སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་གཉིས་པ། ལུས་ཆགས་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
བཤད་རྒྱུད། >> ལེའུ་གཉིས་པ། ལུས་ཆགས་ཚུལ་བསྟན་པ།
གཉིས་པ་མཐའ་དཔྱོད་པའི་ཆེད་དུ་རྒྱས་པར་བཤད་པ་ལ་བཞི་སྟེ། གསོ་བར་བྱ་བའི་ཡུལ། གསོ་བར་བྱེད་པའི་གཉེན་པོ། ཇི་ལྟར་གསོ་བར་བྱ་བའི་ཚུལ། གསོ་བར་བྱེད་པ་པོ་སྨན་པ་བཤད་པའོ། དང་པོ་ལ་གཉིས། གང་གི་དོན་དུ་གསོ་བ་གྲུབ་པ་ལུས་ཀྱི་གནས་དང༌། གང་གསོ་བར་བྱ་བ་འཕེལ་འགྲིབ་ནད་ཀྱི་གནས་སོ། །དང་པོ་ལ་ཡང་སྤྱི་དོན་དང༌། ཚིག་གི་དོན་གཉིས་ལས། དང་པོ་ནི། འདི་ལ་གྲུབ་པ་ལུས་ཀྱི་གནས་ཞེས་བྱ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། འབྱུང་བ་ཆེན་པོ་རྣམས་ལས་ཡོངས་སུ་གྲུབ་ཅིང༌། བྱེ་བྲག་ཏུ་ཆགས་ཚུལ་དང༌། འདྲ་དཔེ་དང༌། ལྡང་ཚད་དང༌། མཚན་ཉིད་དང༌། དབྱེ་བ་དང༌། འཇིག་ལྟས་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་གཙོ་བོར་འཆད་པའི་གནས་ཡིན་པས་ན་འདི་སྐད་ཅེས་བྱའོ། །དེ་ནས་ཞེས་པ་བཀྲ་ཤིས་པ་དང་ཚིག་སྔ་མ་དེའི་རྗེས་སུ་ལེའུ་རེ་རེ་བཞིན་རིམ་པས་འབྱུང་བའི་ཕྱིར། རྒྱུའི་དོན་དུ་བསྡུ་བ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་བཀོད་པ་ཡིན་ལ། དོན་གཙོ་ཆེ་བ་རྣམས་གོང་དུ་བཤད་ཟིན་པ་ལྟར་རོ། །གཉིས་པ་ཚིག་གི་དོན་བཤད་པ་ལ་གཉིས་ཏེ། ལུས་གནས་ཞུས་པའི་ཚུལ་དང༌། དེའི་ལན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞེས་ཞུས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་པའི་རྒྱུད་ཀྱི་རྩ་བ་མདོའི་གནས་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་བཤད་རྒྱུད་འཆད་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲི་བའི་ཚིག་འདི་སྐད་ཅེས་ཞུས་སོ་ཞེས་མཚམས་སྦྱར་ནས། དྲི་བ་དངོས་ནི། ཀྱེ། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཞེས་གུས་པ་དང་བཅས་ཏེ་བོས་ནས། སྔར་གནས་བཅུ་གཅིག་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་དང་པོ་རྩ་བ་མདོའི་གནས་གསུངས་ཚར་མོད། ད་ནི་གནས་གཉིས་པ་གྲུབ་པ་ལུས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བདག་ཅག་རྣམས་ལ་ལེགས་པར་བཤད་དུ་གསོལ། ཞེས་ཞུས་པའོ། །ལས་ཞེས་བྱ་བ་ནི་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་སྟེ། སྟོན་པའི་གསུང་རབ་ལས་ཆོས་འབྱུང་བར་ངེས་པའི་དོན་ཏོ། །

གཉིས་པ་དེའི་ལན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པ་ཞེས་པ་ནས་མདུན་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དེ་སྐད་ཅེས་ཞུས་པའི་ལན་དུ། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་ལྟར་གསུངས་པ། ཀྱེ། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་བཀའ་བསྒོས་ནས། གོང་དུ་ཡན་ལག་བཅུ་གཅིག་ཡོད་པར་བཤད་པའི་དང་པོ་ཚེ་རིང་ཆོས་ནོར་གང་གི་དོན་དུ་གསོ་བ་ཁམས་དྲུག་ལས་ཡོངས་སུ་གྲུབ་པ་རྡོ་རྗེའི་ལུས་ཀྱི་གནས་འདིར་བསྟན་པར་བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། ལུས་ཇི་ལྟར་ཆགས་པའི་ཚུལ་དང༌། དེའི་ཆ་ཤས་རེ་རེ་ནས་འདྲ་བའི་དཔེ་དང༌། ཁམས་སོ་སོའི་ལྡང་ཚད་དང༌། ལུས་དེ་ཉིད་ཚུལ་ཇི་ལྟར་ངེས་པར་བྱ་བའི་གནས་ལུགས་དང༌། ལུས་དེའི་གནོད་བྱ་ཁམས་དང་གནོད་བྱེད་ཉེས་པའི་མཚན་ཉིད་དང༌། དེས་ལས་ཇི་ལྟར་བྱ་བའི་ཚུལ་དང༌། ལུས་དེའི་རྣམ་གྲངས་ཀྱི་དབྱེ་བ་དང༌། མཐར་འཇིག་པའི་སྔ་ལྟས་བསྟན་པ་དང༌། རྣམ་པ་བདུན་དུ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། ལུས་ཀྱི་ཆགས་ཚུལ། འདྲ་དཔེ། གནས་ལུགས། མཚན་ཉིད། ལས་དང་དབྱེ་བ། འཇིག་ལྟས་བཤད་པའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ལ་ཞེས་པ་ནས་རྣམ་པ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། གྲུབ་པ་ལུས་ཀྱི་གནས་ལ་མདོར་བསྟན་བདུན་ཡོད་པའི་དང་པོ་ལུས་ཆགས་པའི་ཚུལ་བསྟན་པར་བྱ་སྟེ། དེའང་ལུས་ཆགས་པའི་རྒྱུ་དང༌། དེ་འཕེལ་བར་བྱེད་པའི་རྐྱེན་དང༌། ཁོང་ནས་བཙའ་བའི་རྟགས་བསྟན་པ་དང་རྣམ་པ་གསུམ་དུ་ཡོད་དོ་ཞེས་པའོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆགས་ཚུལ་གྱི་རྣམ་པར་གཞག་པ། ཆགས་ནས་འཕེལ་བའི་རིམ་པ་བཤད་པ། རྫོགས་ནས་སྐྱེ་བའི་རྟགས་བསྟན་པའོ། །དང་པོ་ལ་གཉིས། ཆགས་པའི་རྒྱུ་དང༌། ཇི་ལྟར་ཆགས་པའི་ཚུལ་བཤད་པའོ། །དང་པོ་ལ་གསུམ། རྒྱུ་ངོས་བཟུང་བ། རྒྱུའི་འགལ་རྐྱེན། རྒྱུའི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། མཁས་པ་ཁ་ཅིག་ན་རེ། ཆགས་རྒྱུ་དང་པོ་ཕ་དང་མའི་ཁུ་ཁྲག་ནད་ཀྱི་སྐྱོན་མེད་པ་ལ་བར་སྲིད་ཀྱི་དྲི་ཟའི་སེམས་ཀྱི་རྣམ་ཤེས་དེ། ལས་དང་ཉོན་མོངས་ཀྱིས་བསྐུལ་ནས་མངལ་དུ་འཇུག་སྟེ། དེ་ཡང་འབྱུང་བ་ལྔ་ཚོགས་པ་ལས་མངལ་དུ་ཆགས་པའི་རྒྱུ་བྱེད་ཅིང༌། ལས་དེ་དག་འཛོམས་ན་སེམས་ཅན་གྱི་ལུས་འགྲུབ་པར་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་འོས་པ་མ་ཡིན་ཏེ། འདིར་སྤྱིར་བཏང་གི་ཆགས་རྒྱུ་ཙམ་ཞིག་ངོས་བཟུང་བ་མ་གཏོགས། མངལ་དུ་ཆགས་པ་དང༌། ལུས་གྲུབ་ཚུལ་སྟོན་པའི་སྐབས་མ་ཡིན་པའི་ཕྱིར། དཔེར་ན་གཙུབ་ཤིང་དང་གཙུབ་སྟན་དང་སྐྱེས་བུའི་རྩོལ་བ་རྣམས་འཛོམས་པ་དག་ལས་མེ་འབྱུང་བ་དང་མཚུངས་སོ། །ཞེས་ཁྱོད་རང་གིས་བཤད་པས་དཔེ་འདིས་མེའི་རྒྱུ་ཙམ་ཞིག་ངོས་བཟུང་བ་ཡིན་གྱི། མེའི་འབར་ཚུལ་མི་འབྱུང་བ་ལྟར། མངལ་དུ་ཆགས་པའི་རྒྱུ་ངོས་བཟུང་བ་ཡིན་གྱི། མེའི་འབར་ཚུལ་མི་འབྱུང་བ་ལྟར། མངལ་དུ་ཆགས་པའི་རྒྱུ་ངོས་བཟུང་བ་འཐད་ཀྱི། མངལ་དུ་འཇུག་སྟེ་ཞེས་པ་དང༌། ལུས་འགྲུབ་པར་ཟེར་བ་མི་འཐད་དེ། འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །ཞེས་གསུངས་པའི་ཕྱིར། དེས་ན་དཔེ་དང་དོན་གཉིས་ཕན་ཚུན་སྦྱོར་ཚུལ་མི་ཤེས་པས་ནོངས་སོ། །གཉིས་པ་རང་གི་ལུགས་ནི། དཔེར་ན་ཕོ་ཤིང་གཙུབ་ཤིང་དང༌། མོ་ཤིང་གཙུབ་སྟན་དང༌། སྤྲ་བ་དུལ་མ་བརླན་མེད་པ་དང༌། སྐྱེས་བུའི་རྩོལ་བ་རྣམས་གནས་གཅིག་ཏུ་ཚང་ཞིང་འདུས་པར་རུང་བ་ནི། མེ་འབྱུང་བའི་རྒྱུ་ཡིན་ཏེ། རྩོལ་པ་ལ་ཞུགས་པ་ཙམ་གྱིས་མེ་འབྱུང་དུ་རུང་བ་ཡིན་པའི་ཕྱིར། དེ་བཞིན་དུ་ཕའི་ཁུ་བ་དང༌། མའི་ཟླ་མཚན་ལ་རླུང་སོགས་ཀྱི་སྐྱོན་མེད་པ་དང༌། སྔོན་གྱི་སྨོན་ལམ་དང་རྗེས་སུ་འབྲེལ་བའི་བར་དོའི་རྣམ་པར་ཤེས་པ་ལས་ཀྱིས་བསྐུལ་བ་དང༌། དེ་དག་སོ་སོ་རང་རང་གི་འབྱུང་བ་ལྔའི་རང་བཞིན་དང་ཆ་ཤས་རྣམས་ཚང་ཞིང་འདུས་ལ། གནས་གཅིག་ཏུ་ཆགས་པར་རུང་བ་ནི་མངལ་ཆགས་པའི་རྒྱུ་ཡིན་ཏེ། དེའི་ཚེ་ཕ་མ་གཉིས་འཁྲིག་པ་ཞུགས་པ་ཙམ་གྱིས་ལྟོ་བ་སྦྲུམ་པར་མཐོང་བའི་ཕྱིར་རོ། །འདིའི་སྐབས་ཀྱི་འབྱུང་ལྔ་ཞེས་པ་ནི། སྤྱིར་ཁུ་ཁྲག་སེམས་གསུམ་རང་རང་གི་ཆ་ལ་གནས་པའི་འབྱུང་ལྔའི་ཆ་ཤས་རྣམས་ལ་ཟེར་བ་ཡིན་ཀྱང༌། ཁྱད་པར་དུ་བར་དོའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་གནས་པའི་འབྱུང་བ་ལྔ་ཤིན་ཏུ་ཕྲ་བའི་ཆ་ཞིག་ཡོད་པ་དེ་ལ་བྱ་ཞིང༌། དེ་ཡང་གཞན་རྣམས་དང་མཉམ་དུ་ཚོགས་པར་རུང་བ་ཞིག་གི་དོན་ཡིན་ཏེ། སློབ་དཔོན་དཔའ་བོའི་ཞབས་ཀྱིས། དང་པོ་ཕ་མའི་ཁུ་བ་ཁྲག་ལ་རླུང་ལ་སོགས་པའི་སྐྱོན་མེད་པ་དང༌། ལས་དང་ཉོན་མོངས་པ་དང་ལྡན་པའི་རྣམ་པར་ཤེས་པ་དང༌། དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཤིན་ཏུ་ཕྲ་བ་དབང་པོའི་ཡུལ་ལས་འདས་པ་རྣལ་འབྱོར་གྱི་ཡུལ་དུ་གྱུར་པ་དེ་དག་སྐད་ཅིག་མངལ་དུ་ཚོགས་ཤིང་འདུས་པ་ནི་རུམ་དུ་ཆགས་པ་ཞེས་བྱ་སྟེ། དཔེར་ན་གཙུབ་ཤིང་དང༌། སྟན་པ་དང༌། སྤྲ་བ་དང༌། སྐྱེས་བུའི་རྩོལ་བ་ལག་པ་དང༌། འདི་དག་ཚོགས་པ་ལས་མེ་འབྱུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ངེས་པའོ། །

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་མེ་འབྱུང་མཚུངས་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ཆགས་རྒྱུ་དང་འཕེལ་རྐྱེན་བཙའ་རྟགས་ཞེས་བཤད་པའི་དང་པོ་ཆགས་རྒྱུ་ནི། ཕ་མའི་ཁུ་བ་དང་ཁྲག་ལ་རླུང་མཁྲིས་བད་ཀན་ལྡན་འདུས་སོགས་འཕེལ་ཟད་འཁྲུགས་པའི་སྐྱོན་མེད་པ་དང༌། བར་དོར་འཁྱམས་པའི་རྣམ་པར་ཤེས་པ་དེ་ཉིད་དགེ་བ་དང་མི་དགེ་བ་གང་རུང་གི་ལས་དང༌། མ་རིག་པ་ལ་སོགས་པའི་ཉོན་མོངས་པའི་རླུང་གིས་ཉེ་བར་བསྐུལ་ནས། ཁུ་ཁྲག་སེམས་གསུམ་གྱི་འབྱུང་བ་ལྔ་པོ་ལྷན་ཅིག་ཏུ་ཚོགས་ཤིང་འདུས་པར་རུང་བ་ནི་མངལ་དུ་བུ་ལ་སོགས་པ་ཆགས་པར་འགྱུར་བའི་རྒྱུ་ཡིན་ཏེ། དཔེར་ན་གཙུབ་ཤིང་དང༌། གཙུབ་སྟན་དང༌། སྤྲ་བ་དང༌། སྐྱེས་བུས་བསྲུབས་པའི་འབད་རྩོལ་རྣམས་ལྷན་ཅིག་ཏུ་ཚོགས་པ་དེ་དག་ལས་ནི་མེ་འབྱུང་བ་དང་རྣམ་པ་དུ་མའི་སྒོ་ནས་མཚུངས་པ་ཡིན་ནོ། །གཉིས་པ་རྒྱུའི་འགལ་རྐྱེན་བཤད་པ་ལ་གསུམ་སྟེ། འབྱུང་ལྔ་ཚོགས་ཀྱང་རྒྱུར་མི་འགྱུར་བ། ལས་མ་འཛོམས་ན་རྒྱུར་མི་རུང་བ། འབྱུང་ལྔ་མ་འཛོམས་ན་རྒྱུར་མི་འགྱུར་བའི་ཚུལ་ལོ། །དང་པོ་ལ་གཉིས། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཀུན་གྱིས་དཔྱད་པ་ཅི་ཡང་མ་བྱས་པར། ཁུ་ཁྲག་གཉིས་པོ་མངལ་དུ་འཛོམ་པའི་སྐབས་སུ་རླུང་སོགས་ཀྱི་སྐྱོན་མེད་པར་ཞེས་བཤད་པར་སྣང་ཡང་དེ་ནི་མ་ཡིན་ནོ། །མངལ་དུ་འཛོམས་ཟིན་པའི་ཁུ་ཁྲག་དེ་ཉིད་ལ། ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐ་ལ། །ཞེས་སོགས་རེག་བྱ་དང༌། ཁ་དོག་དང༌། རོའི་འབྱུང་ཚུལ་བཤད་པ་ལ་དགོས་པ་ཅི་ཡོད་དེ། མངལ་དུ་ཚུད་ཟིན་པའི་ས་བོན་དེ་ལྟར་བརྟག་མི་ནུས་པའི་ཕྱིར་རོ། །བྱེ་བྲག་ཏུ་འདིའི་སྐབས་ཀྱི་མདུད་པ་འདྲ་ཞེས་པ་ལ་ཁུ་ཚིགས་བྱེ་བ་ཞེས་བཤད་མོད་ཀྱང་དེ་ནི་མ་ཡིན་ཏེ། ཁུ་ཚིགས་བྱེ་བ་ལ་མདུད་པ་ཅན་ཞེས་པའི་ཐ་སྙད་ཙམ་ཡང་འཇུག་ཏུ་མི་རུང་བའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། ཕོ་མོ་གཉིས་ལྷན་ཅིག་ཏུ་མ་འདུས་པའི་སྔོན་རོལ་ཏུ་སྐྱེས་པའི་ཁུ་བ་ལ་སྐྱོན་དེ་རྣམས་ཡོད་པའམ། བུད་མེད་ཀྱི་ཟླ་མཚན་ལ་སྐྱོན་དེ་ལྟ་བུ་ཡོད་པའམ། གཉིས་ཀ་ལ་ཡོད་ཀྱང་རུང༌། མངལ་དུ་སེམས་ཅན་ཆགས་པའི་ས་བོན་བྱེད་མི་ནུས་པས་དེ་ལ་ནི་གསོ་བའི་ཐབས་འདིར་དངོས་སུ་གསལ་བར་མ་བྱུང་ཡང༌། ཡན་ལག་བརྒྱད་པར། རླུང་ལ་སོགས་པས་གནོད་གྱུར་པ། །རང་གི་སྨན་གྱིས་གསོ་བར་བྱ། །ཞེས་དང༌། ཙན་དན་བླུད་བྱ་ཕྱིས་བཤད་པའི། །གསང་བའི་ནད་གསོ་བཤད་ཀུན་དང༌། །འཇམ་རྩིར་བཅས་པ་གང་ཡིན་བྱ། །ཞེས་དང༌། དེའི་འགྲེལ་པ་གཉིས་ལས་བཤད་པའམ། མན་ངག་རྒྱུད་ཀྱི་གསང་ནད་གསོ་བའི་སྐབས་ལྟར་གསོ་བའི་ཆོ་ག་བྱས་པས་དེ་དང་དེའི་སྐྱོན་རྣམས་སོ་སོར་དག་ནས་ས་བོན་གྱི་དོན་བྱེད་ནུས་པ་ཡིན་ནོ། །འོན་ཀྱང་རླུང་མཁྲིས་ཀྱི་སྐྱོན་གྱིས་ཟད་པའམ་སྐམ་པར་གྱུར་པ་ནི་གསོ་དཀའ་ཞིང༌། འདུས་པའི་སྐྱོན་གྱིས་བཤང་གཅི་འདྲ་བ་ནི་གསོ་མི་ནུས་པར་བཤད་དེ། བརྒྱད་པར། རླུང་དང་མཁྲིས་པས་ཟད་པར་འགྱུར། །འདི་དག་གསོ་དཀའ་ཉེས་གསུམ་ལྡན། །བཤང་གཅི་འདྲ་བ་གསོར་མི་རུང༌། །ཞེས་གསུངས་པའི་ཕྱིར་རོ། །མདུད་པ་ཅན་ཞེས་པ་ནི། ཟླ་ཟེར་ལས། བུད་མེད་ཀྱི་ཟླ་མཚན་མདུད་པའམ་རྨེན་བུ་འདྲ་བ་ལ་ནི་ཞེས་བཤད་པས་གོང་བུར་འདྲིལ་བའི་དོན་ཡིན་ཏེ། དེའི་སྨན་བཤད་པ་ལའང་སྨན་པ་ཐོ་ལ་སོགས་པ་བསྐོལ་བའི་ཆུ་བླུད་པར་བྱའོ། །ཞེས་པའི་གོང་བུར་འདྲིལ་བ་དེ་ཉིད་བཤིག་པའི་སྨན་ཡིན་པའི་ཕྱིར་རོ།།

གཉིས་པ་ཚིག་གི་དོན་ནི། ཁུ་ཁྲག་ཅེས་པ་ནས་བྱེད་མི་ནུས་ཞེས་པའི་བར་གྱིས་བསྟན་ཏེ། བུ་འདོད་པའི་ཕོ་མོ་གཉིས་ལྷན་ཅིག་ཏུ་མ་འདུས་པའི་སྔ་རོལ་གྱི་ཁུ་བ་དང་ཁྲག་གཉིས་ནད་ཀྱི་དབང་གིས་གལ་ཏེ་འཛག་པར་གྱུར་པའི་ཚེ་གསོ་བར་བྱ་དགོས་ཏེ། དེའི་ཕྱིར་ཉེས་པ་གང་གིས་བསྐྱེད་བརྟག་དགོས་པ་ལས། དེའང་རླུང་གིས་བསྐྱེད་པའི་རྟགས་སུ་ཁུ་བ་དང་ཁྲག་དེ་གཉིས་ཀྱི་རེག་བྱ་རྩུབ་པ་དང༌། ཁ་དོག་ནག་པ་དང་རོ་བསྐ་བ་འབྱུང་ལ། མཁྲིས་པས་བསྐྱེད་པའི་རྟགས་སུ་རོ་སྐྱུར་བ་དང༌། མདོག་སེར་བ་དང་དྲི་མ་ངན་པ་མནམ་པ་འབྱུང་ངོ༌། །བད་ཀན་གྱིས་བསྐྱེད་པའི་རྟགས་སུ་ཁ་དོག་སྐྱ་བ་དང་ངོ་བོ་འབྱར་བག་ཆེ་བ་རོ་མངར་བ་དང་རེག་བྱ་བསིལ་བར་འབྱུང་བ་ཡིན་ཏེ། རླུང་མཁྲིས་བད་ཀན་རང་རང་གི་མཚན་ཉིད་རྗེས་སུ་མཐུན་པའི་བྱ་བ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཁྲག་གི་སྐྱོན་གྱིས་རུལ་ཏེ་རོ་མྱགས་པ་ལྟར་འགྱུར་བ་དང༌། བད་རླུང་ལྡན་པའི་སྐྱོན་གྱིས་དུམ་བུ་དུམ་བུར་ཆད་དེ་གཅིག་ཏུ་མི་འདུ་བ་དང༌། ཁྲག་མཁྲིས་དང་ལྡན་པའི་སྐྱོན་གྱིས་རྣག་སྨིན་པ་ལྟ་བུར་ཤིན་ཏུ་རྙོགས་པ་ལྟར་འགྱུར་བ་དང༌། བད་མཁྲིས་དང་ལྡན་པའི་སྐྱོན་གྱིས་མདུད་པ་སྟེ་གོང་བུ་གཅིག་ཏུ་འདྲིལ་བ་དང༌། རླུང་མཁྲིས་དང་ལྡན་པའི་སྐྱོན་གྱིས་ཁུ་ཁྲག་གཉིས་རང་རང་གི་གནས་སུ་སྐམས་པའམ་ཟད་པར་གྱུར་ན་མི་འབྱུང་སྟེ། འདི་ནི་གསོ་དཀའ་ཞིང༌། དེ་དག་ཐམས་ཅད་འདུས་པས་ཉེས་པ་བསྐྱེད་པ་ནི་བཤང་གཅི་དང་འདྲ་བར་འབྱུང་སྟེ། འདི་ནི་གསོ་མི་ནུས་པར་བཤད་ལ། མདོར་ན་བཤད་མ་ཐག་པ་འདི་དག་གི་སྐྱོན་རེ་རེས་ཀྱང་ས་བོན་གྱི་དོན་བྱེད་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ལས་མ་འཛོམས་ན་རྒྱུར་མི་རུང་བའི་ཚུལ་བཤད་པ་ལ་གཉིས། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ལས་ཞེས་བྱ་བ་ནི་དགེ་མི་དགེ་ལུང་མ་བསྟན་གང་རུང་གི་འདུས་བྱས་པ་ལས་བྱུང་བའི་དངོས་པོ་ཞིག་གི་དོན་ཡིན་ལ་དེའང་བར་སྲིད་དུ་འཁྱམས་པའི་སེམས་ཅན་དེས་མི་ལུས་ལེན་པའི་རྒྱུ་དགེ་བའི་ལས་བསགས་ཤིང༌། ཕ་མ་དེ་གཉིས་ཀྱི་ལས་དང་རིགས་མཐུན་པ་ཞིག་ཡིན་ན་དེ་དང་དེ་འདྲ་བའི་མངལ་དུ་འཇུག་ལ་དེ་ལས་ལྡོག་པའི་ལས་དང་ལྡན་པ་རྣམས་ནི་ལས་མ་འཛོམས་པ་ཞེས་བྱ་སྟེ་དེ་དང་དེ་ལྟ་བུའི་ཕ་མའི་མངལ་དུ་རྣམ་པར་ཤེས་པ་འཇུག་པར་མི་འགྱུར་ཞེས་པའི་དོན་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དཀོན་ཅོག་བརྩེགས་པ་ལས་འདི་ལྟར་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་སེམས་ཅན་རྣམས་མངལ་དུ་འཇུག་པར་འདོད་པའི་ཚེ། རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པར་གྱུར་ན་ནི་ལུས་ལེན་པར་འགྱུར་གྱི། གལ་ཏེ་ཕུན་སུམ་ཚོགས་པར་མ་གྱུར་ན་ནི་ལུས་ལེན་པར་མི་འགྱུར་རོ། །དེ་ལ་རྐྱེན་དང་མི་ལྡན་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཕ་དང་མ་གཉིས་ཀའང་ཆགས་པའི་སེམས་བྱུང་བར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ཅིང་སྐྱེ་བའི་གནས་ཡོངས་སུ་འཚོལ་བར་བྱེད་ཀྱང༌། ཕ་མ་དེ་དག་གི་འདུ་འཕྲོད་སྔ་ཕྱིར་གྱུར་ཅིང༌། དུས་གཅིག་ཏུ་བྱུང་བར་མ་གྱུར་ཏམ། སོ་སོའི་ལུས་ལ་ནད་རྣམས་དང་ལྡན་པར་གྱུར་ནའང་མངལ་དུ་འཇུག་པར་མི་འགྱུར་རོ། །ཞེས་དང༌། གལ་ཏེ་ཕ་མ་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ། བར་མ་དོའི་ཕུང་པོ་བསོད་ནམས་ཆུང་བའམ། བར་མ་དོའི་སྲིད་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ། ཕ་མ་བསོད་ནམས་ཆུང་བར་གྱུར་ཏམ་གཉིས་ཀ་བསོད་ནམས་དང་ལྡན་ཡང་ཕན་ཚུན་འཕྲད་པར་འགྱུར་བའི་ལས་བསགས་པར་མ་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ངེས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། ལས་མ་འཛོམས་ན་ཞེས་རྐང་པ་གཅིག་སྟེ། ཕ་མ་གཉིས་བར་དོའི་སེམས་ཅན་ཕན་ཚུན་འཕྲད་པར་འགྱུར་བའི་ལས་ལ་སོགས་པ་ལྷན་ཅིག་ཏུ་མ་འཛོམས་ན། སྐྱེས་པ་དང་བུད་མེད་གཉིས་ཀ་ཁུ་ཁྲག་གི་ཆོས་དང་ལྡན་ཞིང༌། རླུང་སོགས་ཀྱི་སྐྱོན་ཡང་མེད་ལ། འབྱུང་བ་ཆེན་པོ་ལྔ་རྣམས་ཚང་ཡང་བར་དོའི་རྣམ་པར་ཤེས་པ་དེ་ཉིད་མངལ་དུ་མི་འཇུག་སྟེ། ལས་ཉིད་དབང་བཙན་པའི་ཕྱིར་རོ།  །ཞེས་པའོ། །གསུམ་པ་འབྱུང་ལྔ་མ་འཛོམས་ན་རྒྱུར་མི་རུང་བའི་ཚུལ་ལ་གཉིས། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །ཞེས་སོགས་ཀྱི་ཚིག་འདི་ལ་རྟོགས་ལྡན་འགའ་ཞིག་ན་རེ། ཕ་མའི་ཁུ་བ་དཀར་དམར་ནི་འབྱུང་བ་ལྔའི་རང་བཞིན་དུ་གྲུབ་ཅིང་བར་སྲིད་ཀྱི་རྣམ་པར་ཤེས་པའང་ཤིན་ཏུ་ཕྲ་བའི་འབྱུང་ལྔ་རང་ཆས་སུ་ཡོད་པས་ས་སོགས་མེད་པ་ག་ལ་འབྱུང༌། དེ་ལས་གཞན་པའི་འབྱུང་ལྔ་ནི་མངལ་དུ་འཇུག་པའི་སྐབས་མེད་པས་ཚིག་འདི་ནི་གྱི་ན་བ་ཙམ་མོ། །ཞེས་སྨྲ་བར་དོགས་པས་བརྗོད་པར་བྱའོ། །ཁུ་ཁྲག་སེམས་གསུམ་པོ་ལ་རང་ཆས་ཀྱི་འབྱུང་ལྔ་ཡོད་པ་དང༌། དེ་ལས་གཞན་པའི་འབྱུང་ལྔ་མངལ་དུ་འཇུག་པའི་སྐབས་མེད་པ་ནི་བདེན་མོད། འོན་ཀྱང་གཞུང་ཚིག་འདིས་ནི་འདི་ལྟར་སྟོན་པ་ཡིན་ཏེ། མི་ཤེས་པ་འགའ་ཞིག་གི་བསམ་པ་ལ། འབྱུང་བ་ཆེན་པོ་རྣམས་ལ་མ་བལྟོས་པར་ཁུ་ཁྲག་ཁོ་ནས་ལུས་ཆགས་ཤིང༌། འཕེལ་བའི་རྒྱུ་བྱེད་པར་འདོད་ཅིང་ཁུ་ཁྲག་དེ་ཡང་འབྱུང་ལྔའི་རང་བཞིན་དུ་མི་ཤེས་པ་རྣམས་ཀྱི་ལོག་རྟོག་དགག་པའི་ཆེད་དང་ལྡོག་དོན་དུ་ལུས་ཆགས་སྐྱེད་ཐམས་ཅད་རྒྱུ་རྐྱེན་བྱེད་པ་ནི་འབྱུང་བ་ཆེན་པོ་ལྔ་ལས་མ་བྱུང་བ་མི་སྲིད་དོ་ཞེས་སྟོན་པ་ཡིན་ནོ། །ཚུལ་འདི་ཉིད་བརྒྱད་བ་རྩ་འགྲེལ་དུ་གསལ་པོ་མི་འབྱུང་ཡང༌། དགའ་བོ་མངལ་འཇུག་གི་མདོ་ལས། མེར་མེར་པོའི་ལུས་དེ་དག་གལ་ཏེ་སའི་ཁམས་འབའ་ཞིག་དང་ལྡན་ལ། ཆུའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་ཕྱེ་དང་ཐལ་བ་སྐམ་པོ་བཅངས་པ་བཞིན་དུ་སྡུད་མི་ཐུབ་པར་འགྱུར་རོ། །གལ་ཏེ་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་སའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་འབྲུ་མར་རམ་ཆུའི་རང་བཞིན་སྣུམ་ཞིང་གཤེར་བ་ལ་སྲ་བ་མེད་པ་བཞིན་དུ་བོ་ཞིང་གྱེས་པར་འགྱུར་རོ། གལ་ཏེ་ས་དང་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་མེའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་དབྱར་ཚ་བའི་དུས་སུ་ཤའི་གོང་བུ་གྲིབ་མ་ལ་བཞག་པ་ཉི་མའི་འོད་ཀྱིས་མ་ཕོག་པ་བཞིན་དུ་འདྲུལ་ཞིང་མྱགས་པར་འགྱུར་རོ། །གལ་ཏེ་ས་དང་ཆུ་དང་མེའི་ཁམས་དང་ལྡན་ཞིང་རླུང་གི་ཁམས་མེད་པར་གྱུར་ན་ནི་འཕེལ་བར་མི་འགྱུར་ཏེ་འདི་ལྟ་སྟེ། དཔེར་ན་འཁུར་བ་མཁན་ནམ་དེའི་སློབ་མ་མཁས་པས་འཁུར་བ་བཅོས་ནས་དབུགས་ཀྱིས་བུས་ཏེ་ཅི་དང་ཅི་བྱ་བ་རྣམས་མངོན་པར་འདུས་བྱས་པ་དེ་དག་ནང་ཁོང་སྟོང་བྱེད་པ་ལ་གལ་ཏེ་རླུང་གི་སྟོབས་མེད་པར་གྱུར་ན་མངོན་པར་གྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་ཡོངས་སུ་བཟུང་ནས་རྣམ་པར་གཞག་པ་ཡིན་པས་དེའི་ཕྱིར་མེར་མེར་པོའི་ལུས་ནི་ཕ་མའི་འབྱུང་བ་ཆེན་པོ་བཞི་དང་ལས་ཀྱི་རླུང་གི་རྒྱུས་སྐྱེ་བར་འགྱུར་བ། དེ་བཞིན་དུ་རྐྱེན་མང་པོ་རྣམས་ཀྱི་ནང་ན་དམིགས་པར་མི་འགྱུར་ཡང༌། འདུས་པའི་སྟོབས་ཀྱིས་ལུས་ཡང་དག་པར་ལེན་པར་འགྱུར་བར་རིག་པར་བྱའོ། །ཞེས་གསལ་བར་འབྱུང་བ་ལྟར་ཤེས་དགོས་སོ། །

