སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་གཉིས་པ། ལུས་ཀྱི་ཆགས་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་གཉིས་པ།  ལུས་ཀྱི་ཆགས་ཚུལ་བསྟན་པ། 

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །གྲུབ་པ་ལུས་གནས་བསྟན་པ་གསུངས་(གསུང་)དུ་གསོལ། །ཞེས་ཞུས་པ་ལས། དེ་ནས་ཡང་སྟོན་པས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་རིག་(འཛིན་)པ་ཀུན། །དང་པོ་གང་གི་དོན་དུ་གསོ་བ་ལུས། །གྲུབ་པ་ལུས་གནས་བསྟན་པ་འདི་ལྟ་སྟེ། །ཆགས་ཚུལ་འདྲ་དཔེ་ལྡང་ཚད་མཚན་ཉིད་དང༌། །དབྱེ་བ་ལས་དང་འཇིག་ལྟས་བདུན་དུ་བཤད། །དེ་ལ་དང་པོ་ཆགས་པའི་ཚུལ་བསྟན་པ། །ཆགས་རྒྱུད་(རྒྱུ་)འཕེལ་བྱེད་རྩ་(བཙའ་)རྟགས་རྣམས་(རྣམ་)པ་གསུམ། །

དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །དཔེར་ན་གཙུབས་ཤིང་དག་ལས་མེ་འབྱུང་མཚུངས། །ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐའ་(བསྐ་)ལ། །མཁྲིས་པས་རོ་སྒྱུར་(སྐྱུར་)མདོག་སེར་དྲི་མ་མནམས། །བད་ཀན་སྐྱ་དབྱར་རོ་མངལ་བསིལ་བ་སྟེ། །ཁྲག་གིས་རུལ་ཞིང་བད་རླུང་དུམ་བུར་ཆད། །ཁྲག་མཁྲིས་རྣག་འདྲ་བད་མཁྲིས་མདུད་པ་ཅན། །རླུང་མཁྲིས་སྐམས་ཅན་འདུས་པ་བཤང་ལྕི་(གཅི་)འདྲ། །འདི་དག་སྐྱོན་རེས་ས་བོན་བྱེད་མི་ནུས། །ལས་མ་འཛོམ་ན་རྣམ་ཤེས་མི་འཇུག་སྟེ། །ས་མེད་མི་འགྲུབ་ཆུ་མེད་སྡུག་མེད་འདོན(སྡུད་མི་ནུས)། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་འབྱེད། །ཁུ་བ་དཀར་ལྕི་མངར་ལ་མང་བ་དང༌། །ཟླ་མཚན་ཚོས་ཁུ་རི་བོང་ཁྲག་འདྲ་བ། །བཀྲུས་ན་དག་འགྱུར་སྐྱོན་མེད་མངལ་ཆགས་བྱེད། །བུ་(བུད་)མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །རླུང་གིས་མངར་(མངལ་)གྱི་སྒོར་འབྱིན་ཞག་གསུམ་འཛག །དེ་དག་ཉམ་ཆུང་བཞིན་རས་ངན་པ་དང༌། །ནུ་མ་སྐེད་པ་མགུལ་བ་མིག་དཀྱུ་(དཀུ་)གཡོ། །ཟླ་མཚན་ལྡན་པ་སྐྱེས་པ་འདོད་པའི་རྟགས། །མངལ་ཁ་བྱེད་(ཕྱེ་)ནས་ཞག་ནི་བཅུ་གཉིས་བར། །དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན། །གཅིག་གསུམ་ལྔ་བདུན་དགུ་པར་བུར་འགྱུར་ཏེ། །གཉིས་དང་བཞི་དྲུག་བརྒྱད་ལ་བུ་མོར་འགྱུར། །ཉི་མ་ནུབ་པས་པད་མའི་ཁ་ཟུམ་བཞིན། །བཅུ་གཉིས་འདས་ནས་ཁུ་བ་མངལ་མི་འདོན(སྡོད)། །ཁུ་བ་མང་བ་བུ་རུ་སྐྱེ་འགྱུར་གྱིས། །ཟླ་མཚན་མང་བ་བུ་མོར་སྐྱེ་བར་འགྱུར། །ཆ་མཉམ་མ་ནིང་བྱེ་ལས་མཚེ་མར་སྐྱེ། །སྐྱེ་གནས་མི་མཐུན་པ་དང་གཟུགས་མི་སྡུག །འདི་དག་གནོད་པོས་(པའི་)དྲི་མས་སྐྱེ་བར་འགྱུར། །མངལ་ཆགས་མཚན་མས་ས་བོན་འཛིན་པ་ལ། །འདོད་པ་ངོམ་(ངོམས་)ཤིང་ལུས་སྙོམས་ལྕི་བ་ཡིན། །ཕ་ཡི་ཁུ་བས་རུས་པ་གླད་(ཀླད་)གཞུང་སྐྱེད། །མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། །རང་གི་སེམས་ལས་དབང་པོའི་རྣམ་ཤེས་འབྱུང༌། །ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་བསྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་ལྤགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་བསྐྱེད་འགྱུར། །གོམ་པས་བྱ་བ་ལ་འཇུག་སྣང་བ་བསྐྱེད། །རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པས་ལུས་སུ་འགྲུབ། །

དེ་ལྟར་ཆགས་ནས་(ནས་)འཕེལ་བའི་ཚུལ་བསྟན་པ། །མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་སྟེ། །བུ་སྣོད་གཡས་གཡོན་རྩ་དང་ལྟེ་བ་འབྲེལ། །རྩ་གཉིས་བསམ་སེ་བཅུད་ཀྱི་རྟེན་དང་འབྲེལ། །དེ་ཕྱིར་མ་ཡི་ཁ་ཟས་དངས་མ་ཡིས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། །དཔེར་ན་རྫིང་ཡུལ་(ཡུར་)ཆུ་ཡིས་ཞིང་བསྐྱེད་འདྲ། །དེ་ནས་(ཡང་)བདུན་ཕྲག་གསུམ་བཅུ་རྩ་བརྒྱད་ཀྱི། །རླུང་གིས་བསྒྱུར་ནས་ཟླ་དགུར་འཕེལ་འགྱུར་ཏེ། །ཟླ་བ་དང་པོ་བདུན་ཕྲག་དང་པོའི་དུས། །འོ་མར་རུ་མ་བླུག་འདྲ་ཁུ་ཁྲག་འདྲེས། །བདུན་ཕྲག་གཉིས་པ་ནུར་ནུར་པོ་རུ་འགྱུར། །བདུན་ཕྲག་གསུམ་པ་ཞོ་ཆགས་ལྟ་བུར་སྣང༌། །སྐྱེས་བུ་འདོད་པས་དུས་འདིར་ཐབས་བསྟན་ཏེ། །མཚན་མ་གསལ་བར་མ་གྱུར་གོང་དུ་བྱས། །འདི་སྟོབས་ལྡན་པས་ལས་ཀྱང་ཟིལ་གནོན་ནུས། །སྐར་མ་རྒྱལ་ལ་སྐྱེས་པ་བུ་ཡི་གཟུགས། །ལྕགས་སྣ་ཁ་ཡར་ལས་བརྡུང་སོལ་མེ་ལས། །མདོག་འགྱུར་བསྲེགས་པ་བ་ཡི་འོ་མའི་ནང༌། །གོང་གི་གྲངས་བསུར་(གསུར་)ཁུ་བ་སྙིམ་གང་བླུད། །ཉི་མ་ཟླ་བའི་དྭངས་མ་བཟའ་བར་བྱ། །བཅིངས་དང་གདག་པའི་རྟེན་འབྲེལ་བསྟན་པར་བྱ། །ཉལ་པོ་རྩལ་གྲགས་(རྩོལ་དྲགས་)མཚན་མོ་གཉིད་མི་ལོགས། །ཉིན་གཉིད་ཤུགས་བཀགས་ཚ་སྣོད་(རྣོ་)ལྕི་བ་དང༌། །བཤང་བཀགས་ཟས་དང་རློན་འཁྲུས་མས་བཏང་དང༌། །གཏར་ག་ལ་སོགས་ཟླ་བརྒྱད་བར་དུ་སྤངས། །རིམ་པར་ཅི་ཕྱིར་མངལ་འཇིགས་འཆི་བའམ་དཀུ་སྐབས་(སྐམ་)འགྱུར། །བཞི་པ་གོར་གོར་ནར་ནར་མེར་མེར་པོ། །དེ་ནས་ཕོ་མོ་མ་ནིང་རིམ་པར་འགྱུར། །དེ་ལྟར་དཀུ་ལྗི་ལུས་རིད་ཡི་ག་འགག །བྱ་རྙོད་སྒྱིད་སྐྱུར་ནུ་མ་སྐྱེ་དྲག་དང༌། །སྐྱུར་ལ་དགའ་ཞིང་སྙིང་ལ་སྣ་ཚོགས་འདོད། །དེ་བཀག་མངལ་འཇིགས་གཟུགས་མི་སྡུགས་པར་འགྱུར། །དེ་བས་གནོད་པའང་ཕན་བསྲེས་ཅུང་ཟད་སྦྱིན། །ཟླ་བ་གཉིས་པ་བདུན་དྲག་(ཕྲག་)ལྔ་པ་ལ། །མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས། །དྲུགས་(དྲུག་)པ་ལྟེ་བ་ལ་བརྟེན་སྲོགས་(སྲོག་)རྩ་ཆགས། །བདུན་པར་མིག་གི་དབང་པོ་གཟུགས་སུ་དོད། །བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས། །དགུ་པ་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས། །ཟླ་བ་གསུམ་པ་བདུན་ཕྲག་བཅུ་པ་ལ། །དཔུང་པ་གཉིས་དང་དཔྱིད་(དཔྱི་)གཉིས་འབུར་དུ་ཆགས། །བཅུ་གཅིག་དབང་པོ་དགུ་ཡི་གཟུགས་དབྱིབས་དོད། །བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད། །བཅུ་གསུམ་པ་ལ་སྣོད་དྲུག་གཟུགས་དབྱིབས་དོད། །ཟླ་བ་བཞི་པ་བདུན་ཕྲག་བཅུ་བཞི་ལ། །དཔུང་རྐང་བརླ་རྐང་བཞི་པོའི་གཟུགས་དབྱིབས་དོད། །བཅོ་ལྔ་པ་ལ་རྐང་ལགས་(ལག་)རྗེ་ངར་དོད། །བཅུ་དྲུག་པ་ལ་སོར་མོ་ཉི་ཤུ་དོད། །བཅུ་བདུན་ཕྱི་ནང་འབྲེལ་བའི་རྩ་རྣམས་ཆགས། །ཟླ་ལྔ་བདུན་ཕྲག་བཅོ་བརྒྱད་ཤ་ཚིལ་ཆགས། །བཅུ་དགུ་པ་ལ་ཆུ་བ་རྒྱུས་པ་ཆགས། །ཉི་ཤུ་པ་ལ་རུས་དང་རྐང་མར་ཆགས། །རྩ་གཅིག་པ་ལ་ཕྱི་ཡི་ལྤགས་པས་གཡོགས། །དེ་ནས་ཟླ་དྲུག་བདུན་ཕྲག་རྩ་གཉིས་ལ། །དབང་པོ་སྒོ་དགུའི་བུ་ག་རྣམ་པར་དབྱེ། །རྩ་གསུམ་སྐྲ་དང་བ་སྤུ་སེ་མོ་སྐྱེ། །རྩ་བཞི་པ་ལ་དོན་སྣོད་གསལ་བར་སྨིན། །དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར། །རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང༌། །རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ། །དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས། །སུམ་ཅུའི་བར་དུ་ཐམས་ཅད་གསལ་རྫོགས་འགྱུར། །ཟླ་བ་བརྒྱད་པ་བདུན་ཕྲག་སོ་གཅིག་ནས། །སོ་ལྔའི་བར་དུ་ཐམས་ཅད་ཆེར་འཕེལ་བྱེད། །མ་དང་བུ་གཉིས་ཐང་རེ་གཟི་མདངས་འཕྲོ། །ཟླ་བ་དགུ་པ་བདུན་ཕྲག་སོ་དྲུག་ནས། །མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་བྱུང༌། །སོ་བདུན་པ་ལ་ལོག་པའི་འདུ་ཤེས་སྐྱེ། །སོ་བརྒྱད་པ་ལ་མགོ་འཇུག་(མཇུག་)བསྒྱུར་ནས་མངལ་ནས་འབྱིན། །འོན་ཀྱང་ཁྲག་ཟད་པས་འཕེལ་མི་ནུས། །མངལ་བརྒྱས་(རྒྱས་)ཟླ་བ་ཚངས་ཡང་བཙའ་བ་དཀའ། །རླུང་གིས་དཀུ་བཀག་ལོ་རུ་འགོར་ཡང་ཡོད། །

དེ་ལྟར་མངལ་དུ་འཕེལ་ཞིང་སྨིན་པའི་ཚེ། །ཟླ་དགུ་འདས་ནས་བཙའ་བའི་དུས་ཡིན་ཏེ། །དེ་ཡང་གཡས་ལོག་(ལོགས་)ལ་བརྟེན་དཀུ་གཡས་མཐོ། །ལུས་ཡང་རྨི་ལམ་དག་ན་སྐྱེས་པ་མཐོང༌། །ནུ་ཞོ་གཡས་པ་སྔར་འབྱུང་ཁྱེའུ་སྐྱེ། །སྐྱེས་པ་འཕྲད་འདོད་གླུ་གར་རྒྱན་ལས་དགའ། །གོང་ལས་ལོགས་པ་བུ་མོ་སྐྱེ་བའི་རྟགས། །དེ་རྟག་(རྟགས་)འདྲེས་ལས་མ་ནིང་འབྱུང་བ་སྟེ། །དབུས་དམའ་མཐའ་གཉིས་མཐོ་ནས་མཚེ་མར་སྐྱེ། །དེ་ནས་མྱུར་དུ་བཙའ་རྟགས་ལུས་སྙོམས་ཞིང༌། །དཀུ་ལྷོད་སྨད་ལྗི་ཚངས་(ཚང་)ར་སྐད་(སྐེད་)པ་ན། །ལྟོ་བ་ཆུ་སོ་ན་ཞིང་ལྡང་པར་བྱེད། །མཚན་བྱེ་གཅིན་མང་དབང་མེད་ན་ཟུག་ལྡང༌། །བུ་(བུད་)མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ། །སྲོག་འབྲལ་འདྲ་བའི་ནད་གསོ་ཚས་ཀྱིས་གསོ། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ལུས་ཀྱི་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 12:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།