འགྲུབ་པ་སོགས་ཀྱིས་དམིགས་བསལ་དུ་རྫ་ཟངས་སོགས་མི་རུང་བའི་སྣོད་དེ་རྣམས་ཀྱི་ནང་དུ་ཡང་འཇག་མའམ། སོག་མ་དང་རས་དར་སོགས་དཀར་པོའི་རིགས་ཞབས་སུ་བཏིང་ན་སྣོད་ཀྱི་ཁ་དོག་ཅི་བྱུང་ཡང་ཁོ་རང་གི་སྟེང་དུ་ཤར་བའི་ཁ་དོག་ལས་དཔགས་ཏེ་ཆུ་པྲ་ཚུལ་བཞིན་མི་འབྱུང་ཡང་ཚ་གྲང་གསལ་བས་བརྟག་ཏུ་རུང་ལ། དཀྲུག་དགོས་ནའང་འཇག་སོག་ཤིང་བུ་ལྟ་བུ་དཀར་པོ་དེ་དག་གིས་རུང་བ་ཡིན་ནོ། །

ནད་དང་ནད་མེད་གང་གི་སྐབས་སུའང་བཤང་གཅི་གཉིས་ཀྱི་ཟླས་ཕྱེ་བའི་གཅིན་ནམ་ཆུའི་གྱུར་ཚུལ་ནི་འདི་ལྟར་ཡིན་ཏེ། ཟས་སྐོམ་གང་ཡང་ཕོ་བར་བད་ཀན་མྱག་བྱེད་ཀྱིས་མྱགས་པ་དང༌། མཁྲིས་པ་འཇུ་བྱེད་ཀྱིས་བཞུས། རླུང་མེ་མཉམ་གྱིས་དྭངས་སྙིགས་ཕྱེ་བ་ལས། སྙིགས་མ་རྣམས་རྒྱུ་མ་དཀར་པོའི་ནང་དུ་ཚུད་ནས་སླར་ཡང་བསྐ་བའི་ཆ་དང་སླ་བའི་ཆ་ཕྱོགས་གཉིས་སུ་ཕྱེ་བའི་སླ་བའི་ཆ་རྣམས་རྒྱུ་གྲོག་ཅེས་གཉེ་མའི་རྩ་དེའི་ནང་བརྒྱུད་ནས་ལྒང་པར་འདྲིལ་ཞིང་གསོག་པར་བྱེད་ལ། དྭངས་མ་ནི་ཕོ་བའི་ས་ནས་མཆིན་པའི་གནས་སུ་བརྒྱུད་དེ་གནས་དེར་ཁྲག་ཏུ་འགྱུར་ཞིང༌། ཁྲག་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ནི་ཤ་དང༌། ཁྲག་གི་སྙིགས་མ་ནི་མཁྲིས་པའི་སྣོད་ཀྱི་གནས་སུ་གསོག་ལ། མཁྲིས་པ་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ནི་ལུས་ཀྱི་ཆུ་སེར་དུ་འགྱུར་ལ། མཁྲིས་པ་དེའི་སྙིགས་མ་ནི་ཆུའི་ཀུ་ཡར་འགྱུར་ཏེ་ལྒང་པར་གསོག། དེ་ཡང་མཆིན་པ་ནས་རྒྱུ་རིམ་གྱིས་རྩ་མིག་འགྲིམས་ནས་ལྒང་པའི་ནང་དུ་ཆུ་དང་ལྷན་ཅིག་ཏུ་གསོག་པ་དེ་ནི་གོང་དུ་སོང་བ་ལྟར་ཟས་སྐོམ་གང་བྱས་དེ་ཉིད་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ་ནས་ཆུ་དང་ཀུ་ཡར་གྱུར་པས་ན། དེའི་ཕྱིར་ཆུའི་ཁ་དོག་དམར་སེར་དཀར་སྔོ་ཙམ་ལ་མཐའ་གཅིག་ཏུ་ངེས་པ་མེད་པར་ཟས་ཀྱིས་བསྒྱུར་བ་ཡང་སྲིད་ལ། ཀུ་ཡ་ནི་གོང་དུ་བཤད་པ་ལྟར་ཁྲག་དང་མཁྲིས་པའི་གནས་ནས་འབྱུང་བ་དེའི་ཕྱིར། བལྟ་བྱ་དེའི་ལུས་ལ་ཚ་བའི་ནད་རིགས་ཡོད་ན་ཀུ་ཡ་མཐུག་ཅིང་ཆེ་བ་དང༌། གྲང་བའི་ནད་རིགས་ཡོད་ན་སྲབ་ལ་ཆུང་བས་ཚ་གྲང་གང་ཡོད་ཆུའི་ནང་དུ་ཐོན་པའི་ཀུ་ཡ་དེ་ལ་རགས་པ་གསལ་བ་ཡིན་ཞིང༌། ཞིབ་པར་སྔ་སོར་ཚ་བའི་བཅོས་བྱས་པའི་རྗེས་སུ་ཀུ་ཡ་ཆུང་དུ་སོང་ན་ངེས་པར་ཚད་པ་ཡོད། བསིལ་བཅོས་ལན་མངས་ཀྱི་རྗེས་སུ་ཀུ་ཡ་ཆེ་རུ་སོང་ན་རླུང་གིས་དཀྲུགས་པ་ཡང་སྲིད་པས་ན། ཚ་གྲང་གང་ཡིན་ཕན་གནོད་གོམས་པའི་སྒོ་ནས་བརྟག་དགོས་སོ། །རྗེས་སུ་ཀུ་ཡ་ཡོད་མེད་ལས་ཚ་གྲང་ཤེས་པ་དཔེར་ན་ཡུལ་མང་པོར་ཕྱིན་པའི་ཚོང་པས་ཚོང་འདུས་འདི་ན་འདིའོ་ཞེས་གཏམ་དྲང་པོར་བརྗོད་པ་བཞིན་དུ་ཀུ་ཡ་དེ་ཡང་གཙོ་བོར་ཁྲག་མཁྲིས་ཀྱི་གནས་ནས་འོངས་ཀྱང་ཁྲག་མཁྲིས་ཀྱི་ཆ་ཤས་ཙམ་ནི་ལུས་ཟུངས་བདུན་ལ་སིམ་པས་ན། ཀུ་ཡས་ལུས་ཀྱང་འདུ་བ་འཕེལ་ཟད་འཁྲུགས་གསུམ་གྱི་གནས་ཚུལ་གསལ་བར་སྟོན་པ་ཡིན་ནོ། །

ནད་ཀྱིས་མ་སྦགས་པའི་ཐ་མལ་ལམ་བདེ་བར་གནས་པ་ཉེས་པ་སྙོམས་པ། འབྱུང་བ་སྙོམས་པ། རྣམ་པར་མ་གྱུར་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཏེ། ནད་མེད་དུ་གནས་པའི་ཆུ་ནི་འདི་ལྟར་བསྟན་པ་ཡིན་ཏེ། བཏང་མ་ཐག་པ་ཚན་མོའི་དུས་སུ་ཁ་དོག་དཀར་སེར་འབྲི་མར་གསར་པ་བཞུས་པ་འདྲ་བ་ལ་སླ་ཉམས་ཡོད་པ་སྦྲེ་དྲི་མནམ་པ་དང༌། རླངས་པ་ཧ་ཅང་ཆེ་བའང་མ་ཡིན་ཆུང་བའང་མ་ཡིན་པ་རླངས་པ་ཡུན་རིང་དུ་གནས་པ་དང་མྱུར་དུ་སངས་པ་སོགས་མ་ཡིན་པར་རིང་ཐུང་རན་པར་གནས་པ་དང༌། མེ་ཏོག་གམ་ལྦུ་བ་ཆེ་ཆུང་སྙོམས་པ་དང༌། ངད་ཡལ་དུས་སུ་ཀུ་ཡ་སྲབ་མཐུག་སྙོམས་ཤིང་ཁ་དོག་སྔོ་སེར་ཆུའི་བར་སྐབས་སུ་སྲབ་མོ་ཡམ་མེ་བས་སྟེང་འོག་སོགས་ཁྱོན་ཐམས་ཅད་དུ་ཁྱབ་པ་སྤྲིས་མ་ཡང་དབྱར་དུས་ཀྱི་ཀོ་མོ་རླུང་དྲག་པོའི་རྐྱེན་གྱིས་མ་བསླད་པའི་ཆུའི་སྤྲིས་མ་ཙམ་ཡོད་པ། རླངས་པ་དང་དྲོད་ཡལ་པའི་དུས་ན་སྣོད་ཀྱི་མཐའ་ནས་སྒོར་མོར་ལྡོག་ཅིང༌། ལོག་རྗེས་སུ་ཡང་ཁ་དོག་དཀར་སེར་ཤིན་ཏུ་དྭངས་པ་སྤྱི་དང༌། སྦྲུམ་མའི་ཆུ་མདོག་སྔོ་བ་མཚོ་འདྲ་བ་ལ་གཞན་གོང་ལྟར་འབྱུང་བ་རྣམས་ནི་ནད་མེད་ཡིན་ནོ། །དེ་ཡང་གོང་དུ་དེར་མ་འདུས་པའི་མི་གཙོར་བཟུང་ནས་གསུངས་ལ། རང་བཞིན་རླུང་དང་ན་སོ་རྒན་པོ་ཡུལ་ངད་ཅན་དུས་དབྱར་དགུན་སོགས་ལ་ཅུང་ཟད་སྔོ་ཉམས་ཆེ་བ་དང༌། དེ་བཞིན་རང་བཞིན་མཁྲིས་པ་ན་ཚོད་དར་མ་ཡུལ་ཚ་གདུང་དུས་སྟོན་སོགས་ལ་སེར་ཤས་ཆེ། རང་བཞིན་བད་ཀན་ན་སོ་བྱིས་པ། ཡུལ་རླན་སྣུམ་དུས་དཔྱིད་སོགས་སུ་དཀར་ཤས་ཆེ་ལ་གཞན་མ་གོང་ལྟར་དུ་འབྱུང་བས་ན་རིགས་པས་རྟོགས་པར་བྱ་དགོས་སོ། །

གོང་དུ་བཤད་པའི་ནད་མེད་ཀྱི་ཆུ་དེ་ལས་གོ་ལྡོག་པའི་ནད་ཆུ་དེ་ལ་སྤྱི་དང་བྱེ་བྲག་གི་དབྱེ་བའི་སྒོ་ནས་རྣམ་པ་གཉིས་སུ་ཡོད་ཅིང༌། ནད་ཆུ་སྤྱིའི་སྒོ་ནས་བརྟག་པ་ལ་བརྟག་པའི་དུས་གསུམ་དུ་བརྟག་ཚུལ་རྣམ་པ་དགུའི་སྒོ་ནས་བརྟག་པའི་དུས་གསུམ་ནི་ཚན་མོ་སྟེ་བཏང་མ་ཐག་པ་ཤིན་ཏུ་ཚ་བའི་དུས་དེ་དང༌། ངད་ཡལ་ཏེ་གྲང་དྲོ་བར་མའི་དུས་དང་གྲང་མོར་སོང་བའི་དུས་དང་གསུམ་ལ་བརྟག་ཚུལ་ཚན་མོ་དེའི་དུས་སུ་ཆུའི་མདོག་དང༌། རླངས་པ་དང༌། དྲི་མ་དང༌། མེ་ཏོག་བཞི་ལ་བརྟག་དགོས་ཏེ། དེ་ཡང་ཡུན་ལོན་ན་དྲི་ངད་མི་གསལ་བས་ཐོག་མར་དྲི་ལ་བརྟག་པ་གལ་ཆེའོ། །ངད་ཡལ་གྱི་དུས་སུ་ཀུ་ཡ་དང་སྤྲིས་མ་ལ་བརྟག་པ་གཉིས་ཏེ། སྤྲིས་མར་བརྟག་པ་ངད་ཡལ་ཁོ་ནར་མ་ངེས་མོད། འོན་ཀྱང་སྔ་མ་ངད་ཡལ་ནས་འབྱུང་བས་སོ། །གྲང་ཟིན་ནས་ལྡོག་པའི་དུས་ལ་བརྟག་པ་དང༌། ལྡོག་ཚུལ་ལ་བརྟག་པ་དང༌། ལོག་རྗེས་ལ་བརྟག་པ་གསུམ་སྟེ་བསྡོམས་པས་བརྟག་ཚུལ་རྣམ་པ་དགུར་ཡོད་ཅེས་སོ། །

དེ་ཡང་དང་པོ་དྲོད་ངད་མ་ཡལ་བ་ཆུ་བཏང་འཕྲལ་དྲོད་ཚ་བར་ཡོད་པའི་དུས་ཀྱི་ཁ་དོག་ལ་བརྟགས་ནས་ནད་ངོས་འཛིན་པ་ནི། ལུ་མ་ཞེས་པ་ན་གཤོངས་ཀྱི་ནང་ནས་སྐྱེས་པའི་ཆུའི་ཁ་དོག་ལྟར་དྭངས་ཤིང་སྔོ་ལ་སླ་བ་ནི་རླུང་གི་ནད་དང༌། སྐྱེར་ཤུན་གྱི་ཁུ་བ་ལྟར་སེར་ན་མཁྲིས་པའི་ནད་སྤྱི་རིགས་པའམ་ལོང་དུ་ལྷུང་བ་དང༌། འོ་མ་ལྟར་དཀར་ན་བད་ཀན་སྐྱ་བོ་སོགས་གྲང་བ་དང་མ་ཞུ་བའི་ནད་དོ། །ཟུངས་ཁྲག་ལྟར་དམར་ན་མཆིན་ཁྲག་རྒྱས་པ་སོགས་ཁྲག་གི་ནད་དང༌། རྒྱ་ཚོས་ཀྱི་ཁུ་བ་བཤལ་བའམ་རིན་པོ་ཆེ་ནལ་གྱི་མདོག་འདྲ་ཆུ་སེར་ཡིན། ཡང་ཁ་དོག་སྨུག་པོ་ལ་དུ་བ་བཏབ་པ་ལྟར་སྨུག་དུགས་སུ་འདུག་ན་བད་ཀན་སྨུག་པོ་ཡིན་པར་བརྟག་ལ། སྨུག་སྔོ་རླུང་ངམ་ཆུ་སེར། སྨུག་སེར་བད་མཁྲིས་འཐབས་པ། སྨུག་ནག་ཆུ་སེར་ནག་པོའམ་རིམས་དུག་གི་ཆུ་ཡིན་ནོ། །གོང་གི་ཆུ་མདོག་དེ་རྣམས་ཁ་དོག་གཉིས་འདྲེས་པ་ན་སྔོ་སྐྱ་བད་རླུང༌། སྔོ་སེར་རླུང་མཁྲིས། སྔོ་དམར་རླུང་ཁྲགསེར་སྐྱ་བད་མཁྲིས། དམར་སེར་ཁྲག་མཁྲིས། དཀར་དམར་བད་ཁྲག་སོགས་ལྡན་པའི་ནད་དང༌། སྔོ་སེར་དཀར་དམར་བཞིའི་ཁ་དོག་གི་ཆ་ཤས་འདྲེས་ན་འདུས་པའི་ནད། མར་ནག་སྟེ་འབྲུ་མར་གྱི་ཁ་དོག་འདྲ་ན་ཏྲེ་ཏྲེ་ཧོ་ལ་སོགས་པའི་རིམས་དང་མཁྲིས་པའི་ནད་རྒྱས་པའི་ཆུ་རུ་བཤད། ཁ་དོག་དམར་སེར་གང་ཡང་རུང་བ་ལ་བསྐ་བ་སྟེ་གར་བ་དང༌། དུགས་རྔམས་ཆེ་བ་འདུག་ན་འགྲམས་རིམས་སམ་ཚ་བ་རྒྱས་པ་སོགས་འཁྲུགས་ཀྱི་ཆུ་ཡིན་ཏེ། དེ་ཡང་དམར་ཤས་ཆེ་ན་འགྲམས་དང༌། སེར་ཤས་ཆེ་ན་འཁྲུགས་ཆུར་བཟུང་ལ། ཆུ་མདོག་སྣག་ཚ་ལྟར་གནག་གམ་ཆུ་གཅིག་ཏུ་རྟག་མི་ཐུབ་པ་དང༌། འཇའ་ཚོན་འདྲ་བ་དང༌། ཡང་ན་མན་རྒྱུད་ནས་འབྱུང་བ་ལྟར་ས་འོག་ཏུ་འཁར་སྣོད་ཁ་སྦྱར་བའི་ནང་དུ་དྲི་ཆུ་བླུགས། རླངས་པ་ཕྱིར་མ་དོན་པར་བསུབ། ནང་པར་བལྟས་པས་ས་རྡོ་རིན་ཆེན་སྔོའི་ཕྱེ་མ་སྦལ་སྒོང་ལྟ་བུ་ནག་སྙིགས་འཇའ་ཚོན་འདྲ་བ་དང་ཡང་ན་དྭངས་སངས་སོགས་ཟངས་ལ་བྱུགས་པ་དང༌། རྡོ་འཁར་གོང་ལ་བྱུགས་ན་ནག་པོར་འགྲོ་བ་ནི་དུག་གི་ནད་རིགས་གང་རུང་ཞིག་ཡིན་ནོ། །མདོག་ནག་ཆད་པ་ནི་བད་ཀན་སྨུག་པོའམ་ཆུ་སེར་ནག་པོ་རླུང་དང་བསྡོངས་པའོ། །རླངས་པ་ཆུ་ཚན་ལྟར་ཤིན་ཏུ་ཆེ་བ་ཆུའི་ཁ་དོག་ཀྱང་བསྒྲིབས་པ་ལྟ་བུ་བྱུང་ན་ཚ་བ་རྒྱས་པའི་ཆུར་ངོས་འཛིན་ཅིང་འབྲིང་དང་ཆུང་བ་སོགས་རིག་པས་དཔག་གོ། །ཡང་རླངས་པ་འཕྲལ་དུ་མིག་སྔར་ཆུང་ལ་ཆུ་དེར་ཡུན་རིང་དུ་གནས་ཤིང་སྡོད་ན་ཚ་བ་གབ་པའམ་ཡང་ན་རྙིངས་ཚད་དུ་བཟུང་ཞིང༌། རླངས་པ་གཞི་ནས་ཆུང་ཞིང་ཡུན་ཐུང་ངུ་ཞིག་ནས་སངས་འགྲོ་ན་བད་ཀན་ནམ་རླུང་ནད་དམ་གྲང་བའི་ཆུ་ཡིན་ནོ། །རླངས་པ་དེ་རེས་ཆེ་བ་དང་རེས་ཆུང་བར་གྱུར་ན་ཚ་གྲང་གི་ནད་འདྲེས་མ་ཡིན་པར་བརྟག་པར་བྱའོ། །ཆུའི་དྲི་མ་དེ་ཡང་རླུང་ལ་གཡའ་དྲི། མཁྲིས་པར་གསུར་དྲི། བད་ཀན་ལ་ཤིག་དྲི། འདུས་པར་ཚིལ་དྲི། ཁྲག་ལ་ཁྲག་དྲི། ལྷོག་པར་ཀླད་དྲི། དམུ་ཆུ་ལ་ལབ་ལོའི་དྲི་མ། རྣག་ལ་རྣག་དྲི་སོགས་འོང་ལ། རགས་པ་ནི་དུགས་ལ་དཀུ་ན་ཞེས་དྲི་དེས་ཕོག་པ་ཙམ་གྱིས་དབང་པོའི་ཡུལ་དུ་མི་སྡུག་ཅིང་ཞེན་པ་ལོག་པས་སླར་མྱང་བར་མི་འདོད་པ་ནི་ཚ་བ་ཆེ་བའི་རྟགས་དང༌། དྲི་མ་སྣོམ་པའི་ཚེ་གཏན་ནས་མེད་དམ་ཅུང་ཟད་ཆུང་ངུ་ཞིག་ཡོད་ན་གྲང་བ་ཡིན་ཞིང༌། ཆུ་ལ་ཟས་ཀྱི་དྲི་མནམ་ན་ཤའམ་རྩམ་པ་ལ་སོགས་ཀྱི་དྲི་མ་གང་མནམ་པའི་ཟས་དེ་ཉིད་མ་ཞུ་བའོ། །ལྦུ་བ་ཁ་དོག་སྔོ་ཞིང་མཛོའི་མིག་ལྟར་འབུར་ལ་ཆེ་བ་ནི་རླུང་གི་ནད་ཡིན་ཏེ། དེར་ནག་ངམས་བྱུང་ན་སྨིན་པར་བཤད་ཅིང༌། སྔོན་པོ་ཆུང་བ་བྱུང་ན་བད་ཀན་གློར་ཞུགས། ཆེ་འདྲིལ་དཀར་བ་མཆེར་པར་རླུང་ཞུགས་སྦོ་འཁྲོག་འཁྲུ་བའི་ནད། དེ་བཞིན་དུ་ལྦུ་བ་ཕྲ་ཞིང་ཆུང་ལ་སིབ་སིབ་མང་བ་ཁ་དོག་སེར་ལ་འཕྲལ་འཕྲལ་སངས་པ་སྐྱེན་པའམ་མྱུར་དུ་ཞིག་འགྲོ་ན་མཁྲིས་པ་ཡིན། ཡང་ལྦུ་བ་མཆིལ་མ་ཆུ་ནང་དུ་བཏབ་པ་འདྲ་ཞིང་ཡུན་དུ་སངས་མི་འགྲོ་ན་བད་ཀན་གྱི་ནད། ལྦུ་བའི་ཁ་དོག་དམར་ན་ཁྲག་འཁྲུགས་ཀྱི་ནད་དང༌། འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་པ་འདྲ་ན་སྦྱར་བ་སོགས་ཀྱི་དུག་ནད་ཡིན། ཕུག་རོན་གྱི་ཁྱུ་ཁྲས་ཕྱོགས་ངེས་མེད་དུ་གཏོར་བ་ལྟར་ལྦུ་བ་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་གཏོར་བ་འདྲ་ན་ཚ་གྲང་གང་ཡིན་ཀྱང་བྱེར་བའི་ནད་ཡིན་ནོ། །