གཉིས་པ་ཚིག་གི་དོན་ནི། ས་མེད་ཅེས་པ་ནས་གོ་མི་འབྱེད་ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་རྒྱུའི་གཙོ་བོ་ཁུ་ཁྲག་སེམས་གསུམ་པོ་ལྷན་ཅིག་ཏུ་འདུས་སུ་ཟིན་ཀྱང༌། དེའི་ཚེ་འབྱུང་བ་ཆེན་པོ་རྣམས་ཀྱི་ནང་ནས་སའི་རང་བཞིན་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ལུས་འདི་ཉིད་འགྲུབ་པར་མི་འགྱུར་ཏེ། ལུས་འདི་སྲ་བ་ལ་སོགས་པའི་རང་བཞིན་ཕལ་ཆེར་ནི་ས་ལས་གྲུབ་པའི་ཕྱིར། དེ་བཞིན་དུ་འབྱུང་བ་ཆུ་མེད་ན་གཞན་རྣམས་ཡོད་ཀྱང་གཅིག་ཏུ་བསྡུ་བར་མི་ནུས་ཏེ་གོར་གོར་མེར་མེར་པོ་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །འབྱུང་བ་གཞན་རྣམས་ཡོད་ཀྱང་མེའི་རང་བཞིན་མེད་ན་རིམ་པ་བཞིན་སྨིན་པར་མི་འགྱུར་ཏེ། རུལ་ཞིང་མྱགས་པར་འགྱུར་བས་སོ། །གཞན་རྣམས་ཡོད་ཀྱང་རླུང་གི་རང་བཞིན་མེད་ན་ཆེས་ཆེར་འཕེལ་བར་མི་འགྱུར་ཏེ། ལྕི་ཞིང་འཐས་པར་གནས་པའོ། །དེ་དག་ཐམས་ཅད་ཡོད་ཀྱང་ནམ་མཁའ་སྟེ་སྟོང་པའི་ཆ་ཤས་གལ་ཏེ་མེད་པར་གྱུར་ན་ནི་འཕེལ་བའི་གོ་སྐབས་མི་འབྱེད་དེ། འཕེལ་ཞིང་རྒྱས་པའི་གནས་བཀག་པར་འགྱུར་བའི་དོན་གྱིས་སོ། །འོ་ན་དགའ་བོ་མངལ་འཇུག་ལ་སོགས་པར་འབྱུང་བ་བཞི་ལས་མ་བྱུང་བས། འདིར་ནམ་མཁའ་ཡང་ལུས་ཆགས་ཤིང་འཕེལ་བའི་རྒྱུར་བཤད་པ་མི་རིགས་ཏེ། ནམ་མཁའ་ནི་འདུས་མ་བྱས་ཡིན་པས་སོ་ཞེ་ན་སྐྱོན་མེད་དེ། སྤྱིར་ནམ་མཁའ་ནི་འདུས་མ་བྱས་ཡིན་མོད་ཀྱང༌། ནམ་མཁའི་མཚན་ཉིད་ལ་སྟོང་ཞིང་གོ་འབྱེད་པ་ཞེས་འབྱུང་བའི་དོན་གྱིས་ན། འདིར་ཡང་ཁུ་ཁྲག་སེམས་གསུམ་མངལ་དུ་གནས་པའི་དུས་ན། དེ་སྟོང་པའི་ཆ་ལུས་འཕེལ་བའི་གོ་སྐབས་ཡངས་པོར་བྱེད་ནུས་པ་ཞིག་ཡོད་པ་དེ་ལ་འཕེལ་བའི་གོ་འབྱེད་ཅེས་མཚན་ཉིད་རྗེས་སུ་མཐུན་པར་མིང་བཏགས་པ་མ་གཏོགས་ནམ་མཁའ་ལུས་ཀྱི་རྒྱུ་དངོས་བྱེད་པ་ནི་མ་ཡིན་ནོ། །གསུམ་པ་རྒྱུའི་ཁྱད་པར་བཤད་པ་ལ་གཉིས། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། གཞུང་ཚིག་འདིར་ལུས་ཆགས་པའི་རྒྱུའི་ཁྱད་པར་བསྟན་པ་ཡིན་ཏེ། ཟླ་ཟེར་ལས། ཁུ་བ་དཀར་ཞིང་ལྕི་བ་དང༌། །མངར་དང་བསྐ་དང་མང་བ་དང༌། །མར་དང་སྦྲང་རྩི་ཏིལ་མར་འདྲ། །མངལ་དུ་ལེགས་ཆགས་ཞེས་བྱ་ལ། །ཁུ་ཆུ་གང་དཀར་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ནི་མངལ་དུ་ལེགས་པར་ཆགས་ཤིང་འཛིན་པའི་རྒྱུ་ཡིན་པར་ཤེས་པར་བྱ་སྟེ། དཀར་བ་ནས་ཏིལ་མར་འདྲ་ཞེས་པའི་བར་འདི་དག་ནི་ཁུ་བའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཟླ་མཚན་ཡང༌། རྒྱ་སྐྱེགས་ཁུ་བ་རི་བོང་ཁྲག །འདྲ་ཞིང་བཀྲུས་ན་དག་འགྱུར་བཟང༌། །ཞེས་བྱ་བ་ལ། ཟླ་མཚན་གྱི་ཁྲག་ཀྱང་ཁྱད་པར་འདི་དག་དང་ལྡན་ན་བཟང་ཞིང་མངལ་དུ་ཆགས་ཏེ། རྒྱ་སྐྱེགས་བཙོས་པའི་ཁུ་བ་འདྲ་བ་དང༌། རི་བོང་གི་ཁྲག་ལྟར་དམར་བ་དང༌། གང་གོས་ལ་ཆགས་ཤིང་ཞེན་པ་བཀྲུས་ན་དག་ཅིང་དམར་བ་མེད་པར་འགྱུར་ན་དེ་མངལ་དུ་ཆགས་པ་བཟང་བའི་རྒྱུ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་ཁུ་ཁྲག་བཟང་པོ་དེ་ལྟ་བུ་དང་ལྡན་པའི་སྐབས་སུ་ཕོ་མོ་གཉིས་ཀྱིས་ཆོ་ག་འདི་ལྟར་བྱ་བར་བཤད་དེ། སློབ་དཔོན་གྱིས། ཁུ་ཁྲག་སྐྱོན་མེད་ནད་མེད་ཀྱི། །ཕན་ཚུན་དུ་ནི་ཆགས་པ་དང༌། །རོ་ཙའི་སྣུམ་གྱིས་བརྟས་པ་དང༌། །སྦྱང་བ་བྱས་ཤིང་འཇམ་རྩི་བཏང༌། །མཆོག་ཏུ་སྐྱ་བ་འོ་མ་མར། །མངར་བའི་མར་གྱིས་བརྟ་བ་བྱ། །བུད་མེད་ཏིལ་མར་ཤ་དག་ནི། །མཁྲིས་པ་བསྐྱེད་པ་ཉེ་བར་སྤྱད། །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། ཁུ་བ་ཞེས་པ་ནས་མངལ་ཆགས་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། སྐྱེས་པའི་ཁུ་བ་མར་དང་སྦྲང་རྩི་ལྟར་དཀར་ཞིང༌། རླུང་སོགས་ཀྱི་སྐྱོན་མེད་པ་ལྕི་བ་དང༌། རོ་མངར་ཞིང་བསྐ་བ་མང་བ་འབྱུང་བ་དང༌། བུད་མེད་ཀྱི་ཟླ་མཚན་རྒྱ་སྐྱེགས་ཀྱི་ཁུ་བ་དང༌། རི་བོང་གི་ཁྲག་འདྲ་བ་ཁ་དོག་དམར་ཞིང་དྭངས་ལ་བུད་མེད་དེ་ཉིད་ཀྱི་གོས་ལ་འགོས་པ་དེ་ཉིད་བཀྲུས་ན་ཁྲག་གི་ཞད་མེད་པར་དག་པར་འགྱུར་བ་དེ་ནི་ཁུ་ཁྲག་གཉིས་ཀ་ལ་སྐྱོན་མེད་པའི་དོན་ཡིན་པས། མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་གཟུགས་བཟང་ཞིང་བློ་དང་དབང་པོ་ཤིན་ཏུ་གསལ་བ་དག་བསྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །

གཉིས་པ་ཇི་ལྟར་ཆགས་པའི་ཚུལ་ངོས་བཟུང་བ་ལ་གསུམ། ཆགས་པའི་དུས་ངོས་བཟུང་བ། ཆགས་ཚུལ་གྱི་ཁྱད་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས། ཟླ་མཚན་འབྱུང་བའི་དུས་དང༌། མངལ་ལེན་པའི་ཚུལ་བཤད་པའོ། །དང་པོ་ལ་སྤྱི་དོན་དང༌། ཚིག་དོན་གཉིས་ལས། དང་པོ་ནི། འགྲེལ་པ་འགའ་ཞིག་ཏུ། བསམ་སེའུའི་གཡས་གཡོན་གཉིས་ནས་རྩ་གཉིས་བྱུང་སྟེ། བུ་སྣོད་ཀྱི་ཁ་དང་འབྲེལ་བ་དེ་ནས་བརྒྱུད་ནས་ཟླ་གཅིག་ཏུ་མངལ་དུ་གསོག་གོ་ཞེས་འབྱུང་བ་མི་འཐད་དེ། བསམ་སེའུ་ནས་བརྒྱུད་པའི་རྩ་གཉིས་པོ་བུ་སྣོད་ཀྱི་ཁ་དང་འབྲེལ་ན་བུ་སྣོད་ཀྱི་ནང་དུ་ཁྲག་འགྲོ་བ་མི་རིགས་ཏེ། བུ་སྣོད་ཀྱི་ཁ་ཐུར་དུ་བསྟན་པའི་ཚུལ་ཡོད་པའི་ཕྱིར། ཟླ་བ་གཅིག་གི་བར་དུ་ཁྲག་མངལ་དུ་གསོག་པ་ཡང་མ་ཡིན་ཏེ། དྭངས་མ་གསོག་པའི་སྣོད་བསམ་སེའུ་ཡིན་པའི་ཕྱིར་དང༌། ཁྲག་དེ་ཉིད་བསམ་སེའུ་ནས་ཆེ་ཆེན་གཉིས་བརྒྱུད་དེ་མངལ་དུ་འཇུག་ཅིང༌། མངལ་དུ་ཞུགས་མ་ཐག་མངལ་ཁ་བྱེ་ནས་འཛག་པར་འགྱུར་བའི་ཕྱིར། དེ་སྐད་དུའང༌། དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་གནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྐོར་འབྱིན་ཞག་གསུམ་འཛག །ཅེས་སྨོས་པ་ཡིན་ནོ། །དེས་ན་ཟླ་བ་རེ་རེའི་ཚེས་བཅུ་དྲུག་ནས་གནམ་གང་གི་བར་དུ་ཉི་མའི་སྟོབས་ལྷག་པར་འཕེལ་བའི་དོན་གྱིས་ནང་དུ་ཁམས་དམར་པོ་རིམ་པས་འཕེལ་ཏེ་བསམ་སེའུར་གསོག་པར་བྱེད་ལ། སླར་ཚེས་གཅིག་ལ་སོགས་པ་ཟླ་བའི་དཀར་ཕྱོགས་ཤར་བའི་ཚེ། བསམ་སེའུ་དང་བུ་སྣོད་གཡས་གཡོན་སོ་སོར་འབྲེལ་བའི་རྩ་ཆེན་གཉིས་པོ་བརྒྱུད་ནས་མངལ་གྱི་སྦུབས་སུ་འཇུག་ཅིང༌། དེར་ཞུགས་པ་ཙམ་གྱིས་མངལ་སྒོ་བྱེ་སྟེ་ཐུར་དུ་འཛག་པ་དང༌། དེ་ཡང་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཟླ་བའི་ཁམས་ལྷག་པར་འཕེལ་ཞིང་ཉི་མའི་ཁམས་འབྲི་བའི་དུས་ཡིན་པས་དཀར་ཕྱོགས་ལ་འཛག་པ་ཤས་ཆེ་ཞིང་ཟླ་བ་རེ་རེ་བཞིན་གྱི་དེ་དང་དེའི་དུས་སུ་འབྱུང་བས་ན་ཟླ་མཚན་ཞེས་བྱའོ། །ཟླ་མཚན་དེའང་བུ་མོ་ལོ་བཅུ་གཉིས་མ་ལོན་པའི་གོང་དུ་དྭངས་མ་རྣམས་རང་རང་གི་གསོ་བསྐྱེད་ཀྱི་བྱ་བས་བསམ་སེའུར་གསོག་པའི་སྐབས་མེད་ཅིང་།  ལོ་ལྔ་བཅུ་ཐལ་ནས་འབྱུང་བ་ཉམས་པའི་དབང་གིས་གསོག་པའི་རྒྱུ་མེད་པའི་དོན་གྱིས་མི་འཛག་ལ། དེའི་བར་དུ་ཟླ་བ་རེ་རེ་བཞིན་དུ་འབབ་པར་འགྱུར་ཏེ། སྦྲུམ་མ་དང་མོ་གཤམ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་སྐྱེས་པ་ལ་ཡང་ལོ་བཅུ་གཉིས་མ་ལོན་པ་དང་ལྔ་བཅུ་ཐལ་ནས་ཁམས་འབྱུང་བར་མི་འགྱུར་རོ། །གཉིས་པ་ཚིག་གི་དོན་ནི། བུད་མེད་ཅེས་པ་ནས་འདོད་པའི་རྟགས་ཞེས་པའི་བར་གྱིས་བསྟན་ཏེ། བུད་མེད་ཕལ་ཆེར་རྣམས་ལོ་བཅུ་གཉིས་ལོན་ནས་ལྔ་བཅུ་མ་འདས་ཀྱི་བར་དེར་ཁ་ཟས་ཀྱི་དྭངས་མ་རྣམས་ལས་རིམ་བཞིན་བྱུང་བའི་ཁུ་བ་དམར་པོ་བསམ་སེའུར་གནས་པ་དེ་ཉིད་ཟླ་བ་རེ་རེ་བཞིན་བསམ་སེའུར་བསགས་པའི་ཁྲག་ཡིན་ལ། ཁྲག་དེ་ཡང་ཟླ་རྩ་བ་རེ་རེའི་དུས་ཚིགས་སུ་བསམ་སེའུ་དང་བུ་སྣོད་ཀྱི་གཡས་གཡོན་རྩ་ཆེན་གཉིས་ཀྱི་འབྲེལ་བ་དེ་ལས་བརྒྱུད་དེ་བུ་སྣོད་ཀྱི་ནང་དུ་ཞུགས་ཤིང༌། དེ་ནས་ཁྲག་དེ་ཉིད་ཁ་དོག་ཅུང་ཟད་གནག་ཅིང་དྲི་མ་དང་བྲལ་བ་ཞིག་ཐུར་སེལ་གྱི་རླུང་གིས་མངལ་སྒོར་འབྱིན་པར་བྱས་ཏེ་ཞག་གསུམ་གྱི་བར་དུ་ཅུང་ཟད་རེ་འཛག་པ་ཡིན་ལ། དེ་ནས་ནི་མ་ཡིན་ནོ། །དེ་དག་འབྱུང་བའི་རྟགས་ནི་ལུས་ཀྱི་ཉམས་ཤེད་ཆུང་ཞིང་བཞིན་རས་རིད་པས་ངན་པ་དང༌། ནུ་མ་དང༌། རྐེད་པ་དང་མགུལ་པ་དང༌། མིག་དང༌། དགུ་སྟེ་ཚང་ར་རྣམས་འདར་ཞིང་གཡོ་བ་སྟེ་འདིའི་དུས་སུ་ཟླ་མཚན་དང་ལྡན་ཅིང་ཆགས་པས་གཟིར་བ་ཡིན་པས་སྐྱེས་པ་དང་འཁྲིག་པར་འདོད་པའི་རྟགས་ཡིན་པར་ཤེས་པར་བྱའོ། །གལ་ཏེ་གཞན་དག་ན་རེ། འདིར་ཟླ་མཚན་ཁ་དོག་ནག་པོ་འབབ་པར་བཤད་པས། གོང་གི་རི་བོང་གི་ཁྲག་ལྟར་དམར་བ་ཞིག་མ་བྱུང་ན་ས་བོན་བྱེད་མི་ནུས་ཞེས་སྨོས་པ་དོན་མེད་དོ་ཞེ་ན་སྐྱོན་མེད་དེ། འདིར་ཕྱིར་འབྱུང་བའི་དུས་སུ་ཐུར་སེལ་གྱི་རླུང་གིས་དེད་པས་ཁ་དོག་ཅུང་ཟད་གནག་ཅིང་དྲི་མ་དང་བྲལ་བ་ཞིག་འབྱུང་ཞེས་པ་ཞག་དང་པོའི་དོན་ཡིན་ལ། ཕྱིར་འབྱུང་བ་རྒྱུན་ཆད་ནས་སླར་སྐྱེས་པ་དང་འདུས་པའི་དུས་སུ་བསམ་སེའུ་ནས་འབབ་པ་ནད་གཞན་དང་མ་འདྲེས་པ་དེ་རི་བོང་གི་ཁྲག་ལྟར་འབྱུང་བའི་དོན་ཡིན་ནོ། །

གཉིས་པ་མངལ་ལེན་པའི་ཚུལ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། འགའ་ཞིག་ན་རེ། ཟླ་མཚན་ཆད་པའི་ནུབ་དང་པོ་དེ་ཟླ་མཚན་ཐོག་མར་བྱུང་བ་ནས་བརྩིས་པའི་ཞག་གསུམ་པ་ཡིན་པའི་ཕྱིར། དེ་ལ་ནི་བུ་ལེན་པར་མི་འཐད་དེ། དང་པོ་ཞག་གསུམ་བཅུ་གཅིག་བུ་མི་མེན། །ཞེས་པའི་ཕྱིར་རོ། །དེ་ལྟར་ཞག་དང་པོའི་འཛིན་ཚུལ་འཕྱུགས་པས་ཐམས་ཅད་ལོག་པ་འབའ་ཞིག་ཏུ་སོང་བ་ཡིན་ནོ། །ཡང་ཁ་ཅིག་ན་རེ། དེ་ཡང་དང་པོ་ཟླ་མཚན་ཡོད་པའི་ཞག་གསུམ་གྱི་བར་དང༌། ཞག་བཅུ་གཅིག་པ་ལ་བུ་མི་ལེན་པ་ཡིན་ཞིང༌། ལྷག་མ་ཞག་བརྒྱད་ཀྱི་བར་དུ་ཆགས་སུ་རུང་བ་ཡིན་ལ། དང་པོའི་ཞག་གསུམ་པོ་བོར་ནས་ཞགས་བཞི་པ་དང་པོར་བྱས་པའི་གཅིག་པ་དང༌། གསུམ་པ་དང༌། ལྔ་པ་དང༌། བདུན་པ་དང༌། དགུ་པ་ལ་མངལ་དུ་ཆགས་ན་བུར་འགྱུར་ཏེ་དེ་བཞིན་དུ་གཉིས་པ་དང༌། བཞི་པ་དང༌། དྲུག་པ་ལ་ཆགས་ན་བུ་མོར་འགྱུར་ཞེས་པའོ་ཞེས་དང༌། གཞན་ལུགས་དགག་པའི་སྐབས་སུ་ཞག་བརྒྱད་པ་ལ་བུ་མོར་འགྱུར་ཞེས་པའང་མི་འཐད་དེ། རྒྱུད་ལས་དེ་ལྟར་མ་གསུངས་པའི་ཕྱིར་རོ། །ཞེས་སོགས་དང༌། ཞག་དགུ་པ་ལའང་བུ་ཆགས་ཞེས་པ་མི་འཐད་དེ། ཞག་བཅུ་གཉིས་པ་ལ་བུ་མི་ཆགས་པར་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །འདིས་ནི་རང་ཉིད་བསླུས་པ་ཡིན་ཏེ། རང་ལུགས་ཀྱི་ཚིག་འབྲུ་གཉེར་བའི་སྐབས་སུ་འགྲེལ་པ་རྒྱས་བསྡུས་གཉིས་ཀ་མཐུན་པར་དང་པོའི་ཞག་གསུམ་པོ་བོར་ནས། ཞག་བཞི་པ་དང་པོར་བྱས་པའི་གཅིག་པ་དང་གསུམ་པ་དང༌། ལྔ་པ་དང༌། བདུན་པ་དང༌། དགུ་པ་ལ་མངལ་དུ་ཆགས་ན་བུར་འགྱུར་ཏེ་ཞེས་བཤད་ནས་འབུམ་ཆུང་དུ་ཞག་དགུ་པ་ལ་དགག་པ་བྱས་པའི་ཕྱིར། ཞག་བརྒྱད་པ་དགག་པའང་མི་རིགས་ཏེ། ཞག་བརྒྱད་པ་དེ་ཟླ་མཚན་འཛག་པའི་ཐོག་མ་ནས་བཟུང་བའི་བཅུ་གཅིག་པ་ཡིན་པས། དེ་ལ་བུ་མི་ལེན་ཟེར་བ་མ་གཏོགས་བུ་མོ་ལེན་པར་བཤད་པའི་ཕྱིར་ཅི་ནས་ཀྱང་དགོས་པའི་ཕྱིར་དང༌། དང་པོའི་ཞག་གསུམ་དང་བཅུ་གཅིག་གི་བར་གྱི་ཞག་བརྒྱད་པོ་མ་གཏོགས་གཞན་ལ་མངལ་མི་ཆགས་པར་འདོད་པའང་མི་རིགས་ཏེ། དང་པོ་ཞག་གསུམ་གྱི་ཟླ་མཚན་འཛག་པའི་སྐབས་ཡིན་པས་ཕལ་ཆེར་མི་འཛིན་ཅིང༌། དེའི་ཚེ་འཁྲིག་པ་ནི་སྐྱེས་པའི་སྲོག་དང་ལུས་ལ་ཆེས་ཆེར་གནོད་པར་བཤད་པས་སྨད་པ་ཡིན་གྱི། མངལ་མི་ཆགས་པ་ཁོ་ན་ནི་མ་ཡིན་ནོ། །དེ་བཞིན་དུ་ཞག་བཅུ་གཅིག་པ་ལ་བུ་མི་ལེན་ཀྱང་བུ་མོ་ལེན་པ་དང༌། བཅུ་གཉིས་པ་ལ་བུ་ལེན་པར་བཤད་པ་ཡིན་ཏེ། སློབ་དཔོན་གྱི་རང་འགྲེལ་ལས། ཐོག་མར་ཟླ་མཚན་བྱུང་བར་ཤེས་ནས་ཞག་བཅུ་གཉིས་ཀྱི་བར་དུ་ནི་ཟླ་མཚན་རྒྱུ་བའི་དུས་ཏེ། དེ་ལས་ཀྱང་དང་པོའི་ཞག་གསུམ་དང་བཅུ་གཅིག་པའི་དུས་སུ་ཉལ་པོ་བྱེད་པ་ནི་སྨད་དོ། །དེ་ལ་ཟུང་ཐིམ་པའི་ཞག་བཞི་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་པ་དང༌། བཅུ་གཉིས་ལོན་པ་དེའི་ཚེ་ནི་བུ་ཕོར་འགྱུར། ཟླ་མཚན་རྒྱུས་ནས་ཞག་ལྔ་པ་དང༌། བདུན་པ་དང༌། དགུ་པ་དང༌། བཅུ་གཅིག་པ་འདི་དག་གི་ཚེ་ཉལ་པོ་བྱས་ན་བུ་མོར་འགྱུར་རོ། །ཞེས་དང༌། ཟླ་ཟེར་ལས། ཟླ་མཚན་ཞག་ནི་བཅུ་གཉིས་དུས། །དེ་ལས་དང་པོའི་ཞག་གསུམ་དང༌། །བཅུ་གཅིག་པ་སྨད་ཅེས་བྱ་བ་ལ། །ཟླ་མཚན་སྣང་བ་ནས་ཞག་བཅུ་གཉིས་ཀྱི་བར་དུ་ནི་དུས་དེ་ཟླ་མཚན་འཛིན་པའི་དུས་ཡིན་ལ། ཞག་བཅུ་གཉིས་པོ་དེ་དག་ལས་དང་པོའི་ཞག་གསུམ་ནི་སྨད་ཅིང་སྤངས་པ་ཡིན་ལ། དེའི་ཚེ་འཁྲིག་པའི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་བཅུ་གཅིག་པ་ཡང་སྨད་པར་བྱ་བ་ཡིན་ནོ། །ཚེས་ཟུང་ལ་བུར་འགྱུར། གཞན་དུ་བུ་མོར་འགྱུར། །ཞེས་བྱ་བ་ལ་ཚེས་ཟུང་ཐིམ་པ་ཚེས་བཞི་དང༌། ཚེས་དྲུག་དང༌། ཚེས་བརྒྱད་དང༌། ཚེས་བཅུ་དང༌། ཚེས་བཅུ་གཉིས་དག་ལ་བུ་ཕོར་སྐྱེ་བར་འགྱུར་ལ། དེ་ལས་གཞན་པ་ཚེས་ལྔ་དང༌། ཚེས་བདུན་དང༌། ཚེས་དགུ་དང༌། ཚེས་བཅུ་གཅིག་གིས་ཉེ་བར་མཚོན་པ་དག་ནི་བུ་མོར་སྐྱེ་བར་འགྱུར། ཞེས་བཤད་པ་རྣམས་ལེགས་པར་སོམས་ཤིག

