སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གཉིས་པ། རླུང་གི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.02.2021
མན་ངག་རྒྱུད། >>

                

ལེའུ་གཉིས་པ། རླུང་གི་ནད་གསོ་བ།

 དེ་ལྟར་ཞུས་པ་ལ་བོས་ཏེ་ཉན་པར་གདམས་པ་བརྗོད་དོན་མདོར་བསྟན་རྒྱས་བཤད་གསུམ་ལས་དང་པོ་ཉན་པ་གདམས་པ་ནི། དེ་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཉིས་པ་མདོར་བསྟན་པ། དང་པོ་ཉེས་གསུམ་གསོ་བའི་སྐབས་བསྟན་པ། །རླུང་དང་མཁྲིས་པ་བད་ཀན་གསུམ་དུ་བཤད། །དེ་ལ་རླུང་ནི་ནད་ཀུན་འཁྲུག་པའི་རྒྱུ། །ནད་ཐམས་ཅད་ཀྱི་སྣ་འདྲེན་ཀུན་མཇུག་སྡུད་པར་བྱེད་ཅིང་འཐོར་དང་ཁྱབ་པར་བྱེད། །རང་རྒྱུད་གདུག་ཅིང་ནད་རིགས་མང་པོར་རྩུབ་པའི་ཕྱིར། །ཐོག་མར་རླུང་གི་བཅོས་ཐབས་བཤད་པར་བྱ།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་མདོར་བསྡུས་པ་དང་མཇུག་བསྡུ་བའོ། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན། །དང་པོ་བྱེ་བྲག་ཏུ་བཤད་པ་ལ་སྤྱི་དོན་ལྔ་སྟེ་རླུང་གི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་ལྔ་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་རླུང་ནད་མ་རིག་ལས་བྱུང་འདོད་ཆགས་ཀྱིས། །སྤྱི་དོན་གཉིས་པ་བསྐྱེད་རླུང་མཚན་ཉིད་ཡང་རྩུབ་གྲང་ཕྲ་སྲ་གཡོ་དྲུག་ལྡན་ཐ་མལ་སྣོད་མ་གྱུར་ལ་གནས། །དེ་སློང་བའི་རྐྱེན་རོ་ཁ་བ་དང་ནུས་པ་དང་ཡང་རྩུབ་བསྟེན་དྲགས་པ་དང༌། །ཆགས་པས་དུབ་དང་ལྟོ་དང་གཉིད་ཆག་དང་། །ལྟོ་སྟོང་ལུས་ངག་བྱ་བ་དྲག་ཤུལ་དང༌། །ཁྲག་མང་ཟགས་པ་དང་འཁྲུ་སྐྱུགས་དྲག་པོས་བཏབ་པ་དང་། །རླུང་དུས་བསེར་བུས་བུས་དང་ག་ཆད་ངུས་པ་དང་། །མྱ་ངན་གྱིས་སེམས་ལས་ཁ་ཡི་ལས་ཆེས་དང༌། །བཅུད་མེད་པའི་ཁ་ཟས་ཡེན་ལ་གཏད་པ་དང༌། །ཤུགས་བཀག་ཡོད་བཞིན་དུ་བཀག་པའམ་བཙུམ་པ་དང་མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་ཡི། །བཤད་རྒྱུད་ལེའུ་བཅུ་བཞི་ལས། བཀྲེས་བཀག་ནས་ཁུ་བའི