བརྟག་དུས་བར་པ་ཆུའི་ཚ་ངད་ཡལ་བའི་དུས་སུ་ཀུ་ཡ་ཞེས་དྲི་ཆུའི་ནང་དུ་བལ་ལྟ་བུའམ། རྡུལ་ལམ་སྤུ་སོགས་ཆུ་རང་མ་ཡིན་པའི་རྫས་ཟུར་པ་ཞིག་ཤོར་བ་འདྲ་བ་སྤྲིན་ལིང་ལིང་བ་དེ་ལ་ཀུ་ཡ་ཞེས་བྱ་སྟེ། དེ་ཡང་ཆུ་ནང་དུ་ཀུ་ཡ་རའི་སྤུ་གཏོར་བ་དང་འདྲ་བ་འཇག་སོག་སོགས་ཀྱིས་ལེན་ཐུབ་པ་འདྲ་བ་ལ་དོན་དུ་མེད་ན་རླུང་གི་ནད་དང༌། བལ་འདབ་འཇམ་པོ་ཆུ་ནང་དུ་བསྐྱུར་བ་དང་འདྲ་བ་ཆུའི་དཀྱིལ་ལ་ཡོད་ཅིང་མཐར་ཆེར་མེད་པ་ལིང་ལིང་སྡོད་པས་ཆུ་སྣོད་ཀྱི་གཏིང་ན་ཡོད་པའི་གཟུགས་དབྱིབས་དེས་སྒྲིབས་ནས་མི་ཤེས་པ་ནི་ཁྲག་མཁྲིས་ཀྱི་ནད་ཡིན་ཞིང༌། ཀུ་ཡ་རྟ་དཀར་པོའི་སྤུའི་རྩེ་མོ་ལྟ་བུར་ཆུང་ལ་མིག་གིས་བལྟར་མི་བཟོད་པ་ཆུ་ནང་དུ་གཏོར་བ་འདྲ་བ་ནི་བད་ཀན་སྐྱ་བོའམ་གྲང་བའི་ནད་དང༌། ཀུ་ཡ་སྤྲིན་པ་འདྲ་བ་ཞེས་མདོག་དཀར་སྔོ་ངམས་ནག་པའི་ཆའང་ཅུང་ཟད་ཡོད་པ་སྣེ་ནར་ཉམས་ལིང་ལིང་པོར་ཆགས་ན་གློ་བར་ཚད་པ་སོགས་ནད་ཞུགས། ཀུ་ཡ་རྣག་དང་འདྲ་ན་རྣག་དེ་ཉིད་དུ་ཡོད། ཀུ་ཡ་བྱེ་མ་འདྲ་བ་སིབ་སིབ་སྔོ་སྐྱར་ཡོད་ན་མཁལ་ནད་ཡོད་པ་ཡིན་ཞིང༌། ཞར་བྱུང་ལྷང་ཚེར་དང་གསེར་བྱེ་འདྲ་ན་མཁལ་མའི་རྩ་སྦུབས་འགགས་པས་ཉལ་པོ་མི་ནུས་སོ་ཞེས་དང༌། གསེར་བྱེ་འདྲ་བའི་སེ་ཉིག་གེ་བ་བྱུང་ན་ཚེ་རིང་ངོ་ཞེས་ཀྱང་མན་ངག་འགའ་ལས་བཤད་དོ། །གནས་པའི་ཁྱད་པར་ནི་གོང་དུ་བཤད་པའི་ནད་རིགས་སོ་སོའི་ཀུ་ཡ་གང་ཡང་ཆུའི་སྟེང་དུ་གནས་ན་སྙིང་ག་ཡན་ཏེ་གློ་སྙིང་དང༌། དེ་བཞིན་དུ་འོག་ཏུ་གནས་ན་ལྟེ་བ་མན་རགས་པ་མཁལ་མ་རྒྱུ་ལོང་ལྒང་ཕུག་ཆུ་སོ་སོགས་དང༌། བར་དུ་གབ་ན་སྙིང་གནས་ལྟེ་བའི་བར་མཆིན་པ་མཆིན་དྲི་མཁྲིས་པ་མཆེར་པ་སོགས་གང་ན་གནས་པའི་ཚུལ་གྱིས་ནད་ཀྱང་དེ་བཞིན་དུ་ཡོད་པར་བརྟག་ལ་ཀུ་ཡ་ཁ་ཞབས་ཀུན་ཏུ་ཁྱབ་ན་སྙོམས་པ་ནད་མེད་འདུས་པ་ཞེས་ཀྱང་བཤད་ཅིང༌། ཀུ་ཡ་ཞོ་ཤི་འདྲ་བའི་ཁ་དོག་དཀར་ལ་སིབ་བུ་དུམ་བུར་ཆད་པས་ཆུའི་སྟེང་ཐམས་ཅད་དུ་ཁྱབ་ན་རླུང་གིས་ལུས་ཟུངས་ཚ་གྲང་དཀྲུགས་པ་ཡིན་ཞིང༌། མདོར་ན་ཀུ་ཡ་མཐུག་པ་ཚ་བ་དང་སྲབ་པ་གྲང་བ་ལས་ཚ་གྲང་གི་ནད་ཀྱང་གོ་རིམ་བཞིན་དུ་ཤེས་པར་བྱ་བ་དང༌། ཀུ་ཡའི་ཁ་དོག་ནི་ཆུ་མདོག་ལ་གང་བྱུང་བ་དེ་ལྟར་འབྱུང་བར་འགྱུར་རོ། །གཞན་ཡང་ཟླ་བའི་རྒྱལ་པོ་ལས་བཤད་པའི་མདོག་དང་ཀུ་ཡ་ཟུང་གི་རྟགས་སྙིང་པོར་བསྡུས་པ་ནི། ཆུ་མདོག་དམར་ཞིང་ཀུ་ཡའང་དམར་བ་སྟེང་དུ་བྱུང་ན་གློ་སྙིང་ནད་དམ། ཡང་ན་རིམས་མེ་ལྟར་ཚ་བས་གློ་སྙིང་ཀླད་པ་ལྡང་དུབ་ཀྱི་ནད་དང༌། བར་དུ་བྱུང་ན་མཆིན་ཁྲག་རྒྱས་པ། ཞབས་སུ་བྱུང་ན་མཁལ་མཆེར་ནད་དམ། ཡང་ན་རིམས་རྨོངས་བུའམ་དོན་སྣོད་འཁྲུགས་པ། ཆུ་མདོག་ཁམ་ནག་དང་ཀུ་ཡ་ཤ་ཁུའི་རྙོག་མའམ། ཤ་རུལ་འབུས་ཟོས་པའི་སྙིགས་འདྲ་ན་མཆིན་འགྲམས་དང་ནང་དུ་ཁྲག་ངན་སོང་བ་ཡིན་ཅིང༌། དེ་ཡང་སྟོད་སྨད་ནི་གོང་ལྟར་དང༌། ཆུ་དང་ཀུ་ཡ་ཁྲག་རླངས་འདྲ་ན་མཆིན་འགྲམས་ཀྱི་ནད། ཆུ་དང་ཀུ་ཡ་དཀར་ན་གྲང་བ། ཆུ་དང་ཀུ་ཡ་དཀར་དམར་འདྲེས་ན་ནད་ཀྱི་རིགས་འདྲེས་མ་ལ་ཆུ་མདོག་རྒྱ་སྐྱེགས་ལྟར་ལ་ཀུ་ཡ་སྟེང་དུ་བྱུང་ན་ཀླད་པ་ལྕི་ཞིང་མགོ་འཁོར་གློ་སྙིང་མི་བདེ་རེངས། བར་དུ་བྱུང་ན་མཁལ་མཆེར་ལ་རླུང་ནད་ཞུགས་པ་ཡིན་ལ། ཞབས་སུ་བྱུང་ན་རྒྱུ་ལོང་ཞུགས་སྦོ་འཁྲོག་འཁྲུ་བ་སོགས་བྱུང་ངམ་འབྱུང༌། དེ་བཞིན་ཆུ་མདོག་སེར་ལ་ཀུ་ཡ་སྟེང་དུ་བྱུང་ན་རླུང་ཚད་གློ་སྙིང་ལ་ཞུགས་པའི་སྨྱོ་འབོག་གི་ནད་བར་དུ་བྱུང་ན་རླུང་ཚད་ཤ་རུས་ཀྱི་ནད་དང་འཐེང་གྲུམ་ཤ་སྐམ་གྱི་ནད། ཞབས་སུ་བྱུང་ན་རྒྱུ་ལོང་ཚ་སྦོ་འཁྲོག་ཕྱི་ས་འགགས་པ་ཆུ་སེར། ཀུ་ཡ་སེར་རྐྱང་བྱུང་ན་མཁྲིས་པ་ཤ་གཡའ། ཆུ་དང་ཀུ་ཡ་སེར་སྐྱར་བྱུང་ན་ཤ་སེར་མིག་སེར་བཅོས་བཏུབ། ཆུ་སྐྱ་ཀུ་ཡ་ཐུམ་ཐུམ་ཕག་ཟེ་འདྲ་བ་སྟེང་དུ་བྱུང་ན་བད་ཀན་སྐྱ་བོ་ཀླད་སྟེང་དང་གློ་སྙིང་མི་བདེ། བར་དུ་བྱུང་ན་ཕོ་མཆིན་དང༌། ཞབས་སུ་བྱུང་ན་རྒྱུ་ལོང་ཆུ་སེར་ནད། ཆུ་དང་ཀུ་ཡ་ནག་ན་དུག་དང་རིམས་རྨོངས་བུའི་ནད་དབུས་སམ་དཀྱིལ་དུ་བྱུང་ན་ནད་སྨིན། ཆུ་ལྗང་ནག་དང་ཀུ་ཡ་ལྗང་ན་ཁོང་ན་དུགཆུ་དང་ཀུ་ཡ་སྔོ་ན་བུད་མེད་སྦྲུམ་མའི་ཆུ། ཆུ་སེར་ཀུ་ཡ་ནལ་ནལ་བྱུང་ན་རྐེད་པར་རྨ་ཡོད། སེར་རམ་སྐྱ་བ་སོགས་ཇེ་དམར་ལ་སོང་ན་ཆུ་སེར་རྒྱས་པའོ། །ལོག་རྗེས་སུའང་བརྟག་རུང་བའི་སྤྲིས་མ་ཞེས་འོ་མའི་སྟེང་དུ་འོང་བ་ལྟར་ཆུ་སྟེང་དུ་འབྱུང་བ་དེ་ཡང་སྲབ་ན་གྲང་བ་དང་མཐུག་ན་ཚ་བ་ཡིན་ལ། སྤྲིས་མ་འཇག་སོག་སོགས་ཀྱིས་ཚུར་ལ་བླངས་ཏེ་སེན་མོའི་ཁ་དང་གྲི་ལྟ་བུའི་སྟེང་བཞག་ཏུ་བཏུབ་ན་ནི་ཞག་རྒོད་ཅེས་བྱ་སྟེ་ཚད་པ་ཆེན་པོ་རང་ཡོད་པའི་ངེས་པ་མེད། དེ་ཉིད་མེར་བསྲེགས་པའི་ཚེ་གསུར་དྲི་བྱུང་ན་བཅོས་མི་དགོས་པར་རང་བཞིན་གྱིས་འཚོ་བ་ཡིན་ལ། གསུར་དྲི་མ་བྱུང་ཚེ་ལུས་ཟུངས་ཞུ་བ་ཡིན་པས། དེ་ལ་སླེ་ཏྲེས་བྲག་ཞུན་ཀནྚ་ཀ་རི་སོགས་ཀྱི་ཐང་གཏོང་བར་ཡང་བཤད། ཆུ་མ་འཁྱོམས་པས་སྤྲིས་མ་རྐྱེན་མེད་པར་དུམ་བུར་ཆད་ན་ཕྱི་ནང་བར་སྐྲན་གང་རིགས་ཀྱི་ནད་ཡིན་ཞིང༌། གཞན་ཡང་སྤྲིས་མའི་གཟུགས་གང་བྱུང་བ་ལས་དེ་དང་མཚུངས་པའི་གདོན་ངོས་བཟུང་བར་བྱ་སྟེ། འདིའི་ཚུལ་རྒྱས་པར་འོག་ཏུ་འཆད་པ་ཡིན་ནོ། །

བརྟག་དུས་ཐ་མ་ཆུ་དེ་ལྡོག་པའི་དུས་རླངས་མ་ཡལ་བར་ཚན་མོའི་དུས་ནས་ལྡོག་པ་ནི་ཚ་བ་དང༌། རླངས་པ་ཡལ་རྗེས་གྲང་ནས་ལྡོག་པ་ནི་གྲང་བ་ཡིན་ཞིང༌། རླངས་པ་ཡལ་བ་དང་ལྡོག་པ་གཉིས་དུས་མཚུངས་ན་ཚ་གྲང་སྙོམས་པའོ། །དུས་ཀྱི་དབྱེ་བས་དགུན་བཏང་འཕྲལ་ལྡོག་པ་དང༌། སྟོན་དཔྱིད་ཅུང་ཟད་འདས་ནས་ལྡོག་ཅིང༌། དབྱར་ཉི་དྲོས་ཙམ་སྟེ་ལྡོག་པ་བུལ་བར་བཤད་པ་ནད་མེད་དང་དེ་ལས་ལྡོག་པ་ནད་ཆུ་ཡིན་ཞེས་སོ། །ཆུ་དེ་ལྡོག་པའི་ཚུལ་ནི། སྤྱིར་བརྟེན་པ་ཆུའི་ངོ་བོ་དེ་ལ་སྲབ་མཐུག་མེད་པ་ཡིན་མོད་ཀྱང༌། རྟེན་སྣོད་ལ་གཏིང་རིང་བའི་དཀྱིལ་སོགས་ཆུ་རྔམས་མཐུག་པའི་ས་ནས་མ་ཡིན་པར་སྣོད་ཀྱི་མཐའ་སོགས་གང་སྲབ་པའི་ངོས་ཀྱི་མཐའ་ནས་རིམ་གྱིས་ལྡོག་པ་ནི་གྲང་བ་ཡིན་ལ། ཆུའི་གཏིང་ནས་ཡར་ལོང་ལོང་པོར་ལྡོག་པ་ཚ་བ་གསར་པ་དང༌། མཐའ་ནས་དབུས་སུ་རྐང་ཤར་ཤར་དུ་ལྡོག་པ་རྙིངས་པའི་ཚད་པ་ཡིན་ཞིང༌། ཆུ་སྤྱི་ལྡོག་པའི་སྣའམ་སྔོན་ལ་ཆུའི་བར་སྐབས་སུ་རྩི་ཆོལ་གྱི་བྱུང་སྟེ་ཀུ་ཡ་ལྡོག་ཅིང༌། དེ་རྗེས་ཆུ་ལྡོག་ན་ཚ་གྲང་འཐབ་པའི་ནད། གཞན་ཡང་མི་ལྡོག་པར་དམིགས་བསལ་ནི་ལུས་ཀྱི་སྟོད་སྨད་ཕྱི་ནང་དུ་ཚ་བ་བྱེར་བ་དང༌། གྲང་བའི་ནད་རིགས་ཡུན་ལོན་པའམ་གྲང་འཁྲུ་འབྱམས་པ་དང༌། གདོན་ཤས་ཆེ་བའི་ཆུ་གསུམ་དང་གཞན་ཡང་ཉལ་པོ་དྲགས་པ་དང་ཆུ་སེར་ནག་པོ་དེ་ནི་ལྡོག་པར་མི་འགྱུར་རོ། །ནད་མེད་པ་ལ་གཞི་ཆུ་མི་འགྱུར་བ་ལས་ཁམས་མ་སྙོམས་པར་གྱུར་ཚེ་དེའི་མོད་ལ་ཆུ་ལྡོག་ན་སྐྱོན་ཆེ། མི་ལྡོག་པ་ཐ་མལ་ནད་མེད་ཀྱི་ཆུ་ཡིན་པས་དེ་ལྟ་བུའི་དམིགས་བསལ་དངོས་སུ་མ་བསྟན་ཀྱང་ཤུགས་ཀྱིས་རིགས་པར་སྦྱར་རོ། །ཆུ་དེ་ལོག་པའི་རྗེས་ཀྱི་ཁ་དོག་དེ་ལ་ཚན་མོའི་དུས་བཤད་པའི་ནད་གཞི་གང་ཡིན་པ་དེའི་ཆུ་མདོག་འབྱུང་བས་ལེགས་པར་བལྟ་དགོས་ཏེ། དེ་ཡང་བསྐ་བའམ་གར་བ་ན་ཚ་བ་དང་སླ་ན་གྲང་བའི་ཆུ་ཡིན་ནོ། །