གཉིས་པ་རང་གི་ལུགས་ནི། ལུང་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས། ཟླ་མཚན་འབབ་པའི་ཞག་གསུམ་བཞག་པའི་རྗས་ཀྱི་ཞག་དེ་ནས་བགྲངས་པའི་ཞག་བརྒྱད་པ་ལ་བུ་མོ་ལེན་ཞིང༌། དགུ་པ་ལ་བུ་ལེན་པར་འདོད་དེ། བཅུ་གཉིས་པ་ལ་བུ་མི་ལེན་ཞེས་པ་རྒྱུད་ནས་ཀྱང་མ་གསུངས་པའི་ཕྱིར། གཞན་ཡང་སློབ་དཔོན་གྱི་རང་འགྲེལ་ལས། དེ་ལྟར་པདྨ་ལ་ཉི་ཟེར་གྱིས་ཕོག་ནས་ཁ་བྱེ་བ་དང་འདྲ་བར་ཟླ་མཚན་བྱུང་ནས་ཞག་བཅུ་གཉིས་ཀྱི་བར་དུ་མངལ་གྱི་པདྨའི་ཁ་བྱེ་བ་ལྟར་འདུག་གོ་ གནས་སྐབས་དེའི་བར་དུ་སྐྱེས་པ་དང་འཕྲད་ན་ས་བོན་འཛིན་ལ། དེ་ཕན་ཆད་ནི་ཟུམ་པར་འགྱུར་རོ། །ཟླ་མཚན་ཐོག་མར་བྱུང་ནས་ཞག་བཅུ་གཉིས་ཀྱི་བར་དུ་ཟླ་མཚན་གྱི་དུས་དེར་འདོད་པ་སྤྱད་ན་བུ་ཚ་ཆགས་སོ། །ཞག་བཅུ་གསུམ་ཕན་ཆད་ནི་ས་བོན་འཛིན་པའི་མཐུ་མེད་དེ་མི་ཆགས་སོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །

གསུམ་པ་རྩོད་པ་སྤང་བ་ནི། རྟོག་དཔྱོད་དང་མི་ལྡན་པ་ཁ་ཅིག་ན་རེ། གཞུང་འདིར་ཞག་གཅིག་གསུམ་ལྔ་སོགས་ལ་བུ་ལེན་ཅིང༌། དེ་ལས་ཟློག་པ་རྣམས་ལ་བུ་མོ་ལེན་པར་བཤད་ལ། སློབ་དཔོན་གྱི་རང་འགྲེལ་དུ། ཞག་བཞི་དྲུག་སོགས་ལ་བུ་དང༌། ཟླ་ཟེར་དུ། ཚེས་ཟུང་ལ་བུ་ལེན་ཞིང་དེ་ལས་ཟློག་པ་རྣམས་ལ་བུ་མོ་ལེན་པར་བཤད་པས། འདི་དག་ཕན་ཚུན་འགལ་བའི་ཕྱིར། འདིར་སྦྱོར་བ་ནི་སྐབས་སུ་བབ་པ་མིན་ནོ་ཞེ་ན། སྐྱོན་ཡོད་པ་མིན་ཏེ། གཞུང་འདིར་ཟླ་མཚན་འབྱུང་བའི་དུས་ཀྱི་ཞག་གསུམ་བོར་བའི་ཕྱི་མ་བཞི་པ་དེ་དང་པོར་བྱས་ཤིང༌། རང་འགྲེལ་དུ། ཟླ་མཚན་ཐོག་མར་བྱུང་བ་ནས་བརྩིས་པའི་ཞག་བཞི་པ་དེ་ཉིད་ནས་འགོ་བརྩམས་པ་དང༌། ཟླ་ཟེར་དུ། ཟླ་མཚན་ཕལ་ཆེར་དཀར་ཕྱོགས་ཀྱི་ཚེས་གཅིག་ལ་འབྱུང་བའི་དབང་དུ་བྱས་པའི་ཚེས་བཞི་ནས་བརྩིས་པ་དང༌། དོན་ལ་འདི་གསུམ་ཀ་ཟླ་མཚན་འཛག་པའི་འགོ་རྩོམ་པའི་དབང་དུ་བྱས་ནས་ཞག་བཞི་པ་དང༌། ཟླ་མཚན་འཛག་པའི་དུས་ཞག་གསུམ་པོ་འདས་པའི་དབང་དུ་བྱས་ན་ཞག་གཅིག་པར་མཚུངས་པའི་ཕྱིར་དེ་ལ་བུ་ལེན་ཞིང༌། དེ་ལས་ཟློག་པ་རྣམས་ལ་བུ་མོ་ལེན་པར་ཀུན་མཐུན་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། མངལ་ཁ་ཞེས་པ་ནས་མངལ་མི་འདོད་ཅེས་པའི་བར་གྱིས་བསྟན་ཏེ། བུད་མེད་གང་ཟླ་མཚན་འཛག་པས་མངལ་གྱི་སྒོ་བྱེ་བའི་དུས་ནས་མི་ཟུམ་པར་གནས་པ་ཞག་ནི་བཅུ་གཉིས་ཀྱི་བར་ཡིན་ནོ། །ཞག་བཅུ་གཉིས་པོ་དེ་ལས་དང་པོའི་ཞག་གསུམ་ཟླ་མཚན་འཛག་བཞིན་པའི་དུས་དང༌། བཅུ་གཅིག་པ་དེ་ལ་འཁྲིག་པ་སྤྱོད་པ་ནི་སྨད་པའི་གནས་ཡིན་ཅིང༌། བུ་ཕོ་ཡང་མི་ལེན་ཅིང༌། ཟླ་མཚན་འབྱུང་བའི་དུས་ཀྱི་ཞག་གསུམ་པོ་དོར་བའི་རྗེས་ཀྱི་ཞག་དེ་ཉིད་ཐོག་མར་བརྩིས་པའི་གཅིག་གསུམ་ལྔ་བདུན་དགུ་རྣམས་ལ་འཁྲིག་པ་སྤྱད་ན་བུ་ཕོར་འགྱུར་རོ་སྟེ་ཞེས་པ་འོག་མ་འདྲེན་པའི་ཚིག་གོ དེ་ལས་ལྡོག་པ་སྟེ་ཞག་གཉིས་དང་བཞི་དང་དྲུག་དང་བརྒྱད་རྣམས་ལ་བུ་མོར་ཆགས་པར་འགྱུར་རོ། །དེ་ལྟར་བུ་དང་བུ་མོ་འདོད་པ་རྣམས་ཀྱིས་ཞག་བཅུ་གཉིས་ཀྱི་བར་དེར་འཁྲིག་པ་མ་བརྟེན་ན་ཉི་མ་ནུབ་པས་ཉིན་བར་ཁ་བྱེ་བའི་པདྨའི་ཁ་མཚན་མོ་ཟུམ་པ་བཞིན་དུ་ཞག་བཅུ་གཉིས་འདས་ནས་མངལ་གྱི་ཁ་ཟུམ་པའི་ཕྱིར། འཁྲིག་པ་སྤྱད་ཀྱང་སྐྱེས་པའི་ཁུ་བ་མངལ་གྱི་ནང་དུ་མི་འདོད་བར་ལམ་ནས་ཕྱིར་འབྱུང་བའི་ཕྱིར། མངལ་ཆགས་པར་མི་འགྱུར་བས། སླར་ཟླ་མཚན་གྱི་དུས་སུ་སྒུག་པར་བྱ་དགོས་ཞེས་བྱ་བའི་དོན་ཏོ། །བུ་ལེགས་པར་འདོད་པ་རྣམས་ཀྱིས་ཇི་ལྟར་བྱ་བའི་ཐབས་ཞིབ་པར་ཡན་ལག་བརྒྱད་པ་རྩ་འགྲེལ་ཏུ་བལྟ་བར་བྱའོ། །གཉིས་པ་ཆགས་ཚུལ་གྱི་ཁྱད་པར་བཤད་པ་ལ་གསུམ། གཟུགས་ཀྱི་འགྱུར་བ། མངལ་ཆགས་པའི་རྟགས། རྒྱུ་སོ་སོའི་བྱེད་ལས་བཤད་པའོ། །དང་པོ་ལ་གཉིས། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཕལ་ཆེར་ན་རེ། མཚེ་མ་འབྱུང་བ་ནི་བུད་མེད་མངལ་ཁ་སྦྲག་ཏུ་ཡོད་པའི་ནང་སོ་སོར་ཁུ་བ་སོང་བས་མཚེ་མར་འགྱུར་བའོ། །ཞེས་ཟེར་བ་མི་འཐད་དེ། བུད་མེད་དེ་ལ་མཚེ་མ་ཁོ་ན་སྐྱེ་བར་རིགས་པ་ལས། དེ་ལྟར་མི་འབྱུང་བའི་ཕྱིར་དང༌། མངལ་ཁ་སྦྲག་ཏུ་ཡོད་པའི་བུད་མེད་དེ་ལ་ཆུ་སོ་ཡང་གཉིས་འབྱུང་རིགས་པ་ལས། དེ་འདྲ་མི་སྲིད་པའི་ཕྱིར། གཞན་ཡང་བྱིས་པ་གསུམ་སྐྱེ་བ་ཡང་ཡོད་པས། དེ་ཉིད་ལ་མངལ་ཁ་གསུམ་དུ་ཡོད་དམ། ཁྱོད་ལྟར་ན་དུད་འགྲོ་འགའ་ཞིག་ལ་ཕྲུག་གུ་བཅུ་ལྷག་དུས་གཅིག་ལ་སྐྱེ་བ་ཡང་ཡོད་པས་ན། དེ་ལ་ཡང་གྲངས་དེ་དང་མཉམ་པའི་མངལ་དེ་སྙེད་ཅིག་ཡོད་པར་ཐལ་ལོ། །

གཞན་ཡང༌། ཡན་ལག་བརྒྱད་པར། ཁུ་ཁྲག་རླུང་གིས་དུ་མར་ཕྱེ། །ཇི་ལྟ་བ་ལས་མཚེ་མར་འགྱུར། །ཞེས་དང༌། དེའི་རང་འགྲེལ་ལས། དེ་ལ་རྣམ་པར་ཤེས་པ་དང༌། དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་འབྱུང་བ་ཆེན་པོ་ལྔ་ནི་སེམས་ཅན་སྐྱེ་བའི་རྒྱུ་གཅིག་ན། སྐྱེ་བ་རྣམ་པ་དུ་མ་སྣང་བའི་ཕྱིར་ཞེས་དང༌། མཐུན་པའི་དཔེ་བསྟན་ཏེ། ཇི་ལྟར་པྲ་ཚིལ་དང༌། ཟངས་མ་ལ་སོགས་པའི་རྒྱུ་གཅིག་ལས་གཟུགས་ཐ་དད་པར་སྣ་ཚོགས་དགའ་མགུར་བྱར་ཡོད་དེ། ཅི་ཡང་སྣང་བ་དང་འདྲ་བར་རང་བཞིན་གཅིག་པ་ལས་ཀྱང་ཐ་དད་པར་སྣང་དུ་རུང་ངོ༌། །དེ་བས་ན་ཕའི་ཁུ་བ་ཤས་ཆེ་བ་ལས་ནི་བུ་སྐྱེ་བར་འགྱུར་ལ། བུ་མཚེ་མར་འོང་བ་ནི་ཆགས་ནས་མེར་མེར་པོའི་སྐབས་སུ་རླུང་གིས་དུམ་བུར་བཅས་པ་ལས་དུ་མར་འགྱུར་རོ། དེ་ཡང་ཕོ་མོ་ལ་སོགས་པར་འབྱུང་བ་ནི་ཁུ་ཁྲག་གི་ཤས་ཆེ་ཆུང་གོང་མ་ལྟར་ཤེས་པར་བྱའོ། །ཕ་མའི་ཁུ་ཁྲག་རླུང་ལ་སོགས་པའི་སྐྱོན་དང་བཅས་པ་ལས་ནི། སྐྱེ་བ་མི་མཐུན་པ་སྤྲུལ་དང་བྱི་ལ་ལ་སོགས་པ་འབྱུང་བ་དང༌། གཞན་ཡང་ལོང་བ་དང༌། འོན་པ་དང༌། ཞ་བོ་དང༌། གྲུམ་པོ་དང༌། འཐེང་པོ་དང༌། མིའི་ཐུང་དང༌། ལུས་མི་སྡུག་པ་ལ་སོགས་པ་ལུས་སྐྱོན་དང་བཅས་པར་འགྱུར་བ་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། ཕའི་ཁུ་ཆུ་མང་ཞིང་ཤས་ཆེ་བ་ལས་ནི་སྐྱེས་པར་སྐྱེ་བར་འགྱུར་གྱི། བུད་མེད་དུ་མ་ཡིན་ནོ། །དེ་བཞིན་དུ་མའི་ཁྲག་མང་བ་ལ་བུད་མེད་དུ་སྐྱེ་བར་འགྱུར་གྱི། ཕོར་མི་སྐྱེའོ། །ཁུ་བ་དང་ཁྲག་དེ་གཉིས་ཆ་མཉམ་ཞིང་མཚུངས་པ་ལ་ནི་མ་ནིང་དུ་སྐྱེ་བར་འགྱུར་བའམ། མཚན་གཉིས་པར་སྐྱེ་བར་འགྱུར་རོ། །ཕལ་ཆེར་ཞེས་སྨོས་པས་ནི་རྐྱེན་གཞན་གྱིས་གཞན་དུ་འགྱུར་བ་ཡང་སྲིད་པའོ། །མངལ་དུ་སེམས་ཅན་དུ་མ་ཆགས་པར་འགྱུར་བ་དེའི་རྒྱུ་ཅི་ཞིག་ཡིན་པར་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། ཁུ་ཁྲག་རླུང་གིས་དུ་མར་ཕྱེ་ཞིང་དུ་མར་བྱས་པ་ལས་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མཚེ་མར་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ཡང་ཁུ་བ་མང་བའི་ཁུ་ཁྲག་གྱེས་པ་ལས་ནི་ཕོའི་མཚེ་མར་འགྱུར་བ་ཡིན་ལ། ཟླ་མཚན་ཤས་ཆེ་བའི་ཁུ་ཁྲག་གྱེས་པ་ལས་ནི་མོའི་མཚེ་མར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཁུ་ཁྲག་ཆ་མཉམ་པ་དུ་མར་གྱེས་པ་ལས་ནི་མ་ནིང་གི་མཚེ་མར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ལན་འགའ་ལ་ནི་ཕོར་སྐྱེ་བར་འགྱུར་ལ། ལན་འགའ་ལ་ནི་མོར་སྐྱེ། ལན་འགའ་ལ་ནི་མ་ནིང་དུ་སྐྱེ། ལན་འགའ་ལ་ནི་མ་ནིང་དང་བུད་མེད་གཉིས་སུ་ཅིག་ཅར་སྐྱེ་བར་འགྱུར་བ་དེ་དག་ཇི་ལྟར་སྐྱེ་ཞེ་ན། སྐྱེ་གནས་མི་མཐུན་གཟུགས་མི་སྡུག །གནོད་པའི་དྲི་མས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སྐྱེ་གནས་རིགས་མི་མཐུན་པ་དང༌། གཟུགས་མི་སྡུག་པ་དག་ཏུ་ནི་རླུང་ལ་སོགས་པས་ཁུ་ཁྲག་གི་དྲི་མ་དེ་ལ་གནོད་ཅིང་མ་རུངས་པ་བྱས་པ་ལས་སྐྱེ་བར་འགྱུར་རོ། །དེ་ལ་སྐྱེ་གནས་མི་མཐུན་པ་ནི་སྦྲུལ་དང་བྱི་ལ་ལ་སོགས་པའི་གཟུགས་སུ་སྐྱེའོ། །མི་སྡུག་པ་ནི་ཞར་བ་དང༌། སྒུར་པོ་དང༌། ཞ་བོ་དང༌། འཐེང་པོ་དང༌། འོན་པ་དང༌། ལོང་བ་དང༌། མིའུ་ཐུང་ལ་སོགས་པར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་ནི། བཤད་མ་ཐག་པའི་ལུང་གི་དོན་དང་མཐུན་པ་སྟེ། དེ་ཡང་མངལ་དུ་གནས་པའི་རླུང་གི་བྱེད་པ་འགའ་ཞིག་གིས་ཁུ་ཁྲག་དེ་ཉིད་དུམ་བུར་ཆད་པའི་གྲངས་ཇི་ཙམ་པ་དེ་ཙམ་གྱི་མཚེ་མར་འགྱུར་བ་ཞིག་སྟེ་མཚེ་མ་གསུམ་པ་འབྱུང་བ་ཡང་མཐོང་ཞིང༌། དེ་ཡང་ཁུ་ཁྲག་ཤས་ཆེ་ཆུང་གི་རྣམ་པས་ཕོ་དང༌། མོ་དང༌། མ་ནིང་དང༌། འདྲེས་པའི་མཚེ་མ་གང་ཡང་འབྱུང་བ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཁུ་བ་ཞེས་པ་ནས་སྐྱེ་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཕ་མ་གཉིས་ཀྱི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་ལྷན་ཅིག་ཏུ་ཆགས་པ་དེའི་ཚེ་ཕའི་ཁུ་བ་མང་བ་ན་བུ་རུ་སྐྱེ་བར་འགྱུར་ཞིང༌། ཟླ་མཚན་མང་བ་དེའི་ཚེ་ན་བུ་མོར་སྐྱེ་བར་འགྱུར་བ་དང༌། ཁུ་ཁྲག་མང་ཉུང་ཆ་མཉམ་པ་དེའི་ཚེ་ན་མ་ནིང་མཚན་མེད་དང༌། མཚན་གཉིས་པ་དང༌། འགྱུར་བའི་མ་ནིང་གང་ཡང་རུང་བར་སྐྱེ་བ་དང༌། ཁུ་ཁྲག་འདྲེས་པའི་མེར་མེར་པོ་དེ་ཉིད་རླུང་གི་བྱེད་པ་འགའ་ཞིག་གིས་དུམ་བུ་གཉིས་གསུམ་དུ་ཕྱེ་བ་ལས་དེ་དང་དེའི་མཚེ་མ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་དུམ་བུ་སོ་སོ་ལ་ཡང་ཁུ་བ་དང་ཁྲག་ཤས་ཆེ་ཆུང་དང༌། ཆ་མཉམ་གང་རུང་དུ་གྱུར་པ་དེའི་སྐྱེ་བ་གོང་བཞིན་འབྱུང་བ་ཡིན་ནོ། །མི་ལ་སྐྱེ་བའི་གནས་མི་མཐུན་པ་གཞན་སྐྱེ་བ་དང༌། སྐྱེ་གནས་མཐུན་ཀྱང་མིའུ་ཐུང་དང༌། ཞ་ལོང་སོགས་གཟུགས་མི་སྡུག་པ་གཞན་ཡང་ཇི་སྙེད་ཅིག་སྐྱེ་བར་སྣང་བ་འདི་དག་གི་རྒྱུ་ཇི་ལྟ་བུ་སྙམ་ན། སྤྱིར་རང་རང་གི་ལས་ཉིད་དབང་བཙན་པ་ལས་བྱུང་བ་ཡིན་དུ་ཟིན་ཀྱང༌། ཁྱད་པར་ཕ་མའི་ཁུ་ཁྲག་ལ་གོང་དུ་བཤད་པའི་སྐྱོན་འགའ་ཞིག་དང་བཅས་ཏེ་རྣམ་པར་སྨིན་པའི་དབང་གིས་མངལ་བཟུང་བ་ལས་བྱུང་བས་ན་རླུང་ལ་སོགས་པའི་གནོད་པས་ཁུ་ཁྲག་དྲི་མ་ཅན་དུ་གྱུར་ཀྱང་ས་བོན་གྱི་དོན་ཅི་ཙམ་བྱས་པས་སྐྱེ་བར་འགྱུར་བ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་ཁ་ཅིག་ན་རེ། གོང་དུ་ཟླ་མཚན་ཆད་པའི་དུས་ནས་ཞག་ཡ་རྣམས་ལ་བུ་དང༌། ཟུང་རྣམས་ལ་བུ་མོ་སྐྱེ་བར་བཤད་ནས་སླར་འདི་ཉིད་དུ་ཁུ་བ་མང་བ་ལས་བུ་དང༌། ཟླ་མཚན་མང་བ་ལས་བུ་མོར་འགྱུར་ཚུལ་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། འདི་གཉིས་ཀའང་ཐབས་ཤེས་ཀྱི་དབང་དུ་བྱས་ནས་གསུངས་པ་ཡིན་མོད་དུ་ཟིན་ཀྱང༌། གོང་མ་ནི་སྤྱིར་བཏང་གི་སྒོ་ནས་དང་འདི་ནི་དམིགས་བསལ་ནས་གསུངས་པས་ན་འོག་མ་འདི་དབང་བཙན་ཏེ།

འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་གསུངས་པའི་ཕྱིར། ཁྱད་པར་དུ་བུ་འབྱུང་བའི་ཐབས་སུ་རོ་ཙ་གསུངས་པ་ཐམས་ཅད་ཀྱང་ཁུ་བ་འཕེལ་བའི་ཐབས་འབའ་ཞིག་ཏུ་འབྱུང་བ་ཡང་དོན་འདིའི་དབང་དུ་མཛད་པ་ཡིན་ལ། ལར་ནི་འདི་གཉིས་ཀ་ལས་སྔོན་གྱི་ལས་ཉིད་དབང་བཙན་པ་ཡིན་ནོ། །གཉིས་པ་མངལ་ཆགས་པའི་རྟགས་བཤད་པ་ལ་གཉིས། སྤྱི་དོན་དང་ཚིག་དོན་ནོ། དང་པོ་ནི། དེ་ལྟར་བཤད་པ་རྣམས་ཀྱིས་མངལ་དུ་སེམས་ཅན་ཆགས་པར་བྱེད་པའི་རྒྱུ་བྱེད་ནུས་མི་ནུས་དང༌། མངལ་འཛིན་པའི་དུས་དང༌། ཕོ་མོར་ཇི་ལྟར་སྐྱེ་བའི་ཚུལ་ཞིབ་ཏུ་བཤད་ནས། མངལ་དུ་ཆགས་པའི་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་འགྲེལ་པར། འདིར་དབང་པོ་གཉིས་ཀྱི་སྦྱོར་བ་ལས་གསང་བའི་པདྨར་ལྷུང་བའི་ཁུ་བ་དང༌། བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ཕ་མའི་ཁུ་ཁྲག་དེ་གཉིས་ལ་ས་བོན་ཞེས་བྱ་ཞིང༌། དེ་ལ་བརྟེན་ནས་བར་དོའི་རྣམ་པར་ཤེས་པ་འཇུག་པའི་ཚུལ་ཤེས་དགོས་པས། དེ་ཡང་བཤད་པའི་རྒྱུད་རྡོ་རྗེ་འཕྲེང་བ་ལས། རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང༌། །དོན་ནི་ངེས་པར་མི་ཤེས་ཤིང༌། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། །མངལ་འཇུག་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱིས་རྣམ་ཤེས་གཟུང༌། །དེ་ཚེ་ཁུ་ཁྲག་ཞུ་ཐིག་ལས། །འདྲེས་པ་རུ་ནི་གྱུར་པ་དང༌། །ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་དང༌། རྗེ་རང་བྱུང་རྡོ་རྗེས། ཁ་ཅིག་མངལ་དུ་ཇི་ལྟར་འཇུག་པ་མི་ཤེས་པས། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང༌། །ཞེས་འབྱུང་བ། སྔར་བསྟན་པའི་ཉིན་མོངས་པ་ཅན་གྱི་ཡིད་དེ་ཉིད་བག་ཆགས་དང་བཅས་པ་དེ་རླུང་གི་ངོ་བོ་གཡོ་བ་དང་བཅས་པ་ཡིན་ལ། དེས་གཟུགས་གཞན་རྨི་ལམ་གྱི་སྣང་བ་བཞིན་དུ་གང་དུ་སྐྱེ་བ་སྦྱོར་བའི་ཕ་མ་མཐོང་སྟེ། དེའི་ཚེ་རྒྱུ་དང་རྐྱེན་གྱི་ཁྱད་པར་གྱི་དོན་ནི་མི་ཤེས་པར་གཏི་མུག་གིས་རྒྱུད་རྨོངས་ནས་སེམས་དེར་འཇུག་པའི་ཕྱིར། དོན་ནི་ངེས་པར་མི་ཤེས་ཤིང༌། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། །ཞེས་གསུངས་པ་ཡིན་ནོ། །བཀུག་ནས་ཇི་ལྟར་འགྱུར་ཞེ་ན། མངལ་འཇུག་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱིས་རྣམ་ཤེས་གཟུང༌། །ཞེས་པ་སྟེ། དེ་ཡང་མངལ་སྐྱེས་ཕལ་ཆེར་ནི་མངལ་དུ་འཇུག་པ་ལ་ཕྱོགས་པ་ལ་ནི་ཆར་རླུང་ལ་སོགས་པའི་རྐྱེན་གྱིས་བདས་ནས་སྐྱབས་འཚོལ་བའི་སྣང་བ་འབྱུང་སྟེ་ཉིང་མཚམས་སྦྱོར། གཞན་ཡང་བར་དོའི་དྲི་ཟས་ཕ་མའི་ཁུ་བ་བྱུང་བ་ན་འདི་ནི་ངའི་འོ་སྙམ་དུ་སེམས་པར་འགྱུར་རོ། །གང་ཕོར་སྐྱེ་བ་ནི་ཕ་ལ་སྡང་ཞིང་མ་ལ་ཆགས། མོར་སྐྱེ་བ་ནི་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་ཤེས་པས་ཉིང་མཚམས་སྦྱོར་ཏེ། མངལ་དུ་འཇུག་ཅེས་མདོ་ལས་གསུངས་པ་བཞིན་བག་ཆགས་ཀྱིས་ཀུན་གཞི་འདྲེན་ཞིང་བཟུང་ནས་མངལ་དུ་འཇུག་པར་འགྱུར་རོ། །