་ཤུགས་ནེ་བཀག་མི་བྱ་ཞེས་པའི་བར་བསྟན། རྐྱེན་དེས་དང་པོར་རང་གནས་དཔྱི་རྐེད་རུས་ཚིགས་རེག་བྱ་རྣ་བ་དང་ཁྱད་པར་ཞུའི་གནས་ལོང་རྣམས་སུ་རླུངའཕེལ་ཞིང་གསོག་པའོ། །རང་གིས་ཆེར་ནུས་པ་དང་སྟོབས་རྒྱས་ནས་དེ་རྣམས་ནམ་ཞིག་རྐྱེན་ཕྲད་ནས་སློང་། །རྐྱེན་ཁ་དྲག་ན་གསོག་ལྡང་གཉིས་དུས་གཅིག་བྱེད་པའང་ཡོད། །བསགས་ཏེ་ལངས་ནས་འཇུག་སྒོ་ཤར་རྒྱས་པགས་འགྲམ་རྩར་རྒྱུགས་རུས་ཞེན་དོན་བབ་སྣོད་ལྷུང་དྲུག་ཏུ་ཞུགས་ཏེ་རླུང་གི་རང་རྟགས་སྟོན་ཅིང་། །ལུས་ལ་བདེ་བའི་གོ་སྐབས་མེད་པར་རླུང་ནད་ནང་ཚེགས་བཅོ་ལྔ་མ་གཏོགས་པ་དྲུག་ཅུ་རྩ་གསུམ་འབྱུང༌།། སྤྱི་དོན་གསུམ་པ་དེ་ལ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་། །སྤྱི་ལ་དབྱེ་ན་རིགས་ཀྱི་དབྱེ་བ་དང་དང་གནས་ཀྱི་དབྱེ་བ་གཉིས་སུ་སྦྱར་བའོ། །དང་པོ་རིགས་ཀྱི་དབྱེ་བ་ནི་གཞན་རྒྱུད་ལོག་པའི་ལམ་ཞུགས་པ། །རླུང་ནད་འདི་ནས་བཟུང་ཨ་ཝརྟ་དང་གཅིག་ད་རྒན་ཕྱིར་དགྱེད་དང་ནང་གུག་གཉིས་སྟེ་གསུམ་། །འགྲམ་པ་ཉམས་པ་དང་བཞི་ལྕེ་ལྡིབ་བྱེད་དང་ལྔ་ཕྱོགས་གཅིག་གུག་དང་དྲུག་ །རྩ་འཛིན་དང་བདུན་གཞོགས་ཕྱེད་སྐམས་དང་བརྒྱད་ལུས་ཀུན་སྐམས་དང་དང་དགུ། །ཤིང་རེངས་དང་བཅུ་དཔུང་འཇའ་དང་བཅུ་གཅིག་བི་ཤ་ཙེ་དང་ནི་བཅུ་གཉིས་། །སྲ་འཐེང་དང་ནི་བཅུ་གསུམ་བརླ་རེངས་དང་བཅུ་བཞི་ཅེ་སྤྱང་མགོ་དང་བཅོ་ལྔ། །ཚེར་མ་དང་བཅུ་དྲུག་

གཟུགས་འཁུམས་དང་ནི་བཅུ་བདུན་ཁ་ལི་དང་བཅོ་བརྒྱད་རྐང་བརྩེ་དང༌བཅོ་དགུ་། །ཉི་ཤུ་རྐང་པ་ཚ་བ་ཞེས་བྱ་བ་རླུང་ནད་རིགས་ཉི་ཤུར་བཤད། །དེ་རྣམས་མདོར་བསྡུས་ན་རེངས་པ་འཁུམས་པ་གཉིས་སྐམས་དང་སྦོས་པ་གཉིས་དང༌། །འཕྱེས་པ་དང་གཟེར་བ་འཕྱོས་པ་དང་བོག་པ་བཞི་སྟེ་བརྒྱད་དུ་བསྡུའོ། །གནས་ཀྱི་དབྱེ་བ་ནི་རང་རྒྱུད་གནོད་བྱ་ལ་ཞུགས་པའི་རླུང་། །ལྤགས་ལ་གྲམ་པ་ཤར་རྒྱས་པ་རྩ་རུ་རྒྱུ་བ་དང༌། །རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང༌། །དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། །དེ་ལ་དང་པོ་ལྤགས་ལ་གྲམ་པ་གཅིག །གཉིས་པ་ཤར་རྒྱས་པ་ལ་ཤ་དང་ཚིལ་ལ་ཞུགས་པ་གཉིས། །གསུམ་པ་རྩར་རྒྱས་པ་ལ་རྩ་ཆུ་བ་ཁྲག་ལ་ཞུགས་པ་གསུམ། །བཞི་པ་རུས་ཞན་ལ་རུས་ཚིགས་པ་རྐང་དང་བཅུད་ལ་ཞུགས་བཞི། །ལྔ་པ་དོན་བབས་ལ་གློ་དང་སྙིང་དང་མཆིན་པ་མཆེར་པ་དང་མཁལ་མ་ཞུགས་ལྔ། །དྲུག་པ་སྣོད་ལྷུང་ལ་ཟས་དང་མ་ཞུ་པ་དང་ཞུ་བའི་གནས་དང་། །མཁྲིས་པ་བཤང་གཅི་མངལ་དུ་ཞུགས་པ་བདུན། །དབང་པོ་ལྔ་ལ་མེ་ཏོག་ཤར་བ་ནི་མགོ་དང་མིག་དང་རྣ་བ་དང་སྣ་དང་སོ་དང༌། །ཀུན་ལ་སྤྱི་ཁྱབ་ཏུ་ཞུགས་པ་དང་དེ་ལྟར་པགས་ལ་གྲམ་པ་དང་གཅིག་ཤར་རྒྱས་པ་དང་གཉིས་རྩར་རྒྱུ་བ་དང་གསུམ་རུས་ལ་ཞེན་པ་དང་བཞི་སྣོད་དུ་ལྷུང་བ་དང་བདུན་དབང་པོ་ལྔ་ཀུན་ལ་གཅིག་ཏེ་བསྡོམས་་པས་གནས་ཀྱི་དབྱེ་བ་ཉི་ཤུ་བརྒྱད་དུ་བཤད་དོ།དེ་རྣམས་མདོར་བསྡུས་ན་མགོ་རླུང་སྙིང་རླུང་གློ་རླུང་དང་། །མཆིན་རླུང་ཕོ་རླུང་ལོང་རླུང་མཁལ་རླུང་བདུན་འདི་ཡན་ཆད་ལ་རླུང་ནད་དྲུག་ཅུ་ཙ་གསུམ་འགྲིག་དགོས་པ་ཡིན་གཉིས་པ་ནང་ཚེགས་བྱེ་བྲག་ཏུ་དབྱེ་བ་ན་རཏྣ་སྲོག་འཛིན་གྱེན་རྒྱུ་དང་། །ཁྱབ་བྱེད་མེ་མཉམ་དང་ཐུར་སེལ་རྐྱང་པ་ལྔ། །ལྔ་པོ་དེ་དག་བད་ཀན་དང་འདྲེས་པ་ལྔ་དང་དེ་སྟེང་མཁྲིས་པར་འདྲེས་པས་ལྔ་བཅས་བཅུ་རུ་བཤད།  

 སྤྱི་དོན་བཞི་པ་  བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །སློང་བ་རྒྱུ་ཡི་སྒོ་ནས་བརྟག་པ་དང༌། །མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། །ཕན་གནོད་གོམས་པའི་སྒོ་ནས་བརྟག་པའོ། །དང་པོ་སློང་བ་རྒྱུ་ལ་བརྟག་པ་ནི། །གོང་གི་ཟས་དང་སྤྱོད་ལམ་གྱིས་རྐྱེན་དེ་རྣམས་ཀྱིས། །བསླང་ནས་ན་ན་རླུང་ནད་ལས་གཞན་མི་སྲིད། །དེ་ཕྱིར་དང་པོ་རྒྱུ་བརྟག་ལ་རྟག་པར་གཅེས་པ་ཡིན། །གཉིས་པ་མཚན་ཉིད་རྟགས་ལ་སྤྱི་རྟགས་དང་བྱེ་བྲག་གཉིས་ལས་། །དང་པོ་སྤྱི་རྟགས་རྩ་ནི་སྟོང་ལ་རྐྱལ་བ་དང༌། །ཆུ་ནི་ཆུ་འདྲ་དྭངས་ལ་ལོག་རྗེས་སླ། །འགྲོ་འདོད་ཁ་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། །མགོ་བོ་ཟི་འཁོར་རྣ་བ་འུར་ལ་འཁྲོག །ལྕེ་སྐམ་དམར་རྩུབ་ཁ་རོ་བསྐ་བ་བྲོ། །གཟེར་འཕོ་ཞིང་གྲང་འདར་བྱེད་ཤ་འགུལ་ལ་ཁྱབ་ཟུག་ཅིང་གཟེར་འདུས་དང་སྙོམ། །རེངས་འཁུམས་པ་དང་བྱེ་བ་དང་ཆག་པ་འབྱིན་དང་དཀྲིས་སྙམ་དུ་སེམས་པར་བྱེད། །འགུལ་ན་ཟུག་ཆེ་སྤུ་བརྩེ་ཕྲུམ་བསེར་ཁྱེར། །གཉིད་མེད་གཡལ་འདར་བྱ་རྨྱང་འདོད་ཅིང་ཚིག་པ་ཟ། །དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་པར་བརྡུངས་སྙམ་བྱེད། །ལྟག་པ་བྲང་དང་མུར་འགྲམ་ཟུག་ཅིང་གཟེར། །རླུང་གསང་དྲུག་བདུན་རྣམས་ནི་ཁ་བྱེ་མནན་ན་ན། །སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ལྦུ་གསོབ་ལུ། །སྦོ་འཁྲོག་བྱེད་ལ་དགོང་དང་ཐོ་རངས་ཟས་ཞུ་རྗེས་ལ་ན། །གཉིས་པ་བྱེ་བྲག་བརྟག་པ་ནི་རླུང་གིས་སྒུར་པོར་བསྡུས། །འཁུན་ཞིང་དྲན་མེད་མིག་འཛུམ་མི་ཤེས་ཧར་དབུགས་འབྱིན་དཀའ། །དེ་མིང་རླུང་ནད་ཨ་ཝརྟ་ནར་ཁྲག་འཛག་བྱེས་ལ་བྱུང་ན་གསོ་དཀའ་བཤད། །ད་རྒན་ཕྱིར་དགྱེ་བྲང་འབུར་གཉའ་བ་འཁུམས་པ་ལྟར་བསྟུངས། །ལྟག་པ་དགྱེ་ལ་སོ་འཆའ་ལྦུ་བར་སྐྱུག །མགོ་དང་འགྲམ་པ་རྒྱབ་ན་སྐད་མི་ཕྱིན། །མིག་ཧར་གཡལ་འབྱུང་རྩིབ་ལོགས་གཉིས་སུ་ཟུག །ད་རྒན་ནང་གུག་ན་ཚུལ་དེ་འདྲ་ལ། །སྐེ་བསྟུངས་བྲང་དུ་བསྡུས་ཏེ་རོ་སྟོད་འབུར་དེ་གཉིས་རྨས་པ་བྱུང་བ་སྤང་། །འགྲམ་པ་ཉམས་པར་ཁ་འཐམས་ནས་འབྱེད་མི་ཤེས་པར་འཕྱང་བ་འབྱེད་འཛུམ་ཉམས་པས་སྨྲ་མི་ཤེས། །ལྕེ་ལྡིབ་ནི་བཟའ་བ་དང་བཏུང་བ་སྨྲ་བ་དཀའ་ལྐུགས་ལྡིབ་ཅིང་ཐེན། །གཞོགས་གཅིག་གུག་པ་ནི་ཁ་གདོང་ཡོ་མགོ་བོ་འདར། །ཚིག་ཐོགས་ནི་ཚིགས་མི་ཐོན་པར་ལྐུགས་བརྡ་བྱེད་པ་མིག་མི་ཤེས་ཤིང་རེངས་དྲན་པ་ཉམས་གཉིད་ལོག་དངངས། །རྩ་འཛིན་ནི་རླུང་ཁྲག་འཁྲུགས་པས་སྤྱི་བོའི་རྩར་ཞུགས་ཏེ། །ནད་ཚབས་དྲག་ལ་སྤྱི་གཙུག་ཤ་མདོག་ནག །གཞོགས་ཕྱེད་སྐམས་པ་ནི་ཚོར་མེད་བྱ་བ་ཉམས། །ལུས་ཀུན་སྐམས་པ་ནི་ལུས་ཐམས་ཅད་དེ་དང་འདྲ་བའི་སྐམས་ཅིང་བྱ་བ་མི་སྒྲོལ། །ཤིང་རེངས་རྐང་ལག་དང་ལུས་རེངས་བ་དགྱེ་དགུ་མི་ཤེས་ཤིང་ལྟར་རེངས། །དཔུང་འཇའ་བ་ནི་ཕྲག་པར་རླུང་ཞུགས་པས་འདེགས་སོགས་བྱ་བ་ཉམས་ཅིང་དཔུང་པ་དང་འཕྲག་པར་ན། །བི་ཤ་ཙེ་ནི་ལག་སོར་རེངད་དམ་འཁུམས་ནས་བྱ་བ་ཉམས། །སྲ་འཐེང་ནི་བརླ་ནང་གི་ཆུ་བ་ལ་ཞུགས་པས། །འགྲོ་ཚིགས་ལུས་འདར་ཚིགས་མཚམས་ཅིང་འཁྲུལ་ལྷོད་འཐེང་ཞིང་རྐང་པ་འཕྱེས་ཏེ་བཤལ་། །བརླ་རེངས་ནང་ལ་ཞུགས་པ་བད་ཀན་ཚིལ་འཕེལ་ཏེ་བརླ་རུས་ཞེན་པས་། །གྲང་ཞིང་ཚོར་བ་མེད་པར་བེམ་པོར་བྱེད་འདེགས་པ་དཀའ་ཞིང་ལྕི་བའོ། །རླུང་ཁྲག་པུས་མོར་སྐྲངས་པ་ཅེ་སྤྱང་མགོ་ཞེས་བྱ། །ལོང་མོར་ཞུགས་པ་རླུང་ནད་ཚེར་མ་སྟེ། །རྟིང་ཆུར་ཞུགས་པ་ན་ཆུ་འདུས་བྱིན་པ་རེངས་ཅིང་ན་བ་གཟུགས་འཁུམས་ཡིན།།གཟུགས་རྐང་པར་འཁུམས་པ་དང་ལག་པར་བི་ཤ་ཙེ་འདོམ་ཁ་ལིར་བཤད། །རྐང་པ་བརྩེ་བ་ཙག་ཙག་བྱེད་ཅིང་རྐང་བརྩེ་ཞེས་བྱ་སྟེ། །རྐང་པ་ཚ་བ་ནི་དྲོད་བཅས་བཞིན་འགྲོ་ཚེ་ཁྱད་པར་ཚ། །མདོར་བསྡུས་རེངས་འཁུམས་དགྱེ་དགུ་བརྐྱང་བསྐུམ་ཉམས། །སྐམས་པ་ནི་ཚོར་མེད་བྱ་ཉམས་ཤ་ལྤགས་འབྱར་བའོ། །སྦོས་པ་ནི་གཡོ་ཞིང་སྐྲངས་ལ་འཕེལ་འབྲི་བྱེད་པའོ། །འཕྱེས་པ་ནི་སྨད་བཤལ་ཅིང་རྐང་པ་ལྕི་ལ་བེམ་པའོ། །གཟེར་བ་ནི་ཀར་ཟུག་ཏུ་ནད་དྲག་པོ་ངེས་མེད་དུ་འཕོ་བའོ། །འཕྱོས་པ་ནི་གཉིད་མེད་མང་དུ་སྨྲ་ངུ་བྲོ་དགོད། །ལྐུགས་པ་ནི་སྟོབས་དང་དྲན་པ་ཉམས་ཏེ་སྨྲ་མི་ཤེས་པའོ

།གནས་དང་སྦྱར་ན་ལྤགས་ལ་རླུང་གྲམ་པ་ནི་། །གས་སྙམ་བྱེད་རེག་པ་རྩུབ་ལ་བརྩེ་བ་རེག་མི་བཟོད་པ་ཡིན། །ཤར་ཞུགས་སྐྲངས་རྩུབ་མདོག་འགྱུར་འབྲུམ་པ་འབྱུང་། །ཚིལ་ཞུགས་ནི་ཡིད་འཆུས་ལུས་སྐྲངས་རྨེན་བུ་སྐྱེད། །རྩར་ཞུགས་རྩ་དེ་སྟོང་ལ་སྦོམ་པོར་སྐྲངས། །ཁྲག་ཞུགས་གཉིད་ཆེ་རྩ་རྣམས་དམར་ཤ་མདོག་མི་སྡུག །ཆུ་བར་ཞུགས་པ་ཞ་རེངས་འཐེང་པར་བྱེད། །རུས་ཞུགས་ཟུག་ཆེ་ཤ་སྐམས་ཉམ་སྟོབས་འཛད། །ཚིགས་ཞུགས་སྟོང་སྦོབ་རྩ་སྐྲངས་ནས་ད་རྒན་ནད་འགྱུར། །རྐང་ཞུགས་གཉིད་མེད་དཀྲིས་སེམ་བཙིར་ན་ཕན། །ཁུ་བར་ཞུགས་པ་སྐམ་མམ་མདོག་འགྱུར་ལུག་པའི་ཕྱིར། །སྙིང་ཞུགས་རོ་སྟོད་གང་ཞིང་ཤུས་འདེབས་ཤེས་པ་འཕྱོ། །གློར་ཞུགས་བྱད་སྐྲངས་ལུད་པ་མི་ཁོགས་ལྦུ་གསོབ་ལུ། །མཆིན་ཞུགས་བཀྲེས་དུས་གཡལ་མང་འཕྱོངས་ནས་ཅོང་ཅོང་ན། །མཆེར་ཞུགས་ལུས་སྐྲངས་སྦོ་འཁྲོག་མཆེར་སྟེང་དུ་གཟེར། །མཁལ་ཞུགས་མཁལ་རྐེད་ལྷང་ལྷང་ན་ཞིང་རྣ་བ་འོན། །ཟས་ལ་རླུང་ཞུགས་ཁ་ཟས་ཟོས་རྗེས་ལ་ན། །མ་ཞུའི་གནས་ཞུགས་སྒྲེག་སྐྱུག་ཡི་ག་འགག །སྦོ་འཁྲོག་ཕོ་བ་སྐོམ་དད་ཆེ་ལ་དབུགས་མི་བདེ། །ཞུ་བའི་གནས་ཞུགས་གཟེར་ཞིང་སྦོ་འཁྲོག་བྱེད། །བཤང་བ་འགག་ཅིང་ཆུ་སྲི་རྐེད་པ་མཇུག་ཏོ་རོ་སྨད་ན། །མཁྲིས་ཞུགས་ཁོང་མཁྲིས་དེ་སྦོ་གཟེར་འཇུ་དཀའ་མིག་སྤྲིན་སེར། །བཤང་བར་ཞུགས་ན་རླུང་འཁྱིལ་རྟུག་སྐམ་སྒྲ་བཅས་འཁྲུ། །གཅིན་ཞུགས་ལྒང་པ་བསིལ་སྦོ་ཆུ་ཁ་སྲི་འམ་སྙི། །མངལ་ཞུགས་ན་འབུར་པོར་འདྲིལ་ཏེ་མངལ་ཁྲག་སྡོམ་མམ་ཡང་ན་རྒྱུན་དུ་འཛག །མགོར་ཞུགས་མགོ་འཁོར་ཞིང་ཟི་འཁྱོམ་འགྲོ་བ་དང་ཤེས་པ་བརྟད་མི་ཚུགས། །མིག་ཞུགས་རྩ་དམར་ལུག་སྙམ་བྱེད་ཅིང་བསེར་བུ་གནོད། །རྣ་བར་ཞུགས་པ་འུར་འཁྲོག་སྟོང་སྙམ་གཟེར། །སྣར་ཞུགས་སྣ་འགག་ཆུ་འཛག་དྲི་མི་ཚོར། །སོར་ཞུགས་པ་སོ་སྙིལ་བེར་བ་ལངས་ནས་ན་ཞིང་སྐྲངས། །ལུས་ཀུན་ཞུགས་པའི་ནད་ཀུན་ཁྱབ་སྤྱི་རྟགས་འདྲ། །མདོར་བསྡུས་མགོ་རླུང་མགོ་འཁོར་རྣ་བ་འུར། །སྐྱུག་ཅིང་ལངས་ན་འགྱེལ་བུབ་ཕྱི་རོལ་གྱི་ཡུལ་སྣང་བ་རྣམས་གཡོར་ཞིང་འཁྱོམ། །སྙིང་རླུང་ནི་ལུས་འདར་སྟོད་རྒྱངས་ཤེས་པ་འཁྲུལ། །སྨྲ་བ་འཆལ་མགོ་འཁོར་གཉིད་ཆུང་ཤུ་ཡིས་འདེབས། །གློ་རླུང་ནི་གཉིད་ཆུང་ལུད་པ་ཁོགས་དཀའ་ལྦུ་གསོབ་ལུ། །ལུས་རྒྱངས་བྱེད་ཅིང་སྐྱུག་དང་སྐབས་སུ་མིག་སྐྲངས་ནུབ་མོར་གློ་མང༌། །མཆིན་རླུང་སྒྲེག་ཅིང་སྟོད་གཟེར་སྒལ་འདབ་ཀྱི་བཤུལ་ཤ་ན། །ཁ་ཟས་ཡི་གར་མི་འོང་མིག་མི་གསལ། །དགོང་དང་ཐོ་རངས་མཆིན་པ་འཕྱོང་ཐག་ཆད་དེ་མཆིན་དྲི་དང་འབྲེལ་ཐག་ཆད་སྙམ་བྱེད་ནས་ན། །ཕོ་རླུང་དབུགས་རྒོད་སྦོ་ལ་སྟོང་སྒྲེག་བྱེད། །ཕོ་བ་འབྲབ་སྙམ་བྱེད་ཟོས་རྗེས་བདེ་བར་མངོན། །ལོང་རླུང་ནི་སྦོ་འཁྲོག་འཁྲུ་དང་འོག་རླུང་མང༌། །མཁལ་རླུང་ནི་མཁལ་རྐེད་ན་ཞིང་རྣ་བ་འུར། །ནང་ཚེགས་རླུང་ནད་རྣམ་ལྔ་ནད་གྱུར་རྟགས། །སྲོག་རླུང་ནི་ཟས་རྩུབ་པ་ཟོས་པར་གནོད་ཅིང་སྨྱུང་དང་དྲག་ཤུལ་ལས། །ཤུགས་བཀག་བཙིར་བས་ཞེས་པ་རྣམས་མ་བྱུང་བཞིན་དུ་བཙིར་བ་འཁྲུགས་ཏེ་མགོ་བོ་འཁོར། །སྙིང་འཕྱོས་དབུགས་སྡུད་དཀའ་ཞིང་མིད་མི་ཐུབ། །སྟོད་རྒྱུ་ནི་རྒྱུ་སྒྲེག་པ་དང་སྐྱུག་པ་དང་བཀག་དང་ངུ་བ་དགོད་པ་དྲགས་པ་། །ཁུར་ལྕི་བ་ཁུར་ཅིང་བཏེག་པས་འཁྲུགས་ཏེ་དིག་ཅིང་ལྐུགས། །སྨྲ་དཀའ་སྟོབས་ཆུང་ཁ་ཡོ་དྲན་པ་ཉམས། །ཁྱབ་བྱེད་ནི་འགྲོ་འདུག་རྩེད་མོ་དྲགས་པ་དང༌། །འཇིགས་དང་ཡི་མུག་པ་དང་ཁ་ཟས་རྩུབ་པས་འཁྲུགས་ཏེ་། །སྙིང་སྤྱུགས་སྤྲུགས་པའི་ཉམས་བྱེད་བརྒྱལ་འབོག་མང་དུ་སྨྲ་བ་དང། །འགྲོ་སྙིང་འདོད་འཇིགས་དང་སྐྲག་མི་སྙན་ཚིག་གིས་ནད་སློང༌། །མཉམ་གནས་ནི་འཇུ་དཀའི་ཟས་དང་ཉིན་གཉིད་ཀྱིས། །འཁྲུགས་པས་ཕོ་བ་གྲང་ཞིང་ཟས་མི་ལེན། །སྐྱུག་ཅིང་ཁ་ཟས་མི་འཇུ་རླུང་གསུས་ཁྲག་འདྲེས་པའོ་འདྲེས

། །ཐུར་སེལ་ནི་བཤང་གཅི་ཕྱེན་དང་ཁུ་བ་ཡི། །ཤུགས་བཀག་གམ་བཙིར་བས་འཁྲུགས་ཏེ་སྨད་ཀྱི་རུས་མིག་ཁོལ། །ཡན་ལག་གི་ཚིགས་འཁྲུལ་ཞིང་འཕྱེས་སྟེ་ལྷོད་ལྷོད་པོར་གྱུར་ཅིང་བཤལ་བ་དབུགས་ངན་དྲི་ཆུ་སྡོམ། །དེ་དག་ལྔ་པོ་གང་ཡང་མཁྲིས་པར་འདྲེས་པ་ཡིས། །ཚ་བ་སྐྱེ་ཞིང་མིག་ཆུ་སེར་བར་བྱེད༌།  བད་ཀན་འདྲེས་པས་ལྕི་བསིལ་རྨོངས་པར་འགྱུར། །གསུམ་པ་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། །ཤ་ཆང་བུར་མར་དྲོད་བཅུད་བསྟེན་པ་དང༌། །བསྐུ་མཉེ་མེ་ཉིས་དྲོས་ཤིང་འགྲངས་ན་བདེ། །ཆུ་གྲང་བ་དར་ལོ་ཤུར་རྙིད་པའམ་རིད་པ་གཡེར་མ་ཇ། །བཀྲེས་སྐོམ་གྲང་དང་སྨྲ་བརྗོད་ཉལ་པོ་དང༌།  །གཉིད་ཆག་སེམས་ལས་ཆེ་བའི་དུས་ན་གནོད་པས་འདི་ལྟར་རླུང་དུ་ཤེས་པར་བྱའོ། །མདོར་བསྡུས་དང་པོ་ཟས་སྤྱོད་རླུང་ལ་གནོད་པས་བསླང༌པ་དང་། །བར་དུ་ནང་རྟགས་རྩ་སྟོང་ཆུ་དྭངས་གཡལ་མང་ལུས་འདར་བྱ་རྨྱང༌འདོད། །སྤུ་བརྩེ་དགོང་དང་ཐོ་རངས་ཞུ་རྗེས་ན་བ་དང་གཉིས་། །ཐ་མ་བསིལ་གནོད་དྲོད་བཅུད་ཕན་འགྱུར་བ་ངག་གསུམ་བསྟན་ན། །ནད་གང་ནས་ཡིན་ཡང་རླུང་གི་མི་འགྱུར་བའི་རྟགས་ཡིན་པས་ངེས་སོ