དེ་ནས་བྱེ་བྲག་ཏུ་བརྟག་པ་མདོར་བསྡུས་ན་ཚ་བའི་ཆུ་དང་གྲང་བའི་ཆུ་ཞེས་པ་གཉིས་འདུས་ཏེ། ཚ་བའི་ཆུ་ཡི་ཚ་མོའི་དུས་ཁ་དོག་དམར་རམ་ཡང་ན་སེར་པོ་ངོ་བོ་བསྐ་བ་སྟེ་གར་ལ་དྲི་མ་དུགས་པ་དང་རླངས་པ་ཆེ་ཞིང་ཡུན་རིང་བ། ལྦུ་བ་ཕྲ་བ་སྟེ་ཆུང་བ་ཁ་དོག་སེར་ལ་སངས་པ་སྐྱེན་པ་དང༌། སྤྲིས་མ་མཐུག་ཅིང་ཀུ་ཡ་དེ་ཡང་ཆུའི་དཀྱིལ་དུ་ལིང་གིས་འདྲིལ་ཞིང་དྲོད་དང་རླངས་པ་མ་ཡལ་བའི་ཚ་མོའི་དུས་ཉིད་དུ་ལོག་པར་བྱེད་ཅིང༌། ལོག་རྗེས་ཀྱི་ཁ་དོག་ཀྱང་སྨུག་ལ་གར་བ་དེ་ནི་ཚ་བའི་ཆུ་འཁྲུལ་མེད་ཡིན་ནོ། །གྲང་བའི་ཆུ་ནི་ཚ་མོའི་དུས་ཁ་དོག་དཀར་རམ་ཡང་ན་སྔོ་ལ་ངོ་བོ་སླ་བ་དང༌། རླངས་པ་དང་དྲི་མ་ཆུང་ལ་ལྦུ་བ་ཆེ་ཞིང་སངས་བུལ་བ་དང་སྤྲིས་མ་དང་ཀུ་ཡ་སྲབ་ཅིང་ཆུ་དེ་གྲང་བའི་རྗེས་སུ་ལྡོག་པ་དང༌། ལོག་རྗེས་ཀྱི་ཁ་དོག་ཀྱང་སྔོ་ལ་སླ་བ་ནི་གྲང་བའི་ཆུ་འཁྲུལ་མེད་ཡིན་ནོ། །གཞན་ཡང་འཁྲུལ་སོ་ཆུ་ནི་ཁ་དོག་དཀར་སྔོ་གྲང་བ་ལྟར་འདུག་ནའང་ཀུ་ཡ་མཐུག་པར་བྱུང་བའི་ཆུ་དེ་ནི་ལྟར་སྣང་དུ་གྲང་བ་བཞིན་སྣང་ཡང་ཀུ་ཡ་མཐུག་པར་བྱུང་བའི་དབང་གིས་གཏིང་ན་ཚ་བ་ངེས་པར་ཡོད་པའི་ཆུ་ཡིན་ནོ། །དེ་བཞིན་དུ་ཁ་དོག་དམར་སེར་ཚ་བའི་ཆུ་ལྟར་འདུག་ནའང་དྲི་མ་ཆུང་ཞིང་ཀུ་ཡ་མེད་པ་དེ་ནི་ལྟར་སྣང་ཙམ་དུ་ཚ་བ་བཞིན་སྣང་ཡང་དྲི་ཆུང་ཀུ་ཡ་མེད་པས་ངོ་བོ་གྲང་བའི་ཆུ་ཡིན་ནོ། །ཚ་ཆུའི་མཚན་ཉིད་ཁ་དོག་དམར་སེར་སོགས་གཞན་རྣམས་ཚང་བ་ལ་དྲོད་རླངས་ཡལ་ཏེ་གྲང་ནས་ལྡོག་པས་བུལ་བ་དང༌། གྲང་བའི་ཆུའི་མཚན་ཉིད་ཁ་དོག་དཀར་སྔོ་སོགས་གཞན་རྣམས་ཚང་བ་ལ་དྲོད་རླངས་མ་ཡལ་བ་ནས་འཕྲལ་དུ་ལྡོག་པར་སྐྱེན་པ་ནི་ཚ་བ་གབ་པའི་ནད་དུ་ཤེས་པར་བྱའོ། །ཁ་དོག་དམར་སེར་སོགས་ཡོད་པ་ཚ་བའི་ཆུ་ལ་མེ་ཏོག་མེད་ན་ཚ་བ་ཁོང་དུ་ཤོར་ཞིང་བྱིང་བ་དང༌། ཁ་དོག་དཀར་སྔོ་སོགས་ཡོད་པ་གྲང་བའི་ཆུ་ལ་མེ་ཏོག་མེད་ན་གྲང་ནད་ཡུན་ལོན་པའམ་འཁྲུ་བ་འབྱམས་པའི་ཆུ་ཡིན་ནོ། །ཚ་བའི་ཆུའི་མཚན་ཉིད་གོང་བཞིན་ལ་སྤྲིས་མ་ལྷག་པར་དུ་མཐུག་ན་ཚད་པས་ལུས་ཟུངས་ཞུ་བའི་ཞག་ཡིན་ཅིང༌། དེ་བཞིན་དུ་གྲང་བའི་ཆུའི་མཚན་ཉིད་གཞན་ཚང་ལ་སྤྲིས་མ་མཐུག་ན་ཚ་བ་མ་ཡིན་པར་མར་མ་ཞུ་བར་ངེས་སོ། །མ་ཞུ་བའི་ཆུ་ནི་ཟླ་བའི་རྒྱལ་པོ་ལས། འོ་མའི་སྤྲིས་འདྲའི་ཞག་ཆད་ན་མར་མ་ཞུ། སྦྲང་འདྲའི་ཞག་ཆད་པ་ནི་མར་དང་འོ་མ་མ་ཞུ་མདོག་ཁམ་པར་འདུག་ན་ཤ་མ་ཞུ། སྒོང་སྤྲིས་སེར་ཞུན་འདྲ་ན་ཚིལ་དང་བཅུད་མ་ཞུ་ཞེས་སོ། །ལར་ན་ནད་རིགས་སོ་སོ་འཁྲུལ་སོའི་ཆུ་ནི་སྟོངས་ཚད་དམར་དྭངས་སླ་ལ་ལྦུ་བ་ཆེ་བ་ཅུང་ཟད་ཡོད། ཁྲག་ཚད་ཆུ་དམར་སྙོག་གར་བ་ཀུ་ཡ་རླངས་ཆེ་བ་ལྦུ་བ་ཆུང་བ་འོང་བ་གཉིས་ཀྱི་དབྱེ་བ་དེ་ལྟར་ཡོད་ཀྱང་དེ་གཉིས་ཀ་ཁ་དོག་དམར་པོར་འབྱུང་བས་འཁྲུལ། བད་ཀན་སྨུག་པོའི་ཆུ་སྨུག་ལ་གར་ཞིང་དུབ་པ་འོང་བ་དང༌། ཆུ་སེར་ནག་པོའི་ཆུ་སྨུག་པོ་དྭངས་བ་རྒྱ་བཤལ་མདོག་ལྟར་ལ་དྲི་ཆུང་འོང་བ་གཉིས་དབྱེ་བ་དེ་ལྟར་ཡོད་ཀྱང་དེ་གཉིས་སྤྱིར་ཁ་དོག་སྨུག་པོར་བྱུང་བས་འཁྲུལ། མཁལ་མའི་ནད་ཆུ་དམར་པོའམ་ཡང་ན་དམར་ཉོག་ཀུ་ཡ་གཏིང་དུ་གནས་པ་འོང༌། མཆིན་པའི་ནད་དུ་དམར་ནག་གམ་ཡང་ན་དམར་སྐྱ་ཀུ་ཡས་ཁྱབ་ཅིང་དྭངས་པ་འོང༌། མཆེར་པའི་ནད་ཆུ་དམར་ལྗང་ངམ་ཡང་ན་དམར་དྭངས་ཀུ་ཡ་བར་ན་ཡོད་པ་གསུམ་དབྱེ་བ་དེ་ལྟར་ཡོད་ཀྱང་སྤྱིར་ཁ་དོག་དམར་པོར་བྱུང་བས་འཁྲུལ། གབ་ཚད་ཆུ་སྔོ་ལ་ལྦུ་བ་ཕྲ་ཞིང་སངས་སྐྱེན་ཀུ་ཡ་མཐུག་པ་འོང༌། བད་རླུང་ཆུ་སྔོ་ལ་ལྦུ་བ་ཆེ་ཞིང་དལ་བ་ཀུ་ཡ་མེད་པའམ་ཡང་ན་ཀུ་ཡ་སྲབ་ལ་ལྦུ་བ་རྟག་པར་འོང༌། གྲང་བའི་ཆུ་སྔོ་སྐྱ་སླ་བ་འོང་བས་དབྱེ་བ་དེ་ལྟར་ཡོད་ཀྱང་དེ་གསུམ་ག་ཁ་དོག་སྔོན་པོར་བྱུང་བ་ཙམ་གྱིས་འཁྲུལ་སོ་ཡོད་པས། དེ་དག་མ་འཁྲུལ་བར་ནད་ངོས་སོ་སོར་བཟུང་དགོས་ལ། འདིར་ཚད་པ་ཤས་ཆེ་བའི་ནད་པར་ཆུ་མདོག་དཀར་སྔོ་གང་བྱུང་ཡང་གྲང་བའི་ངེས་པ་མེད་ཅིང་གཉན་ཚད་གཏིང་དུ་གབ་པའང་སྲིད། གྲང་རླུང་ཤས་ཆེའི་ནད་པ་ལ་ཆུ་མདོག་སེར་དམར་གང་བྱུང་ཡང་ཚད་ནད་ཡིན་པའི་ངེས་པ་མེད་ཅིང་སྨན་གྱི་སད་མདས་བརྟག་དགོས་པར་གཅེས་སོ། །

འཆི་བའི་ཆུ་དེ་ནི་ཁ་དོག་ཁྲག་དང་འདྲ་བ་ལ་དྲི་མ་ཀོ་བ་རུལ་པ་ལྟར་མནམ་པས་ནད་དེར་ཚ་བའི་སྨན་དཔྱད་ཟས་སྤྱོད་གང་གིས་བཅོས་ཀྱང་སྐྱེད་མེད་ཅིང༌། ཆུ་དེའི་དྲི་མདོག་སོགས་གང་ཡང་མི་འགྱུར་ན་ཚ་བའི་ནད་ཀྱིས་འཆི་ཆུ་ངེས་པར་ཡིན་ཏེ། དེ་བཞིན་དུ་ཚ་བའི་ནད་ལ་ཆུའི་མཚན་ཉིད་ཁ་དོག་དམར་སེར་ཚད་རྟགས་ཚང་བ་ལ་ཚད་པའི་བཅོས་ཐབས་ཆུ་བཞི་བསྟེན་པ་སོགས་བྱས་ཀྱང་ཀུ་ཡ་སངས་ནས་མི་ལྡོག་ན་ཚ་བའི་ནད་ཀྱིས་འཆི། ཁ་དོག་སྔོ་ཞིང་དྲི་མ་རླངས་པ་ཀུ་ཡ་མེ་ཏོག་སྟེ་ལྦུ་བ་མེད་པ་དང༌། ཆུ་ལ་རོ་བྲོ་བ་གང་ཡང་མེད་པའི་ནད་དེ་ལ་གྲང་བའི་བཅོས་མེ་བཞི་བསྟེན་པ་སོགས་བཅོས་ཀ་བྱས་ཀྱང་ཆུ་དེའི་ཁ་དོག་སོགས་གང་ཡང་མི་འགྱུར་ན་གྲང་བའི་ནད་ཀྱིས་འཆི་ཆུ་ཡིན། ཚོགས་པ་སྟེ་ཚོད་མ་ཆད་པ་འདྲ་བས་ཆུ་མདོག་སྔོ་ནག་ལ་དྭངས་སྙིགས་བྱེ་བའི་རྣམ་པ་རྩིས་འཐོར་བ་དང་ཆུ་རིས་ཤར་ཡོད་ན་རླུང་གི་ནད་ཀྱིས་འཆི། ཆུ་རྩའི་ཁུ་བ་ཆད་པ་དང་འདྲ་བའི་དྭངས་སྙིགས་བྱེ་ན་མཁྲིས་པའི་ནད་ཀྱིས་འཆི། མཚལ་ཀོང་བུ་སོགས་སྣོད་ནང་དུ་སྦྱར་བ་ཆད་པ་དང་འདྲ་ན་ཁྲག་གི་ནད་ཀྱིས་འཆི། འོ་མ་ཤི་བ་དང་འདྲ་ན་བད་ཀན་སྐྱ་བོའི་ནད་ཀྱིས་འཆི། སྣག་ཚ་ཆུས་སྦྱངས་པ་ཆད་པ་དང་འདྲ་བའི་དྭངས་སྙིགས་བྱེ་ན་དུག་རིགས་གང་བྱུང་གི་ནད་ཀྱིས་འཆི། མཁལ་མ་ལ་ཚ་གྲང་གི་ནད་ཡོད་ན་དྲི་ཆུ་ཁོང་ནས་ལྡོག་པ་སྲིད་པས་འཆི་ཆུ་མ་ཡིན་ལ། མཁལ་མར་ནད་གཞི་གང་ཡང་མེད་པར་ཚ་གྲང་རླུང་གསུམ་གྱིས་བསྡུས་པའི་ནད་རིགས་གང་ལའང་ཁོང་ནས་ཆུ་ལོག་ན་མིང་འདུ་བ་ཁོང་རུལ་ཞེས་བྱ་སྟེ་ཕལ་ཆེར་འཆི་བའི་ཆུ་ཡིན་ནོ། །

འཆི་ཆུ་དེ་ཡང་གོང་དུ་མ་འཐུས་པ་ཟླ་བའི་རྒྱལ་པོ་ནས་གསུངས་པ་ནི། ནག་པོ་རྔ་མ་འཁྲུགས་འདྲ་དང༌། ཆུ་སྨུག་འབྱུང་བ་དཀའ་ལ་དྲི་མནམ་ན་འཆི། དྲི་མ་དང་པོ་མི་མནམ་ལ་ཡུན་རིང་ནས་མནམ་པ་ནི་ཁོང་དུ་ནད་རུལ་མྱུར་དུ་འཆི། སངས་ནས་མི་འཁྲུག་ན་ཁ་དོག་ལ་མ་ལྟོས་པར་འཆི། ཆུ་ཚིག་རུལ་ཆད་ལ་འཆི། བྱའི་ཁྲག་ལྟར་ཤིན་ཏུ་དམར་བ་ཁྲག་ཆད་པ་སྟེ་འཆི། དམར་སེར་ལྡོང་རོས་འདྲ་བ་མཁྲིས་པ་ཆད་པ་སྟེ་འཆི། ཁྲག་ཚོད་འདྲ་བ་བད་ཀན་སྨུག་པོ་ཆད་པས་འཆི། ཀླད་པ་བསྙེས་འདྲ་བད་རླུང་ཆད་པས་འཆི། བྱེལ་ཀླད་ལྟར་ཚིགས་མང་བ་རླུང་ཆད་པས་འཆི། མཐིང་ནག་ནི་དུག་གམ་ཆུ་སེར་ནག་པོས་འཆི། ཆུ་རྩ་ཆུ་ཞག་འདྲ་ན་ཤ་རུས་རྐང་ཞུ་བས་འཆི། མར་འདྲའི་ཞག་བྱུང་ན་མགོ་རྐང་ཆུ་བ་ཤ་རུས་ལ་རིམས་ཚད་ཞེན་པས་འཆི། ཆུ་དཀར་འགྱུར་མི་ཐུབ་ན་འཆི། དམར་པོ་རྩུབ་ཉམས་བྱུང་ན་འཆི་ཞིང༌། ཆུར་ཀུ་ཡ་མེད་ཀྱང་ལྡོག་དུས་ལྡོག་ན་སྐྱོན་མེད། ཀུ་ཡ་མེད་ཅིང་མ་ལྡོག་པ་རྣམས་མདོག་ལ་མ་ལྟོས་པར་ཕལ་ཆེར་འཆིའོ། །དེ་དག་ལེགས་པར་བརྟག་པར་གཅེས་སོ། །གཞན་ཡང་ཐོག་མར་བཏང་བའི་དུས་དང་ཕྲ་སྦོམ་མཚན་མ་ནས་འོང་བ་འདྲ་བར་ཕོ་བའི་སྒྲ་ལ་བརྟག་པ་ནི། ཤོབ་ཤོབ་ཟེར་ན་རླུང༌། ཅུར་ཅུར་ཟེར་ན་མཁྲིས་པ། ཏིག་ཏིག་ཟེར་ན་བད་ཀན་དང་ལྡན་དང་འདུས་པ་གོང་ལས་ཤེས། རེས་སྒྲ་ཆེ་བ་རེས་མེད་པའམ་ཆུང་ན་གདོན་ཡོད་པ་ཡིན། རོ་ནི་མངར་བ་རླུང༌། ཁ་བ་མཁྲིས་པ། སྐྱུར་བ་བད་ཀན། ལྡན་འདུས་གོང་ལྟར་ཤེས་པར་བྱ་ལ། བད་ཀན་སྨུག་པོར་སྦྲེ་ཤའི་བྲོ་བ་འདྲ་བ་དང༌། དུག་ལ་ཟངས་སམ་འཁར་བའི་གཡའི་བྲོ་བ་འབྱུང་ལ། དམུ་ཆུར་སྐྱུར་ཞིང་གཏིང་ན་ཚ་བའོ། །རིམས་ཚད་ནི་ཁ་ཞིང་འཁྲིལ་ལ་མཚུལ་པ་ཚ་བ་དང༌། གཉན་ལྷོག་ནི་ས་རུལ་གྱི་ཁུ་བའི་རོ་བྲོའོ། །རེག་བྱ་ལུས་ལ་བྱུགས་ན་སྐམས་ན་རྩུབ་པ་རླུང༌། སྐམས་ནས་ཚ་བ་མཁྲིས་པ། སྐམས་ནས་འཇམ་པ་བད་ཀན། དྲོད་ཀྱི་སྒོ་ནས་ཚ་བ་ཁྲག་མཁྲིས། གྲང་བ་བད་རླུང་དུ་བཟུང༌། རྒྱང་ཆུ་ནི་སྣོད་ཆུ་མདོག་མི་འགྱུར་བར་ཉུང་མའམ་ཟན་གྱིས་ཁ་བཅད་པགས་པས་དྲིལ། བལྟ་དུས་དྲི་ཆུའི་དྲོད་ཙམ་མེ་མདངས་ཀྱིས་བསྲོས། བུམ་པའི་ནང་ནས་ཕོ་མོའི་མཚན་མ་ནས་གཏོང་བའི་ཚད་བར་སྣང་ལ་འཕྱར་ཞིང་གོང་བཞིན་དེའི་སྒྲ་ལ་བརྟགདེ་ནས་རགས་ཙམ་ཆུ་ཚད་ལྡན་ལྟར་བལྟ་བར་བྱའོ། །