ཞུགས་ཟིན་ནས་ཇི་ལྟར་འགྱུར་ཞེ་ན། དེ་ཚེ་ཁུ་ཁྲག་ཞུ་ཐིག་ལས། །འདྲེས་པ་རུ་ནི་གྱུར་པ་དང༌། །ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་སྨོས་ཏེ། དཀར་དམར་གྱི་དབུས་སུ་ཀུན་གཞི་ཉིད་མ་གཏོགས་པ་ཡིད་དང་རྣམ་པར་ཤེས་པ་མི་གསལ་བར་འགྱུར་ཏེ། ཆང་གིས་ར་རོ་བ་བཞིན་ནོ། །འདི་ལ་གསང་བ་འདུས་པར་དང་པོའི་མགོན་པོ་ཞེས་བྱ་བར་གསུངས་ལ། རྒྱུའི་རྡོ་རྗེ་ཟླ་བ་དང་ཉི་མ་ས་བོན་གྱི་རང་བཞིན་དུ་རྒྱུད་ཐམས་ཅད་ལས་གསུངས་སོ་ཞེས་གསལ་བར་གསུངས་ཤིང༌། འདི་ཉིད་ཀྱི་བར་དོའི་ཕུང་པོ་ནི། དགའ་བོ་མངལ་དུ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། འདི་ལྟར་བར་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འགྱུར་བ་ན། ཐོག་མ་ཁོ་ནར་ཕྱིན་ཅི་ལོག་གི་སེམས་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །གཉིས་གང་ཞེ་ན་འདི་ལྟ་སྟེ། ཕ་མ་གཉིས་འཕྲད་པར་གྱུར་པའི་ཚེ་གལ་ཏེ་ཕོར་འགྱུར་བ་ཞིག་ཡིན་ན་ནི་མ་ལ་ཆགས་པ་སྐྱེ་ཞིང་ཕ་ལ་ནི་ཞེ་སྡང་བར་འགྱུར་ཏེ། ཕའི་ཁུ་བ་བྱུང་ན་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་སོ། །གལ་ཏེ་མོར་གྱུར་པ་ཞིག་ཡིན་ན་ནི་ཕ་ལ་ཆགས་པ་སྐྱེ་ཞིང་མ་ལ་ནི་ཞེ་སྡང་བར་འགྱུར་ཏེ། མའི་ཁྲག་བྱུང་བ་ན་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་པས། གལ་ཏེ་འདི་ལྟ་བུའི་ཞེ་སྡང་དང་ཆགས་པའི་སེམས་སྐྱེས་པར་མ་གྱུར་ན་མངལ་དུ་འཇུག་པར་མི་འགྱུར་རོ། །གཞན་ཡང་དགའ་བོ་ཇི་ལྟར་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན་འདི་ལྟ་སྟེ། ཕ་མ་ཡང་ཆགས་པའི་སེམས་སྐྱེས་པར་གྱུར། དུས་ཀྱི་ཟླ་མཚན་ཡང་རྗེས་སུ་མཐུན་པར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ་གོང་མ་ལྟ་བུའི་སྐྱོན་ཡང་མེད་ཅིང་ལས་ཀྱི་རྐྱེན་དང་ལྡན་པར་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ། །འདི་ལྟར་བར་མ་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འདོད་པ་ན། དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། གཉིས་གང་ཞེ་ན། བསོད་ནམས་དང་མི་ལྡན་པ་དང་བསོད་ནམས་ཆེན་པོ་དང་ལྡན་པ་གང་ཡིན་པའོ། །བསོད་ནམས་དང་མི་ལྡན་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་སེམས་བྱུང་ནས་ཡུལ་མཐོང་བར་གྱུར་པ་ན་འདི་སྙམ་དུ་སེམས་ཏེ། དེང་བདག་ནི་རླུང་དང༌། གྲང་བ་དང༌། གནམ་རྨུགས་པ་དང༌། ཆར་འབབ་པ་དང༌། སྐྱེ་བོ་མང་པོའི་ཅ་ཅོ་དང༌། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་འཕྲད་པར་འགྱུར་རོ་ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས། དེང་བདག་རྩྭའི་ཁྱིམ་དང༌། ལོ་མའི་ཁྱིམ་དང༌། རྩིག་ཁུང་དབེན་པར་འཇུག་པར་བྱའོ། །ཡང་ན་རི་དང་ནགས་སྟུག་པོ་དང༌། བྲག་ཕུག་དག་ཏུ་འཇུག་པར་བྱའོ་སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ། །གང་བསོད་ནམས་ཆེན་པོ་དང་ལྡན་པ་དེ་ཡང་འདི་སྙམ་དུ། དེང་བདག་ནི་རླུང་དང༌། གྲང་བ་དང༌། གནམ་རྨུགས་པ་དང༌། ཆར་འབབ་པ་དང༌། སྐྱེ་བོ་མང་པོའི་ཅ་ཅོ་དང༌། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་འཕྲད་པར་འགྱུར་རོ་ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་ཁང་པ་བརྩེགས་པའི་སྟེང་དུ་འཛེགས་པའམ། ཡང་ཐོག་མཐོན་པོའི་སྟེང་དུ་འཛེགས་པའམ། གཞལ་མེད་ཁང་གི་ནང་དུ་འཇུག་པའམ་ཁྲི་ལ་འདུག་པར་བྱའོ་སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་པ་དང༌།

རྗེ་རང་བྱུང་རྡོ་རྗེས་སྙིང་པོ་བསྡུས་པ་ལས། སྲེད་ལེན་སྲིད་པའི་བག་ཆགས་མངལ་དུ་སྦྱོར་ཞིང་འཇུག་སྟེ། རྐྱེན་ཕ་མའི་ཁུ་ཁྲག་དུས་ལ་བབ་པ་ནད་མེད་པར་ཞུ་བ་དང་ལྷན་ཅིག་ཏུའཇུག་པས་རྐྱེན་བསྟན་པ་ཡིན་ནོ། །ཞེས་གསུངས་པ་དག་ཡིན་ཞིང༌། དཔེ་ཤིན་ཏུ་གསལ་བ་སློབ་དཔོན་གྱི་རང་འགྲེལ་ལས། དེ་ལ་རྣམ་པར་ཤེས་པ་དབང་པོའི་ཡུལ་ལས་འདས་པ་མའི་མངལ་དུ་ཇི་ལྟར་འཇུག་ཏུ་རུང་ཞེ་ན། འདི་ནི་མངོན་སུམ་གྱིས་དཔེ་བསྟན་ཏེ། ཇི་ལྟར་ཉི་མའི་འོད་ཟེར་མེ་ཤེལ་ལ་ཕོག་པའི་དབང་གིས་རྩྭ་དང་ཤིང་ལ་སོགས་པ་བསྲེག་པར་སྣང་བ་ཡང༌། ཤིང་མེ་ཤེལ་ལ་རེག་པར་མི་སྣང་ལ། མེ་ཤེལ་ཡང་ཤིང་ལ་རེག་པར་མ་མཐོང་མོད་ཀྱང་ཚིག་པར་སྣང་བ་བཞིན་དུ་རྣམ་པར་ཤེས་པ་མངལ་གྱི་ནང་དུ་ཞུགས་པ་ཡང༌མི་སྣང་བའི་སྒོ་ནས་འཇུག་པ་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། དྲིས་པ། སེམས་ཅན་འདི་རྣམས་མངལ་དུ་འཇུག་པ་ནི་མངོན་སུམ་ན་མི་སྣང་བས་ཉེ་བར་དམིགས་སུ་མེད་དེ་ཞེས་རྟོག་པ་ལ་དེའི་ཕྱིར་སྨྲ་བ་ཡིན་ཏེ། ཇི་ལྟར་ཉི་མའི་འོད་ཟེར་གྱིས། །མེ་ཤེལ་དང་ནི་འཕྲད་གྱུར་པའི། །ཤིང་ལས་དྲོ་བ་མི་སྣང་སྟེ། །སེམས་ཅན་མངལ་གནས་དེ་དང་འདྲ། །ཞེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་དང་འབྲེལ་བའི་མེ་ནི་མེ་ཤེལ་ཞེས་བྱ་བའི་ནོར་བུ་དང་འཕྲད་ཅིང༌། འོད་དེས་བསྒྲིབས་ན་མེ་ཤེལ་གནས་པའི་ཤིང་ལ་མཆེད་མོད་ཀྱི་དེར་འགྲོ་ཞིང་ཞུགས་པར་མི་སྣང་ངོ༌། །དེ་བཞིན་དུ་སྲིད་པ་བར་མའི་སེམས་ཅན་མངལ་གྱི་གནས་སུ་འགྲོ་བ་མངོན་སུམ་དུ་འགྲོ་བར་མི་སྣང་ཡང༌། དེར་འཇུག་པ་ཡིན་ནོ། །དྲིས་པ། སེམས་ཅན་རང་བཞིན་གཅིག་པ་ཉིད་ལས་སྐྱེ་བ་དག་ལུས་ཀྱི་རྣམ་པ་དུ་མ་ཇི་ལྟར་སྣང་དུ་རུང་ཞེས་རྟོག་པར་བྱེད་པ་དག་གི་ཕྱིར་གཞུང་རྩོམ་པར་བྱེད་པ་དག་གིས་སྨྲས་པ་ཡིན་ཏེ། རྒྱུ་ཡི་རྗེས་སུ་འགྲོ་བས་ན། །འབྲས་བུ་དེ་དང་སྐལ་མཉམ་ཉིད། །སེམས་ཅན་སྐྱེ་གནས་སྣ་ཚོགས་འཛིན། །ཟངས་མ་ལ་སོགས་བཞུས་དང་མཚུངས། །ཞེས་བྱ་བ་ལས། རྒྱུའམ་བྱེད་པའི་རྗེས་སུ་འབྲང་བ་ཡིན་པས་ན་རྗེས་སུ་འགྲོ་བ་ཞེས་བྱ་སྟེ། རྒྱུའི་རང་བཞིན་སྤངས་ཤིང་བལྟོས་པ་མེད་པར་འབྲས་བུར་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་རྒྱུའི་རྗེས་སུ་འབྲང་བའི་ཕྱིར་འབྲས་བུ་ནི་དེ་དང་འདྲ་བའམ་སྐལ་བ་མཉམ་པ་ཉིད་ཡིན་ཏེ་འབྱུང་བ་ཆེན་པོ་ལ་སོགས་པ་རྣམ་པ་གང་དག་ཡིན་པ། དེ་དང་དེ་དག་སྐལ་པ་མཉམ་ཞིང་ཆ་འདྲ་བ་ཡིན་ཏེ། སྐལ་བ་མཉམ་པའམ་ཆ་འདྲ་བ་ཞེས་བྱ་བ་ནི་ཚིག་གི་རྣམ་གྲངས་ཡིན་ནོ། །གཏན་ཚིགས་སམ་རྒྱུ་དེས་ན་སེམས་ཅན་འབྱུང་བ་ཆེན་པོ་ལ་སོགས་པ་རྒྱུའི་རྗེས་སུ་འགྲོ་བས། རང་བཞིན་གཅིག་པ་ཉིད་ལས་སྐྱེ་གནས་སྣ་ཚོགས་པའི་ཚུལ་ཅན་གྱིས་སྐྱེ་བའི་རྣམ་པའི་གཟུགས་ཅན་གྱི་ཁྱད་པར་འཛིན་ཅིང་འཇོག་པ་ཡིན་ནོ། །དེ་ཡང་དཔེར་ན་ཟངས་མ་ལ་སོགས་པ་དངོས་པོའི་རིགས་མེས་བཞུ་ཞིང་ཁུ་བར་བྱས་པ་ཞུ་བའི་རྣམ་པའི་ཚུལ་གཅིག་པ་དག་ཀྱང༌། པྲ་ཚིལ་ལ་སོགས་པ་ལས་བཟོ་བྱས་པའི་མི་ལ་སོགས་པའི་གཟུགས་སུ་བྱས་པ་དེར་བླུག་ན་གཞིའི་རྣམ་པ་ཇི་འདྲ་བ་དེ་དང་དེའི་གཟུགས་སུ་སྣང་ཞིང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་སྐྱེ་གནས་དུ་མར་སོང་ཞིང་གནས་པ་ལས་དེའི་གཟུགས་ཀྱི་རྣམ་པ་འཛིན་པར་འགྱུར་རོ། །ཞེས་འབྱུང་བ་ལྟར་ཤེས་པར་བྱའོ། །

འདི་ལས་འཕྲོས་ནས་མངལ་དུ་འཇུག་པའི་ཚུལ་བཞི་ཡོད་དེ། སོ་སྐྱེ་ཐ་མལ་བ་རྣམས་ནི་མི་དྲན་མི་ཤེས་བཞིན་དུ་འཇུག་ཅིང་གནས་ལ་སྐྱེ་བ་ཡིན་ནོ། །འཁོར་ལོས་སྒྱུར་བ་དང་རྒྱུན་དུ་ཞུགས་པ་རྣམས་ནི་དྲན་ཞིང་ཤེས་པས་མངལ་དུ་འཇུག་ལ་མི་དྲན་མི་ཤེས་པས་གནས་ཤིང་སྐྱེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་བ་དང༌། རང་རྒྱལ་རྣམས་ནི་དྲན་ཤེས་བཞིན་དུ་འཇུག་ཅིང་སྐྱེ་ལ་མི་དྲན་མི་ཤེས་པར་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དག་པའི་ས་ལ་གནས་པ་རྣམས་ནི་དྲན་ཤེས་བཞིན་ཀྱི་སྒོ་ནས་མངལ་དུ་འཇུག་གནས་སྐྱེ་བར་བྱེད་པ་ཡིན་ནོ། །ཞེས་མདོ་ལས་འབྱུང་བ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། མངལ་ཆགས་ཞེས་པ་ནས་ལྕི་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་ས་བོན་དང་བར་དོའི་རྣམ་པར་ཤེས་པ་ལྷན་ཅིག་ཏུ་མངལ་དུ་ཆགས་པའི་རྟགས་དང་མཚན་མ་གསལ་པོ་ནི་འདི་ལྟ་སྟེ། ཕོ་མོ་གཉིས་འཁྲིག་པ་ལ་ཞུགས་པ་ལས་བྱུང་བའི་ས་བོན་དེ་ཉིད་མངལ་གྱི་ནང་དུ་འཛིན་པ་དང༌། དེས་རེ་ཞིག་འདོད་པ་ངོམས་ཤིང་ཚིམ་པ་དང༌། ལུས་སྙོམ་ཞེས་པ་བརྡ་རྙིང་པ་སྟེ་བྱ་བ་གང་ལ་ཡང་མི་འཕྲོད་པར་སྒྱིད་ལུག་པའི་དོན་ཡིན་པས་ལུས་སྙོམ་ཞིང་ལྕི་བ་ལྟར་གློ་བུར་དུ་གྱུར་ན་ཐེ་ཚོམ་མེད་པར་མངལ་བཟུང་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་སློབ་དཔོན་གྱི་རང་འགྲེལ་ལས། བུད་མེད་ཀྱི་ས་བོན་ལེགས་པར་ཆགས་པར་གྱུར་པ་ན། འཕྲལ་དེ་མ་ཐག་མཚན་མ་འདི་དག་འབྱུང་སྟེ། འདོད་པ་ངོམས་པ་དང༌། ལུས་ལྕི་བ་དང༌། ཡན་ལག་འགུལ་བ་དང༌། ཁུ་ཁྲག་འདྲེས་པ་དེ་ཡང་འཁྲུག་པར་བྱེད་པ་སྙམ་བྱེད་པ་དང༌། སྙིང་ཅུང་ཞིག་འཕར་བ་དང༌། སྙོམ་པ་དང༌། དུབ་པ་དང༌། བ་སྤུ་ལྡང་བ་དང༌། སྔོན་རྟགས་དེ་དག་དང་ལྡན་པར་འགྱུར་རོ། །ཞེས་དང༌། ཟླ་ཟེར་ལས་ཀྱང་མཐུན་པ་འབྱུང་བ་ཡིན་ནོ། །གསུམ་པ་རྒྱུ་སོ་སོའི་བྱེད་ལས་བཤད་པ་ལ་གཉིས། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། རྟོག་དཔྱོད་དང་ལྡན་པ་འགའ་ཞིག་ན་རེ། མངལ་དུ་ཆགས་པའི་ཁུ་ཁྲག་སེམས་གསུམ་ཀ་འབྱུང་བ་ཆེན་པོ་ལྔ་ལས་གྲུབ་པ་ཡིན་ཞིང༌། ཁྱད་པར་དུ་རྣམ་པར་ཤེས་པ་ཁོ་ནའི་དབང་གིས་གྲུབ་ལ་རིམ་པས་མའི་ཁ་ཟས་ཀྱི་རོ་དྲུག་པོའི་དབང་གིས་འབྱུང་བ་ཆེན་པོ་སོ་སོར་འཕེལ་བར་བྱེད་པ་ཡིན་ཏེ།

རྡོ་རྗེ་གདན་བཞི་ལས། ཆུ་ནི་སེམས་ལས་འབྱུང་བས་ན། །རྣམ་པར་ཤེས་པ་ཆུ་ཡི་ཁམས། །གལ་ཏེ་ཆུ་ཉིད་གཞན་དུ་ན། །ཤི་ནས་ཅི་སྟེ་ཆུ་མི་འབྱུང༌། །རྣམ་ཤེས་མེ་རུ་འབྱུང་བས་ན། །ལུས་ལ་དྲོ་བ་ཉིད་དུ་ངེས། །ཡེ་ཤེས་འཕྲོས་པའི་ལུས་ལ་ནི། །ཅི་སྟེ་དྲོ་བ་ཉིད་མི་སྣང༌། །རྣམ་ཤེས་རླུང་གི་ལུས་དག་ལ། །འབྱུང་འཇུག་དབུགས་ནི་དུ་བ་འདྲ། །ཡེ་ཤེས་འཕྲོ་བའི་ལུས་དག་ལ། །དེ་དག་ལ་ཡང་དབུགས་མེད་དོ། །སེམས་ནི་ས་རུ་འབྱུང་བས་ན། །ལྕི་བ་རུ་ནི་སྣང་བ་ཉིད། །ཡེ་ཤེས་འཕྲོས་པའི་ལུས་དག་ནི། །ཆུ་ཡི་སྟེང་དུ་ལྡིང་བའོ། །ལུས་ཀྱི་ཚད་མ་ལྔ་ཆར་ཡང༌། །ལྔ་ཆར་གཅིག་གི་ངོ་བོས་བསྟན། །གཅིག་ཏུ་འགྱུར་བ་ཤེས་བྱས་ནས། །རྣལ་འབྱོར་པ་ཡིས་གནས་བལྟའོ། །ཞེས་གསུངས་སོ། །རྣམ་པར་ཤེས་པ་དང་འབྱུང་བ་ལྔ་པོ་དེ་ཡང་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ་གྱིས་གནས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། འབྱུང་བ་ཆེན་པོ་འདི་དག་ནི། །སྲོག་གི་རྟེན་དུ་ཤེས་པར་བྱ། །ཡང་ན་སྲོག་ནི་དེ་རྣམས་བརྟེན། །ལེགས་སྐྱེས་དབང་མོ་ཤེས་པར་བགྱི། །ཞེས་གསུངས་པའི་ཕྱིར། འོ་ན་རྣམ་པར་ཤེས་པ་ལས་གྲུབ་པའི་འབྱུང་བ་རྣམས་ནི་ཤིན་ཏུ་ཕྲ་བའི་ཕྱིར་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་ན། འདིར་སྣང་དུ་རུང་བའི་ཁྱད་ཇི་ལྟ་བུ་ཞིག་གོ་སྙམ་ན། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། བོ་ལ་ཀཀྐོ་ལ་སྦྱར་བས། །རེག་པ་སྲ་བའི་བག་ཆགས་ཉིད། །ས་ནི་དེ་ལས་སྐྱེ་་བར་འགྱུར། །བྱང་སེམས་ཁུ་བའི་རང་བཞིན་ལས། །ཆུ་ཡི་ཁམས་ནི་འབྱུང་བ་སྟེ། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །གཡོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོས་རྣམ་པར་ཤེས་པ་བསྐོར། །ཞེས་པ་ལ། རྗེ་རང་བྱུང་པས། བོ་ལ་ཀཀྐོ་ལ་སྦྱར་བ་ཕ་མ་གཉིས་ཀྱིས་ཉམས་སུ་མྱོང་བ་ན་བར་མ་དོའི་དྲི་ཟ་ཉེ་བར་འོངས་པས་རེག་པའི་བག་ཆགས་སྲ་བ་ཉིད་མྱོང་བ་ན་སའི་ཁམས་བསྐྱེད་པར་འགྱུར་ལ། བྱང་ཆུབ་ཀྱི་སེམས་ཕ་མའི་ཁུ་བའི་རང་བཞིན་ལས་འདི་ནི་ངའི་འོ་སྙམ་དུ་འཛིན་པ་ལས་ཆུའི་ཁམས་འབྱུང་བའི་རྐྱེན་བྱེད་དོ། །བསྐྱོད་པ་ལས་དྲོ་བའི་མེའི་ཁམས་བསྐྱེད་དེ། དེ་ཡང་ཁྲག་གི་རང་བཞིན་དུ་འགྱུར་རོ། །གཡོ་བ་རླུང་དུ་རབ་ཏུ་གྲགས་པ་ནི། དེ་ལྟར་ཡང་བ་དང་རྐྱེན་གཡོ་བ་ཐམས་ཅད་རླུང་གི་རང་བཞིན་ཡིན་པ་དང༌། བདེ་བ་ནི་ནམ་མཁའི་ཁམས་ཏེ་གོ་སྐབས་འབྱེད་པ་དང༌། ལྡན་པ་ཉིད་ཡིན་པས་ཁམས་ལྔ་པོས་རྣམ་པར་ཤེས་པ་བསྐོར་ཏེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་མ་རིག་པའི་དབང་གིས་འདུ་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་འབྱུང་བ་ལྔའི་རང་བཞིན་ཁུ་ཁྲག་སེམས་གསུམ་པོ་མངལ་དུ་ཚོགས་ནས་དེ་དག་སོ་སོའི་བྱེད་ལས་ནི།

བརྟག་གཉིས་ལས། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པ་གསུམ་དུ་བརྗོད། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་དེ་བཞིན་བརྗོད། །ཅེས་པ་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་འགྲེལ་པར་ཡང༌། ས་བོན་གྱི་རང་གི་ཁམས་ཀྱི་བྱ་བ་གསུངས་པ། ས་བོན་དག་གིས་ཞེས་པ་ལ་སོགས་པ་སྟེ། འདིར་ས་བོན་ཁུ་བ་དང་ཁྲག་གི་ས་གང་ཡིན་པ་དེས་གསང་བའི་པདྨ་ལ་གནས་པའི་རོ་དྲུག་པོ་རྣམས་ཟོས་ནས་ལུས་བསྐྱེད་པ་ལ་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་པ་ཡིན། ཆུ་ནི་དེ་བཞིན་གཤེར་བ་ཉིད་བྱེད་དོ། །མེ་ནི་ཟོས་པའི་རོ་རྣམས་སྨིན་པར་བྱེད་དོ། །རབ་མཆོག་རྣམ་པ་བཅུའི་རླུང་སྲོག་ལ་སོགས་པ་དག་ནི་ས་བོན་འདིའི་ལུས་ལ་འཕེལ་བར་བྱེད་དོ། །འཕེལ་བ་དག་ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་བྱེད་དུས་ལས་དེ་ལྟར་སྔར་བརྗོད་པའི་རྣམ་པས་བསྐྱེད་པ་སྟེ། སྣ་ཚོགས་དངོས་པོ་དུ་མ་དག་གི་ལུས་བཅས་སྒྲ་དང་ཡིད་དང་ཞེས་པ་ནི་ལུས་དང་ངག་དང་སེམས་སོ། །ནུས་པ་རྣམས་ནི་དུ་བ་ལ་སོགས་པ་སྟེ། ལུས་དང་ངག་དང་སེམས་ཀྱི་ཆོས་ཅན་རྣམས་སྤྲོ་བར་བྱེད་དོ། །ཞེས་པ་ནི་ས་བོན་གྱི་ཁམས་ཀྱི་བྱ་བ་རྗོད་པའོ། །ཞེས་པ་དང༌། དགའ་བོ་མངལ་དུ་འཇུག་པ་ལས། ལུས་འདི་ཉིད་བསྐྱེད་པ་ན་ཕ་མའི་ཁུ་ཁྲག་དང་འབྱུང་བ་ཆེན་པོ་བཞི་དང་ངོ་བོ་ཐ་མི་དད་པར་འགྱུར་ཏེ། འདི་ལྟ་སྟེ། སའི་ཁམས་ཀྱིས་ནི་སྲ་བའི་བྱ་བ་བྱེད་དོ། །ཆུའི་ཁམས་ཀྱིས་ནི་གཤེར་བའི་བྱ་བ་བྱེད་དོ། །མེའི་ཁམས་ཀྱིས་ནི་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ཀྱིས་ནི་ཡང་ཞིང་གཡོ་བའི་བྱ་བ་བྱེད་དོ། །ཞེས་པ་དང༌། རྗེ་རང་བྱུང་པས། དེ་ནས་གང་གི་ཚེ་མངལ་དུ་སྐྱེ་བ་གྲུབ་པ་དེའི་ཚེ་རང་གི་སེམས་ཀྱི་སྣང་བ་ཡིན་ཡང་གཞན་དུ་རྟོག་པའི་བག་ཆགས་ལ་བརྟེན་ནས་ཕ་མའི་རྐྱེན་ཉེ་བར་སྦྱོར་བ་དང་ཐུན་མོང་བ་ལྟ་བུར་སྣང་བའི་སྒོ་ནས་བཤད་དགོས་པས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལས་རོ་དྲུག་བཟའ་བཏུང་ལས། །འབྱུང་བཞི་འགྲུབ་པའི་རྐྱེན་བྱེད་དོ། །ཞེས་སྨོས་ཏེ། ལུས་ཀྱི་ཁམས་རུས་པ་ལ་སོགས་པ་སུམ་ཅུ་རྩ་དྲུག་པོ་ཐམས་ཅད་བཟའ་བཏུང་གི་རྐྱེན་གྱིས་བསྐྱེད་ཅིང་འབྱུང་བས་ནང་གི་སྲ་བ་དང་བརླན་པ་དང་དྲོ་བ་དང་ཡང་བའི་འབྱུང་བཞི་བརྟས་ཤིང་འགྲུབ་པར་བྱེད་པར་སྣང་སྟེ། རྐྱེན་བྱེད་པ་དེ་ཡང་རོ་དྲུག་སྟེ། སྐྱུར་བ་དང་བསྐ་བ་གཉིས་ནི་ཡེ་ཤེས་དང་ནམ་མཁའི་ཁམས། ཁ་བ་ནི་རླུང༌། ཚ་བ་ནི་མེ། མངར་བ་ནི་ཆུ། ལན་ཚྭ་ནི་སའི་ཁམས་ཏེ། ནམ་མཁའ་དང་བདེ་བའི་ཡེ་ཤེས་ཀྱི་སྦྱོར་བས་ཐམས་ཅད་ཀྱང་བསྐྱེད་པའི་ཕྱིར་ན། རོ་དྲུག་འབྱུང་བ་ལྔ་ལས་ཏེ། །མཁའ་དང་བདེ་བའི་ཡེ་ཤེས་ཀྱི། །སྦྱོར་བས་བརྟན་པར་གྲུབ་པ་ཡིན། །ཞེས་བཤད་པ་ཡིན་ནོ་ཞེས་དང༌། པདྨར་སོང་བའི་ས་བོན་གྱིས། །ཞེས་པ་མངལ་དུ་དཀར་དམར་གྱི་དྭངས་མ་ལ་བར་དོའི་རྣམ་པར་ཤེས་པས་བདག་ཏུ་བཟུང་ཞིང་འདྲེས་པ་ལ་བརྗོད་དེ། ཕ་མའི་ཁམས་ཀྱང་ནི་མ་ཡིན་ནོ། །དེ་ལ་ཁམས་བཞིའམ་ལྔ་རུ་ཇི་ལྟར་ཤེས་ན། འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །ཞེས་སྨོས་ཏེ། རྣམ་པར་ཤེས་པ་འཛིན་པ་དང༌། བརླན་པ་དང༌། ལུས་སྨིན་པ་དང༌། ཆེར་རྒྱས་ཤིང་འཕེལ་བ་དང༌། ནང་གི་གོ་སྐབས་སོ་སོར་འབྱེད་པ་ལས་འབྲས་བུའི་གཟུགས་རྣམས་ཀྱང་སྣང་བར་བྱེད་པར་གསུངས་པའི་ཕྱིར་བཤད་པ་ཡིན་ནོ། །ཞེས་གསུངས་པ་ལས་རྟོགས་པར་བྱ་ཞིང༌། རླུང་འདི་རྣམས་ལས་མི་འབྱུང་ཡང༌། འདིར་ས་ཆུ་མེ་རླུང་ལྔ་པོས་ནང་གི་དབང་པོ་གཟུགས་ཅན་ལྔ་དང་ཕྱི་རོལ་ཏུ་དབང་པོ་རྣམས་ཀྱི་ཡུལ་དོན་ལྔ་པོ་བསྐྱེད་པར་བཤད་པ་རྣམས་ཀྱང་འབྱུང་ལྔ་ཆེན་པོ་རང་རང་གི་ཡོན་ཏན་གྱི་ཁྱད་པར་དང༌། ཐོག་མ་ཉིད་ནས་གོམས་ཤིང་འདྲིས་པའི་བག་ཆགས་ལས་དེ་ལྟར་འབྱུང་ཞིང་བཟུང་བ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ནི། ཕ་ཡི་ཁུ་བས་ཞེས་པ་ནས་སྒྲ་བསྐྱེད་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། མངལ་དུ་ཆགས་པའི་ཁ་ཁྲག་སེམས་གསུམ་དང༌། དེ་ཡི་རང་བཞིན་འབྱུང་བ་ལྔ་པོ་རྣམས་ཀྱི་ནང་ནས་ཕ་ལས་བྱུང་བའི་ཁུ་བ་དེས་ནི། མངལ་དུ་གནས་པའི་སེམས་ཅན་དེ་དག་གི་རུས་པ་དང་ཀླད་པ་དང་གཞུང་པ་རྣམས་སྐྱེད་པར་བྱེད་པ་ཡིན་ལ། དེ་བཞིན་དུ་མ་ལས་བྱུང་བའི་ཟླ་མཚན་གྱིས་ནི་ཤ་དང་ཁྲག་དང་དོན་སྣོད་བཅུ་གཉིས་རྣམས་བསྐྱེད་པར་བྱེད་པ་ཡིན་ནོ། །མངལ་དུ་གནས་པའི་སེམས་ཅན་རང་ཉིད་ཀྱི་སེམས་ལས་མིག་ལ་སོགས་པའི་དབང་པོ་ལྔ་དང་རྣམ་པར་ཤེས་པ་ལྔ་པོ་འབྱུང་ཞིང་སྐྱེ་བ་ཡིན་ནོ། །ཚུལ་དེ་དང་མཐུན་པར་འབྱུང་བ་རྣམས་ཀྱི་ནང་ནས་སའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་ཤ་དང་རུས་པ་ལ་སོགས་སྲ་བའི་ཆ་ཤས་རྣམས་འབྱུང་ཞིང་ཁྱད་པར་དུ་སྣའི་དབང་པོ་གཟུགས་ཅན་པ་ཟངས་ཁབ་གཤིབས་པ་ལྟ་བུ་དང༌། དེའི་ཡུལ་དྲིའི་རང་བཞིན་རྣམས་བསྐྱེད་པར་བྱེད་དོ། །ཆུའི་རང་བཞིན་གྱི་ཡོན་ཏན་དེ་ལས་ནི་ཁྲག་ལ་སོགས་པའི་བརླན་ཞིང་གཤེར་བའི་ཆ་རྣམས་འབྱུང་ཞིང༌། ཁྱད་པར་དུ་ལྕེའི་དབང་པོ་གཟུགས་ཅན་པ་ཟླ་བ་བཀས་པ་ལྟ་བུ་དང༌། དེའི་ཡུལ་རོ་དྲུག་གི་རང་བཞིན་རྣམས་བསྐྱེད་པར་བྱེད་དོ། །མེའི་རང་བཞིན་གྱི་ཡོན་ཏན་དེ་ལས་དྲོད་ཀྱི་ཆ་ཤས་ཀུན་དང་ལུས་ཀྱི་མདོག་རབ་ཏུ་གསལ་བ་དག་འབྱུང་ཞིང༌། ཁྱད་པར་དུ་མིག་གི་དབང་པོ་གཟུགས་ཅན་པ་ཟར་མའི་མེ་ཏོག་ལྟ་བུ་དང༌། དེའི་ཡུལ་གཟུགས་ཀྱི་རང་བཞིན་རྣམས་བསྐྱེད་པར་བྱེད་དོ། །རླུང་གི་རང་བཞིན་གྱི་ཡོན་ཏན་དེ་ལས་ཕྱི་ནང་དུ་རྒྱུ་བའི་དབུགས་ཀྱི་ཆ་ཤས་རྣམས་འབྱུང་ཞིང༌། ཁྱད་པར་དུ་ལུས་ཀྱི་དབང་པོ་གཟུགས་ཅན་པ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ་ཡོངས་སུ་འཛིན་པའི་ལུས་ཀྱི་པགས་པ་དང༌། དེའི་ཡུལ་རེག་བྱའི་རང་བཞིན་རྣམས་བསྐྱེད་པར་བྱེད་དོ། །ནམ་མཁའི་རང་བཞིན་གྱི་ཡོན་ཏན་དེ་ལས་ལུས་ཀྱི་ཕྱི་ནང་སྲོག་ཟུངས་ཀྱི་བུ་ག་རྣམས་དང༌། ཁྱད་པར་དུ་རྣ་བའི་དབང་པོ་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ་དང༌། དེའི་ཡུལ་སྒྲའི་རང་བཞིན་རྣམས་འབྱུང་ཞིང་བསྐྱེད་པར་འགྱུར་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །

གསུམ་པ་མཇུག་བསྡུ་བ་ནི། གོམས་པས་ཞེས་པ་ནས་ལུས་སུ་གྲུབ་ཅེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་རྒྱུ་དང་བྱེད་ལས་རྣམས་ཀྱང་མདོར་ན་སྐྱེ་བ་གཞན་དུ་གོམས་ཤིང་འདྲིས་པའི་དབང་ལས་དེ་དང་དེ་འདྲའི་བྱ་བ་ལ་རང་བཞིན་གྱིས་འཇུག་པའི་སྣང་བ་སྣ་ཚོགས་སུ་རིམ་པས་མཆེད་པ་ལས་འབྱུང་ཞིང་གྲུབ་པ་ཡིན་ནོ། །དེ་ལྟར་རྒྱུ་དང་རྐྱེན་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཐམས་ཅད་ཕྱོགས་གཅིག་ཏུ་འཛོམས་ཤིང་འདུས་པ་ལས་ལུས་འདི་ཉིད་མངལ་གྱི་ནང་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་ཆགས་ནས་འཕེལ་བའི་ཚུལ་བཤད་པ་ལ་གསུམ། ཆགས་པའི་རྒྱུ་ངོས་བཟུང་བ། འཕེལ་བའི་ཚུལ་དངོས། རྫོགས་པའི་དུས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ཀྱིས་གཞུང་ཚིག་ལྷུག་པར་བཏང་བ་ཙམ་མ་གཏོགས་མ་བྱུང་ཡང༌། འདིར་མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་ཀྱི་ལུས་འཕེལ་བའི་རྒྱུ་ནི་ལྟེ་བ་ཡིན་ཞེས་སོགས་གསུངས་པ་ལས་མ་བུ་གང་གི་ལྟེ་བ་ཡིན་པ་རྣམས་མི་ཤེས་པ་དག་སྣང་བའི་དོན་གྱིས་བརྗོད་པར་བྱའོ། །དེ་ཡང་མངལ་དུ་ཞུགས་པའི་སེམས་ཅན་དེའི་ལུས་གྲུབ་པའི་ཐོག་མ་ནི་འོག་ནས་འབྱུང་བ་ལྟར། མས་རོ་དྲུག་གི་བཟའ་བཏུང་འཕྲོད་པར་ཟོས་པའི་བཅུད་རྣམས་ཕོ་བའི་གནས་ནས་རིམ་པས་ལུས་ཟུངས་སོ་སོར་འཕེལ་བའི་དྭངས་མ་བདུན་པ་དེ་ཉིད་བསམ་སེའུར་བསགས་པ་ལས། ལས་ཀྱི་དབང་གིས་བསམ་སེའུ་དང་བུ་སྣོད་ཀྱི་གཡས་གཡོན་གཉིས་རྩའི་རྒྱུན་སྲང་གིས་འབྲེལ་ཞིང་བུ་སྣོད་ཀྱི་རྩ་དེ་ཡང་མངལ་གནས་ཀྱི་ལུས་ཅན་དེའི་ལྟེ་བ་སྟེ། དཀྱིལ་ལམ་དབུས་དྲང་ཐད་དེ་དང་འབྲེལ་བའི་དབང་གིས་ན་རྫིང་དང་འདྲ་བའི་བསམ་སེའུ་ནས་ཡུར་བ་དང་འདྲ་བའི་རྩའི་སྦུབས་གཉིས་སུ་ཆུ་དང་འདྲ་བའི་དྭངས་མའི་རྒྱུན་འབྱུང་སྟེ། ཞིང་དང་འདྲ་བའི་མངལ་གནས་ཀྱི་ལུས་ལ་ལོ་ཏོག་དང་འདྲ་བའི་ཁམས་སུམ་ཅུ་རྩ་དྲུག་རྣམས་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ལ། བུད་མེད་གང་མངལ་དང་ལྡན་པའི་སྐབས་སུ་ཟླ་མཚན་མི་འབྱུང་བའི་རྒྱུ་མཚན་ཀྱང་དེ་ཉིད་ཡིན་ནོ། །དེ་བཞིན་དུ་སློབ་དཔོན་གྱིས་ཀྱང༌། མངལ་གནས་ལྟེ་བ་མ་ཡི་ནི། །སྙིང་གི་རྩ་དང་འབྲེལ་བའི་ཕྱིར། །དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུར་བ་དག་དང་མཚུངས། །ཞེས་དང༌། རང་འགྲེལ་ལས། བྱིས་པ་ནང་དུ་འཕེལ་འགྱུར་ཏེ། །ཞིང་གི་ཡུར་བ་དག་དང་མཚུངས། །ཞེས་དང༌། རང་འགྲེལ་ལས། བྱིས་པ་ནང་དུ་འཕེལ་བའམ་སྐྱེ་བའི་རྒྱུ་ནི་མའི་སྙིང་དང་བུའི་ལྟེ་བ་འབྲེལ་བའི་རྒྱུན་སྲང་ཡོད་ལ། དེ་ནས་མས་ཟོས་པའི་བཅུད་འཇུག་སྟེ། དཔེར་ན་ཞིང་ལ་ཡུར་བ་ནས་ཆུ་དྲངས་ནས་བཅུས་ན་ངེས་པར་འཕེལ་ཞིང་རྒྱས་པ་བཞིན་ནོ། །ཞེས་དང༌། ཟླ་ཟེར་ལས། མངལ་ན་གནས་པའི་སེམས་ཅན་དང་མའི་སྙིང་གི་རྩ་ལས་ཀྱི་དབང་གིས་འབྲེལ་བར་གནས་ཏེ། དེའི་ཕྱིར་རྩའི་རྒྱུན་དེ་ནས་མངལ་ན་གནས་པའི་ལུས་འཕེལ་ཞིང་རྒྱས་པར་འགྱུར་ཏེ། དཔེར་ན་འབྲས་ལ་སོགས་པའི་ཞིང་ཡུར་བ་ནས་ཆུ་དྲངས་ཏེ་དེས་ཞིང་གི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བ་དང་འདྲའོ། །ཞེས་འབྱུང་ལ། འདི་སྐབས་སྙིང་ཞེས་པ་ཡང་དོན་བསམ་སེའུ་དང་གཅིག་པ་ཡིན་ཏེ། བཟའ་བཏུང་རྣམས་ཀྱི་དྭངས་མ་བདུན་པ་བཅུད་ཆེན་པོ་དེ་ཉིད་གསོག་པའི་སྣོད་ཡིན་པའི་ཕྱིར་རོ། །གཉིས་པ་ཚིག་དོན་ནི། དེ་ལྟར་ཞེས་པ་ནས་ཞིང་སྐྱེད་འདྲ་ཞེས་པའི་བར་གྱིས་བསྟན་ཏེ། །མངལ་དུ་ཆགས་ཚུལ་གོང་དུ་ཞིབ་པར་བཤད་པ་དེ་ལྟར་ཆགས་ནས། དེ་ནི་ཆེར་འཕེལ་བའི་ཚུལ་བཤད་པར་བྱའོ། །དེ་ཡང་མངལ་དུ་ཆགས་པའི་ལུས་དེ་ཉིད་ཆེས་ཆེར་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ནི་མངལ་དུ་གནས་པའི་སེམས་ཅན་རང་ཉིད་ཀྱི་ལྟེ་བ་ཡིན་ཏེ་ཅིའི་ཕྱིར་ན། མའི་བུ་སྣོད་གཡས་གཡོན་གྱི་རྩ་དང་མངལ་གནས་ཀྱི་ལྟེ་བ་འབྲེལ་ལ། བུ་སྣོད་ཀྱི་རྩ་གཉིས་པོ་དེའང་གྱེན་ཕྱོགས་སུ་བསམ་སེའུ་ཞེས་བཅུད་ཀྱི་རྟེན་དང་འབྲེལ་བ་དེའི་ཕྱིར་མའི་ཁ་ཟས་རྣམས་ཀྱི་དྭངས་མ་བདུན་པོ་རྒྱུན་མི་འཆད་པར་འབྱུང་བའི་ཐ་མ་བཅུད་ཆེན་པོ་དེ་ཉིད་བསམ་སེའུ་ནས་རྩ་གཉིས་སུ་བརྒྱུད་དེ་མངལ་དུ་གནས་པའི་ལྟེ་བར་ཞུགས་པ་དེ་ཡིས་རིམ་གྱིས་མངལ་དུ་ལུས་རྣམ་པར་འཕེལ་བར་འགྱུར་བ་ཡིན་ཏེ། དཔེར་ན་ཆུ་རྒྱུན་ཤིན་ཏུ་ཕྲ་བ་རྣམས་བསགས་པའི་རྫིང་དེ་ནས་ཡུར་བ་ཕྲ་མོར་ཆུ་དྲངས་ཏེ། ཆུ་དེ་འདྲ་བ་ཡིས་ཞིང་ཆེན་པོའི་ལོ་ཏོག་སྐྱེད་པ་དང་འདྲ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་འཕེལ་ཚུལ་དངོས་བཤད་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་ཞེས་པ་ནས་འཕེལ་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། མངལ་དུ་ཆགས་པའི་ལུས་ཅན་དེ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་གྲངས་དང་མཉམ་པའི་རླུང་གིས་རིམ་པར་བསྒྱུར་ནས་ཟླ་བ་དགུའི་བར་དུ་འཕེལ་བར་འགྱུར་རོ། །ཞེས་བྱ་ལ། ཏེ་ཞེས་པ་ལྷག་མའི་ཚིག་འདྲེན་པའི་དོན་ཏོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཟླ་བ་དང་པོའི་འཕེལ་ཚུལ། ལྟེ་བ་བསྒྱུར་ཐབས། ཟླ་བ་གཞན་པ་རྣམས་ཀྱི་འཕེལ་ཚུལ་བཤད་པའོ། །དང་པོ་ལ་གཉིས། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ཁ་ཅིག་ན་རེ། བདུན་ཕྲག་དང་པོའི་དུས་སྐབས་སུ་རླུང་ཀུན་ཏུ་སྡུད་ཅེས་བྱ་བས་ཁུ་ཁྲག་འདྲེས་པར་བྱེད་དོ་ཞེས་ཟེར་བ་ནི་འཐད་པར་མ་མཐོང་སྟེ། དགའ་བོ་མངལ་དུ་འཇུག་པ་ལས། རླུང་ཀུན་ཏུ་རེག་པ་ཞེས་བྱ་བས་བདུན་ཕྲག་གཉིས་པའི་སྐབས་སུ་བྱ་བ་བྱེད་པར་གསུངས་པའི་ཕྱིར་རོ། །མཁས་པ་དག་གིས་ཀྱང་བདུན་ཕྲག་དང་པོའི་དུས་སུ་རླུང་གང་གི་བྱ་བ་བྱེད་ཚུལ་མ་ཤེས་པར་ནོངས་སོ། །གཉིས་པ་རང་གི་ལུགས་ནི། རྗེ་རང་བྱུང་པས། ཉོན་མོངས་ཅན་ཡིད་སྲོག་རླུང་ནི། །སྐད་ཅིག་ལ་ཡང་ཡང་དག་འགྲོ། །ཞེས་དང༌། འགྲེལ་བར། མངལ་དུ་ཞག་བདུན་ཕྲག་དང་པོ་ནི་སྲོག་གི་རླུང་ངོ༌། །གཉིས་པ་ལ་ཀུན་ནས་སྡུད་པ་ཞེས་བྱ་བའི་རླུང་ངོ༌། །གསུམ་པར་བཟོད་དཀའ་ཞེས་བྱ་བ་དང༌། བཞི་པ་ལ་རབ་ཏུ་བྱེད་པ་དང༌། ལྔ་པ་ལ་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་བྱུང་སྟེ། ཁུ་ཁྲག་གི་རྡུལ་ཕྲ་རབ་ཐམས་ཅད་གཏོར་ཞིང་སྡུད་པར་བྱེད་དོ། །ཞེས་གསུངས་པ་ལྟར། མངལ་ཆགས་མ་ཐག་པ་ནས་བརྩིས་པའི་ཞག་བདུན་ཕྲག་དང་པོ་ལ་རླུང་ཐམས་ཅད་ཀྱི་དང་པོར་ཉོན་མོངས་ཅན་གྱི་ཡིད་སྲོག་རླུང་ཨའི་རྣམ་པ་ཅན་ཡོངས་སུ་གྲུབ་པ་དེས་ཁུ་ཁྲག་བཀྱིགས་ཤིང་སྡུད་པ་སོགས་བྱེད་ལ། དེ་ནས་བདུན་ཕྲག་གཉིས་པའི་སྐབས་སུ་རླུང་ཀུན་ཏུ་སྡུད་པ་ཞེས་བྱ་བ་སྲོག་གི་རླུང་ལས་འཕྲོས་ཏེ་ལས་བྱེད་དོ། །བརྒྱད་པ་རྩ་འགྲེལ་དུ་ནི་སྤྱིར་བཏང་བའི་དབང་གིས་ཟླ་བ་རེའི་འཕེལ་ཚུལ་ཙམ་མ་གཏོགས་ཞིབ་ཏུ་མ་བྱུང་ཡང༌། འདིར་གཞན་ནས་ཁ་བསྐང་བའི་ཚུལ་གྱིས་ཞིབ་ཏུ་བཤད་པར་འདོད་དོ། །དེ་ལྟར་ཡང་འཕེལ་བའི་ཚུལ་ནི་ཇི་ལྟ་བུ་ཞེ་ན། དགའ་བོ་མངལ་གནས་ལས། གཞན་ཡང་དགའ་བོ་འདི་ལྟར་མའི་མངལ་དུ་ཞུགས་པ་དེའི་གྲངས་ཀྱང་མདོར་བསྡུས་ན་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཡོད་པར་རིག་པར་བྱ་སྟེ། ཞག་བདུན་ཕྲག་དང་པོའི་ཚེ་མའི་མངལ་མི་གཙང་བ་ཐོགས་པའི་གནས་སུ་ཉལ་བས་འདི་ལྟ་སྟེ། དཔེར་ན་ཟངས་རབ་ཏུ་ཆེ་བའི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་གང་ཡིན་པ་དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། དཔེར་ན་འབྲས་ཀྱི་ཁུ་བའམ་ཞོའི་སྤྲིས་མ་དང་འདྲ་བར་ཞག་བདུན་གྱི་བར་དུ་ནང་དུ་བཙོས། རབ་ཏུ་བཙོས་པས་ན་སའི་ཁམས་སྲ་བ་ཉིད་དང༌། ཆུའི་ཁམས་གཤེར་བ་ཉིད་དང༌། མེའི་ཁམས་དྲོ་བ་ཉིད་དང༌། རླུང་གི་ཁམས་ཡང་ཞིང་གཡོ་བ་ཉིད་གདོད་མངོན་དུ་སྣང་བར་འགྱུར་རོ་ཞེས་སོགས་ཀྱིས་རྒྱས་པར་གསུངས་མོད་ཀྱང༌། མཐའ་དག་མངས་པར་དོགས་ནས་དོན་རྣམས་རིམ་གྱིས་བརྗོད་པར་བྱའོ། །

གཉིས་པ་ཚིག་དོན་ནི། ཟླ་བ་ཞེས་པ་ནས་ལྟ་བུར་སྣང་ཞེས་པའི་བར་གྱིས་བསྟན་ཏེ། མངལ་དུ་ཁུ་ཁྲག་སེམས་གསུམ་ལྷན་ཅིག་ཏུ་ཚོགས་པའི་སྐད་ཅིག་མ་དང་པོ་དེ་ནས་འགོ་བརྩམས་པའི་ཟླ་བ་དང་པོ་ལ་ཞག་བདུན་ཕྲག་བཞི་ལྷག་པར་ཡོད་པའི་ནང་ནས་བདུན་ཕྲག་དང་པོའི་དུས་སུ་ལས་ཀྱི་དབང་གིས་ཀུན་གཞིའི་རྣམ་པར་ཤེས་པ་ལས་སྲོག་གི་རླུང་ཞེས་བྱ་བ་ཐོག་མར་སྤྲོས་ཏེ། དེའི་བྱེད་པས་ཞོའི་དོན་དུ་འོ་མ་བསྐོལ་བར་རུ་མ་བླུག་པ་དང་འདྲ་བར་ཁུ་ཁྲག་གི་རྡུལ་ཐམས་ཅད་ཕན་ཚུན་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་འགྱུར་རོ། །དེ་བཞིན་དུ་བདུན་ཕྲག་གཉིས་པ་ལ་ལས་ཀྱི་རླུང་ཀུན་ཏུ་སྡུད་པ་ཞེས་བྱ་བ་འཕྲོས་ནས་སྔ་མ་ལས་ཅུང་ཟད་བསྐ་བའི་རྣམ་པ་ནུར་ནུར་པོར་འགྱུར་རོ། །བདུན་ཕྲག་གསུམ་པ་ལ་ལས་ཀྱི་རླུང་མཛོད་ཀ་ཞེས་བྱ་བ་འཕྲོས་ནས་ཞོ་ཆགས་ཟིན་པ་ལྟ་བུ་བསྐ་བའི་རང་བཞིན་ཅན་དུ་སྣང་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་ལྟེ་བསྒྱུར་བཤད་པ་ལ། སྤྱི་དོན་དང༌། ཚིག་དོན་གཉིས་ལས། དང་པོ་ནི། སློབ་དཔོན་གྱིས། སྐྱེས་བུ་བྱེད་པ་འདི་སྟོབས་ལྡན། །ལས་ཀྱང་ཟིལ་གྱིས་གནོན་པར་ནུས། །སྐར་མ་རྒྱལ་ལ་སྐྱེས་བུའི་གཟུགས། །གསེར་རམ་དངུལ་ལམ་ལྕགས་ལ་བྱས། །མེ་མདོག་འགྱུར་བསྲེགས་འོ་མར་བཅུག །དེ་ནི་སྙིམ་གང་བླུད་པར་བྱ། །ཡ་ན་གོ་ར་དནྜ་དང༌། །ཨ་བཱ་མཱརྒ་ཛི་ཝ་ཀ། །ཟངས་རྩི་པ་དང་ཤེརྒྱ་ཀ། །གཅིག་གམ་གཉིས་སམ་གསུམ་ཞིག་གམ། །ཐམས་ཅད་ཆུ་ལ་བཏགས་པ་ནི། །སྐར་མ་རྒྱལ་ལ་བབ་ཚེ་བླུད། །བྲི་ཧ་ཏི་ནི་དཀར་པོའི་རྩ། །འོ་མ་བཏགས་པ་རང་ཉིད་ཀྱི། །བུ་འདོད་སྣ་ཁུང་གཡས་པར་བླུགས། །བུ་མོ་འདོད་ན་གཡོན་པར་བླུགས། །ལཀྵ་ནའི་རྩ་འོ་མར་སྦྱར། །བུ་བསྐྱེད་གནས་པ་རབ་སྐྱེད་བྱེད། །དེ་བཞིན་ནྱ་གྲོའི་མྱུ་གུ་བརྒྱད། །སྦྱར་བ་སྣ་འམ་ཁ་ནས་བཏུང༌། །ཞེས་དང༌། རང་འགྲེལ་ལས། ཡོངས་ནི་སྐྱེས་བུའི་ལས་དགེ་བ་དང་མི་དགེ་བ་ནི་རྗེས་སུ་འབྲང་མོད་ཀྱི། འོན་ཀྱང་རྐྱེན་ལ་རག་ལས་པ་ཡང་ཡོད་པས་གསོ་བ་དང་བསྲུང་བའི་ཆོ་ག་བྱའོ། །ཞེས་པ་ཙམ་ལས་མ་བྱུང་ཡང༌། འདིར་ཁྱད་པར་གཞན་འགའ་ཞིག་ཀྱང་གསུངས་པ་ལ་སྔ་རབས་པ་རྣམས་ཀྱིས། ཉི་མ་དང་ཟླ་བའི་དྭངས་མ་སྟར་བུ་རྒུན་འབྲུམ་དང༌། ཁྱིའི་ཕྲུ་གུ་དང༌། ལུག་གུའི་ལྟེ་བ་དར་དཀར་པོ་དང༌། ཧེལ་གེས་དྲིལ་བ་ལ་བཏགས་པའི་རྟེན་འབྲེལ་དུ་འདོད་པར་སྣང་ཡང་འཐད་པར་མི་བསམ་ལ། ཁོ་བོ་ནི་གཞུང་གི་དགོངས་པ་འཆད་འགྱུར་འདི་ལྟར་ཡིན་པར་འདོད། གཉིས་པ་ཚིག་དོན་ནི། སྐྱེས་བུ་ཞེས་པ་ནས་དཀུ་སྐམས་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་སྐྱེས་བུར་འབྱུང་བར་འདོད་པ་རྣམས་ཀྱིས་ཞག་བདུན་ཕྲག་གསུམ་པ་དང་བཞི་པའི་དུས་འདིར་ལྟེ་བ་བསྒྱུར་བའི་ཐབས་སྟོན་པར་བྱ་དགོས་ཏེ། ཅིའི་ཕྱིར་ཞེ་ན། ཕོ་མོའི་མཚན་མ་གསལ་བར་མ་གྱུར་པའི་གོང་དུ་མ་བྱས་ན་བསྒྱུར་དཀའ་བའི་ཕྱིར། དུས་འདི་འམ་སྔ་བ་ལ་བྱར་རུང་ངོ༌། །

དེའང་ཇི་སྐད་དུ། འཆད་པར་འགྱུར་བའི་ཐབས་ཟབ་མོ་འདི་ནི་ལྟེ་བ་བཙན་ཐབས་སུ་བསྒྱུར་བའི་སྟོབས་ཆེན་པོ་དང་ལྡན་པས་ན་བུ་མོ་ཁོ་ནར་སྐྱེ་འགྱུར་གྱི་ལས་བསགས་པ་རྣམས་ཀྱང་ཟིལ་གྱིས་གནོན་པར་ནུས་ན། འདྲེས་པའི་ལས་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་རིགས་རྒྱུད་དོན་དུ་གཉེར་བ་རྣམས་ཀྱིས་འདི་ལྟར་བྱ་དགོས་ཏེ། རབ་ཏུ་རྒྱལ་ཕུར་འཛོམ་པའམ་མ་བྱུང་ཡང་སྐར་མ་རྒྱལ་ལ་བབ་པའི་ཉིན་པར་མགར་བ་མཁས་པས་སྐྱེས་བུའི་མཚན་མ་དང་བཅས་པའི་བུའི་གཟུགས་སོར་བཞི་པ་ཤིན་ཏུ་དོད་པ་ཞིག་ཕོ་ལྕགས་ནག་པོ་འབའ་ཞིག་གམ་ཕོ་ལྕགས་རིགས་མི་འདྲ་བ་སྣ་ཁ་ཡར་ཏེ་གསུམ་མམ་ལྔ་ལས་ལེགས་པར་བརྡུངས་ལ་སླར་ཡང་སྐར་མ་རྒྱལ་ལ་བབ་པའི་ཉིན་སོལ་མེའི་ནང་དུ་ཧ་ཅང་ཚོས་པ་མ་ཡིན་པ། མདོག་འགྱུར་བ་ཙམ་བསྲེགས་ནས། བ་བེའུ་ཕོ་ཡོད་པའི་འོ་མ་སྙིམ་པ་དོའི་ནང་དུ་གོང་གི་ལྕགས་སྣ་གང་ཡོད་དང་མཉམ་པའི་གྲངས་དང་མཐུན་པར་གསུར་སྒྲ་ཐོན་ཙམ་བྱས་པའི་ལྕགས་ཀྱི་ཁུ་བ་དེ་ཉིད་ནས་སྙིམ་པ་གང་བུད་མེད་ཀྱི་ཁར་ཁྱོ་དེས་བླུད་པར་བྱའོ། །ཉི་མ་ཟླ་བའི་དྭངས་མ་བཟའ་བ་དང༌། །ཞེས་གྲོང་བའི་ཆོས་ཀྱིས་མ་གོས་པའི་བུ་མོ་དང༌། བུའི་ཁམས་ཆ་མཉམ་པ་བུ་རམ་དང་བསྲེས་ནས་བཟར་འཇུག་པ་ཡིན་ལ། གལ་ཏེ་དེ་ལྟར་མ་གྲུབ་ན་ཉི་མའི་དྭངས་མ་ལྷང་ཚེར་དམར་པོ་དང༌། ཟླ་བའི་དྭངས་མ་དངུལ་ཆུ་བཙོ་བཀྲུས་སྦྱངས་གསུམ་བྱས་པ་དེ་ཉིད་ཆ་མཉམ་པ་གཏུན་གྱིས་མཉེས་པས་དབྱེར་མེད་དུ་འདྲེས་པ་དེ་ཉིད་བུ་རམ་དང་བསྲེས་ནས་བཟའ་བར་བྱ་བ་ཡིན་ནོ། །དང་ཞེས་པ་ལྷག་མ་ཅན་གྱི་ཚིག་ཡིན་ལ། བཅིངས་དང་གདགས་པའི་རྟེན་འབྲེལ་བསྟེན་པར་བྱ། །ཞེས་པ་དང༌། ལུག་ཐུག་པོ་གསུམ་མམ་ལྔ་ལ་སོགས་པ་ཁ་ཡར་བའི་སོག་པ་གཡས་ཀྱི་བལ་ལ་ཁྱེའུ་གཙང་མས་བཀལ་བའི་ཐིག་གུ་གསུམ་སྒྲིལ་བྱས་ལ་ལུག་གི་གྲངས་དང་མཉམ་པའི་མདུད་པ་བྱས་ལ་བུད་མེད་ཀྱི་རྐེད་པར་བཅིངས་པ་དང༌། དེའི་སྣེ་མོ་གཉིས་ལྟེ་བའི་འོག་ཏུ་འཕྱང་བ་ལ། གོང་གི་བུའི་གཟུགས་དེ་ཉིད་ལུག་གུ་ཕོའི་པགས་པར་དྲིལ་ནས་མགོ་མཇུག་མ་ལོག་པར་གདགས་པ་འདི་ལྟ་བུའི་རྟེན་འབྲེལ་ཟབ་མོ་རྣམས་ཇི་ལྟ་བ་བཞིན་བསྟེན་པར་བྱས་ན་ནི། དེས་ངེས་པར་ལྟེ་བ་བསྒྱུར་ནུས་པའོ། །དེའི་རྗེས་སུ་མངལ་གནས་ཀྱི་ལུས་བསྲུང་བའི་སླད་དུ་བུད་མེད་དེའི་ཟས་སྤྱོད་ནི་འདི་ལྟར་བྱ་དགོས་ཏེ། དེའང་ཉལ་པོ་དང་རྩོལ་བ་དྲག་པོས་ལུས་ཀྱི་ལས་ཆེན་པོ་དང༌། མཚན་མོ་གཉིད་མི་ལོག་ཅིང་ཉིན་མོ་གཉིད་ལོག་པ་དང༌། བཤང་གཅིའི་ཤུགས་བཀག་པའམ་བཙིར་ཤས་ཆེས་པ་དང༌། ཚ་རྣོ་ལྕི་བའི་ཁ་ཟས་དང༌། བཤང་གཅི་འགག་པར་འགྱུར་བའི་ཁ་ཟས་རྣམས་དང༌། རློན་ཁྲུས་མས་བཏང་སྟེ་སྐྱུག་བཤལ་ནི་རུ་ཧ་སོགས་དང་གཏར་ཁ་ལ་སོགས་ཏེ་མངལ་གནས་མ་དང་བཅས་པ་ལ་གནོད་པར་འགྱུར་བ་ཐམས་ཅད་ལྟེ་བསྒྱུར་བྱ་བའི་དུས་ནས་མ་བཙས་ཀྱི་བར་དུ་སྤང་བར་བྱ་ཞིང༌། ཅིས་ཀྱང་སྤང་བྱ་འགའ་ཞིག་བྱ་དགོས་པ་བྱུང་ཀྱང་ཟླ་བ་བརྒྱད་རྫོགས་ནས་བྱ་ཡི་དེའི་གོང་དུ་ནི་སྤང་བར་བྱ་བ་ཁོ་ནའོ། །དེ་ལྟར་སྤང་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན་ཟས་སྤྱོད་དེ་རྣམས་མ་ཡི་ཟུངས་ལ་ལྷག་པར་གནོད་པའི་ཕྱིར། མའི་ཟུངས་ཟད་ན་བུའི་ལུས་བསྐྱེད་པའི་རྒྱུ་མེད་པས་མངལ་འཇིག་པ་སྟེ་ཕྱིར་འབྱུང་བའམ་འཆི་བ་དང༌། ཡང་ན་རླུང་གི་དབང་གིས་དཀུ་སྟེ་མངལ་གྱི་ནང་ཉིད་དུ་སྐམས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ལྟེ་བ་བསྒྱུར་ཐབས་དང་རྗེས་ཀྱི་སྤང་བླང་རྒྱས་པར་པདྨ་གཅེས་འཕྲེང་དུ་བལྟ་བ་གྱིས་ཤིག གསུམ་པ་ཟླ་བ་གཞན་གྱི་འཕེལ་བ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སོ་མ་རཱ་ཛ་སོགས་རྒྱ་ནག་གི་སྨན་དཔྱད་རྣམས་ལས། དང་པོ་ཞག་བདུན་ལས་ཀྱི་རླུང༌། །རྒྱུ་སྟེ་མེར་མེར་པོ་དེ་ནི། །ཀུན་གཞི་འཛིན་པའི་རླུང་ཞེས་པས། །དང་པོའི་ཞག་ནི་གཅིག་ན་འོ། །ཞག་གཉིས་མངལ་ནི་འཇུག་པའི་རླུང༌། །འབྱུང་བས་མེར་མེར་པོར་འགྱུར་རོ། །ཞག་གསུམ་མངལ་ནི་འཁྲུགས་པའི་རླུང༌། །མཁྲང་འགྱུར་ཞེས་པར་འགྱུར་བའོ། །ཞག་བཞི་ཀུན་ནས་སྡུད་པའི་རླུང༌། །འབྱུང་བས་གོར་གོར་པོར་འགྱུར་རོ། །ཞེས་པ་ལ་སོགས་པའི་ཞག་བདུན་ཕྲག་དང་པོའི་དུས་ཀྱི་ཞག་རེ་རེ་ལ་རླུང་མི་འདྲ་བ་རེ་རེ་དང་སླར་བདུན་ཕྲག་གཉིས་པ་ནས་བཟུང་སྟེ། བདུན་ཕྲག་བཞི་བཅུ་རྩ་གསུམ་གྱི་བར་དུ་རླུང་མི་འདྲ་བ་རེ་རེ་དང་བཅས་ཏེ་འཕེལ་བའི་ཚུལ་འབྱུང་ཡང༌། མདོ་དང་རྒྱུད་སྡེ་སོགས་ནས་འབྱུང་བའི་ཚུལ་དང་མི་མཐུན་པར་སྣང་བས་འདིར་མ་སྤྲོས་སོ། །དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ལས་མིའི་ལུས་ཅན་རྣམས་མངལ་དུ་ཆགས་པ་ནས་སྐྱེ་བ་ཕྱི་མ་ལ་ཐུག་གི་བར་དུ་ཁྱབ་འཇུག་གི་འཇུག་པ་བཅུའི་ཚུལ་གྱིས་གསུངས་པ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་འགྲེལ་པར། ཁུ་བ་ཞེས་པ་ལ་སོགས་པས་མའི་མངལ་ན་གནས་པའི་ཁུ་བ་དང་རྡུལ་དག་གི་རྣམ་པར་འགྱུར་བ་མངལ་བཟུང་བ་ནས་བརྩམས་ཏེ་བཙའ་བའི་མཐར་ཐུག་པར་གསུངས་པ། འདིར་སྐྱེ་བའི་ལུས་ལ་མཛོད་དྲུག་ཏུ་འགྱུར་ཏེ། ཁུ་བ་ལས་རྐང་དུ་འགྱུར་བ་དང༌། རུས་པར་འགྱུར་བ་དང༌། རུས་པ་དེ་ཆུ་རྒྱུས་རྣམས་སུ་འགྱུར་བའོ། །རྡུལ་ལས་པགས་པ་དང་ཁྲག་ཏུ་འགྱུར་བ་དང༌། ཤར་འགྱུར་བ་དེ་གང་གི་ཕྱིར་བརྗོད་པའི་ས་བོན་གྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །འདིར་མངལ་དུ་ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེའོ། །ཕྱི་ནས་ས་བོན་མྱུ་གུ་ཞེས་པ་ནི་དེ་ནས་ཟླ་བའི་མཇུག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུར་གྱུར་པ་སྙིང་གའི་གོ་སྐབས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་ཙམ་མོ། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་བརྒྱད་པ་བརྒྱད་ཀྱི་སེམས་དབྱུ་གུ་དྲུག་ཅུ་རྩ་བཞི་རྒྱུ་བར་བྱེད་པར་འགྱུར་རོ།  །མ་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གིས་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ། དེ་བཞིན་དུ་ལྟེ་བའི་རྩ་སྔར་བརྗོད་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་ཕྲ་བའོ། །རྐང་ལག་གདོང་གི་གནས་ཀྱི་རྒྱུའི་སླད་དུ་གྱེན་དུ་བསྐྱོད་པར་བྱེད་པ་སྟེ་རྐང་ལག་གདོང་གི་གནས་རྣམས་སུ་བསྐྱོད་པའི་མཐུ་དེ་ལས་ཟླ་བ་གཉིས་རྫོགས་པར་གྱུར་པའི་རྗེས་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ཅུང་ཟད་དོ། །འདིར་དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་ཟླ་བ་གཉིས་འདས་པར་འགྱུར་བ་ནས་རུས་སྦལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་རོ། །ལག་པ་རྐང་པ་མགྲིན་པ་དག་ནི་མགོ་བོ་མཉམ་པར་འགྱུར་ཏེ་རུས་སྦལ་ལོ། །ཕྲ་མོའི་རྩ་གཞན་རྣམས་ནི་ཟླ་བ་བཞི་རྫོགས་བར་གྱུར་པ་ན་རྐང་ལག་གདོང་དང་མགྲིན་པ་དག་གི་ཕྱོགས་སུ་རྐང་པ་རྣམས་ཀྱི་ཚིགས་དྲུག་གི་རྩ་དང༌། གདོང་དང་མགྲིན་པ་ལ་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་བ་རྣམས་སུ་འགྱུར་ཏེ་རུས་སྦལ་གྱི་གནས་སྐབས་སོ། །

ཟླ་བ་ལྔ་པ་ལ་ནི་ཕག་གི་དངོས་པོ་ལ་ཤ་དང༌། ཁྲག་དང༌། རུས་པ་མཁའ་རོས་བསྲེག་ཟ་ཞེས་པ་ནི་རུས་པ་སུམ་བརྒྱ་དྲུག་ཅུ་སྟེ་ཚིགས་རྣམས་ཀྱང་དེ་སྙེད་དོ། །ཟླ་བ་དྲུག་པ་ལ་ཡང་སྟེ། ཡང་ཡིག་གི་ཕག་གི་དངོས་པོ་ལ་ཤ་དང་ཁྲག་ཏུ་འགྱུར་རོ། །ཚོར་བར་འགྱུར་ཏེ་བདེ་བ་སྡུག་བསྔལ་ཡང་རིག་གོ མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་ཡང་འགྱུར་ཏེ། རང་གི་སེམས་ཀྱི་ཆགས་པ་དང་བྲལ་བར་ཡང་བྱེད་དོ། །སྲིད་པའི་སྡུག་བསྔལ་ལ་སྨོད་པར་བྱེད་དོ། །སངས་རྒྱས་ཀྱི་ལམ་བསྔགས་པར་བྱེད་དོ། །དེ་ནས་སྨིན་མ་དང་སྐྲ་དང་སྤུ་དང་བུག་པ་མིག་ལ་སོགས་པ་རྣམས་ཀྱང་ཕག་གི་དངོས་པོ་ལ་ཐུབ་མཆོག་ལ་སྟེ་ཟླ་བ་བདུན་པ་རྫོགས་པར་གྱུར་པ་ན་སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་མངལ་གྱི་ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དུས་ལ་སྟོང་པ་སྟོང་པ་མིག་གི་གྲངས་ཏེ་ཉིས་བརྒྱའི་རྩ་རྣམས་ཀྱི་གྲངས་ཀྱི་རྩ་རྣམས་སུ་ཉིན་ཞག་སོ་སོ་ལ་འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་ཅུའི་གནད་རྣམས་དང་རུས་པ་རྣམས་ཏེ་དེའི་ནང་དུ་རྐང་དུ་འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་ཅུའི་གནད་རྣམས་དང་རུས་པ་རྣམས་ཏེ་དེའི་ནང་དུ་རྐང་དུ་འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་ཅུའི་གནད་རྣམས་དང་རུས་པ་རྣམས་ཏེ་དེའི་ནང་དུ་རྐང་དུ་འགྱུར་རོ། །རོ་འཛིན་སྐྱེས་པའི་དུས་དེ་ནས་འདིར་གཅི་བ་དང་བཤང་བ་རྣམས་ཀྱང་ཟླ་བ་བརྒྱད་པ་དག་ལ་ཡང་ཕག་གི་དངོས་པོ་ལ་འགྱུར་རོ། །དེ་ནས་བུག་པ་ཞེས་པ་ལ་སྟེ་ཟླ་བ་དགུ་རྫོགས་པར་གྱུར་པའམ། ཁ་ཅིག་ཏུ་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་ཕག་གི་དངོས་པོའི་མཇུག་ཏུ་སྡུག་བསྔལ་དྲག་པོར་འགྱུར་ཏེ། བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གིས་ཏེ་མིའི་སེང་གེའི་དངོས་པོ་ལ་མངལ་ནས་སྐྱེ་བ་དག་གིའོ་ཞེས་པ་ནི་མངལ་ནས་སྐྱེ་བའི་ངེས་པའོ། །ཞེས་གསུངས་པ་ལྟར་བཤད་ན་བློ་ལ་རྣམ་པ་གསལ་བར་འགྱུར་བ་དང༌། ཡང་རྒྱུད་སྡེ་རྣམས་སུ་རྩ་བ་དང་ཡན་ལག་གི་རླུང་བཅུ་པོའི་བྱ་བ་བྱེད་ཚུལ་ཙམ་མ་གཏོགས་མི་འབྱུང་བས་བདུན་ཕྲག་སོ་སོའི་སྐབས་སུ་འབྱུང་བའི་རླུང་རྣམས་ཀྱི་མིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་བྱུང་བ་ལྟར་སྨོས་ན་ཡིད་ཆེས་ཤིང་གཞུང་གི་དགོངས་པ་དང་མཐུན་པའི་ཕྱིར་གསུམ་ཀ་སྦྱར་ནས་བཤད་པར་བྱའོ། །དེ་ལ་སྔ་རབས་པ་འགའ་ཞིག་གིས། བདུན་ཕྲག་བཞི་པའི་སྐབས་སུ་ཕོའི་རྩ་ཆགས་ན་གོར་གོར་དང༌། མོའི་རྩ་ཆགས་ན་མེར་མེར་པོ་དང༌། མ་ནིང་གི་རྩ་ཆགས་ན་ནར་ནར་པོར་འགྱུར་རོ་ཞེས་དང༌། དྲུག་པའི་སྐབས་སུ་མགོ་ལ་རྩ་གཅིག ལག་པ་ལ་རྩ་གཉིས། མཚན་མ་ལ་རྩ་གཉིས་ཏེ་ལུས་ཀྱི་དབྱིབས་སུ་ཆགས་སོ་ཞེས་ཟེར་བ་རྣམས་ནི་འཐད་པར་མ་མཐོང་ངོ༌། །སློབ་དཔོན་གྱིས། ནུར་ནུར་པོ་ལས་ཟླ་གཉིས་བར། །གོར་གོར་མེར་མེར་ནར་ནར་པོ། །དེ་ལས་ཕོ་མོ་མ་ནིང་རིམ། །ཞེས་དང༌། འགྲེལ་པ་གཉིས་ཀ་མཐུན་པར་མངལ་ཆགས་ནས་ཟླ་བ་གཉིས་པ་ལ་ནུར་ནུར་པོ་དེ་ལས་གོར་གོར་པོའམ། མེར་མེར་པོའམ། ནར་ནར་པོར་འགྱུར་ལ། གོར་གོར་པོ་ལ་སོགས་པ་དེ་དག་ལས་རིམ་གྱིས་ཕོ་དང་མོ་དང་མ་ནིང་དུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སྐབས་འདིར་རྩ་ཐམས་ཅད་བསྐྱེད་པའི་གཞི་ལྟེ་བ་དང་སྲོག་པ་རྩ་ཡང་མ་ཆགས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་དམུས་ལོང་གི་ཚིག་ཙམ་མོ། །ཡང་བདུན་ཕྲག་དྲུག་པའི་སྐབས་སུ་རྩ་བདུན་ལུས་ཀྱི་དབྱིབས་སུ་ཆགས་ཟེར་བ་འདི་ཡང་འཐད་པ་མ་ཡིན་ཏེ། མགོ་དང་རྐང་ལག་གི་རྩ་རྣམས་ཆགས་པའི་སྐབས་ལ་རུས་སྦལ་གྱི་སྐབས་ཞེས་བཤད་ཅིང༌། དེ་ནི་ཟླ་བ་གཉིས་པ་འདས་ནས་འབྱུང་བར་གོང་དུ་དུས་འཁོར་གྱི་ལུང་སྨོས་པ་ལས་གསལ་ཞིང༌། རྗེ་རང་བྱུང་བས། མཁྲང་འགྱུར་གྱི་ཞག་དང་པོ་ལ་སེམས་ཅན་དེ་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱིས་སྲོག་རྩ་ཆགས་པར་འགྱུར་ཏེ། ཞེས་གསུངས་པ་ལྟར། འདིའི་སྐབས་སུ་ལྟེ་བ་དང་སྙིང་གི་བར་གྱི་སྲོག་པ་རྩ་ཆགས་པས་ཉའི་རྣམ་པ་ཅན་དུ་གསུངས་པའི་ཡན་ལག་གི་རྩ་སྐབས་འདིར་ཆགས་པ་མི་སྲིད་དོ། །

གཉིས་པ་ཚིག་གི་དོན་བཤད་པ་ལ་བཞི། ཟླ་བ་དང་པོའི་མཇུག་གི་བདུན་ཕྲག་རྟགས་དང་བཅས་པ། ཉའི་གནས་སྐབས། རུས་སྦལ་གྱི་གནས་སྐབས། ཕག་གི་གནས་སྐབས་བཤད་པའོ། །དང་པོ་ནི། བཞི་པ་ཞེས་པ་ནས་ཅུང་ཟད་སྦྱིན་ཞེས་པའི་བར་གྱིས་བསྟན་ཏེ། བདུན་ཕྲག་བཞི་པ་འདིའི་སྐབས་སུ་ཁུ་ཁྲག་གཉིས་ཞོ་ཆགས་པ་ལྟ་བུ་དེ་ལས་འགྱུར་ནས། གོར་གོར་པོ་སྟེ་ཅུང་ཟད་སྲ་ཞིང་དྲིལ་པའི་རྣམ་པའམ། ཡང་ན་སླ་ཞིང་མེར་མེར་པོའི་རྣམ་པའམ། ཡང་ན་དབྱིབས་ནར་ནར་པོ་གང་རུང་གཅིག་ཏུ་འགྱུར་ཏེ། དེ་ལས་དང་པོ་ལྟར་བྱུང་ན་ཕོ་དང༌། གཉིས་པ་ལྟར་བྱུང་ན་མོ་དང༌། གསུམ་པ་ལྟར་བྱུང་ན་མ་ནིང་དུ་རིམ་པ་བཞིན་འགྱུར་ལ། དེ་ལྟར་གང་ཡང་རུང་བ་གཅིག་ཏུ་གྱུར་པའི་ཚེ་བུད་མེད་རང་ཉིད་ཀྱིས་ཤེས་ཤིང་གསལ་བར་འགྱུར་བ་ཡིན་ཏེ། དེའི་རྟགས་ནི་དཀུ་སྟེ་མངལ་དང་ཚང་ར་ལྕི་བ་དང༌། ལུས་གློ་བུར་དུ་རིད་པ་དང༌། ཡི་ག་འགགས་ཏེ་ཁ་ཟས་མི་འགྲོ་བ་དང༌། གཡལ་མང་དུ་འབྱུང་ཞིང་བྱ་རྨྱང་ལ་དགའ་བ་དང༌། འགྲོས་ཀྱིས་དུབ་པ་ལྟར་སྒྱིད་པ་སྐྱུར་བ་དང༌། སྔར་བས་ནུ་མ་ཆེར་སྐྱེ་བ་དང༌། ཁ་ཟས་ཀྱི་རོ་སྐྱུར་བ་རྣམས་ལ་དགའ་ཞིང་མདོར་ན་སྙིང་ལ་ཁ་ཟས་སྣ་ཚོགས་པ་འདོད་པ་ཞིག་མངལ་དུ་གནས་པའི་སེམས་ཅན་དེའི་དབང་གིས་འབྱུང་བས་ན། ཇི་ལྟར་འདོད་པའི་ཁ་ཟས་དེ་རྣམས་མ་སྦྱིན་པར་བཀག་པའི་ཚེ་ན་ལུས་ཅན་དེ་ཉིད་མངལ་ནས་ཕྱིར་འཇིག་པའམ་ནང་དུ་འཆི་བར་འགྱུར་ལ། གལ་ཏེ་འཆི་བར་མ་གྱུར་ན་ཡང་དམུས་ལོང་དང་ཞ་བོ་དང་སྒུར་པོ་སོགས་གཟུགས་མི་སྡུག་པ་སྐྱེ་བར་འགྱུར་བ་དེ་བས་ན་བུད་མེད་དེ་ཉིད་ཀྱི་ནད་གཞི་ལ་གནོད་པའི་ཁ་ཟས་ཤིག་འདོད་པར་སྣང་ཡང༌། མ་བུ་གཉིས་ཀ་ལ་ཕན་པའི་ཁ་ཟས་འགའ་ཞིག་དང་བསྲེས་ནས་ཅུང་ཟད་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །

གཉིས་པ་ཉ་ལྟ་བུའི་གནས་སྐབས་བཤད་པ་ལའང༌། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་སྤྱིའི་དོན་ཕལ་ཆེར་གོང་དུ་ཐུན་མོང་པར་བཤད་ཟིན་མོད་ཀྱང༌། འདིར་བྱེ་བྲག་ཏུ་གལ་ཆེ་བའི་གནད་འདི་ལྟར་སྟོན་ཏེ། བདུན་ཕྲག་ལྔ་པ་འདི་ལ་སྔར་གྱི་གོར་གོར་མེར་མེར་སོགས་གང་རུང་གི་རྣམ་པ་ལས་འདས་ནས་མཁྲེགས་པའམ་མཁྲང་བར་འགྱུར་བའི་དོན་གྱིས་ན་མཁྲང་འགྱུར་གྱི་ཞག་ཅེས་བྱ་ལ། འདི་ལ་རྩ་རླུང་ཐིག་ལེ་ཐམས་ཅད་བསྐྱེད་པའི་རྩ་བ་ལྟ་བུའི་ལྟེ་བ་དང་སྲོག་པ་རྩ་རིམ་པ་ལྟར་ཆགས་པར་འགྱུར་རོ། །དེ་ལ་སྲོག་པ་རྩ་ཞེས་པ་འདི་ལ་སྣ་ཚོགས་སུ་སྨྲ་བ་དག་མཐོང་བའི་ཕྱིར་ཅུང་ཟད་ཅིག་དཔྱད་ན། དགག་གཞག་སྤང་གསུམ་ལས། དང་པོ་ནི། གསང་སྔགས་པ་ཁ་ཅིག་ན་རེ། རྒྱུད་སྡེ་ནས་རྩ་རོ་རྐྱང་དབུ་གསུམ་གྱི་རྣམ་པར་གཞག་པ་གསུངས་པ་རྣམས་ནི་སྒོམ་པའི་དབང་དུ་བྱས་པ་ཡིན་གྱི། ཐ་མལ་པའི་ལུས་ལ་ནི་མེད་དོ་ཞེས་ཟེར་བ་མི་འཐད་དེ། ལུས་ཐ་མལ་དུ་གནས་པའི་སྐབས་ལ་གཏན་མེད་པའི་རྩ་རྟག་ཏུ་བསྒོམས་ཀྱང་འགྲུབ་ཏུ་རུང་བ་མ་ཡིན་ནོ། །དཔེར་ན་རྟའི་མགོ་ལ་འབྲོང་གི་རྭ་བསྒོམས་པ་ལྟར་མངོན་དུ་འགྱུར་བའི་དུས་མི་སྲིད་པའི་ཕྱིར། གལ་ཏེ་ཁོ་ན་རེ། རྩ་དེ་རྣམས་བཤད་ཚོད་ལྟར་ཡོད་ན། ཤི་བའི་ལུས་ལ་མངོན་སུམ་དུ་སྣང་དུ་རུང་བ་ལ་མི་སྣང་བའི་ཕྱིར་རོ་ཞེ་ན།