གདོན་ཆུ་བརྟག་ཐབས་ཀྱི་ཚུལ་འདི་གཙུག་ལག་སྤོར་ཐང་དང་མཐུན་པར་གསུངས་ཤིང༌། གཙུག་ལག་གི་ལུགས་སུ་གནས་ཆགས་སྲིད་སྤྲུལ་བཤད་པ་སོགས་རུས་སྦལ་ལྔ་དང༌། དེ་ཡང་ཕོ་སྦལ་ཐབས་ཀྱི་རང་བཞིན་ཁ་བུབ་མཆོད་རྟེན་གྱི་རིས་དང༌། མོ་སྦལ་ཤེས་རབ་ཀྱི་རང་བཞིན་གན་རྐྱལ་པདྨའི་རིས་སུ་གནས་པར་བཞེད་ལ། དེ་ཡང་ཟླ་བའི་རྒྱལ་པོ་ལས། གང་ནས་བཏང་བ་ཤར་གྱི་ཕྱོགས། །སྐྱེས་པ་ཕོ་ལ་བརྟག་པར་བྱ། །བུད་མེད་ནུབ་ཀྱི་ཕྱོགས་སུ་བརྟག། ཆུ་ནི་ཁ་བུབ་གན་རྐྱལ་ལོ། །ཞེས་སྐྱེས་པ་ཁ་བུབ་ཏུ་གནས་པར་མོ་སྦལ་གྱི་རྣམ་པའི་ཆུ་གན་རྐྱལ་དང༌། བུད་མེད་གན་རྐྱལ་དུ་གནས་པར་ཆུ་ཕོ་སྦལ་གྱི་རྣམ་པའི་ཁ་བུབ་ཏུ་བརྩི་བར་གསུངས་ཤིང༌། རྒྱུད་འདིར་གང་བཏང་ཤར་དུ་བརྩི་བ་དང༌། རུས་སྦལ་གན་རྐྱལ་དུ་གནས་པ་ཕོ་གཙོ་ཆེ་བའི་དབང་དུ་བཤད་ནས་མོ་གོ་ལྡོག་ཏུ་ཤེས་པར་གསུངས་པ་ལྟར། དང་པོ་ངོས་འཛིན་པའི་ཡུལ་སྣོད་ཀྱི་ཕྱོགས་ནི། ནད་པས་གང་ནས་བཏང་བའི་ངོས་དེ་ཕོ་ལ་ཤར་ཕྱོགས་ཤིང་དང༌། མོ་ལ་ནུབ་ཕྱོགས་ལྕགས་སུ་བརྩི་བ་ནི། བསྒུལ་བསྐྱོད་མི་འོང་བའི་སྣོད་ལ་ཉི་མདངས་འཆར་ས་ཅིག་ཏུ་ཕོ་ཡིན་ན་ཁ་ནུབ། བུད་མེད་ཤར་ལ་ཁ་བལྟས་ནས་དྲི་ཆུ་འཚགནད་པས་མ་ལྕོགས་ན་ཆུ་བཏང་ཕྱོགས་དེ་ཉིད་ཕོ་ཤར་མོ་ནུབ་ཏུ་ངོས་བཟུང་ནས། ཆུ་བཏང་འཕྲལ་མ་འཁྱོམས་པར་བྱས་ནས་ཁ་བསྒྱུར་བའམ་མ་ནོར་བར་བརྩི་བར་བྱའོ། །དེ་ལྟར་སྣོད་ཀྱི་ནང་དུ་བཏང་བའི་ཆུ་དེ་ནི་སྲིད་བའི་རུས་སྦལ་ཕོ་ལ་མོ་སྦལ་གན་རྐྱལ་མོ་ལ་ཕོ་ཁ་བུབ་ཏུ་གནས་པའི་དབྱིབས་སུ་ཡོད་པ་ཡིན་ལ། དེའི་མགོ་བོ་ནི་ཆུ་བཏང་ས་ཤར་ནུབ་གང་དུ་བརྩིས་ཀྱང་ལྷོར་བསྟན་ལ་འཇག་སོག་ལྟ་བུ་བཞིས་རྒྱ་གྲམ་དུ་ཐིག་བཞིར་བཏབ་པའི་ས་རེའུ་མིག་དགུར་བཅད་པར་བྱ་དགོས་ཏེ། དེ་ཡང་ཆུ་འཚག་གོང་དུ་སྣོད་ཁ་སྒོར་དེར་ཆ་བགོས་ནས་ཐིག་ལམ་ཕོག་ས་བརྒྱད་པོར་སྤྲ་ཚིལ་ལྟ་བུ་སྦྱར་བའམ། དེ་ལྟར་མ་ལྕོགས་ཀྱང་བཏང་ཕྱོགས་མ་ནོར་བ་ནས་ངོས་བཟུང་བའི་འཇག་སོག་འཁྱོག་དང་སྦོམ་ཕྲ་མེད་པ་བཀལ་བར་བྱའོ། །དེ་ཡང་རུས་སྦལ་དེ་ཁ་བུབ་གན་རྐྱལ་གང་ཡིན་ཀྱང་གཞོགས་གཡས་གསུམ་གྱི་རང་ངོས་དང་པོ་ཕོ་ཤར་ལྷོ་མཚམས་དང༌། མོར་ལྷོ་ནུབ། ལག་གཡས་ཀྱི་ལིང་ཚེ་ནི་ལྷ་ས། གཉིས་པ་ཕོ་ཤར་མོར་ནུབ་རྩིབ་ལོགས་གཡས་ཀྱི་ལིང་ཚེ་མི་ས། གསུམ་པ་ཕོར་བྱང་ཤར་མོ་ལ་ནུབ་བྱང་རྐང་གཡས་ཀྱི་ལིང་ཚེ་གདོན་གྱི་ས་དང༌། རུས་སྦལ་གྱི་གཞོགས་གཡོན་གསུམ་གྱི་རང་ངོས་དང་པོ་ཕོར་ལྷོ་ནུབ་མོར་ཤར་ལྷོ་ལག་གཡོན་གྱི་ལིང་ཚེ་དུར་ས། གཉིས་པ་ཕོར་ནུབ་མོར་ཤར་རྩིབ་ལོགས་གཡོན་གྱི་ལིང་ཚེ་ཁང་ས། གསུམ་པ་ཕོར་ནུབ་བྱང་མོར་བྱང་ཤར་རྐང་པ་གཡོན་གྱི་ལིང་ཚེ་ཞིང་གི་སའི་རེའུ་མིགདབུས་གསུམ་གྱི་དང་པོ་ལྷོ་མགོའི་ལིང་ཚེ་ནི་ཕོའི་ཕ་མེས་དང་མོའི་མ་ཕྱིའི་ས། གཉིས་པ་དབུས་བྱང་ཁོག་གི་ལིང་ཚེ་རང་དང༌། གསུམ་པ་བྱང་མཇུག་མའི་ལིང་ཚེ་ཕོ་མོ་གཉིས་ཀའི་བུ་དང་ཚ་བོའི་ས་ཡིན་པ་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ་བརྟག་པར་བྱ་བ་ཡིན་ནོ། །དེ་ལྟར་ལིང་ཚེ་དགུ་པོའི་ས་དེར་ལྦུ་བ་དང༌། ཀུ་ཡ་དང༌། ཁྱད་པར་སྤྲིས་མ་གཟུགས་བརྙན་གང་བྱུང་ངམ། གཞན་ཡང་ལྡོག་སྐྱེན་པ་སྟེ་མྱུར་དུ་ལོག་པ་དང་ལྡོག་པའི་ཚེ་གནས་དེར་སྣ་ནར་བའི་རིང་རྒྱང་གིས་བྱུང་བ་སྟེ་དལ་གྱིས་ལྡོག་པ་དང༌། ལར་ནས་མི་ལྡོག་པ་དང་གསུམ་གྱི་སྒོ་ནས་ཀྱང་བརྟག་པར་བྱའོ། །དེ་ཡང་ལྦུ་བ་སྤྲིས་མ་ཀུ་ཡ་སོགས་ལ་བརྟག་པའི་ཚུལ་ནི་ཉ་མིག་ལྟ་བུ་དང༌། ཆུ་དེ་ལ་གཡོ་འགུལ་མ་བྱས་ཀྱང་སྲུབས་ཡོད་པ་དང་འདྲ་བའི་ཀུ་ཡ་སྤྲིས་མ་སོགས་དང་ལྦུ་བ་གང་དུ་བྱུང་བ་དེ་ལ་བརྟག་པར་བྱ་བ་ཡིན་ནོ། །དེ་ཡང་ལྷ་སར་བྱུང་ན་ཕ་མེས་སམ་རང་གིས་བསྟེན་པའི་ལྷ་སྲུང་གནོད་པས་བསྐང་བཤགས་སོགས་བཅོས་དགོས། མི་སར་བྱུང་ན་གྲེ་བོ་ཕོ་དང་གྲེ་མོ་གནོད་ཅིང་དེ་ལ་རྫོངས་སོགས་ཀྱིས་བཅོས། གདོན་སར་བྱུང་ན་སྲིད་པའི་སྤྱི་འདྲེ་ཞེས་འཇིག་རྟེན་གྲགས་ཆེའི་དགེ་བསྙེན་རྒྱལ་པོར་མིང་ཆེ་བའི་རིགས་རྣམས་གནོད་པས་དེ་དག་གང་ལ་གང་འོས་ཀྱི་མདོས་གཏོར་སོགས་ཀྱིས་བཅོས། ཕ་མེས་སམ་མོར་མ་ཕྱིའི་སར་བྱུང་ན་ཕ་མེས་སོགས་མི་ངོ་སྔོན་མ་འདྲེར་སྐྱེས་པ་ཁང་ཞིང་ནོར་ལ་ཆགས་པའི་འདྲེ་དང༌། ཕ་རོལ་ནས་མི་གཞན་གྱིས་རྦད་ཅིང་བསྐུལ་བའི་འདྲེ་གནོད་པས་མཚུན་ལྷ་གསོལ་བ་དང་ལན་ཆགས་གཏོར་མ་མདོས་སོགས་ཀྱིས་བཅོས། རང་སར་བྱུང་ན་སྙིང་ཉེ་བའི་ཕོ་མོ་གང་རིགས་གྲོགས་ཀྱི་གོས་འདྲེ་འགོས་ཤིང་གནོད་པས་འདྲེ་ཁ་བསྒྱུར་བ་དང་བསྐྲད་ལས་སོགས་ཀྱིས་བཅོས། བུ་ཚའི་སར་བྱུང་ན་ཞང་ཉེ་དང་མ་དང་སྲུ་མོའི་ཕྱོགས་ཀྱི་འདྲེ་གནོད་པས་ཡས་གླུད་དེ་ཕྱོགས་སུ་སྐྱེལ། ཁང་སར་བྱུང་ན་ཁང་པའི་ཀླུ་གཉན་ས་བདག་སོགས་དང༌། དུར་སར་བྱུང་ན་དུར་སྲི་ལངས་པ་དང་དུར་མ་བདེ་བ་དང་དུར་ཉེས་སོགས་དང༌། ཞིང་སར་བྱུང་ན་ཞིང་གི་གླུ་གཉན་ས་བདག་སོགས་གང་བྱུང་བའི་ཕྱོགས་དེ་ནས་གནོད་པར་ངོས་འཛིན་ཞིང༌། དེ་དང་དེ་ལ་འཚམ་པའི་རིམ་གྲོ་ཁང་ཞིང་སར་བུམ་གཏེར། གཉན་ཡོ་བཅོས་ས་བདག་གདོན་འགྲོལ་སོགས་དང༌། དུར་ས་དུར་སྤོ་སོགས་བྱའོ། །

གཞན་ཡང་ལིང་ཚེ་དགུར་བཅད་པའི་ཕྱི་མ་བརྒྱད་ཀྱི་ཤར་ངོས་དེ་ཉིད་དུ་གང་གི་ལྦུ་བ་སོགས་བྱུང་ན་རྒྱལ་པོ་དང་གཉན་གནོད་ཅིང༌། ལྷོ་རུ་བྱུང་ན་བཙན་གྱི་རིགས་དང་མ་མོའི་རིགས་གནོད་ལ། ནུབ་ཏུ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་གནོད་དེ། བྱང་དུ་བྱུང་ན་མཚོ་ལ་གནས་པའི་སྨན་མོ་དང་ཀླུ་སྲིན་གནོད། ཤར་ལྷོར་བྱུང་ན་རྒྱལ་པོ་དང་བཙན་དང་གྲེ་མོ་སོགས་གནོད། ལྷོ་ནུབ་མཚམས་སུ་བྱུང་ན་བཙན་དང་བདུད་དང་ནག་སྨུག་སྟེ་མ་མོ་དང་བདུད་འདྲེས་པའི་རིགས་སམ། ཁ་ཅིག་ནི་ནགས་ལ་གནས་པའི་སྨན་མོར་འདོད་པ་སོགས་ཡོད་ཀྱང༌། དོན་མ་མོ་ནག་སྨུག་གི་རིགས་དེ་ལྟ་བུ་གནོད། ནུབ་བྱང་མཚམས་སུ་བྱུང་ན་ཀླུ་བདུད་དང་ཀླུ་སྲིན་གནོད། བྱང་ཤར་མཚམས་སུ་བྱུང་ན་ས་བདག་དང་རིགས་འཛིན་ཏེ་རིགས་བརྒྱུད་ཀྱིས་བསྟེན་ཅིང་ལྷར་འཛིན་པ་ཞེས་འགའ་ཞིག་གྲུབ་པའི་གདོན་གནོད་པར་འདོད་པས་དེ་དག་རྣམས་ལ་སོ་སོའི་བཅོས་ཐབས་བྱའོ། །ལོག་པའི་ཚུལ་དེ་ལ་ཡང་རླུང་འཚུབ་འདྲ་ན་བདུད་མོ་གནོད། དབུས་སུ་མཐོངས་ནག་བྱུང་ན་བན་བོན་གྱི་སྲུང་མ་གནོད། དཀར་པོ་བྱུང་ན་རྦད་པའི་ལྷ་གནོད། རྩ་བ་ནག་ལ་རྩེ་མོ་དཀར་པོ་རི་འདྲ་བྱུང་ན་སྲུང་མ་བསྟེན་པ་འཁུ་བ། པདྨ་ལྟར་ལོག་ན་སྲུང་མ་ཁྲོས། ཟླ་བ་ལྟར་ལོག་ན་རྒྱུན་དུ་རང་བསྟེན་པའི་ཡི་དམ་འཆག རིན་ཆེན་ལྟར་ལོག་ན་མི་གཙང་བ་འདྲེས། རྡོ་རྗེ་ལྟར་ལོག་ན་བླ་མའམ་སློབ་དཔོན་གྱི་སྲུང་མ་ཁྲོས། གྲུ་གསུམ་ལྟར་ལོག་ན་བྱད་ཁ་ཟུག་པ་ཡིན།

འོན་ཀྱང་ལོག་པའི་རྗེས་ཆུ་དེ་མ་འཁྱོམས་པར་རྒྱང་ཙམ་བཞག་ལ་ཉི་མའི་མདངས་ཐོག་མའམ་མིན་ཀྱང་ཤར་བ་བྱས་ལ་ཆུ་ཕོག་པའི་ཚེ་ཆུ་ནང་དུ་ཤར་བ་འདྲ་བའི་གཟུགས་སོ་སོ་ལ་གདོན་གྱི་ངོས་བཟུང་བ་ནི། འདི་ལྟར་རྨ་བྱའི་མདོངས་འདྲ་ན་སྤྱིར་ལྷ་མོར་གྲགས་པའམ་གོང་བཤད་ནག་སྨུག་གནོད། བ་དན་ཏེ་འཕན་མགོ་གྲུ་གསུམ་པ་ལྕེ་དང་བཅས་པ་འཕྱར་བ་འདྲ་ན་འཇིག་རྟེན་གྱི་མགོན་པོ་གནོད། ལྕགས་སྒྲོག་གི་ལུ་གུ་རྒྱུད་འདྲ་ན་ལྷ་མོ་རེ་མ་ཏྰི་མཆེད་ལྔའམ་གསུམ་སོགས་པའི་འཁུ་ལྡོག་གིས་དེའི་འཁོར་གནོད། མདུང་གི་རྩེ་མོ་དང་རལ་གྲིའི་གཟུགས་འདྲ་ན་ཕོ་ལྷ་སྟེ་གཙོ་བོར་འགོ་ལྷ་ལྔའི་ཕོ་ལྷ་དང་རྗེའི་མགུར་ལྷ་བཅུ་གསུམ་དང་སྲིད་པའི་ལྷ་རབས་སོགས་དཀར་ཕྱོགས་ཀྱི་ལྷ་གནོད། ར་སྐྱེས་ཏེ་ར་ཐུག་པོའི་གཟུགས་འདྲ་ན་དགྲ་ལྷ་སྟེ་འགོ་ལྷ་ལྔའི་དགྲ་ལྷ་སོགས་གཡུལ་འགྱེད་དུས་གྲོགས་བྱེད་པའི་ལྷ་གནོད། ཤིང་ཤུག་པའི་སྡོང་པོ་དང་ཕུང་པོ་འདྲ་ན་ཡུལ་གང་ན་ད་ལྟ་གནས་པའམ་རང་སྐྱེས་ཡུལ་གྱི་ལྷ་གནོད། མེ་ཏོག་གམ་པདྨའི་དབྱིབས་འདབ་མ་གསུམ་ཕན་ཆད་འདྲ་ན་མ་ལྷ་སྟེ་རང་གི་མ་ཕྱོགས་ཀྱི་ལྷ་གནོད། ཞུན་མར་ཀྱིས་མདངས་འོད་སྒྲིབ་བྱེད་འོད་ཀོར་ཏེ་སྒོར་མོ་ལ་དཀར་པོ་དམར་སྔོའི་མདངས་དང་བཅས་པ་འདྲ་ན་རྒྱལ་པོ་གནོད། རྩིག་པའི་ཁུང་དུ་སྔ་དྲོ་ཉི་མའི་ཟེར་ཐལ་གྱིས་ཤར་བ་འདྲ་ན་བཙན་གནོད། དར་ལྕོག་གི་ལྕེ་ལྟར་དྲང་ཐད་དུ་ནར་ནར་བ་འདྲ་ན་ཀླུ་བཙན་གནོད། སྲོག་ཆགས་སྡིག་པ་འདྲ་ན་ཀླུ་བདུད་གནོད། ཤ་བའི་རུ་འདྲ་ན་ཡམ་ཤུད་དེ་བཙན་དང་རིགས་འདྲ་བའི་རྒྱལ་པོ་གནོད། གལ་ཏེ་སྟེ་ཕད་བུ་མགོ་སྦྲེལ་འདྲ་ན་ཐེའུ་བྲང་གནོད། མེ་ལོང་འདྲ་ན་ཞེས་འོད་འཁྱིལ་འཁྱིལ་སྒོར་མོ་སྣ་ལུང་ཡོད་སྙམ་བྱུང་ན་མཚོ་ལ་གནས་པའི་སྨན་མོ་གནོད། ཏམྦུ་ར་སྟེ་རྒྱུད་མངས་འདྲ་ན་བདུད་མོ་གནོད། སྲོག་ཆགས་ཉ་དང་དུང་དཀར་ལྕོང་མོ་སྦལ་པ་སྡོམ་རུས་སྦལ་འདྲ་ན་ས་བདག་གནོད། རྒྱ་མཚོའི་ཆུ་སྲིན་དང་སྦྲུལ་འདྲ་ན་ཀླུ་གདོན་གནོད། ན་བུན་དང་སྤྲིན་པ་འདྲ་ན་མི་གཙང་བའི་གྲིབ་རིགས་ལངས། མདའ་དང་འཕང་འདྲ་ན་གྲོ་བོ་ཕོ་མོ་སོགས་རིམ་པ་ལྟར་གནོད། མིག་མང་གི་རི་མོ་འདྲ་ན་ཞིང་ལ་གནས་པའི་འདྲེ་གནོད། ཕུར་པ་དང་ཡུངས་ཀར་རམ་མུ་ཏིག་སྤུངས་པའམ་བཀྲམ་པ་འདྲ་ན་གཞན་གྱིས་རྦད་པའི་ཕུར་ཁ་གནོད། མིའི་ཐོད་པ་འདྲ་ན་ཀླུ་ལ་གཏད་པའི་གཏད་མནན་གནོད། སྲོག་ཆགས་མ་ཧེ་དང་ཁང་ཁྱིམ་མིག་འདྲ་ན་དམ་སྲི་སྟེ་བན་སྔགས་ལས་མཐའ་ལོག་པའམ་དམ་ཚིག་ཉམས་པ་འདྲེར་སྐྱེས་པ་གནོད་པས་དེ་རྣམས་ཀྱང་གང་གིས་གནོད་པ་ཡིན་པ་དགུ་པོའི་ཕྱོགས་ལས་དཔགས་ཏེ་ཁ་དམར་གདགས་ཤིང་རམ་གྲོ་འབོག་པར་བྱའོ། །

གཡས་དང་པོ་ལྷ་སར་སྡིག་པ་དང་ཤ་རུ་སོགས་འདྲེ་ངོ་བྱུང་ན་འདྲེས་ལྟར་བརྫུ། གཡས་གསུམ་པ་འདྲེ་སར་མདུང་རྩེ་དང་ར་སྐྱེས་འདྲ་བའི་ལྷ་ངོ་བྱུང་ན། ལྷ་ཁྲོས་ཏེ་འདྲེ་རུ་གནོད་པར་ངོས་འཛིན་པ་སོགས་བརྟག་པ་གོང་དུ་བསྡུ་གང་ཐུབ་དེ་བཞིན་དང༌།

གཞན་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ནས་བཤད་པའི་སྙིང་པོ་རྣམས་བསྡུས་པར་གླིང་དགུ་པོ་དེའི་ཕྱོགས་ཤར་ཤིང༌། ལྷོ་མེ། ནུབ་ལྕགས། བྱང་ཆུ། མཚམས་དང་དབུས་ས་རུ་གསུངས་ཤིང༌། དེའི་མཚམས་རྣམས་ཀྱི་དྲང་པོར་ཡིད་ཐིག་བཏབ་པས་ཤར་གསུམ་དཔྱིད་དུ་བྱས་པའི་དཔྱིད། དེ་བཞིན་ལྷོ་དབྱར། ནུབ་སྟོན། བྱང་དགུན་བཞིར་བསྡུས་ཏེ་རེ་སྦྲའི་གུར་ཐག་གི་ཚུལ་འདྲའི་ཐིག་རིས་དེ་ཐོག་ནས་འབྲས་བུ་སྟོན་པས་རེ་ཐག་བཞི་ཞེས་ཏེ། དེ་ཡང་དཔྱིད་ཀྱི་ཕྱོགས་སུ་ལྦུ་བ་སྤྲིས་མ་ཀུ་ཡ་སོགས་གཟུགས་དབྱིབས་ཉ་དུང་སྦལ་པ་འདྲ་བ་བྱུང་ན་ཀླུ་གཉན་གནོད་ཅིང་ཆུ་སེར་གྱི་ནད་དང༌། དེ་བཞིན་ཉ་མིག་སྦལ་མགོ། སྦྲུལ་ནག་འཁྱིལ་དང་སྦྲུལ་འདྲ་ས་བདག་གནོད། པི་ཝང་ཅང་ཏེའུ་གཞུ་འདྲ་ན་མ་མོ་བདུད་མོ་གནོད། ལྦུ་བ་ཆུ་འདྲ་ན་འདུས་པ་འཁྲུགས་ཏེ་འཆི། འོད་དང་པདྨ་རྡོ་རྗེ། གངས་ཤིང་སྡོང་རྣམས་འདྲ་ན་སྲུང་མ་ཁྲོས། ཟུར་གསུམ། ཕུར་པ། ཞགས་པ། ལྕགས་ཀྱུ་འདྲ་ན་གཞན་གྱིས་རྦད་མཐུ་ཡིན། ཐོད་པ་ཕུར་པ་འདྲ་ན་མ་མོ་བསྟེན་ན་འགྲུབ་པའི་གཞན་གནོད་པ་ཡིན། ཡུངས་ཀར། སྲན་མ། གྲི་གུག་འདྲ་ན་གཤིན་རྗེ་རྦད་པ་ཡོད། གསེར་གྱི་ཁ་དོག་འདྲ་ན་རྨ་ནད་སྣ་བདུན་འབྱུང༌། ཇེ་དམར་ཇེ་དམར་མྱུར་དུ་འཆི། ལྦུ་བ་ཁ་ཆུ་འདྲ་ན་མགོའི་ལྷ་བ་ཤོར། དམར་ལ་ཆད་པ་འདྲ་ན་ཡན་ལག་གི་ལྷ་བ་ཤོར། འོད་ཅན་རྩ་མདོག་བྱུང་ན་རྩའི་ལྷ་བ་ཤོར། གྲི་མདུང་རྩེ་དང་པདྨའི་འདབ་མ། རྒྱལ་མཚན་ལྟ་བུ་བྱུང་ན་སྲུང་མ་བསྟེན་པ་འཁུ་བ་ཡིན། ཟླ་དཀར་རམ་རྔའི་དབྱིབས་འདྲ་ན་སྨུག་མོ་གནོད། ཀུ་ཡ་སངས་ན་འཆི། ལང་ལིང་མེད་ན་བཟང༌། བྱུང་ན་འཆི། སྲན་མ་འདྲ་བ་བྱུང་ན་ལོ་དུས་འཆི། དར་འཕྱར་འཕན་འདྲ་དང༌། སྤྱང་རྗེས་གྲུབ་འདྲ་ཡུལ་ལྷ་ཁྲོས་པའོ། །དབྱར་གསུམ་ཕྱོགས་སུ་སྲུབས་འདྲ་ན་དུར་ས་སྟེ། ཉ་དང་ལུག་འདྲ་ཡང་དེ་ལྟར་དང༌། ཁ་དོག་དམར་སྨུག་མཆིན་ནད། སེར་ལ་ཁ་དོག་མི་གསལ་ན་རྒྱུ་མ་དམུ་ཆུས་གང༌། ཁ་དོག་སྣ་ཚོགས་བྱུང་ན་དུག་ཡིན། དམར་ལ་དྭངས་པ་འདུས་པ་འཁྲུགས། དམར་ན་ཁོང་དང་མཆིན་པའི་ནད། བ་མོ་ཉ་འདྲ་མྱུར་དུ་འཆི། དབུགས་ཀྱིས་གང་བ་འདྲ་ན་ནང་ཁྲོལ་གྱི་ནད། སེར་པོ་ལམ་བྱུང་ན་ལག་པ་ཞ། གཉིས་སུ་བྱུང་ན་རྐང་པ་ཞ། རའི་མིག་དང་སྤྱང་རྗེས་འདྲ་ན་བཙན་ཁྲོས། རྒྱ་ཧོར་ཧྭ་ཐབས་འདྲ་ན་ཆོས་དཀོར་གྱི་འདྲེ་གནོད། སེར་ལ་སྐུད་པ་འདྲ་ན་ཀླུ་གནོད། སྨྱུག་ཕོན་འདྲ་ན་བཙན་དང་བྲག་བསེན་གནོད། གྲུ་གསུམ་གྲུ་བཞི་མ་མོས་བསྡོངས་སློང་བད་ཀན་སྐྱ་བོའོ། །སྨུག་ལ་འཐིབས་པ་བད་ཀན་སྨུག་པོ། སྨུག་སེར་ནི་སྙིང་ལ་ཆུ་སེར་ཡོད། སྔོ་སྐྱ་གློ་ལ་ནད་འདུས་པ་དང༌། སྨུག་ནག་དང་སྔོ་ནག་དམར་སེར་མཆིན་པར་ནད་ཡོད། སྔོ་ལ་ནལ་བ་མཁལ་མར་ནད་དང༌། སྣོད་ལ་ཡང་དེ་ལྟར་སོ་སོར་ཡོད། སྟོན་གསུམ་པར། གུར་ཀུམ་མདོག་འདྲ་ན་ཕོ་བར་མཁྲིས་པ་ཡོད། ཆུ་རྩ་དང་འདྲ་ན་ལོང་ལ་བད་ཀན། ལྗང་གུ་བྱུང་ན་རྒྱུ་མར་བད་མཁྲིས། གསེར་ཕྱེ་འདྲ་ན་མཁྲིས་པ་ལུད། ལྷང་ཚེར་འདྲ་ན་ལྒང་ཕུག་ལ་ནད། ཁྱི་བྲུན་འདྲ་ན་དཀུའི་ནད། དེ་ལྟར་དོན་དང་སྣོད་འདྲ་བར་འཆད་ཅིང་སྦྲུལ་སྦལ་འདྲ་བ་ཀླུ་ནད། མཛོ་དང་ཕག་པ་འདྲ་ན་ས་བདག་གནོད། སྡིག་པ་འདྲ་ན་གཉན་དང་ས་བསེན་གནོད། མདོག་སྣུམ་དམར་བ། སེར་སྨུག སེར་བ་རྣམས་གཏར་ན་བཟང༌། སྔོ་སྐྱ་གཏིང་དཀར་ཁ་སེར་བ་བསྲེག་ན་བཟང༌། བུད་མེད་གཟུགས་དང་བུ་ཆུང་གཟུགས། རྐང་ལག་གཟུགས་དང་བྱ་ཡི་གཟུགས། གློག་དང་མགལ་མེ་འཁོར་འདྲ་མ་བདུད་གནོད། དགུན་གསུམ་ས་རུ་ཁ་བའི་མདོག་འདྲ་བྱུང་ན་ཀླད་པ་ཤོར། ཁྲག་ལམ་བྱུང་ན་ངན་ཞིང་ཀུ་ཡ་སངས་ན་ཟླ་བ་བཞིན་འཆི། རེངས་པ་རི་རྩེ་བྲག་འདྲ་ན་བདུད་གནོད། ཉི་མ་འདྲ་དང་ལྗང་གུ་ཀླུ་དང་བསྡོངས། སྦྲུལ་ལྕེ་དང་སྤྲིན་འདྲ་ན་ནད་དང་པོར་བད་མཁྲིས། ཐ་མར་རླུང༌། དུང་འདྲ་ན་སྨན་གནོད་བད་ཀན་གྱི་ནད། ཉ་མིག་ཡོས་ཀྱི་སྤོ་ཁ་བརྩེགས་པ་འདྲ་ན་ཆོས་དཀོར་གྱི་འདྲེ་གནོད། ཡང་རུས་སྦལ་གྱི་སྟོད་གསུམ་གྱི་ཐ་མ་གན་རྐྱལ་གྱི་ལག་པ་གཡས་གཡོན་དབུས་བད་ཀན་གྱི་ས་སྟེ་དེར་ཁ་དོག་སྐྱ་ལ་ཀུ་ཡ་སྨུག་པོ་བྱུང་ན་བད་ཀན་སྟོད་དུ་རྒྱས་པ་ཡིན། གློ་གཡས་གཡོན་གྱི་ཤར་ནུབ་ཀྱི་དཀྱིལ་དང༌། དབུས་ཀྱི་ལིང་ཚེ་བར་མ་མཁྲིས་པའི་ས་སྟེ་དེར་མདོག་སེར་ཞག་ཆགས་མཁྲིས་པ་ལུད། སྨད་རྐང་གཡས་གཡོན་དབུས་གསུམ་དུ་རླུང་གི་ཚ་བ། དེ་ཡང་བྱེ་བྲག་དབུས་བད་ཀན། རྐང་གཡས་མཁྲིས་པ། རྐང་གཡོན་རླུང་སྟེ་སོ་སོའི་མཚན་མ་མ་ནོར་བར་བརྗོད་དོ། །དཔག་བསམ་གྱི་རྩེ་མོ་སྟེ་ཁ་དོག་དབྱིབས་དང་བསྟུན་ནས་ནི་ཞེས་པ་ཆུར་ཆུ་རིས་ཀུ་ཤ་ཤད་པ་ལྟ་བུ་དེའི་ཤིང་རྩེ་གང་བསྟད་ཀྱི་འབྲས་བུ་བརྟག་པར་བྱ་བ་ཡིན་ཞིང༌། གལ་ཏེ་ཆུ་རིས་དེ་མི་གསལ་ན་དཔག་བསམ་ཤིང་མེད་རླུང་ལས་གདོན་གྱིས་དཀྲུགས་ཞེས་བྱའོ། །དེ་ཡང་དཔེར་ན་ཤར་ནས་བྱང་དུ་ཟུག་པ་དང༌། དེ་བཞིན་ལྷོ་ནས་ཤར། ནུབ་ནས་མཚམས། བྱང་ནས་ནུབ། དབུས་དང་མཚམས་ནས་ལྷོར་ཟུག་ན་མ་བུ་ལག་སྤྲེལ་ཞེས་སྤྱིར་བཟང་ཞིང༌། ཁྱད་པར་ཕ་མ་བླ་དཔོན་སོགས་རང་སྐྱོབ་པར་བཟང༌། བུ་སར་ཟུག་པ་སྟེ་ཤར་ནས་ལྷོར་ཟུག་པ་དང༌། དེ་བཞིན་ལྷོ་ནས་མཚམས། ནུབ་ནས་བྱང༌། བྱང་ནས་ཤར། དབུས་དང་མཚམས་ནས་ནུབ་ཏུ་ཟུག་ན་སྐྱེད་པའི་བུ་ཕྲད་དེ་སྤྱིར་བཟང༌། ཁྱད་པར་བུ་ཚ་སློབ་འཁོར་སོགས་རང་གིས་བསྐྱང་བའི་སར་བཟང༌། ཤར་ནས་མཚམས་སམ་གྲོགས་སར་ཟུག་པ་སྟེ་ཤར་ནས་མཚམས་སུ་ཟུག་པ་དང༌། ལྷོ་ནས་ནུབ་ཏུ་ཟུག་པ་དང༌། དེ་བཞིན་ནུབ་ནས་ཤར། བྱང་ནས་ལྷོ། དབུས་དང་མཚམས་ནས་བྱང་དུ་ཟུག་པ་བྱུང་ན་གྲོགས་ནོར་ལོངས་སྤྱོད་དང་ཕྲད། ཤར་ནས་ནུབ་ཏུ་སོང་ན་དགྲ་སར་ཟུག་པ་སྟེ་དགྲ་དང་ཕྲད་ཅིང་རང་གི་སར་འབྲིང༌། རང་རང་ཐ་མའི་དུས་འཆི་སྟེ་ཤར་ནས་ནུབ་ཟུག་དཔྱིད་འཆི། དེ་བཞིན་ལྷོ་ནས་བྱང་དབྱར། ནུབ་ནས་ལྷོར་སྟོན། བྱང་ནས་མཚམས་དགུན། མཚམས་ནས་ཤར་ཟུག་ན་དཔྱིད་རྣམས་ཀྱིས་ཐ་ཆུང་ལ་འཆིའོ། །ཤར་ནས་རང་སར་ཤར་ལ་ཟུག་ན་རང་ལ་བཟང་བར་གཏོགས་པ། དེ་བཞིན་རང་རང་ཕྱོགས་གང་ནས་གང་དུ་བྱུང་ནའང་མ་བུ་དགྲ་གྲོགས་ཀྱི་འབྲས་བུ་བརྗོད་པར་བྱའོ། །དེ་ཡང་གླིང་དགུར་བཅད་པའི་ས་དེར་ཤར་གསུམ་དཔྱིད་ཤིང༌། ལྷོ་གསུམ་དབྱར་མེ། ནུབ་གསུམ་སྟོན་ལྕགས། བྱང་གསུམ་དགུན་ཆུ། དེ་དུམ་བུ་བཞིར་ཕྱེ་ནས་སྟོན་པ་ཕྱི་རེ་ཐག་བཞི་ཞེས་དང༌། དེ་ནང་གསེས་ཀྱི་བཅུ་གཉིས་སུ་བྱས་ཏེ་འབྲས་བུ་སྟོན་པར་ནང་དུ་བཅུ་གཉིས་དག་ཡིན་ནོ་ཞེས་བཤད་པའི་ནང་བཅུ་གཉིས་པོ་ནི། ཕྱོགས་བཞི་ཕྱེད་བགོས་ཀྱི་སྟོད་ར་བའམ་ལམ་དང་པོ། སྨད་བར་པ། ཤར་ལྷོ་ཤར་དང༌། ལྷོ་ནུབ་ལྷོ། ནུབ་བྱང་ནུབ། བྱང་ཤར་བྱང་གི་ཐ་མར་ངོས་འཛིན་དགོས་ཤིང༌། དེའང་རང་གཞུང་ལས། ཐིག་བཞི་བཏབ་པའི་ལིང་ཚེ་དགུ། དཔྱིད་ཟླ་འབྲིང་པོ་དེ་བརྟག་པ། །བཞི་ནི་ར་བ་བཞི་ཡིན་ཏེ། །བཅུ་གཉིས་ཐ་ཆུང་སྟོན་པའོ། །ཞེས་འབྱུང་བས། དཔྱིད་ཟླ་འབྲིང་པོ་དེ་སོགས་པའི་འབྲིང་པོ་བཞི་རྟག་པའི་ས་བཞི་ནི། ར་བ་བཞི་དང་ལིང་ཚེ་གཅིག་པ་ཡིན་ཏེ། དེ་སྟེང་མཚམས་བཞིའི་ལིང་ཚེ་བཅས་བཅུ་གཉིས་འབྱུང་བ་ནི་རིམ་པ་ལྟར་ཐ་ཆུང་བཞིའི་ས་སྟོན་པ་ཡིན་ནོ་ཞེས་པས་བསྟན་ཏེ། དེ་ཡང་བྱད་ལམ་ཞེས་ཆུར་རྟེན་འབྲེལ་གཟུགས་བྱད་ཤར་བའི་རི་མོས་འབྲས་བུ་རྗེས་དཔག་དུ་བའི་རྗེས་སུ་མེ་ཤེས་པ་ལྟར་གསལ་པའི་ལམ་སྟོན་པའི་ཕྱིར་ན་བྱད་ལམ་ཞེས་གསུངས་པའི་དེའི་བྱད་ལམ་གྱི་བརྟག་པ། ཤར་གྱི་བྱད་ལམ་གསུམ་པོ་ནི། ལྦུ་བ་དག་ལ་བརྟག་པར་བྱ། །ཞེས་པས་ཤར་ཤིང་གི་བྱད་ལམ་དང་པོ་ལ། ལྦུ་བ་ཕུང་པོ་མཆོད་རྟེན་ཕྱེད་རལ་སྲོག་ཆགས་སོགས་གང་བྱུང་ཡང་རིག་མདས་བསྣུན་པའི་རྗེས་དཔག་གི་འབྲས་བུ་སྟོན་དགོས་ཏེ། དཔེར་ན་གཞི་དེ་ལས་ཧྭ་དོན་པ་ལྟར་བཙན་ཐབས་སུ་ལྦུ་བ་གདུགས་འདྲ་བ་དང༌། བ་དན་དང་གངས་འདྲ་དེ་ནི་ཆོས་དཀོར་རྫས་ལ་བརྟེན་པའི་འདྲེ་གནོད་པར་བཟུང་ཞིང༌། ཤིང་གི་བྱད་ལམ་བར་པར་ཤ་རུ། རི་བོང༌། གླང་པོའི་སྣ་འདྲ་བ་སྨུག་པ་དང༌། བྱ་དང་རི་དྭགས་འདྲ་ན་དམུའམ་ཤིང་ལ་ཆགས་སམ་ཤིང་ཕྱིར་འབྲངས་པའི་འདྲེ་གནོད། ཤིང་གི་བྱད་ལས་ཐ་མ་ཤར་ལྷོར་ཤར་བ་མ་གཏོགས་ཁ་དོག་གཟུགས་གང་འདྲ་བྱུང་ཡང་བན་བོན་རབས་ཆད་ཀྱི་རྦོད་གཏོང་དང༌། ཕུར་པ་ཡུངས་ཀར་གྱི་ཟོར་ཁ་གནོད། སྦུར་བ་འདྲ་ན་བདུད་གནོད་དམ་ཡང་ན་མཆིན་པར་དུག་སྨིན་པའོ། །ཡང་ཤར་ལྷོ་དེ་ཉིད་སའི་བྱད་ལམ་ཡང་ཡིན་པས་ཤིང་དང་ས་ཡི་བྱད་ལམ་ཞེས་ཏེ་དེར་ཁ་དོག་གིས་དབྱིབས་ལ་བརྟག་པ། དྲ་བ་འདྲ་བ་བྱུང་ན་བདུད་དང་ཟོར་ཁ་གནོད་པར་བཟུང་ཞིང༌། ལྷོའི་བྱད་ལས་རླངས་པ་ལ་བརྟག་སྟེ། ལྷོ་མེའི་བྱད་ལམ་དང་པོར་འཇའ་ཚོན་དང་གློག་འདྲ་བར་བྱུང་ན་དུར་ཁ་བྱེ་བས་དུར་སར་བླ་ཕུར་གདབ་དགོས་ཤིང༌། ཆེ་ཆུང་སྲན་མ་ཙམ་སྔོ་ནག་བྱུང་ན་སྙིང་ལ་རླུང་ཞུགས་སྨྱོ་འབོག་གི་རྟགས་སོ། །མེའི་བྱད་ལམ་བར་པར་སྤྲིན་དང་ན་བུན་ཤིང་འདྲ་བ་བྱུང་ན་ཀླུ་གདོན་གནོད། ཉ་མིག་འདྲ་ན་ས་བདག་གནོད། སྤྲིན་དམར་འདྲ་ན་རྒྱུ་མའི་ནད་ཡིན། སྔོ་ན་རྒྱུ་མ་འཁྲུགས་སོ། །མེའི་བྱད་ལམ་ཐ་མ་ལྷོ་ནུབ་ལིང་ཚེར་མིག་མངས་རིས་བྱུང་བ་ཞིང་གྲུ་གསུམ་པའམ། ཁང་པའི་རྩ་ན་ནེའུ་འམ་བྲག་གམ་བྲག་དམར་ཡོད་པ་དེར་ཆགས་པའི་ཀླུ་བསེན་གྱིས་རང་ཉིད་བསུབས་ལྟར་ཙེམ་ཞིང་ནད་མགོ་ལ་ཡོད། གཉིས་སུ་བྱུང་ན་མཛེ་ནད་འོང༌། གསུམ་བཞི་བྱུང་ན་འཆི། མེའི་བྱད་ལམ་ཐ་མ་དེ་སའི་བྱད་ལམ་ཡང་ཡིན་པས་དེར་ཁ་དོག་ལ་བརྟག་པ་ཟླུམ་པོར་ཆགས་ན་ས་བོན་ཤོར། ཟླ་གམ་ཆགས་ན་ནུས་པ་ཆེ། ནས་དང་མི་ཉའི་ཁ་འདྲ་ན་བསེན་མོ་དང་འདྲེ་མོ་གནོད། ནུབ་ཀྱི་བྱད་ལམ་ལྡོག་པའི་གཟུགས་དཔྱད་ཀྱིས་བརྟག་པ་སྟེ། ནུབ་ལྕགས་ཀྱི་བྱད་ལམ་དང་པོར་ལྕགས་ཀྱུ་དགྲ་སྟེ་འདྲ་བ་བྱུང་ན་ཕ་མེས་གྲིར་ཤི་གནོད། དུར་ཁ་བྱེ། ལྦུ་བ་དམར་ལ་ཉ་མིག་འདྲ་བ་བྱུང་ན་གློ་ནད་རླུང་དང་ལྡན་པའི་རྟགས་སོ། །གསེར་གྱི་དྲ་བ་འདྲ་ན་ཆེ་འདྲེ་ལྷའི་གནོད་པ་དང་གློ་བར་ནད་ཡོད། ལྕགས་ཀྱི་བྱད་ལམ་བར་པར་བ་གླང་མ་ཧེའི་གཟུགས་བྱུང་ན་ཕྱུགས་ཕྱིར་འབྲངས་པའི་མོ་གདོན་གནོད། རྔ་མོ་འདྲ་བ་བྱུང་ན་གློ་བར་སྐྲན་ཡོད། ལྕགས་ཀྱི་བྱད་ལམ་ཐ་མ་ནུབ་བྱང་གི་གླིང་ལ་བྲག་འདྲའི་རི་མོ་བྱུང་ན་བྲག་གནས་ཀྱི་བྲག་བཙན་དང༌། བྱང་ཤར་བན་བོན་གྱི་རྦོད་གཏོང་གནོད། ནུབ་བྱང་གི་ལིང་ཚེ་དེར་ལྕགས་ཀྱི་བྱད་ལམ་ཐ་མ་དང༌། ཤིང་མེ་ལྕགས་ཆུ་བྱིངས་ཀྱི་རིགས་འགྲེའི་དབང་དུ་ན་སའི་བྱད་ལམ་གསུམ་པའམ་ཐ་མའི་མིང་དུའང་བརྗོད་པ་གཞན་ཁ་དོག་ལ་བརྟག་ཀྱང༌། འདིར་དམིགས་ཀྱིས་བསལ་བ་ཀུ་ཡའི་རྟགས་སུ་ཀུ་ཡ་བར་མཐུག་བྱུང་ན་ཕོ་བའི་སྟེང་ན་སྐྲན་ཡོད། བྱའི་ལྕེ་འདྲ་བྱུང་ན་མཆེར་པའི་སྟེང་ན་སྐྲན་ཡོད། དམར་ལ་འཁྲིལ་ན་མཆིན་པར་སྐྲན་དང༌། སེར་པོ་བྱུང་ན་མཁྲིས་པ་སྐྲན་གྱིས་བཅར། རེངས་པ་སེར་ལ་དམར་ཐིག་ནི་མཆིན་དྲིར་ཁྲག་སྐྲན་ཡོད། དམར་པོ་ར་ནི་བྱུང་ན་མཁལ་མ་ཁྲག་གིས་བརྒྱངས་པ་ཡིན་པས་ཀུན་ལ་དེ་བཞིན་སྦྱར་རོ། །བྱང་གི་བྱད་ལམ་ཀུ་ཡར་བརྟག་སྟེ། བྱང་ཆུའི་བྱད་ལམ་དང་པོར་ཀུ་ཡ་མེ་ཏོགལུག་མིག་པ་འདྲ་བ་བྱུང་ན་རྐང་གདུབ་ཅན་རྣམས་མུ་སྟེགས་ཀྱི་ལྷ་ཆེན་པོ་རྦོད་པ་དང༌། ཉ་འདྲ་ལྔ་བྱུང་ན་ལོང་ཁའི་ནད་དང༌། ཉ་མིག་འདྲ་བ་དྲུག་བྱུང་ན་ས་བདག་གིས་བརླམས་པའི་མཁལ་ནད་ཞུགས། ཉ་མིག་བདུན་བྱུང་ན་མཁལ་མར་ཆུ་འགགས། བརྒྱད་བྱུང་ན་ས་བདག་གིས་བརླམས་པའི་མཁལ་ནད་ཡིན། ཆུའི་བྱད་ལམ་བར་པ་ལ་ནག་མོའི་ནུ་མ་འདྲ་བ་བྱུང་ན་འབྲོག་བསེན་གནོད། བུད་མེད་གཟུགས་འདྲ་བ་དང༌། དམར་པོ་འཚུབ་མ་འདྲ་ན་རེ་མ་ཏཱི་གནོད། ཆུའི་བྱད་ལམ་ཐ་མ་བྱང་ཤར་གྱི་ལིང་ཚེ་ལ་མཆོད་རྟེན་དང་བནྡེ་གསེར་གྱི་དྲ་བ་འདྲ་བ་བྱུང་ན་མགོན་པོ་བྱང་ཕྱོགས་ནས་རྦོད་པ་ཡོད། ཆུའི་བྱད་ལམ་ཐ་མ་དེ་སའི་བྱད་ལམ་སྟེ་རང་ས་ནས་དཔྱད་ན་བཞི་པ་ཡིན་པས་སའི་བྱད་ལམ་ཐ་མར་འདོད་དགོས་པ་དེར་ཁ་དོག་བལ་འདྲ་ཁ་ཆུ་ནར་ནར་བྱུང་ན་མཁལ་མ་གཉིས་ལ་ཆུ་སེར་ཡོད། ཀུ་ཡ་དམར་རྩི་མཁལ་མའི་ནད་དང༌། ལྒང་པར་རྡེལ་ནད་དང༌། མཁལ་རྩར་སྐྱོན་ཡོད་པ་གང་རིགས་སོ། །དེ་ལྟར་གཟུགས་བྱད་ཤར་བ་དང༌། དེའི་ནུས་པ་འབྲས་བུ་ཚད་ལ་འཆད་པར་བྱའོ། །ས་ལ་བྱད་ལམ་བཞི་དང་གཞན་རྣམས་ལ་བྱད་ལམ་གསུམ་དོན་གྱིས་བཤད་པའི་ནང་གི་རིམ་པ་བཅུ་གཉིས་བཤད་པའི་རྗེས་ཐོག་ཏུ་མཚམས་བཞིར་བསྐྱར་ཏེ་དཔྱད་མི་འདྲ་བའི་དབང་གིས་དཔྱད་ཀྱིས་ཡུལ་བཅུ་དྲུག་དང་དབུས་ཀྱི་འབྲས་བུ་བཅས་དོན་གྱིས་བཅུ་བདུན་བཤད་པར་བྱ་སྟེ། འོག་ཏུ་འཆད་པའི་རླངས་རྟགས་དེ་གླིང་དགུའི་དབུས་བྱུང་ན་ཁང་ས་དང༌། མཚམས་བཞི་གོ་རིམ་བཞིན་ལྷོ་ནུབ་ཞིང་ས། ནུབ་བྱང་དུར་ས། མཚམས་ལྷག་མ་དེ་ནི་ནད་ཆུ་ཁོ་ནའི་བརྟག་པ་སྟེ། བྱང་ཤར་རིའི་མིང་བརྡ་དང༌། ཤར་ལྷོ་བྲག་གི་མིང་བརྡ་འབྱུང་བ་གཉིས་ཀྱི་སར་ཁ་དོག་སྔོན་པོ་བྱུང་ན་རླུང༌། སེར་པོ་བྱུང་ན་མཁྲིས་པ། སིགས་མ་དཀར་པོ་བྱུང་ན་བད་ཀན་སྨུག་པོ། དེ་ཀུན་དང་ཉེ་བ་བྱུང་ན་ལྡན་འདུས་སུ་ངོས་བཟུང་ཞིང༌། མཚམས་གཉིས་པོ་རི་བྲག་གི་ཤེས་བྱེད་ཇི་ལྟར་ཞེ་ན་འདིའི་བརྡ་རྣམས་གཙུག་ལག་འབྱུང་རྩིས་དང་མཐུན་པ་མང་སྟེ། རང་གཞུང་དུ། དབུས་སུ་ཀུན་གྱི་ཐ་ཆུང་སྟེ། །དེ་ནས་ས་རི་གནམ་བྲག་གོ། ཞེས་འབྱུང་ལ། གཞན་རྣམས་དེ་ལྟར་ཡང་བྲག་ལ་རླུང་ཇི་ལྟ་བུ་ཞེ་ན། སྤར་ཁའི་གཏམ་རྒྱུད་ལས། རི་བྲག་བར་ནས་རླུང་བྱུང་བས། །བུ་མོ་ཟོན་རླུང་སྲིད་པའོ། །ཞེས་འབྱུང་བས་སོ། །དེ་ཡང་དབུས་སུ་ངན་རྟགས་བྱུང་ན་ཁང་པ་རལ་བ་དང༌། པུ་ཤུ་མེད་པ་དང༌། ཞིང་སར་ངན་ན་ལོ་ཏོག་མི་འདུ་ཞིང་ཤྭ་འོད་ཀྱིས་འཇིག་པ་དང༌། དུར་སར་ངན་ན་དུར་ཁ་བྱེ་བ་སོགས་ཤུགས་སུ་ཤེས་དགོས་ཤིང༌། གཞན་ཡང་རླངས་རྟགས་དེ་ཤར་གྱི་ལིང་ཚེར་བྱུང་ན་གནམ་སྒོ་བྱེ། ནུབ་ཀྱི་ལིང་ཚེར་བྱུང་ན་ས་སྒོ་བྱེ། གཡས་ཤར་དང༌། གྱེན་ལྷོར་རང་ས། གཡོན་ནུབ་དང་གདོང་བྱང་ཕྱོགས་ཀྱི་གླིང་མ་སར་བརྟག་སྟེ། དེ་ཡང་རླངས་པ་འདྲིལ་ཞིང་ཆད་ན་ལྷ་ཆེན་ལ་སོགས་གནོད། རླངས་བྲག་དཀར་འདྲ་ན་གངས་དཀར་དང་བྲག་དཀར་གྱི་ས་ནས་འདྲེ་མོ་གནོད། ཉི་ཤར་འདྲ་ན་གནམ་ལྷ་དཀར་པོ་གནོད། རླུང་འཚུབ་འདྲ་ན་ལྷ་མོ་བདུད་མོ་གནོད། ཡོས་ཀྱི་སྦོ་ཁ་འདྲ་བའི་ཀུ་ཡ་བྱུང་ན་ལྷ་རྟེན་བཙུགས་པའི་ལྷ་འདྲེ་གནོད། ལམ་འདྲ་བ་དང༌། ཀོ་བ་འདྲ་བ་དང་མེ་ཧོམ་གྱི་ཐབ་འདྲ་ན་ནོར་ཕྱིར་འབྲངས་པའི་འདྲེ་གནོད། ཡུངས་ཀར་མུ་ཏིག་འདྲ་ན་ཀླུ་འམ་བན་བོན་གྱི་རྦད་འདྲེ་གནོད། ཁྱད་པར་དབུས་སུ་མཐིང་ནག་བྱུང་ན་བན་བོན་གྱི་སྲུང་མ་ནག་པོ་གནོད། དཀར་པོ་བྱུང་ན་བན་བོན་གྱི་རྦད་ལྷ་དཀར་མོ་གནོད། རྩ་བ་ནག་ལ་རྩེ་དཀར་བ་རི་འདྲ་ན་སྲུང་མ་རྟེན་གངས་ལ་བཅས་པ་གནོད། མདུང་རྩེ་རལ་གྲིའི་གཟུགས་འདྲ་ན་ཕ་མེས་ཀྱིས་བསྟེན་པའི་ལྷ་འདྲེ་གནོད། ཁྱི་མི་རྟ་བུ་ཆུང་བྱུང་ན་དམ་སྲི་དང་འགོང་པོ་གནོད། ཉ་སྦྲུལ་སྦལ་ལྕོང་སྡོམ་སྡིག་ལ་སོགས་འདྲ་ན་ས་བདག་ཀླུ་གནོད་པ་སོགས་གང་འདྲའི་གཟུགས་ལ་རྗེས་དཔགས་ཀྱི་འབྲས་བུ་སྦྱོར་བ་ཡིན་ནོ། །

གཞན་ཡང་སློབ་དཔོན་ཛི་ན་མི་ཏྲ་ཞེས་པའི་དྲང་སྲོང་ཆེན་པོས་མཛད་པའི་ཆུ་དཔྱད་ལ་ཆུ་དེ་རྩིབས་བཅུ་གཉིས་སུ་བགོས་ཏེ་ཕྱོགས་ལ་གཉིས་དང་མཚམས་ལ་རེ་སྤོར་ཐང་ལྟར་ཤར་དུ་སྟག་ཡོས་ནས་རིམ་པར་ལོ་ཆུ་ལ་བཀོད་པ་ནད་པའམ་ནད་མེད་ལ་ཡང་རུང་བ་དེ་ཡང་འབྱུང་བ་ཤར་ཤིང་ལྷོ་མེ་ནུབ་ལྕགས་བྱང་ཆུའི་མ་བུ་དགྲ་གྲོགས་བརྩི་སྟེ། དཔེར་ན་སྟག་ཡོས་ལོ་པ་ལ་མཚོན་ན་ལྦུ་བ་ཀུ་ཡ་སོགས་ཆུ་ལ་གོང་དུ་བཤད་པའི་མཚན་མ་གང་རུང་བ་ཤར་གླིང་གཉིས་རང་སྟེང་དུ་བྱུང་ན་གང་བྱུང་རང་ལ་ངན། བྱང་བྱི་ཕ་མའི་སར་བྱུང་ན་རང་ལ་མི་ངན་ཀྱང་བླ་མ་སློབ་དཔོན་མ་ཞང་སར་དོགརང་ལ་མ་ཞང་ཕྱོགས་ནས་འདྲེ་གནོད། ལྷོ་རྟ་སྦྲུལ་བུ་ཕྱོགས་ལ་བྱུང་ན་རང་ལའང་ཅུང་ངན་ཞིང་ཁྱད་པར་བུ་ཚ་དང་སློབ་མར་ངན་འདྲེ་ཞང་འདྲེ་གནོད། མཚམས་ཁྱི་འབྲུག་གླང་ལུག་གཤེད་བཞི་དང་དབུས་སུ་བྱུང་ན་གྲོགས་ཏེ་ནོར་གོད་འོང༌། ནོར་ཕྱིར་འབྲངས་པའི་འདྲེ་གནོད། ནུབ་བྱ་སྤྲེལ་དགྲ་སར་བྱུང་ན་རང་ལའང་ཅུང་ཟད་ངན་ལ་འདྲེར་ཕ་རོལ་གྱི་རྦད་འདྲེ་གནོད། རང་ལ་འཚེ་བའི་དགྲ་ཡོད་ན་དེར་ཡང་ངན་པར་ལུང་སྟོན་ལ། དེ་བཞིན་བརྩི་བྱ་ནས་མ་བུ་དགྲ་གྲོགས་ཀྱིས་བརྟག་ཅིང་རང་སའི་ཟླ་ཞག་དུས་ལ་དབང་བའི་ལོ་དེར་དོག་ལ་གདོན་དང་རྐྱེན་ཇི་ལྟར་ཡིན་ཀྱང་ཤར་ཕྱོགས་ལ་མཚན་མ་དེ་དག་བྱུང་ན་རྐྱེན་ཤར་དུ་ཕྱིན་པའམ། བོང་བུ་དང་རི་བོང་སྟག་དང་ཤིང་བཟོ་དང་མི་གྱོན་པ་ལྗང་གུ་གྱོན་པ་དང་ཕྲད་དམ། སྟག་ལྤགས་ཤིང་བཟོའི་ལག་ཆ་བྱུང་ངམ་རི་བོང་གི་ཤ་རྩིབ་གཡས་ཟོས་པའམ། མདོག་སྔོ་ལྗང་གི་ནོར་མགྲོན་ཡང་ཞིང་གཡོ་པའི་ལས་ཀྱིས་རྐྱེན་ནས་རླུང་ནད་དམ་མཆིན་མཁྲིས་སུ་ཡོད། གདོན་རྒྱལ་པོ་བཙན་གནོད། ལྷོར་བྱུང་ན་རོ་སྲེག་དང་ཧོམ་བྱེད་སར་ཕྱིན་པའམ་རྟ་དམར་ཞོན་ནམ། མི་དམར་རྟ་དར་མཐོང་ངམ་ཕྲད། མགོ་ཤ་ཟོས་སམ་ཐགས་པ་དང་ཞྭ་བྱུང་བ་གང་རིགས་སོགས་ཁ་དོག་དམར་བའི་མགྲོན་ནོར་དང་ཚ་བསྲེག་གི་ལས་སོགས་ཀྱིས་རྐྱེན་ནད་སྙིང་དང་རྒྱུ་མར་ཡོད། དོན་བཙན་བདུད་མ་མོ་དང་རྟ་གྲིར་ཤི་བ་གནོད། ནུབ་ཏུ་བྱུང་ན་མགར་བ་དང་ལག་ཆ་ཁྱེར་བ་མི་གོས་དཀར་ཅན་དང་ཕྲད་དམ་མཐོང༌། མགར་ཚང་ལ་ཕྱིན་ནམ་ལྕགས་ཉོས་སམ་བྱ་ཕོ་དང་སྤྲེའུ་བྱུང་ངམ། སྒོ་ང་བྱ་ཤ་ཟོས་པ་གང་རིགས་སམ་ཁ་དོག་དཀར་པོའི་ནོར་མགྲོན་གྱིས་རྐྱེན། ནད་བད་ཀན་གློ་ལོང་ལ་ཡོད། གདོན་ཀླུ་བདུད་གནོད། བྱང་དུ་བྱུང་ན་མི་གོས་སྔོ་ནག་གྱོན། རྟ་སྔོ་ནག་ཅན་དང་ཕྲད་དམ། ཉ་ཕག་ཤའམ་མཇུག་ཤ་ཟོས། ནོར་མགྲོན་མདོག་སྔོ་ནག་ཆུ་ལ་སོགས་རླན་གཤེར་གྱིས་རྐྱེན། ནད་མཁལ་མ་དང་ལྒང་པ་གང་རིགས་ལ་ཡོད། ཡང་ན་བད་ཀན་དམུ་སྐྲན་འབྲས་ལྷོག་ཡོད། གདོན་མཚོ་སྨན་དང་ཀླུ་བདུད་གནོད། དབུས་དང་མཚམས་སུ་བྱུང་ན་ལུག་ཁྱི་གླང་རྟོལ་རྣམས་བྱུང་ངམ། དེ་དག་གི་ཤ་ལྤགས་ལ་ལོངས་སྤྱད། མི་མདོག་སེར་དང་ཕྲད་དམ། མདོག་སེར་པའི་ནོར་མགྲོན་ནམ་སྲ་བརྟན་གྱི་ལས་ཀྱིས་རྐྱེན། ནད་ཕོ་མཆེར་རམ་ལྕི་འཐིབས་ཡོད། གདོན་ས་བདག་གྲེ་བོ་གྲེ་མོ་གནོད་ཅིང༌། ནང་གསེས་ལྷོ་ནུབ་ཏུ་བྱུང་ན་དུར་སྲི་ལངས་པའི་འདྲེ་གནོད། འབྲས་སྐྲན་རྨེན་བུའི་ནད་ངོ་ཡོད། ནུབ་བྱང་དུ་བྱུང་ན་ཁང་པ་ས་དཔྱད་ཉེས་སམ་ཕྱི་ནས་ཀླུ་གཉན་སོགས་གནོད། སྟེང་གྲིབ་ཀྱི་ངོ༌། བྱང་ཤར་དུ་བྱུང་ན་ཞིང་གི་ཚལ་པར་གནས་པའི་ལྷ་ཀླུ་གཞི་བདག་གནོད། རྦབ་གཡང་ལྷུང་སོགས་གྲིར་འཆི། ཤར་ལྷོར་བྱུང་ན་ཐབ་ལ་གནས་པའི་འདྲེ་གནོད་ཅིང་སྙིང་རླུང་སྨྱོ་འབོག་འོང་བ་རྣམས་མཚོན་པའང་མཆིས། འདི་ལ་རྒྱས་ཙམ་རྩའི་སྐབས་འབྱུང་བའི་གདོན་རྐྱེན་བཤད་པ་ལྟར་དང༌། དེ་ཉིད་གཙུག་ལག་སྤོར་ཐང་དང་མཐུན་པར་འདོད་ན་ཤིན་ཏུ་ཞིབ་པ་བཻ་ཌཱུརྱ་དཀར་པོ་མ་བུ་ལས་བཤད་པ་ལྟར་རོ། །

གཡུ་ཐོག་ཡོན་ཏན་མགོན་པོར་མཁའ་འགྲོ་ལས་ཀྱི་དབང་མོ་ཆེས་གདམས་པའི་ཆུ་དཔྱད་ནི། གླིང་གོང་དུ་བསྟན་པའི་དགུ་པོ་དེའི་ཤར་དང་པོ་མེ་ལྷ་ཡི་དམ་གྱི་ས། ཤར་བར་མ་ཕ་མེས་ས། བྱང་ཤར་རྒྱལ་པོའི་ས། ནུབ་དང་པོ་སྲིན་ཕྱོགས་ཡུལ་ལྷའི་ས། ནུབ་བར་པ་གཉེན་བརྒྱུད་ཀྱི་ས། ཐ་མ་ནུབ་བྱང་བསེན་མོའི་ས། དབུས་དང་པོ་ལྷོ་ཕྱོགས་ཀྱི་ལིང་ཚེ་བསྟེན་པའི་སྲུང་མའི་ས། དབུས་སམ་དཀྱིལ་མ་རང་ས། ཐ་མ་བྱང་གྲེ་བོའི་ས་ཞེས་པའི་ངོས་བཟུང་ལ་དཔྱད་རྣམ་པ་དྲུག་བརྟག་སྟེ། དང་པོ་བཟང་དཔྱད་ནི། ཡི་དམ་གྱི་སར་དབུ་རྒྱན་གྱི་གཟུགས་དང༌། ཕ་མེས་སར་དེ་བཞིན་མཁར་རིའི་གཟུགས། རྒྱལ་པོའི་སར་མཁར་ཞིག་ཆུང་བ། ཡུལ་ལྷའི་སར་ཡུངས་ཀར་དང་འཁོར་གསུམ་གཟུགས། གཉེན་སར་ཆུ་མདོག་སེར་བྲག་གི་གཟུགས། བསེན་མོའི་སར་བུད་མེད་གཟུགས་དང་ཆུ་དཀར་བ། སྲུང་མའི་སར་གཏོར་མའི་གཟུགས། རང་སར་ལྗོན་ཤིང༌། གྲེ་བོའི་སར་མཚོན་ཆའི་གཟུགས་རྣམས་བྱུང་ན་དགེ་སྟེ་བཟང་དཔྱད་ཡང་ཞུན་དཀར་པོ་ཞེས་གྲགས་ཤིང༌། གཉིས་པ་ནི་ཡི་དམ་སར་བྲག་འདྲ་བ་དང༌། ཕ་མེས་སར་ཚིལ་ཁུ་འདྲ་བ། རྒྱལ་པོའི་སར་སྤྲེལ་གཟུགས། ཡུལ་ལྷའི་སར་ཆུ་དངས་པ། གཉེན་སར་དུམ་བུར་ཆད་པ། བསེན་མོའི་སར་ཁྱི་གཟུགས་དང་ཐག་པ་ཐིག་ལེ་ནག་པོ། སྲུང་མའི་སར་རྣག་འདྲ་བ། རང་སར་རོ་ཁུར་ལིང་ཚེ་འདྲ་བ། གྲེ་བོའི་སར་ཁྲག་རིས་སྔོ་ལྗང་རྣམས་ཀྱི་གཟུགས་དང་ཁ་དོག་འདྲ་བ་རྣམས་བྱུང་ན་ངན་ཏེ་འཆི་བས་ན་འཆི་ལྟས་གའུ་ནག་པོ་ཞེས་སོ། །གསུམ་པ་རང་ངམ་ནད་པའི་མཆིལ་མ་དམོད་བོར་ཏེ་མིག་བཙུམ་ལ་ཆུ་ནང་བསྐྱུར་བས་ལིང་ཚེ་གང་བབས་གདོན་ངོས་བཟུང་བ་ནི། ཡི་དམ་སར་བབས་བཀའ་ཆད་དེ་བསྐང་བཤགས་འབད། དེ་བཞིན་ཕ་མེས་སར་བྱུང་ན་ཁྲེན་པ་ཡོད་པས་ཕ་མེས་ལ་བསྡོས་པའི་ཤིང་དང་དུར་མཚུན་གསོལ། རྒྱལ་སར་རྒྱལ་པོ་གནོད་པས་རྒྱལ་མདོས་བྱ། ཡུལ་ལྷའི་སར་ཡུལ་ལྷ་འཁྲུགས་པས་ལྷ་གསོལ་དང་ཤུག་འཁོན་བྱ། གཉེན་སར་མྱ་ངན་གྱི་ངོ་སྟེ་བྱུར་འབུད་མྱ་ངན་བཟློག་པ་བྱ། བསེན་སར་བསེན་མོ་གནོད་པས་བསེན་མོ་དགུ་མདོས་དང་མནན་པ་བྱ། སྲུང་མའི་སར་སྲུང་མ་འཁུ་བས་བསྟེན་པའི་སྲུང་མར་དེའི་བསྐང་བཤགས། རང་སར་དོགས་པས་རིམ་གོ་དཀར་ཆོས་བསྐྱེད། གྲེ་བོའི་སར་གྲེ་བོ་གནོད་པས་གྲ་བཅས་གྲེ་བོ་རྫངས། དེ་ནི་གདོན་དཔྱད་ལིང་ཚེ་ཁྲ་མོ་ཞེས་བྱ་ལ། བཞི་པ་རླུང་བརྟག་པ་ནི། ཡི་དམ་སར་དཀར་པོ། ཕ་མེས་སར་ནག་པོ། རྒྱལ་སར་སྨུག་པོ། ཡུལ་ལྷ་དང་གཉན་སར་ནག་པོ། བསེན་སར་རླངས་འཁོར་བ། སྲུང་མའི་སར་སེར་པོ། རང་སར་འཁྲུག་པ། གྲེ་བོའི་སར་གྲི་དང་ཁྲག་རིས་རྣམས་བྱུང་ན་རླུང་ནད་ཡིན་ཏེ་རླུང་བརྟག་འབྱུང་བ་ཀུན་འདུས་ཞེས་གྲགས་སོ། །ལྔ་པ་མཁྲིས་པ་བརྟག་པ་ནི། ཡི་དམ་སར་སེར་བ། ཕ་མེས་སར་འཚུབ་པ། རྒྱལ་སར་འཁྲུག་པ། ཡུལ་ལྷ་དང་གཉེན་སར་སྔོ་བ། བསེན་མོའི་སར་ནག་པ། ཆོས་སྐྱོང་སྲུང་མའི་སར་སེར་ནགརང་ས་དངས་པ། གྲེ་བོའི་སར་སེར་བའམ་སྨུག་པ་རྣམས་མཁྲིས་པ་ཡིན་ཏེ་མཁྲིས་དཔྱད་མུ་ཏིག་ཕྲེང་འཛིན་ཞེས་བྱའོ། །དྲུག་པ་བད་ཀན་བརྟག་པ་ནི། ཡི་དམ་དང་ཕ་མེས་སར་རླངས་པ་འཁོར་བ། རྒྱལ་སར་སེར་བ། ཡུལ་ལྷའི་སར་ཁྲག་རིས། གཉེན་སར་འོད་ཆེ་བ། བསེན་མོའི་སར་སྔོ་བ། སྲུང་མའི་སར་ནག་པ། རང་སར་ཞག་མང་བ། གྲེ་བོའི་སར་མཐུག་པ་རྣམས་བད་ཀན་ཡིན་པར་ཤེས་པས་བད་དཔྱད་གཡུ་ལོ་འཁྱིལ་པ་ཞེས་སོ། །དེ་དག་ནི་ཀུ་ཡས་གཙོས་ཁ་དོག་རླངས་པ་ལྡོག་ཚུལ་སོགས་ལས་ཞིབ་པར་བརྟག་གོ། གཞན་ཡང་ཆུ་འབོ་བའི་ཚེ་སྒོ་ང་ཆད་འདྲ་དང༌། དྭངས་སྙིགས་བྱེ་ཞིང་དྭངས་མ་སྔོན་ལ་འགྲོ་ཞིང་སྙིགས་མ་ཞབས་སུ་སྡོད་ན་ངན། དྭངས་སྙིགས་མཉམ་པོར་འགྲོ་ན་བཟང་ཞིང་མཁལ་ནད་ཅན་ལ་ངེས་པ་མེད་ཅེས་ཀྱང་ཟེར་བ་ཡོད་དོ། །དེ་ལ་སོགས་པའི་བརྟག་པ་དེ་དག་བྱེད་པར་ཆུ་དེ་ནམ་ཡང་ལྡོག་ཏུ་མི་འདོད་ན། སྐོར་ཕྱྭ་བཏབ་སྟེ་བལྟ་ཞིང་བརྟག་པར་བྱ་བ་ཡིན་ལ། དེ་ཡང་ཚུལ་འདིའི་ལག་ལེན་དུ་ཁ་དོག་སོགས་གྲང་ཆུ་ཡིན་པ་ལ་ལྡོག་ཏུ་མི་བཏུབ་ན་ཛཱ་ཏི་སུག་སྨེལ་དབྱི་མོང་དཀར་པོ་ཁ་འབུས་ཀྱི་ལོ་མ་ཕོ་བ་རིས་ད་ལིས་རྣམས་ཆ་མཉམ་གྱི་ཕྱེ་མ་བཏབ་ལ་མེས་བུན་ལོང་ཙམ་བསྐོལ་བ་གྲང་དུ་བཅུག་པའི་སྤྲིས་མ་ལ་བརྟག་ཅིང༌། ཚ་ཆུ་ཡིན་པ་ལ་མི་ལྡོག་ན་ག་བུར་ཙན་དན་དཀར་པོ་བ་ཤ་ཀ་ཏིག་ཏ་བཏབ་པ་གོང་བཞིན་བསྐོལ་བའི་སྤྲིས་མ་སོགས་ལ་བརྟགས་པས་གསལ་བར་འགྱུར་རོ། །