འདི་ལ་འགའ་ཞིག་ན་རེ། དེ་ལྟ་བུའི་རྩ་རླུང་ཐིག་ལེ་རྣམས་སེམས་ཀྱི་རྟེན་ཡིན་པའི་ཕྱིར། ཇི་སྲིད་དུ་གསོན་པོའི་རིང་གནས་པ་ཡིན་ཀྱང༌། ཚེའི་དུས་བྱས་པ་ན་སེམས་དང་ལྷན་ཅིག་ཏུ་སྟོན་ཀའི་འཇའ་ཚོན་ལྟར་དུ་ཡལ་འགྲོ་བས་ན་མི་སྣང་ངོ་ཞེས་ཟེར་ཡང༌། ཁོ་བོ་ནི་འདི་ལྟར་མི་འདོད་དེ། སྤྱན་རས་གཟིགས་ཀྱི་འགྲེལ་པ་ལས། བྱང་ཆུབ་ཀྱི་སེམས་མྱུ་གུར་གྱུར་པ་སྙིང་གའི་གོ་སྐབས་རྣམས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་ཙམ་མོ། །ཞེས་དང༌། ཀུན་ཏུ་ཁ་སྦྱོར་ལས། དེ་ཡི་དབུས་ན་གནས་པའི་རྩ། །མི་གསལ་གསལ་བའི་རང་བཞིན་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་པ་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་ལས། སུམ་ཅུ་རྩ་གཉིས་མདུད་པ་ལྡན། །ཕྲ་བའི་ཕྲ་བ་ཡང་དག་མཆོག །ཅེས་གསུངས་པ་ལྟར་ཤིན་ཏུ་ཕྲ་བར་གནས་པའི་ཕྱིར། ཚུ་རོལ་མཐོང་བ་པོ་རྣམས་ལ་སྣང་དུ་མི་རུང་བ་ཙམ་མ་གཏོགས་ཤི་བའི་ལུས་ལའང་མེད་པ་ནི་མ་ཡིན་ནོ། །ཡང་རྩ་དེ་རྣམས་ལུས་ལ་རྟག་ཏུ་གནས་པར་འདོད་པ་རྣམས་ཀྱང༌། འདོད་པ་མི་མཐུན་པ་འདི་ལྟར་སྣང་སྟེ། ཁ་ཅིག་ནི་རྒྱུངས་པར་འདོད། ཁ་ཅིག་ནི་སྲོག་པ་རྩའི་སྦུབས་ན་ཡོད་པར་འདོད། ཁ་ཅིག་ནི་སྲོག་རྩ་དཀར་ནག་གཉིས་ཀྱིས་ཕྱེ་བའི་དཀར་པོ་ལ་འདོད་པ་སོགས་སྣ་ཚོགས་སུ་སྣང་མོད། དེ་ལ་དང་པོ་ལྟར་ན་དབུ་མ་སྙིང་གི་དབུས་སུ་ཟུག་ཅིང་ཁོང་སྟོང་དུ་བཤད་པ་དང་འགལ་ལ། གཉིས་པ་ལྟར་ན་སྲོག་རླུང་ཨའི་རྣམ་པ་ཅན་དུ་རྒྱུ་བའི་ཆ་དེ་ཉིད་ལ་སྒྲ་གཅན་དུ་བཤད་པ་དང་འགལ་ཞིང༌། གསུམ་པ་ལྟར་ན་སྲོག་རྩ་དཀར་པོའི་ནང་དུ་ཁམས་དཀར་ཆ་རྒྱུ་བས་ཆུ་རྩར་བཤད་པ་དང་འགལ་ཏེ་ཀུན་ཀྱང་འཐད་པར་མ་མཐོང་ངོ༌། །གཉིས་པ་རང་གི་ལུགས་ནི། གཞུང་འདིར་དབུ་རྐྱང་རོ་གསུམ་གྱི་རྣམ་གཞག་དངོས་སུ་མ་གསུངས་ཀྱང་སྦས་པའི་ཚུལ་གྱིས་གསུངས་པ་ཡིན་ཏེ། དེ་ཡང་འོག་ནས་འབྱུང་བའི་སྲོག་རྩ་དཀར་ནག་གི་འབྲེལ་བའི་གཞི་རོ་རྐྱང་གཉིས་དང༌། སྲིད་པའི་རྩ་བོ་ཆེ་རྣམས་འཁོར་ལོའི་དོན་དུ་གསུངས་པ་ནི་ལེའུ་བཞི་པར་འཆད་ལ། འདི་སྐབས་ཀྱི་སྲོག་རྩ་ཞེས་པ་ནི་དོན་དུ་དབུ་མ་ཉིད་ཡིན་ཏེ། སྲོག་རླུང་ཨའི་རྣམ་པ་ཅན་གྱི་རྟེན་ཡིན་པ་གང་ཞིག་འཁོར་ལོ་བཞིའམ་དྲུག་གི་སྲོག་ཤིང་ཡིན་པའི་ཕྱིར་དང༌། རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་རྩ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འགྲེལ་པ་ལས། སྲོག་ནི་སུ་སུ་མ་སྟེ་ཤིན་ཏུ་སྟོང་པའམ་ཤིན་ཏུ་ཡིད་བཟང་མར་རོ། །ཞེས་དང༌། དབུ་མར་སྲོག་རླུང་བརྟེན་པར་བྱས་པའི་ཚེ་དང་ནད་མེད་པ་སྟེར་རོ། །ཞེས་དང༌།

དཔལ་ས་ར་ཧས། རླུང་དང་འགྱུ་བ་རྩ་ཆེན་སྲོག་པ་རྩར་ཆུད་ན། ཐ་མལ་ཤེས་པ་ངང་གིས་འགགས་པར་འདོན་མི་ཟ། ཞེས་དང༌། རྗེ་རང་བྱུང་པས། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། །དབུ་མ་སྲོག་རླུང་བཅས་པ་སྟེ། །འཁོར་ལོ་དྲུག་གི་དབུས་ན་ནི། །བར་ཐག་རང་སོར་བཅུ་གཉིས་དང༌། ཕྱེད་བཅས་གསང་བ་སྤྱི་གཙུག་བར། །ཡར་སྣ་ཧཾ་གི་རང་བཞིན་གྱིས། །དཀར་ཆའི་དངས་མས་བཀག་པའི་ཚུལ། །ལྟེ་བར་མ་ལས་ཐོབ་པ་ཡིས། །དམར་ཆ་ཁྲག་སྟེ་ཨ་ཐུང་བརྗོད། །དེ་གཉིས་བར་ན་ཀུན་གཞིའི་རྟེན། །སྲོག་རླུང་གནས་ཏེ་ནམ་མཁའ་འདྲ། །ལྟེ་འོག་མན་ཆད་དུང་ཅན་ཞེས། །དཀར་ཆ་འབབ་པར་བྱེད་པ་ཡིན། །འདི་ནི་སྡོམ་པ་འབྱུང་བ་ནས། །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་པ། །ཧཾ་ནི་འཕྱང་ཞིང་འོག་ཏུ་བལྟ། །མར་སྣ་མར་མེ་ལྟ་བུས་བརྒྱན། དེ་འོག་བྱང་སེམས་མཉམ་འབབ་པ། །ཨ་བ་དྷཱུ་ཏཱི་ཞེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པ་འོ། །མདོར་ན་ལུས་ཅན་སྲོག་རྩ་ཡིན། །ཞེས་པ་དང༌། སམྦུ་ཊི་ལས། རྐང་པ་ནས་ནི་སྤྱི་མཐར་ཐུག །སྐུད་པ་གཅིག་ལ་ཡང་དག་འབྱུང༌། །ཞེས་པ་དང༌། ནང་དོན་རང་འགྲེལ་ལས། སྔར་ལུས་གྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་གི་རྟེན་དེ་ཉིད་རྩ་དབུ་མ་སྟེ་འཁོར་ལོ་དྲུག་པའི་བར་བར་དུ་རང་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་པ་དེ་གསང་བ་ནས་སྤྱི་གཙུག་གི་བར་འབྲེལ་བ། ཡར་སྣ་ཧཾ་གི་རང་བཞིན་ཅན་དཀར་ཆ་ཕ་ལས་ཐོབ་པའི་ཐིག་ལེ་ཡུངས་དཀར་ཙམ་གྱིས་བཀག་ལ། ལྟེ་བའི་འོག་ན་མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཁྲག་གི་རང་བཞིན་ཏེ་ཨ་ཐུང་དུ་བརྗོད་པ་ཡིན་ནོ། །འདིའི་བར་ནི་ད་ལྟ་གནས་པའི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པས་སྟོང་སང་ངེ་བ་སྟེ་ནམ་མཁའ་དང་འདྲ་བ་ཡོད་པས་ན། དུས་ཀྱི་འཁོར་ལོ་ནས་འདི་ལ་སྟེང་སྒྲ་གཅན་དང་འོག་དུས་ཀྱི་མེ་ཞེས་མགོ་མཇུག་ཏུ་བཤད་པ་དང༌། ལུས་ཀྱི་བར་གྱི་སྲོག་རླུང་དུ་གསུངས་ཏེ། དོན་ལ་རླུང་ཐམས་ཅད་ཀྱི་རྩ་བ་དེར་བརྟེན་པས་ལུས་ཅན་གནས་པར་བྱེད་པའོ། །ཞེས་དང༌། དབུ་མའི་མིང་གི་རྣམ་གྲངས་ཀྱང༌། ཨ་བ་དྷཱུ་ཏཱི་དང༌། སུ་སུ་མ་དང༌། ཀུན་འདར་མ་དང༌། ཕྲ་མོའི་གཟུགས་དང༌། སྲོག་པ་རྩ་དང༌། ནང་གི་ཤིང་གཅིག་མ་དང༌། སྲོག་གི་སྐུད་པ་དང༌། ལམ་པོ་ཆེ་དང༌། རྩ་དབུ་མ་དང༌། མར་སྣ་ལ་དུང་ཅན་མ་དང༌། ཡར་སྣ་ལ་སྒྲ་གཅན་གྱི་རྩ་ཞེས་པ་ལ་སོགས་གསུངས་པ་ཡིན་ནོ། །ཞེས་གསལ་བར་བྱུང་བ་རྣམས་ཀྱི་དོན་བླ་ན་མེད་པའོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག་ན་རེ། སྲོག་པ་རྩ་དབུ་མར་འདོད་པ་མི་འཐད་དེ། དེར་རླུང་ཚུད་ན་སྨྱོ་འབོག་སོགས་ཀྱི་ནད་བསྐྱེད་པར་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་རང་ཉིད་ཀྱིས་མ་རྟོགས་པའི་གཏམ་ཡིན་ཏེ། སྲོག་ལ་སོགས་པའི་རླུང་ཐམས་ཅད་རང་གི་རང་བཞིན་ལས་རྣམ་པར་མ་གྱུར་བར་གནས་པའི་ཚེ། ཚེ་དང་སྟོབས་འཕེལ་བའི་གྲོགས་བྱེད་ལ། གལ་ཏེ་རྐྱེན་སྣ་ཚོགས་འཕེལ་ཟད་འཁྲུགས་པ་སོགས་རྣམ་པར་གྱུར་པ་ན་ནད་བསྐྱེད་པར་གསུངས་པའི་ཕྱིར།

ཇི་སྐད་དུ། ཟབ་མོ་ནང་གི་དོན་ལས། ད་ལྟ་ལུས་གནས་ལས་བྱེད་པ། །སྤྱིར་ནི་ལུས་རྣམས་ཀུན་ཁྱབ་ཀྱང༌། །རྩ་བ་དབུ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་བརྟེན་པར་བྱེད། །ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ད་ལྟ་བདག་འཛིན་དྲན་པ་བསྐྱེད། །ལོག་ན་བརྒྱལ་སྨྱོ་འཆི་བར་འགྱུར། །ལས་དང་ཡེ་ཤེས་འདྲེས་པར་གནས། །ཁ་དོག་ནམ་མཁའ་ལྟ་བུར་བཤད། །ཅེས་པ་དང༌། རྩ་རྒྱུད་ལས། ནད་དང་ལུས་ཟུངས་དྲི་མ་རྣམ་པ་གསུམ། །རྣམ་པར་མ་གྱུར་པ་དང་གྱུར་པ་ལས། །ལུས་ནི་གནས་དང་འཇོམས་པར་བྱེད་པ་ཡིན། །ཞེས་པ་དང༌། འདིར་ཡང༌། ལྡང་བ་ལོག་པའི་ལམ་ཞུགས་རང་རྟགས་སྟོན། །རང་གནས་མཉམ་གནས་ནད་མེད་ཞི་བ་ཡིན། །ཞེས་སོགས་གསུངས་པ་མ་ཡིན་ནམ། འོན་ཏེ་གོང་དུ་དྲངས་པའི་མདའ་བསྣུན་ཞབས་ཀྱིས་གསུང་དེ་ཙམ་ཡང་མ་གཟིགས་པར་ཟད་དོ། །ཁྱེད་ལྟར་ན་མི་ཐམས་ཅད་སྙིང་རླུང་གི་ནད་ཀྱིས་ཟིན་པ་འབའ་ཞིག་ཏུ་འགྱུར་ཏེ། སྙིང་ནི་ཁྱབ་བྱེད་ཀྱི་གནས་དང༌། སྲོག་འཛིན་རྒྱུ་བའི་ལམ་ཡིན་པའི་ཕྱིར། དེས་ན་རླུང་གི་རིགས་མཐའ་དག་ཀྱང་རང་གི་གནས་དང་ལམ་རྣམས་སུ་འཕེལ་ཟད་འཁྲུགས་པ་མ་ཡིན་པའི་སྒོ་ནས་འཇུག་པ་ལ་སྐྱོན་ཅི་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཟླ་བ་ཞེས་པ་ནས་སྟོད་སྨད་ཆགས་ཞེས་པའི་བར་གྱིས་བསྟན་ཏེ། མངལ་དུ་ཡང་ཆགས་པའི་ཟླ་བ་གཉིས་པ་ལ་སྔ་མའི་ལྷག་དང་བཅས་པའི་བདུན་ཕྲག་ལྔ་མ་ལོངས་ཙམ་ཡོད་པའི་ནང་ནས་བདུན་ཕྲག་སྔ་མའི་སྟེང་དུ་བརྩེགས་པའི་ལྔ་པ་མཁྲང་འགྱུར་གྱི་ཞག་ལ་མངལ་ན་གནས་པའི་སེམས་ཅན་དེའི་ལུས་ཀྱི་ཆ་ཤས་རྣམས་ལས་དང་པོར་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་བཞིའི་རྣམ་པ་ཙམ་ཆགས་པར་འགྱུར་ལ། བདུན་ཕྲག་དྲུག་པ་ལ་ལྟེ་བའི་རྩ་འདབ་ཀྱི་དབུས་དེ་ལ་བརྟེན་ནས་དབུ་མའམ་སྲོག་པ་རྩ་ཞེས་བྱ་བ་ཀུན་གཞིའི་སྲོག་གི་རླུང་དང་བཅས་པའི་རྟེན་མངལ་གནས་རང་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཙམ་གྱེན་དུ་སོང་སྟེ། ཡར་སྣ་ལ་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བཞིའི་རྣམ་པ་དང་བཅས་པ་ཆགས་པར་འགྱུར་རོ། །དངོས་སུ་མ་གསུངས་ཀྱང་བདུན་ཕྲག་བདུན་པ་ལ་སྙིང་ག་ནས་སླར་ཡང་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་སྲོག་རྩ་གྱེན་དུ་སོང་སྟེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཆགས། ཡང་དེ་ནས་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་སྲོག་རྩ་གྱེན་དུ་སོང་སྟེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མིག་གི་དབང་པོ་དང་བཅས་པའི་གཟུགས་སུ་དོད་ནས། བདུན་ཕྲག་བརྒྱད་པའི་མཇུག་ཏུ་མིག་དབང་དང་བཅས་པའི་འཁོར་ལོ་དེ་ལ་བརྟེན་ནས་མགོ་བོའི་དབྱིབས་ཙམ་ཞིག་ཆགས་སོ། །གོང་དུ་མགྲིན་པའི་རྩ་ཆགས་པའི་དུས་སུ་མཚུངས་པར་ལྟེ་བ་ནས་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་སྲོག་རྩ་ཐུར་དུ་སོང་བ་ལས་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཆགས་པ་ཡིན་ལ། བདུན་ཕྲག་དགུ་པའི་ལུས་ཀྱི་དབྱིབས་ཏེ་ཁོག་པ་སྟོད་སྨད་ཀྱི་རྣམ་པ་ཕལ་ཆེར་ཆགས་པར་འགྱུར་ཏེ། ཡན་ལག་བཞིའི་གནས་རྣམས་ནི་མ་གཏོགས་སོ། །དེ་ལྟར་བཤད་པའི་འཕེལ་ཚུལ་འདི་རྣམས་གཙོ་བོར་སྲོག་གི་རླུང་ཁོ་ནའི་བྱེད་པ་ཡིན་མོད་ཀྱང༌། ཁྱད་པར་དུ་རིམ་པ་བཞིན་དུ་སྲོག་རླུང་ལས་ཡང་དག་པར་སྡུད་པ་དང༌། རྒྱ་ཆེན་པོ་དང༌། འཁྱིལ་བ་དང༌། བཟློག་ཅིང་བསྒྱུར་བ་དང༌། རྣམ་པར་འབྱེད་པ་ཞེས་བྱ་བའི་རླུང་འཕྲོས་པ་རྣམས་ཀྱི་བྱེད་པ་ཡིན་ནོ། །སྐབས་འདིར་སྲོག་པ་རྩའམ་དབུ་མའི་ནུས་པས་ལུས་དཀྱུས་གཅིག་ཏུ་ཆགས་ཏེ་ཉ་ལྟ་བུར་གྲུབ་པ་ལ་ཉའི་གནས་སྐབས་ཞེས་གསུངས་པ་ཡིན་ནོ། །

གསུམ་པ་རུས་སྦལ་གྱི་གནས་སྐབས་བཤད་པ་ནི། ཟླ་བ་ཞེས་པ་ནས་རྩ་རྣམས་ཆགས་ཞེས་པའི་བར་གྱིས་བསྟན་ཏེ། ཟླ་བ་གསུམ་པ་ལ་ཞག་གསུམ་གོང་དུ་བཅད་པའི་བདུན་ཕྲག་བཞི་ཡོད་པ་ལས་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅུ་པ་ལ་ཉའི་རྣམ་པ་དེ་ལས་དཔུང་པ་གཉིས་དང་དཔྱི་རུས་གཉིས་འབུར་དུ་དོད་ནས། བདུན་ཕྲག་བཅུ་གཅིག་པ་ལ་དབང་པོ་དགུ་སྟེ་བུ་ག་དགུའི་གཟུགས་དབྱིབས་དོད་ཅིང༌། བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད་ལ། བཅུ་གསུམ་པ་ལ་སྣོད་དྲུག་གི་གཟུགས་དབྱིབས་དོད། དེ་བཞིན་དུ་ཟླ་བ་བཞི་པ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་ལས་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅུ་བཞི་པ་ལ་དཔུང་པའི་རྐང་གཉིས་དང་བརླའི་རྐང་གཉིས་ཏེ་བཞི་པོའི་གཟུགས་དབྱིབས་དོད་ནས། བཅོ་ལྔ་པ་ལ་རྐང་པ་དང་ལག་པའི་རྗེ་ངར་བཞིའི་གཟུགས་དབྱིབས་དོད་ཅིང༌། བཅུ་དྲུག་པ་ལ་རྗེ་ངར་རྣམས་ལས་སོར་མོ་ལྔ་ལྔ་སྟེ་ཉི་ཤུའི་གཟུགས་དབྱིབས་དོད་ལ། བཅུ་བདུན་པ་ལ་ལུས་ཀྱི་ཕྱི་ནང་དུ་འབྲེལ་ནས་མངོན་པའི་རྩ་བཅུ་དྲུག་དང་མི་མངོན་པའི་རྩ་གྲངས་མེད་པ་ཆགས་པར་འགྱུར་རོ། །འདིའི་གཟུགས་དབྱིབས་ཞེས་པ་རྣམས་ནི་དེ་དང་དེའི་གཟུགས་ཀྱི་རྣམ་པ་ཙམ་ཆགས་པའི་དོན་ཡིན་གྱི། གཟུགས་གསལ་བར་ཆགས་པའི་དོན་མ་ཡིན་ནོ། །དེ་ལྟར་བཤད་པའི་བདུན་ཕྲག་བརྒྱད་པ་དེའི་དུས་སུ་སྲ་བར་བྱེད་པ་དང༌། བུ་ག་སྣང་བ་དང༌། ཡོན་པོའི་སྒོ་དང༌། སྤུར་རྒྱུས་པ་དང༌། སྐུད་པའི་ཁ་དང༌། པདྨ་དང༌། བདུད་རྩི་འགྲོ་བ་དང༌། འབྲི་གདོང་ཞེས་བྱའི་རླུང་སྤྲོས་ཏེ་རིམ་པ་བཞིན་དུ་བྱ་བ་བྱེད་པ་ཡིན་ནོ། །སྐབས་འདིར་ཡན་ལག་ལྔ་པོ་ཆགས་པའི་དུས་ཡིན་པས་རུས་སྦལ་གྱི་གཟུགས་དང་འདྲ་བའི་དབང་གིས་རུས་སྦལ་གྱི་གནས་སྐབས་ཞེས་གསུངས་པ་ཡིན་ནོ།།

བཞི་པ་ཕག་གི་གནས་སྐབས་བཤད་པ་ནི། ཟླ་ལྔ་ཞེས་པ་ནས་གཟི་མདངས་འཕྲོ་ཞེས་པའི་བར་གྱིས་བསྟན་ཏེ། ཟླ་བ་ལྔ་པ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་ལས། གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅོ་བརྒྱད་པ་ལ་སྲོག་གི་རླུང་ལས་དྲི་མ་མེད་པ་ཞེས་བྱ་བའི་རླུང་འཕྲོས་ནས་ཤ་དང་ཚིལ་གྱི་ཆ་ཤས་ཕལ་ཆེར་ཆགས་པར་བྱེད། བཅུ་དགུ་པ་ལ་ཤིན་ཏུ་ཕྲ་བ་ཞེས་བྱ་བའི་རླུང་འཕྲོས་ནས་ཆུ་བ་ཆེ་ཆུང་དང་རུས་པའི་རང་བཞིན་རྣམས་ཆགས་སོ། །ཉི་ཤུ་པ་ལ་ཤིན་ཏུ་བརྟེན་པ་ཞེས་བྱ་བའི་རླུང་འཕྲོས་ཏེ་རུས་པའི་བྱེ་བྲག་རྣམས་དང་རྐང་མར་གྱི་དབྱིབས་རྣམས་ཆགས་པར་བྱེད་དོ། །ཉི་ཤུ་རྩ་གཅིག་པ་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བའི་རླུང་འཕྲོས་ཏེ། ཕྱིའི་པགས་པ་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུས་གཡོག་པར་འགྱུར་རོ། །དེ་ནས་ཟླ་བ་དྲུག་པ་ལ་སྔ་མའི་ཞག་གཉིས་དང་ཕྱི་མའི་ཞག་གསུམ་བསྣན་པས་བདུན་ཕྲག་ལྔ་འབྱུང་བ་ལས་གོང་དུ་བརྩེགས་པའི་བདུན་ཕྲག་རྩ་གཉིས་པ་ལ་ཀུན་ཏུ་རྒྱལ་བ་ཞེས་བྱ་བའི་རླུང་འཕྲོས་ནས་དབང་པོ་ལྔ་དང་བཅས་པའི་སྒོ་དགུ་ཡི་བུ་ག་རྣམས་སོ་སོར་རྣམ་པར་བྱེ་བར་འགྱུར་རོ། །རྩ་གསུམ་པ་ལ་ཡོངས་སུ་ཡང་དག་པར་འཛིན་པ་ཞེས་བྱ་བའི་རླུང་བྱུང་སྟེ་སྐྲ་དང་བ་སྤུ་དང་སེན་མོའི་དབྱིབས་སྐྱེ་བ་ཡིན་ནོ། །རྩ་བཞི་པ་ལ་ཀུན་ཏུ་འཕྱོ་བ་ཞེས་བྱ་བའི་རླུང་བྱུང་སྟེ་སྔར་ཆགས་པའི་དོན་སྣོད་རྣམས་གསལ་བར་སྨིན་ནོ། །འདིའི་དུས་སུ་ཚོར་བ་ཉམས་སུ་མྱོང་བའི་དོན་གྱིས་བདེ་བ་དང་སྡུག་བསྔལ་གྱི་འདུ་ཤེས་ཀྱང་ཤེས་པར་འགྱུར་རོ། །རྩ་ལྔ་པ་ལ་གྲོང་ཁྱེར་འཛིན་པ་ཞེས་བྱ་བའི་རླུང་འཕྲོས་ནས་བུ་ག་རྣམས་ལས་རླུང་གི་རྒྱུ་བ་ཡང་འབྱུང་བ་ཡིན་ནོ། །རྩ་དྲུག་པ་ལ་སྐྱེ་བ་མངོན་པར་གྲུབ་པ་ཞེས་བྱ་བའི་རླུང་འཕྲོས་ནས་སེམས་དྲན་པ་རབ་ཏུ་གསལ་བ་ཞིག་འབྱུང་བ་ཡིན་ཏེ། སྔོན་གྱི་ཚེ་རབས་ཀྱང་རྗེས་སུ་དྲན་པར་བྱེད་དོ། །དེ་ནས་ཟླ་བ་བདུན་པ་ལ་བདུན་ཕྲག་བཞི་ཡོད་པ་ལས་གོང་དུ་བརྩེགས་པའི་བདུན་ཕྲག་རྩ་བདུན་རྩ་བརྒྱད་རྩ་དགུ་སོམ་ཅུའི་བར་དུ་རིམ་པ་བཞིན་གྱིས་སྨན་ཡོན་ཆེན་པོ་དང་མེ་ཏོག་འཛིན་པ་དང་མེ་ཏོག་འཕྲེང་བ་དང༌། ལྕགས་ཀྱི་སྒོ་ཞེས་བྱ་བའི་རླུང་འཕྲོས་ནས་སྔར་ཇི་ལྟར་ཆགས་པ་ཐམས་ཅད་ཀྱང་མངོན་པར་གསལ་ཞིང་ཆ་ཤས་ཕྲ་མོ་རྣམས་ཀྱང་གྲུབ་སྟེ་ཡོངས་སུ་རྫོགས་པར་འགྱུར་རོ། །ཟླ་བ་བརྒྱད་པ་ལ་ཕྱི་མའི་ཞག་ལྔ་བསྣན་པས་བདུན་ཕྲག་སོ་གཅིག་སོ་གཉིས་སོ་གསུམ་སོ་བཞི་སོ་ལྔ་འབྱུང་བ་དེའི་བར་དུ་མེ་ཏོག་སྡུད་པ་ཞེས་བྱ་བའི་རླུང་གཅིག་པུས་ཆེས་ཆེར་འཕེལ་བར་བྱེད་དོ། །དེའི་ཚེ་ཁ་ཟས་ཀྱི་བཅུད་ཆེ་ཆུང་གི་དབང་གིས་མ་དང་བུ་ཚ་དེ་གཉིས་ཐེངས་རེས་མོས་ཀྱིས་གཟི་མདངས་འཕྲོ་བར་འགྱུར་ཏེ། རེས་འགའ་ནི་མ་གཟི་མདངས་ཆེ་ལ་བུ་ཆུང་བ་དང༌། རེས་འགའ་ནི་བུ་གཟི་མདངས་ཆེ་བ་ལ་མ་ཆུང་བར་བྱེད་དོ། །དུས་འདིར་ཕལ་ཆེར་བཙའ་བའི་སྐབས་མེད་མོད། འོན་ཀྱང་རྐྱེན་འགའ་ཞིག་གིས་སྐྱེ་བར་ཡང་སྲིད་པས། གལ་ཏེ་མ་གཟི་མདངས་ཆེ་བའི་སྐབས་སུ་སྐྱེས་ན་མ་འཚོ་ཡང་བུ་འཆི་ལ། བུ་གཟི་མདངས་ཆེ་བའི་སྐབས་སུ་སྐྱེས་ན་བུ་འཚོ་ཡང་མ་འཆི་བར་གསུངས་ཤིང༌། སྐབས་འདིར་མངལ་གྱི་ལུས་ཅན་དེའི་དབང་གིས་མ་ལ་ནད་སྣ་ཚོགས་པ་འབྱུང་ཞིང་དེའི་གསོ་ཐབས་དང་བཅས་པ་བརྒྱད་པ་རྩ་འགྲེལ་དུ་ཞིབ་པར་བཤད་ཡོད་ནའང་མང་བར་དོགས་ནས་མ་སྨོས་ལ། སྤྲོས་པ་ལ་དགའ་ཞིང་རྣམ་དཔྱོད་དང་ལྡན་པ་རྣམས་དེར་བལྟ་བར་བྱའོ། །དེ་ལྟར་བཤད་པའི་སྐབས་འདི་ཉིད་ལ་མངལ་དུ་གནས་པའི་ལུས་ཀྱི་དབང་པོ་རྣམས་རིམ་པར་དོད་ནས་མི་གཙང་བའི་རོ་ཟ་བའི་དབང་གིས་ཕག་གི་གནས་སྐབས་སུ་གསུངས་པ་ཡིན་ནོ། །