གོང་དུ་བཤད་པ་ལྟར་བྱས་པ་དེས་ཀྱང་ཆུ་ལྡོག་མི་བཏུབ་ཅིང་མ་གསལ་ན་གདོན་ངོ་ཡིབས་པ་ཞེས་བྱ་སྟེ་ཉེན་ལ། དེ་ལ་ཡང་རུས་སྦལ་གྱིས་ལིང་ཚེ་དགུར་བཅད་པའི་ཤར་དུ་དྲི་ཟའི་རྒྱལ་པོ། ཤར་ལྷོ་མེ་ལྷ། ལྷོ་གཤིན་རྗེ། ལྷོ་ནུབ་སྲིན་པོ། ནུབ་ཏུ་ཀླུ། ནུབ་བྱང་རིག་འཛིན། བྱང་གནོད་སྦྱིན། བྱང་ཤར་འབྱུང་པོ། དབུས་སུ་ཁྱབ་འཇུག་ཆེན་པོ་རྣམས་རིམ་པར་བཀོད་བྱས་ནས། དཀོན་མཆོག་སྤྱི་དང་ཁྱད་པར་སྨན་བླ་དྲང་སྲོང་རིག་འཛིན་བསྟན་སྲུང་སྡེ་དགུ་དང་བཅས་པར་དམོད་བཙུགས་གསོལ་བ་དྲག་ཏུ་བཏབ། སྨན་པའི་ལག་ཏུ་ནས་དཀར་མོ་བརྒྱད། སྨུག་མོ་གཅིག་ཐོགས་ཏེ་ཤར་ནས་རིམ་པས་བསྐོར་བས་ནས་སྨུག་པོ་དེ་ཤར་དུ་བྱུང་ན་འདི་ལྟ་སྟེ། ཆུ་བོ་ཤར་ཕྱོགས་འདི་ན་ནི། །དྲི་ཟའི་རྒྱལ་པོ་ཡིན་ཟེར་བའི། །ལྷ་ཞིག་འདུག་པ་དེ་ན་རེ། །མི་ཁྱོད་བསྟན་སྲུང་འགོ་བ་འདུག། སྡོང་གྲོགས་བྱེད་པ་མང་པོ་འདུག། གཏོར་སྒྲུབ་ལྷ་མཆོད་བྱས་པ་ན། །ནད་འདི་མྱུར་དུ་གསོས་པར་འགྱུར། །དོན་འགྲུབ་གྲོགས་ཆེ་ནོར་ཕྱུགས་འཕེལ། །སྙན་པའི་གཏམ་ཐོས་དགྲ་བགེགས་མེད། །ཅེས་དང༌། ཤར་ལྷོར་བྱུང་ན་འདི་ལྟར་རོ། །ཆུ་བོ་ཤར་ལྷོ་འདི་ན་ནི། །མེ་ལྷ་འབར་བ་ཡིན་ཟེར་བའི། །གདོན་ཅིག་འདུག་པ་དེ་ན་རེ། །ནད་པའི་སྙིང་དེ་མེ་དང་འདྲ། །སེམས་དེ་རླུང་དང་འདྲ་བ་ཡིན། །དཔེར་ན་རླུང་གིས་མེ་བསྐྱོད་བཞིན། །གཅིག་ཏུ་མི་གནས་པ་དང་འདྲ། །རེས་འགའ་དགའ་སྟེ་རེས་འགའ་སྡུག། འཕྲལ་གྱི་སྤྱོད་པ་སྣ་ཚོགས་ཀྱི། །མ་མོ་འཁྲུགས་པའི་ལས་མང་བྱས། །དེ་ལྟར་བྱས་པའི་རྐྱེན་གྱིས་ནི། །ཟླ་བ་བཞི་འམ་ལྔ་ཡི་བར། །ཚད་པའི་ནད་ཀྱིས་བཟུང་ཉེན་འདུག། རིམ་གྲོ་གསུང་རབ་སྒྲོགས་པ་དང༌། །མ་མོ་དགའ་བའི་མདོས་ཆོག་བྱ། །ལྷོ་རུ་བྱུང་ན་འདི་ལྟར་རོ། །ཆུ་ཡི་ལྷོ་ཕྱོགས་འདི་ན་ནི། །གཤིན་རྗེ་ནག་པོ་ཡིན་ཟེར་བའི། །བགེགས་ཤིག་འདུག་པ་དེ་ན་རེ། །མི་ཁྱོད་གཞན་ལ་དགའ་བ་ལས། །མི་ཞིག་དེ་ན་མི་འདུག་སྟེ། །འཆི་བ་ནམ་འོང་མི་ཤེས་པས། །ལེ་ལོ་ཆེས་པའི་སྐྱོན་ཅིག་ཡོད། །འདྲེ་ཡིས་གླགས་ཚོལ་དམངས་སུ་འོང༌། །རིམ་གྲོ་རེམ་དུ་མ་བྱས་ན། །ཕུང་འདྲེ་གདོན་རྣམས་ཞུགས་ཉེན་འདུག། འདྲེ་བཀར་བཅོས་ཀ་དྲག་ཏུ་བྱ། །ཚེ་དབང་གཤིན་རྗེའི་འཆི་བསླུ་དང༌། །ཚེ་གཟུངས་མང་དུ་བསྒྲག་བྱས་ན། །མི་འཆི་ཙམ་ཞིག་འོང་ལས་ཆེ། །གཤིན་རྗེ་ཨ་བ་གླང་མགོ་ཡིས། །བཟུང་ཉེན་ཆེ་བས་རིམ་གྲོ་འབད། །ལྷོ་ནུབ་བྱུང་ན་འདི་ལྟར་རོ། །ཆུ་ཡི་ལྷོ་ནུབ་འདི་ན་ནི། །སྲིན་པོ་མགོ་དགུ་ཡིན་ཟེར་བའི། །གདོན་ཞིག་འདུག་པ་དེ་ན་རེ། །ཁྱོད་ཀྱི་སེམས་ལ་འདི་ལྟར་ཡོད། །དགའ་བ་དགུ་ནི་གསར་བྱས་ནས། །སྡུག་པ་དགུ་ནི་འབུད་ཀྱི་བསམ། །ཚེ་རིང་བདེ་སྐྱིད་ལྡན་བྱས་ནས། །བསམ་དགུ་ཐམས་ཅད་འགྲུབ་འདོད་རེ། །གློ་བུར་ཡེ་འབྲོག་འབྱུང་ཉེན་འདུག། གཡང་ལྷུང་རྟས་བརྡབ་ཁྱིས་རྨུག་གམ། །སྐྲག་དངངས་འཇིགས་ཤིང་ཁ་མཆུའི་ངོ༌། །ལྷ་མཆོད་རིམ་གྲོ་བྱས་ན་ལེགས། །ནད་ཀྱང་མྱུར་དུ་སོས་ལས་ཆེ། །ནུབ་ཏུ་བྱུང་ན་འདི་ལྟར་རོ། །ཆུ་ཡི་ནུབ་ཕྱོགས་འདི་ན་ནི། །ཆུ་ལྷ་དཀར་པོ་ཡིན་ཟེར་བའི། །ཀླུ་ཞིག་འདུག་པ་དེ་ན་རེ། །ཁྱོད་ཀྱི་ན་ཚ་འདི་ལ་ནི། །ལྷ་མཆོད་དཔལ་སྟེར་བསོད་ནམས་གསོག། དཔལ་ལྡན་མགོན་པོ་ནག་པོ་ལ། །གཏོར་སྒྲུབ་བསྐང་བཤགས་བྱས་གྱུར་ན། །ཚེ་རིང་བདེ་སྐྱིད་དཔལ་དང་ལྡན། །ནུབ་བྱང་བྱུང་ན་འདི་ལྟར་རོ། །ཆུ་ཡི་ནུབ་བྱང་འདི་ན་ནི། །རླུང་ལྷའི་བདག་པོ་ཡིན་ཟེར་བའི། །རིག་འཛིན་འདུག་པ་དེ་ན་རེ། །ནད་པ་འདི་ལ་ཡུལ་ལྷ་ཞིག། ཡུལ་སྨན་བསྡེབས་ནས་འགོ་བ་ཡིན། །རྒྱལ་པོའི་གནོད་པ་ཆེར་འོང་བས། །ལྷ་མཆོད་རྒྱལ་པོའི་གནོད་པ་བསལ། །དེ་ལྟར་བྱས་ན་བཟང་བ་ཡིན། །བྱང་དུ་བྱུང་ན་འདི་ལྟར་རོ། །ཆུ་ཡི་བྱང་ཕྱོགས་འདི་ན་ནི། །གནོད་སྦྱིན་འབྲོག་གནས་ཡིན་ཟེར་བའི། །གདོན་ཞིག་འདུག་པ་དེ་ན་རེ། །མི་ཁྱོད་སེམས་ལ་སྡུག་བསྔལ་མེད། །ལུས་ལ་ནད་ཡོད་མྱུར་དུ་དྲག། སྨན་དཔྱད་མ་བྱས་ནད་འདི་སོས། །བོན་པོས་རིམ་གྲོ་བྱ་མི་དགོས། །མྱ་ངན་ས་དང་འཁོན་པར་སྤངས། །བྱང་ཤར་བྱུང་ན་འདི་ལྟར་རོ། །ཆུ་ཡི་བྱང་ཤར་འདི་ན་ནི། །འབྱུང་པོ་དབང་ལྡན་ཡིན་ཟེར་བའི། །གདོན་ཞིག་འདུག་པ་དེ་ན་རེ། །མི་ལ་གདོན་གྱིས་གླགས་ཚོལ་འབྱུང༌། །གདོན་བཅོས་རིམ་གྲོ་དགེ་ལ་འབད། །ཆ་གསུམ་ཕ་རོལ་ཕྱིན་པའི་དོན། །སྤྱན་རས་གཟིགས་ཀྱི་གདོན་བཅོས་བྱ། །དཀོན་མཆོག་སྐྱབས་འགྲོ་བྱས་ན་བཟང༌། །དབུས་སུ་བྱུང་ན་འདི་ལྟར་རོ། །ཆུ་ཡི་དབུས་ཕྱོགས་འདི་ན་ནི། །སྒྲ་གཅན་ནག་པོ་ཡིན་ཟེར་བའི། །གདོན་ཞིག་འདུག་པ་དེ་ན་རེ། །ཁྱོད་ཉིད་སེམས་ལ་མཁྱེན་བརྩེ་ཡི། །མངོན་པར་ཤེས་པ་འཆར་སྙམ་སྟེ། །མ་རིག་བགེགས་རྣམས་ཀུན་ནས་ལངས། །འབྱུང་བཞི་འཁྲུགས་པའི་ནད་ཀྱིས་འཛིན། །ནད་གཞི་ཆེ་བས་སྤྱི་མདོས་བྱ། །ཁྲོ་བོ་རོལ་པའི་གཏོར་བཟློག་དང༌། །འབུམ་འདོན་དུར་སྲི་མནན་པ་གཅེས། །དོན་འགྲུབ་གྲོགས་ཆེ་ནོར་ཕྱུགས་འཕེལ། །གཏམ་སྙན་ཐོས་ཤིང་དགྲ་གེགས་མེད། །ཅེས་སོ། །

སྤྱིར་ན་དོན་ལྔའི་ནད་ནི་ཚོན་ཀན་ཆག་གསུམ་གྱི་རྩའི་ཡར་ཟུར་དུ་བརྟགས་པས་གསལ་ཡང་སྣོད་དྲུག་གི་ནད་ཆུ་ལས་བརྟགས་པས་གསལ་ཞིང༌། སྡོད་འཐེན་ཐང་ལྷོད་མ་ཚང་རྒྱུད་འགྱུར་དུས་རྩའི་དགྲ་རྩ་སོགས་མེད་པ་གོང་རྩ་ཕྱི་ནང་དབུགས་ཀྱི་ལན་ལྔ་ལྟར་དུས་རྩ་ཇི་བཞིན་འཕར་བ་དང༌། བླ་རྩ་མལ་དུ་ལན་གྲངས་བརྒྱའི་བར་གནས་པ་སོགས་བྱུང་ན་འཚོ་བ་ཡིན་ལ། དེ་ལས་ལྡོག་ན་འཆི་ཐག་ཆོད་ཀྱི་ལ་ཤན་ཙམ་རྩ་ཡིས་འབྱེད་ན་ཡང་ཚ་བ་དང་གྲང་བ་གང་ཡིན་དུ་ཐག་གཅོད་པའི་ལ་ཤན་ནི་ཆུ་ལ་བལྟས་ཚེ་མཐོང་བས་གསལ་བར་ནུས་པ་དེའི་ཕྱིར་སྨན་པ་མཁས་པས་ཆུ་ལ་ནན་དུ་བརྟག་པར་བྱའོ། གཞན་ཡང་མིག་གིས་བལྟ་བའི་བརྟག་ཐབས་གཉིས་པ་རླུང་གི་ལྕེ་དམར་ཞིང་སྐམ་ལ་རྩུབ་པ། མཁྲིས་པའི་ལྕེ་བད་ཀན་མདོག་སྐྱ་སེར་གྱི་མཐུག་པོས་གཡོགས་པ། བད་ཀན་གྱི་ལྕེ་སྐྱ་གླེག་མདངས་མེད་འཇམ་ལ་རློན་ཞིང༌། གཞན་ཡང་ལྕེ་སྐམ་ཕན་ཆད་རླུང་འབུད་ཡོད་པ་ཡིན། སྐམ་ལ་རིད་ན་རླུང་ལས་ཚད་ཁ་མཐོ། སྐམ་ལ་ནག་ན་རླུང་ཚད་ཕྱེད་མར་ཡོད། དམར་ལ་སྐམ་རྩུབ་རླུང་ཉིད་ཟང་མ་ཡིན། སེར་ལ་སྐམ་ཁོག་རླུང་དང་མཁྲིས་པར་ལྡན། སྐྱ་ལ་སྐམ་ཁོག་བད་རླུང་ཚ་བ་ཡིན། སྐྱ་གླེག་མདོག་མེད་ཚ་བ་བྱེར་ཞིང་རྙོགས། དམར་འཇམ་རློན་ཞིང་མཉེན་ན་ནད་དང་བྲལ། ནག་ཅིང་སྐམ་པ་སྨྲ་མི་ཤེས་པ་གས་པ་རྣམས་ནི་འཆི་བའི་ལྕེ་ཡིན་ནོ། །དེ་ཡང་དགོས་པ་གལ་ཆེ་བའི་འགག་རྟགས་དང་ངོ་བོ་གཉིས་ཀ་ཚ་བ། གཉིས་ཀ་གྲང་བ། རྟགས་ཚ་ལ་ངོ་བོ་གྲང་བ། ངོ་བོ་ཚ་ལ་རྟགས་གྲང་བ་བཞི་པོའི་འཁྲུལ་སོ་འབྱུང་བ། རྒྱུ་རྐྱེན། ཡུལ་དུས། རང་བཞིན། ན་ཚོད། གནས་ས། ཉིན་ཞགཟས་གོམས་པ། ཆུ་སྟེ་རྣམ་པ་བཅུའི་སྒོ་ནས་ལེགས་པར་བརྟགས། འཁྲུལ་པ་བསལ་བའི་ཐབས་ཡོད་ཅེས་གོང་དུ་སྡོམ་ཚིག་སྐབས་སྨྲས་པ་ནི་རྒྱས་པར་མན་ངག་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་ཚ་གྲང་གནད་ཀྱི་གལ་མདོར་ལེགས་པར་བསྟན་ཡོད་པ་དེར་ལྟོས་ཤིག་ཅེས་གསུངས་སོ། །

དེ་ལྟར་ནད་ངོས་འཛིན་པའི་བརྟག་ཐབས་རེག་མཐོང་གཉིས་བསྟན་ནས་གལ་འགག་གི་འཁྲུལ་སོ་བསལ་བ་མན་ངག་གི་རྒྱུད་དུ་ཞལ་འཕངས་པའི་རྗེས་ཐོག་དེ་མ་ཐག་དེ་ནས་ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ནད་དང་གཉེན་པོ་སྤྲོད་ཕྱིར་གསོ་བའི་ཚུལ་དགུ་ཡོད་ཅེས་གོང་དུ་སྡོམ་ཚིག་སྐབས་གསུངས་པས་ན་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་དེ་དག་རེ་རེ་ནས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་ཡིད་ལས་སྐྱེས་ཀྱིས་ཞུས་པའི་དོན་ལ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་ལན་དུ་འདི་སྐད་གསུངས་པ་ཡིན་ནོ། །དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ནད་དང་གཉེན་པོ་སྤྲོད་ཕྱིར་གསོ་བའི་ཚུལ་ལ་ནད་གང་ཡིན་མ་རྟོགས་པར་གདེངས་མ་ཐོབ་པའི་དོགས་པ་དང་བཅས་པར་བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས་པ་དང་གཅིགནད་ངོས་ཟིན་ཅིང་གདེངས་ཐོབ་ནས་སྤོ་ལ་དར་འཕྱར་བ་ལྟ་བུར་དངོས་སུ་བཅོས་པ་དང་གཉིས། གཉེན་པོ་ཐོག་ཏུ་མི་ཁེལ་ན་ལམ་དུ་གཟུད་པ་རྟ་རྒོད་དཀྱུས་འཛུད་ལྟར་བཅོས་པ་དང་གསུམ། སྨན་པ་གཞན་གྱིས་སྔར་བཅོས་ཀྱི་ནད་ལ་དམན་ལྷག་ལོག་གསུམ་གང་བྱུང་བརྟགས་ཏེ་སྐྱར་མོ་ཉ་ལེན་ལྟར་བཅོས་པ་དང་བཞི། སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི་པོ་དཔུང་བསྐྱེད་དེ་མི་ཤ་འཕྲང་ཕྲད་ལྟར་བཅོས་པ་དང་ལྔ། སྟོབས་ཆུང་ནད་ལ་སྐས་གདང་མས་འཛེག་ལྟར་བཅོས་པ་དང་དྲུག རྐྱང་པའི་ནད་ལ་དཔའ་བོ་དགྲ་འདུལ་ལྟར་བཅོས་དང་བདུན། ལྡན་འདུས་ཀྱི་ནད་ལ་དམེ་ཤོར་འཁྲུག་འདུམ་ལྟར་བཅོས་པ་དང་བརྒྱད། ཀུན་ལ་མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པར་བཅོས་པ་དགུའི་སྒོ་ནས་གསོ་བ་ཤིན་ཏུ་གཅེས་ཤིང༌། དེ་ལྟར་གཅེས་པའི་དོན་ལ་ཁྱོད་ཀྱིས་ཞུས་པ་ལེགས་ན་ཡང་སྔར་བཤད་པའི་རྒྱུད་དུ་ལེགས་པར་བསྟན་ནས་ཡོད་པས་དྲང་སྲོང་ཆེན་པོ་ཁྱོད་ཀྱིས་བཤད་པའི་རྒྱུད་ལ་ལྟ་རྟོགས་འཐེམས་པར་གྱིས་ཤིག་དང༌། དེ་ལྟར་མ་ཡིན་ན་མུན་ཁུང་ནག་པོའི་ནང་དུ་རྫས་སྟོར་བ་དང་འདྲ་བར་དོན་གལ་ཆེ་བ་རྣམས། དཔེ་ལ་ལུས་པས་ནད་པ་གསོ་བ་ལ་སོགས་པ་དགོས་པའི་དུས་སུ་མི་སླེབ་ཅིང་ཕན་པར་མི་འགྱུར་རོ། །དེ་བས་ན་གསོ་དཔྱད་ཀྱི་རྒྱུད་བཞིའི་ཚིག་དོན་ལ་བལྟ་བ་དང་བློའི་ཡུལ་དུ་རྟོག་པ་ཞིབ་འཐེམས་སུ་བྱས་ནས་དོན་བློ་ལ་ལོངས་ན་མུན་ཁུང་གི་མཛོད་དུ་ཉི་མ་ཤར་བ་ཇི་བཞིན་དུ་གསལ་པོར་མཐོང་ཞིང་རིན་པོ་ཆེ་གསེར་གཡུའི་སྒྲོམ་བུར་ལག་པ་བཅུག་པ་བཞིན་དུ་རང་ལ་ནམ་དགོས་པའི་དུས་ན་ལོངས་སྤྱད་པས་ཆོག་པ་ཡིན་ནོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་ནས་བརྟག་པའི་ཐབས་ཏེ་ལེའུ་གཉིས་པའོ། །དེ་ལྟར་བཤད་པའི་ལེའུ་གཉིས་པ་ནི་བརྟག་པ་རྩ་ཆུའི་མདོ་སྟེ་དང་པོའོ།། །།



 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 2:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།