གསུམ་པ་རྫོགས་པའི་དུས་བཤད་པ་ལ། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། བདུན་ཕྲག་སོ་དྲུག་པ་ལ་མི་གཙང་བ་དང༌། དྲི་མི་ཞིམ་པ་དང༌། བཙོན་ར་དང༌། མུན་ནག་དང༌། མངོན་པར་མི་དགའ་བ་སྟེ་སྐྱོ་བའི་འདུ་ཤེས་ལྔ་འབྱུང་ངོ༌། །ཞེས་སྦྱོར་བ་མི་འཐད་དེ། བདུན་ཕྲག་སོ་བདུན་པའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །ཞེས་དང༌། དེ་ཡང་བདུན་ཕྲག་སོ་བདུན་པའི་སྐབས་སུ་བྱིས་པ་ལ་ཕྱིན་ཅི་ལོག་མ་ཡིན་པའི་འདུ་ཤེས་ལྔ་སྐྱེ་བར་འགྱུར་རོ། །ཞེས་མདོ་ལུང་འདྲེན་པར་མཛད་དོ། །འདི་ནི་འཁྱོག་པོར་བཤད་པ་ཡིན་ཏེ། མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་འབྱུང་ཞེས་པ་ལ་སྐྱོ་བའི་འདུ་ཤེས་སུ་མ་བཤད་པ་དང༌། སོ་བདུན་པ་ལ་ལོག་པའི་འདུ་ཤེས་སྐྱེ་ཞེས་པ་ལ་ལོག་པ་མ་ཡིན་པའི་འདུ་ཤེས་སྐྱེ་བར་བཤད་པའི་ཕྱིར་རོ། །གལ་ཏེ་འདི་ལྟར་མ་བཤད་ན་མདོ་དང་མི་མཐུན་ནོ་ཞེ་ན། བདུན་ཕྲག་གི་གྲངས་གོང་འོག་མི་མཐུན་ཀྱང་དེ་ལྟར་འཆད་དགོས་རྒྱུ་ཡིན་ཏེ། སྐྱོ་བའི་འདུ་ཤེས་ལ་སྐྱོ་བ་དང༌། ལོག་པ་ལ་ལོག་པའི་འདུ་ཤེས་སུ་སྨྲ་དགོས་པའི་ཕྱིར། དེ་ལྟར་མ་ཡིན་ན་མདོ་ལས་གསུངས་པའི་རླུང་གི་གྲངས་རྣམས་གཞུང་འདིར་སྦྱར་རུང་བ་མེད་དེ། མདོ་ལས། བདུན་ཕྲག་ལྔ་པའི་ཚེ་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་གིས་བརླ་དང་དཔུང་པ་མགོ་བོ་རྣམས་མངོན་དུ་བྱེད་ཅིང༌། བདུན་ཕྲག་དྲུག་པར་ཟས་ཞེས་བྱ་བའི་རླུང་གིས་པུས་མོ་དང་དཔུང་རྐང་རྣམས་འགྲུབ་པར་བྱེད་ལ། བདུན་པ་ལ་འཁྱིལ་བ་ཞེས་བྱ་བའི་རླུང་གིས་ལག་མཐིལ་དང་རྐང་མཐིལ་རྣམས་གསལ་བར་གྲུབ་བོ། །ཞེས་འབྱུང་ལ། གཞུང་འདིར་བདུན་ཕྲག་ལྔ་པ་དྲུག་པ་ལ་ལྟེ་བ་དང་སྲོག་པ་རྩ་ཆགས་པ་ལས་མེད་ཅིང༌། དཔུང་པ་སོགས་བདུན་ཕྲག་བཅུ་པ་ནས་འགོ་རྩོམ་པ་ཡིན་པས་ཇི་ལྟར་རུང༌། དེས་ན་རླུང་གི་མིང་ཙམ་ཞིག་སྒོ་བསྟུན་པར་ཟད་ཀྱི་མཐའ་དག་པ་མདོ་དང་བསྟུན་དགོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་མཐུན་པ་རྣམས་སྦྱར་བར་བྱ་ཡི། མི་མཐུན་པ་རྣམས་གཅིག་གིས་གཅིག་ལ་གནོད་པར་མི་འགྱུར་ཏེ། ཐེག་པའི་སྒོ་མཐའ་ཡས་པའི་ཕྱིར་རོ། །

གཉིས་པ་ཚིག་གི་དོན་ནི། ཟླ་བ་ཞེས་པ་ནས་ཚང་ཡང་འགོར་ཞེས་པའི་བར་གྱིས་བསྟན་ཏེ། ཟླ་བ་དགུ་པ་ལ་ཞག་ལྔ་གོང་དུ་བཅད་པའི་རྗེས་སུ་བདུན་ཕྲག་གསུམ་ལྷག་ཡོད་པ་ལས་གོང་དུ་བརྩེགས་པའི་བདུན་ཕྲག་སོ་དྲུག་པའི་ཉིན་ཞག་དང་པོ་ནས་བཟུང་སྟེ་རང་གི་གནས་ལ་མི་གཙང་བ་དང་དྲི་མི་ཞིམ་པ་དང༌། བཙོན་ར་ལྟ་བུ་དང༌། མུན་ནག་དང༌། མངོན་པར་མི་དགའ་བ་སྟེ་སྐྱོ་བའི་འདུ་ཤེས་ལྔ་ཡིད་ལ་འབྱུང་བས་གནས་གཞན་དུ་འཕོ་བར་འདོད་པ་དང༌། སོ་བདུན་པ་ལ་ཕོ་མོའི་དབང་གིས་ཕ་མ་ལ་ལོག་པའི་འདུ་ཤེས་ཆགས་སྡང་གི་སེམས་སྐྱེ་བར་འགྱུར་རོ། །སོ་བརྒྱད་པ་ལ་ཐོགས་པའི་རྐྱེན་ཞེས་བྱ་བའི་རླུང་འཕྲོས་ནས་མགོ་མཇུག་བསྒྱུར་ཏེ་མངལ་གྱི་ཕུག་ནས་སྒོར་འབྱིན་ཞིང་བཙའ་བ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །འོན་ཀྱང་དུས་འདིར་བཙའ་བར་མི་ནུས་པའི་རྒྱུ་གསུམ་ཡོད་དེ། མའི་ལུས་ལ་ཁྲག་མང་དུ་ཟགས་པ་ན་མངལ་གནས་ཀྱི་ལུས་འཕེལ་བར་མི་ནུས་པས་མི་བཙའ་བ་དང༌། བུད་མེད་དེའི་ལུས་ཧ་ཅང་འཚོ་ཆེས་པ་ཡང་མངལ་གྱི་སྒོ་ཆེར་རྒྱས་པར་འགྱུར་བས་ཟླ་བ་དགུ་ཚང་ཡང་བཙའ་བ་དཀའ་བ་དང༌། ཐུར་སེལ་རླུང་འཁྱིལ་བ་དག་གིས་ཀྱང་དཀུ་སྟེ་མངལ་གྱི་སྒོ་ནས་བཀག་པས་ཟླ་བ་མ་རྫོགས་བར་དུ་མི་བཙའ་བར་ཚང་ཡང་འགོར་བ་སྟེ། དེ་ལྟ་བུའི་རྐྱེན་གསུམ་གྱིས་གེགས་བྱེད་པ་དག་ཀྱང་ཡོད་ཅེས་པའི་དོན་ཏོ། །དེ་ལྟར་བཤད་པ་རྣམས་ཀྱང་ཟླ་བ་བཅུ་དང༌། བཅུ་གཅིག་བཅུ་གཉིས་རྣམས་སུ་བཙའ་ན་ལེགས་པར་བཙས་པ་ཞེས་བྱ་ལ། འགའ་ཞིག་ལོ་རྫོགས་ནས་ཀྱང་མི་བཙའ་བའི་སྐབས་ཡོད་པས།  དེ་ནི་མ་བུ་གཉིས་ཀའི་ལས་ཀྱི་རྣམ་པར་སྨིན་པ་འགའ་ཞིག་ལས་འབྱུང་བ་ཡིན་པས་ལེགས་པར་བཙས་པ་མ་ཡིན་ནོ། །འོན་ཀྱང་རྒྱལ་བུ་དོན་གྲུབ་ཀྱི་སྲས་སྒྲ་གཅན་འཛིན་ལྟ་བུ་ཡང་ཡུམ་གྱི་ལྷུམས་སུ་ལོ་དྲུག་བཞུགས་ཏེ་གདོད་འཁྲུངས་པ་མདོ་ལས་གསུངས་སོ། །གསུམ་པ་རྫོགས་ནས་སྐྱེ་བའི་རྟགས་བསྟན་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། མདོ་ལས། དགའ་བོ་དེ་ལྟ་བུའི་ལུས་དེ་ཡང་གལ་ཏེ་ཕོ་ཡིན་ན་ནི་མའི་མངལ་གྱི་གཡས་ཕྱོགས་སུ་ཙོག་པུར་འདུག་ལ་ལག་པ་གཉིས་ཀྱིས་གདོང་པ་ལ་གཡོགས་ནས་མའི་སྒལ་ཚིགས་ལོགས་སུ་བལྟས་ཏེ་འདུག་གོ། གལ་ཏེ་མོ་ཡིན་ན་ནི་རྩིབ་ལོགས་གཡོན་ཕྱོགས་ན་ཙོག་པུར་འདུག་པ་ལག་པ་གཉིས་ཀྱིས་གདོང་ལ་གཡོགས་ཏེ་མའི་ལྟོ་བ་ལ་ཁ་བལྟས་ནས་མ་ཞུ་བའི་གནས་ཀྱི་འོག་ཞུ་བའི་གནས་ཀྱི་སྟེང་ན་ནང་དུ་བཙོས་རབ་ཏུ་བཙོས་ཤིང་གནས་ལྔ་ཀུན་ཏུ་བཅིངས་པས་འདི་ལྟ་སྟེ། དཔེར་ན་རྩྭའི་རྐྱལ་པའི་ནང་དུ་འདུག་པ་དང་འདྲའོ། །ཞེས་པ་དང༌། སློབ་དཔོན་གྱིས། ཟླ་དགུ་འདས་ནས་སྣུམ་བཅས་པའི། །འབྲས་ཆེན་ཤ་ཁུ་བླུད་པ་བསྔགས། །སྣུམ་མངས་ནས་ཐུག་སྦྱིན་པའམ། །སྔར་བཤད་པ་ཡི་འཇམ་རྩི་བཏང༌། །དེ་ཉིད་ལ་བཅུག་རས་བལ་ནི། །མཚན་མར་རྟག་ཏུ་གཞུག་པར་བྱ། །རླུང་འཇོམས་ལོ་མ་བསྐོལ་བའི་ཆུ། །གྲང་བས་ཉིན་རེ་བཀྲུས་ན་ཕན། །ཟླ་དགུ་ཕན་ཆད་ལུས་ལ་ནི། །སྣུམ་མེད་པར་ནི་མི་བཞག་གོ། ནུ་ཞོ་གཡས་པ་སྔར་འབྱུང་ཞིང༌། །གཡས་ལོགས་ལ་ནི་བརྟེན་པ་དང༌། །འདྲི་ཚིག་སྐྱེས་པའི་མིང་ཅན་སྨྲ། །དགའ་ཞིང་རྨི་ལམ་སྐྱེས་པ་མཐོང༌། །དཀུ་ནི་གཡས་པ་མཐོ་བ་དང༌། །མངལ་ཡང་ཀུན་ནས་ཟླུམ་པ་དག །བུ་སྐྱེས་གཞན་དུ་བུ་མོར་འགྱུར། །གང་ཡང་སྐྱེས་པ་འཕྲད་འདོད་དང༌། །གླུ་གར་རོལ་མོ་ལ་དགའ་དང༌། །དྲི་དང་འཕྲེང་ཆགས་བུ་མོར་སྐྱེ། །དེ་འདྲེས་པ་ནི་མ་ནིང་འགྱུར། །དཀུ་ཡི་དབུས་ནི་མཐོ་བ་དང༌། །མཚེ་མ་ལོགས་གཉིས་མཐོ་བ་དང༌། །ལྟེ་བ་དམའ་བར་འདུག་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ལ། རིང་བའི་རྟགས་དང༌། ཉེ་བའི་རྟགས་གཉིས་ལས། དང་པོ་ནི། དེ་ལྟར་ཞེས་པ་ནས་མཚེ་མར་སྐྱེ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པ་དེ་ལྟར་མངལ་དུ་ལུས་འཕེལ་ཞིང་སྨིན་པར་འགྱུར་བ་དེའི་ཚེ་ཟླ་བ་དགུ་པའི་མཇུག་གི་ཞག་ལྔ་ཡང་འདས་ནས་ངོ་བཅུ་ལ་ཟིན་པ་ན་བཙའ་བའི་དུས་ཡིན་ཏེ། དེ་ཡང་མའི་གཡས་ལོགས་ལ་བརྟེན་པའི་དབང་གིས་དཀུ་སྟེ་མངལ་གྱི་གཡས་ཕྱོགས་ཅུང་ཟད་མཐོ་ཞིང་ལུས་རང་བཞིན་གྱིས་ཡང་བ་དང༌། རྨི་ལམ་དག་ནའང་སྐྱེས་པ་མང་དུ་མཐོང་ཞིང་འདོད་པ་མི་སྐྱེ་བ་དང༌། ནུ་མའི་ཞོ་ཡང་གཡས་པ་སྔ་བར་འབྱུང་ཞིང་འཛག་པ་རྣམས་ནི་ཁྱེའུ་སྐྱེ་བའི་རྟགས་ཡིན་ཏེ། ཐབས་ཀྱི་ཆ་ཤས་རྣམས་མངོན་དུ་གྱུར་པའི་དབང་གིས་སོ། །ཡང་སྐྱེས་པ་དང་འཕྲད་ན་འཁྲིག་པར་འདོད་ཅིང༌། གླུ་གར་དང་ལུས་ཀྱི་རྒྱན་རྣམས་ལ་ལྷག་པར་དགའ་བ་སོགས་གོང་གི་རྟགས་རྣམས་ལས་ཕལ་ཆེར་གོ་ལྡོག་པ་ནི་བུ་མོ་སྐྱེ་བའི་རྟགས་ཡིན་ཏེ། ཤེས་རབ་ཀྱི་ཆ་རྣམས་མངོན་དུ་དམིགས་པའི་ཕྱིར་རོ། །དེ་ལྟ་བུའི་རྟགས་ཕལ་ཆེར་འདྲེས་ཤིང་ལྷག་པར་མངལ་གྱི་དབུས་མཐོ་བ་ལས་ནི་མ་ནིང་འབྱུང་བར་འགྱུར་ཏེ་ཐབས་ཤེས་གཉིས་ཀ་མ་ཡིན་པའམ་འདྲེས་པའི་རྟགས་དང་ལྡན་པའི་དབང་གིས་སོ། །ཡང་རྟགས་གཞན་རྣམས་ཇི་ལྟར་གྱུར་ཀྱང་ལྟོ་བའི་དབུས་དམའ་ཞིང་མཐའ་གཉིས་མཐོ་བ་ན་མཚེ་མར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཉེ་བའི་རྟགས་བཤད་པ་ནི། དེ་ནས་ཞེས་པ་ནས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རྟགས་དེ་རྣམས་དང་ལྡན་པ་དེ་ནས་བྱིས་པ་མྱུར་དུ་བཙའ་བའི་རྟགས་ལུས་རྨྱང་བ་སྟེ་ཁམས་ཉོགས་ཤིང་དཀུ་ལྷོད་པ་སྟེ་མངལ་གྱི་སྒོ་ཕྱིར་ལུག་པ་དང༌། ལུས་ཀྱི་སྨད་ལྷག་པར་ལྕི་ཞིང༌། ཚང་ར་དང་མཁལ་མ་རྐེད་པ་ཀོར་ལེར་ན་བ་དང༌། ལྟོ་བ་དང་ཆུ་སོ་ཡང་གཡའ་བ་དང༌། ཚ་བ་སོགས་ཀྱིས་ན་ཞིང་དེ་ཡང་ལྡང་དུབ་བྱེད་པ་དང་མཚན་མ་ལུག་ཅིང་ཁ་ཆེར་བྱེ་བ་དང༌། གཅིན་མང་ཞིང་དབང་མེད་དུ་ཚང་ར་ལ་ནད་ཟུག་ལྡང་དུབ་བྱེད་པ་དང་མཚན་མ་ལུག་ཅིང་ཁ་ཆེར་བྱེ་བ་དང༌། གཅིན་མང་ཞིང་དབང་མེད་དུ་ཚང་ར་ལ་ནད་ཟུག་ལྡང་བར་འགྱུར་རོ། །དེའི་ཚེ་བུད་མེད་སྔར་བུ་བཙའ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་འགའ་ཞིག་གིས་བསྐོར་ཞིང༌། ཉལ་ལུགས་དང་བཙིར་བ་ལ་སོགས་པའི་བསླབ་བྱ་དང་ལྡན་པས་བཙའ་བར་བྱའོ། །དེ་ལྟར་སྲོག་དང་འབྲལ་བའི་ནད་ཀྱིས་བྱིས་པ་བཙའ་བའི་སྡུག་བསྔལ་དྲག་པོ་མི་བཟད་པ་དེ་ལས་ཐར་ཞིང་གསོས་པ་སྟེ། སྐྱེས་ཟིན་ནས་སྟོབས་ཉམས་པ་དག་ཁ་ཟས་དྲོ་ཞིང་བཅུད་པའི་ཚས་ཀྱིས་འབད་དེ་གསོ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །རྒྱས་པར་སློབ་དཔོན་གྱི་གཞུང་ལས། དགུ་པའི་དང་པོ་ནས་བརྩམས་ཏེ། །ས་ཕྱོགས་ཤིས་ཤིང་ཡོ་བྱད་ནི། །ཕུན་ཚོགས་ལྡན་པར་དགེ་བའི་ཞག །དེ་ནི་རྩྭ་ཁྱིམ་ཞུགས་པར་བྱ། །དེ་ནི་བུད་མེད་བཙའ་མྱོང་བས། །བསྐོར་ཏེ་བཙའ་དུས་བར་དུ་བསྡད། །དེང་ངམ་སང་ནི་བུ་བཙའ་རྟགས། །སྙོམ་ཞིང་དཀུ་དང་མིག་ལྷོད་དུབ། །སྨད་དུ་ལྕི་ཞིང་ཡི་ག་འཆུས། །མཆིལ་མ་མང་ཞིང་གཅིན་མང་འབྱུང༌། །བརླ་དང་རྐེད་པ་ལྟོ་དང་རྒྱབ། །སྙིང་ག་ཆུ་སོ་བརླ་རྩ་དང༌། །མཚན་ཕྱེད་ན་ཞིང་ཟུག་པ་དང༌། །འགུལ་ཞིང་འཛག་པར་འགྱུར་བ་ཡིན། །རང་དབང་མེད་འགྱུར་རྗེས་སུ་ནི། །དེ་འོག་མངལ་གྱི་ཆུ་འཛག་འགྱུར། །དེ་ནས་མངལ་ནད་ནས་འབྱུང་རྩོམ། །བཀྲ་ཤིས་བསྲུང་བའི་ཆོ་ག་བྱ། །ལག་པར་འབྲས་བུ་སྐྱེས་མིང་བཞག །ལེགས་བཀྲུས་ཆུ་ནི་དྲོན་མོ་བླུག །མར་དང་བཅས་པའི་ཐུག་པ་བླུད། །དེ་འོག་ས་ལ་མལ་བཅས་འདུག །བརླ་གཉིས་བཀུག་སྟེ་གན་རྐྱལ་ཉལ། །ཡན་ལག་ཡང་ནས་ཡང་དུ་བསྐུམ། །ལྟེ་བ་མན་ཆད་མཉེ་བྱ་ཞིང༌། །གླལ་དང་འཆག་པ་བྱེད་དུ་གཞུག །དེ་ལྟས་མངལ་ནས་ཐུར་དུ་འབྱུང༌། །དེ་རྟགས་སྙིང་ག་ལས་འཕྲོས་ནས། །མངལ་ནས་ལྟེ་བར་ཞུགས་ནས་ནི། །ཆུ་སོའི་སྟེང་ན་གནས་པར་འགྱུར། །དེ་ནས་དབང་མེད་ནད་ལྡང་ཞིང༌། །མྱུར་དུ་ཁྲི་ལ་གཞག་པར་བྱ། །དེ་འོག་མངལ་གནས་ལེགས་བཙིར་ནས། །དེ་ཡི་མཚན་ཉིད་དབྱེ་བར་བྱ། །དང་པོ་དལ་གྱིས་བཙིར་བྱ་ཞིང༌། །བཙའ་ཁར་དྲག་ཏུ་བཙིར་བར་བྱ། །བུ་ནི་སྐྱེས་པའི་སྒྲ་དང་ནི། །ཆུ་དང་རླུང་གི་དགའ་བ་བསྐྱེད། །བཙས་པའི་ནད་ཀྱིས་གཟིར་བ་ཡིས། །སྲོག་བྲལ་འདྲ་བ་སླར་གསོ་བྱ། །མངལ་དུ་ཐོགས་ན་སྦྲུལ་ནག་པོའི། །པགས་པས་མོ་མཚན་བདུག་པར་བྱ། །ཞེས་དང༌། དེ་ཐོགས་རྒྱུ་ནི་རླུང་ཡིན་ཏེ། དེ་བཅོམ་ཤ་མ་མྱུར་དུ་འབྱུང༌། །ཞེས་དང༌། དེ་ནས་བྱིས་པ་ཉེར་སྤྱོད་ཀྱི། །བྱིས་པ་མ་ལས་བསྐྱེད་དུ་གཞུག །ཅེས་པའི་བར་གྱིས་ཞིབ་པར་བསྟན་ཞིང༌། དེ་བཞིན་དུ་མན་ངག་རྒྱུད་ཀྱི་བྱིས་པ་ཉེར་སྤྱོད་ཀྱི་ལེའུར་ཡང་རྗེས་ཀྱི་བྱ་བ་རྣམས་ལེགས་པར་གསུངས་པ་ལྟར་ཤེས་པར་བྱའོ། །

དགའ་བོ་མངལ་དུ་འཇུག་པ་ལས་ཀྱང་འདི་ལྟར་གསུངས་ཏེ། གཞན་ཡང་ཁ་ཐུར་དུ་བལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། དེའི་མགོ་བོ་ཐུར་དུ་བལྟ་ཞིང༌། ལག་པ་གཉིས་ཀ་བརྐྱང་སྟེ་མཐར་གྱིས་འབྱུང་བར་འདོད་པར་འགྱུར་རོ། །མངལ་ན་གནས་པ་དེ་གལ་ཏེ་ཚེ་རབས་སྔ་མ་ལ་མངལ་དུ་འཆི་བར་འགྱུར་བའི་ལས་བསགས་པ་ཞིག་ཡིན་ན་ནི། དེའི་ལག་པ་དང༌། རྐང་པ་བསྣོལ་མར་གྱུར་ནས་བསྒྱུར་མི་ནུས་པས་སྡིག་པ་མི་དགེ་བའི་ལས་ཀྱི་རྐྱེན་གྱིས་མའི་མངལ་ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །དེའི་མ་ཡང་དེའི་ཚེ་སྡུག་བསྔལ་ཆེན་པོ་མྱོང་བའམ་ཡང་ན་འཆི་བའི་དུས་བྱེད་པར་འགྱུར་རོ། །གལ་ཏེ་ཚེ་རབས་སྔ་མ་ལ་དགེ་བའི་ལས་རྣམས་མངོན་པར་འདུ་བྱས་ཤིང་ཚེ་རིང་པོར་འགྱུར་བའི་རྒྱུ་བསགས་པ་ཞིག་ཡིན་ན་ནི། བཙས་སུ་ཉེ་བའི་ཚེ་མ་བུ་གཉིས་ཀ་རབ་ཏུ་བདེ་ཞིང་སྡིག་པ་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གོང་མ་ལྟ་བུ་དེ་མེད་དོ། །ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་མངལ་ནས་འབྱུང་བར་འདོད་པའི་ཚེ་སྡུག་བསྔལ་སྣ་ཚོགས་མྱངས་ནས་གདོད་འབྱུང་བར་འགྱུར་བའི་ཕྱིར། ལུས་འདི་ལྟ་བུ་ལེན་པ་འདི་ནི་ཡང་དག་པར་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །དང་པོ་མངལ་ནས་འབྱུང་བའི་ཕྱིར་ཁྱེའུ་འམ་བུ་མོ་ཡང་རུང་སྟེ་ས་ལ་ལྷུང་མ་ཐག་ཏུ་ལག་པས་བཟུང་ངམ་གོས་ཀྱིས་བླངས་སམ། ཁྲི་ལ་བཞག་གམ། ཁང་པའི་ནང་དུ་བཞག་གམ། ས་ལ་བཞག་གམ། བླ་གབ་མེད་པར་བཞག་གམ། ཉི་མ་ལ་བཞག་གམ། དགུན་ནམ་དབྱར་གྱི་དུས་སུ་གྲང་བའམ་ཚ་བའི་རླུང་གིས་བཙས་མ་ཐག་པའི་ལུས་དེ་ལ་རེག་པར་གྱུར་ནའང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་བ་ལང་གསོན་པོར་བཤུས་པ་རྩིག་པ་ལ་རེག་གམ། བླ་གབ་མེད་པའི་ཐང་ལ་ལྷུང་བར་གྱུར་ན་སྲོག་ཆགས་དག་གིས་ཟ་བར་འགྱུར་བའམ། གཞན་ཡང་འདི་ལྟ་སྟེ་དཔེར་ན། མི་ཞིག་ལ་སྦྲང་བུ་མཆུ་རིང་རྣམས་ཀྱིས་ཟ་བའམ། ལྕག་གིས་བཞུས་པ་བཞིན་དུ་དང་པོ་མངལ་ནས་འབྱུང་བའི་ཚེ་ཆུ་དྲོན་མོ་དག་གིས་ལུས་བཀྲུས་པས་རེག་པའི་སྡུག་བསྔལ་མྱོང་བ་ཡང་དེ་དང་འདྲའོ། །ཞེས་དང༌། གཞན་ཡང་དགའ་བོ། དང་པོ་མངལ་ནས་འབྱུང་བ་ནས་ཞག་བདུན་ལོན་པ་དང་སྲོག་ཆགས་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་ལུས་ལ་གནས་ཤིང་དེ་ལ་ཟ་བར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་སྲིན་བུའི་མིང་རེ་དང་བཅས་ཏེ་རྒྱས་པར་གསུངས་པ་དག་ཡོད་དོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ། །ཞེས་བྱ་བའི་དོན་ཏོ། །

 


མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 12:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།