སྤྱི་དོན་ལྔ་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་ཐབས་ཟས་སྤྱོད་སྨན་དཔྱད་བཞི། །དང་པོ་ཟས་ཀྱི་སྒོ་ནས་བཅོས་པ་ནི། །ཟྭ་དང་བཙོང་སྒོག་ཟན་སྐམ་ལོ་ལོན་པའི་རུས་ཚོད་དང༌། །ལུག་ཤ་གཡག་ཤ་རྟ་བོང་འཕྱི་བ་མི་ཡི་ཤ་རྣམས། །ལོ་ལོན་པར་ཡིབ་མ་བུ་རམ་མར་རྙིང་འབྲུ་མར་དང༌། །ཟན་དྲོན་འོ་མ་ཆང་དང་བུར་ཆང་སོགས། །དྲོ་ཞིང་སྣུམ་བཅུད་ཟས་ཀྱིས་བཅོས་པར་བྱ། །གཉིས་པ་སྤྱོད་ལམ་གཡེང་བ་མེད་པའི་ངང་མུན་ཁུང་དྲོ་བའི་གནས་སུ་། །གོས་མཐུག་གཉིད་ལོག་སྙན་ཚིག་སྨྲ་བ་དང༌། །ཡིད་དུ་འོང་བའི་གྲོགས་ཀྱིས་བཅོས་པར་བྱ། །གནོད་ཅིང་གོང་གི་རྒྱུ་རྟགས་སྐབས་ཀྱི་སྐྱེད་པའི་ཟས་སྤྱོད་དུས་ཀུན་སྤང༌། །གསུམ་པ་སྨན་ནི་ཁུ་བ་དང་ཆང་དང་འདོན་སྦྱོར་དང༌། །ཕྱེ་མ་སྨན་མར་ལྔ་ལས་དང་པོ་ནི་ཁུ་བ་། །སྲེ་ལོང་དང་སོག་པའི་ཡུ་བ་དང་གཞུག་ཆུང་འདི་གསུམ་ལ་རུས་བཅུད་གསུམ་ཞེས་ཟེར་བསྡུས་ཁུའམ། །ལུག་གི་རུས་པ་སྣ་ཚོགས་བསྡུས་ཁུར་སྤོད་སྒ་པི་ཕོ་གསུམ་ཤིང་ཀུན་བཏབ་ཏེ་བཏང༌། །རླུང་ནད་མ་ལུས་ཀུན་ལ་ཕན་པ་ཡིན། །ཤ་མར་བུར་རྙིང་ཆང་དུ་བསྡུས་པའི་བཅུད་བཞི་ཐང༌། །རླུང་ནད་ཀུན་སེལ་ཅིང་མཆོག་ཏུ་སོ་ལ་ཕན། །དེ་ལ་ཛཱ་ཏི་ཁ་རུ་ཚྭ་དང་ཤིང་ཀུན་ཁ་ཚར་བཏང༌། །སྙིང་དང་སྲོག་རྩར་ཞུགས་པའི་རླུང་རྣམས་སེལ། །ལུག་མགོ་ལོ་གསུམ་ལོན་པའི་བསྡུས་ཁུ་ལ་ཤ་རུས་ཀླད་པ་བཅས་པ་ཚོས་པར་གདུས་། །ཤིང་ཀུན་སྒ་དང་རྒྱམ་ཚྭ་ཁ་ཚར་བཏབ། །རླུང་ནད་ཀུན་འཇོམས་ཁྱད་པར་མགོ་རླུང་སེལ། །སྒ་དང་ཤིང་ཀུན་དུ་མ་བསྡུས་པའི་ཁུ་བ་ལ། །ཁ་རུ་ཚྭ་བཏབ་རླུང་ནད་ཀུན་ལ་ཕན། །ཁྱད་པར་ཕོ་ལོང་རླུང་དང་སྙིང་རླུང་སེལ། །སྒ་དང་གོ་སྙོད་ཛཱ་ཏི་བསྡུས་པའི་ཐང༌། །རླུང་ནད་མ་ལུས་འཇོམས་ཤིང་དྲན་པ་གསལ། །གཉིས་པ་ཆང་ནི་ལྕ་བ་ར་མཉེ་ཟན་ཆང་ཕྱི་རྒྱུད་སྨན་ཆང་སྦྱོར་བའི་སྐབས་ལྟར་ལ། །གྲོ་ཡི་ཆང་བསིངས་ནས་བཏང་ན་རླུང་ནད་མ་ལུས་འཇོམས། །མཆོག་ཏུ་མཁལ་རྐེད་སྨད་ཀྱི་རླུང་ལ་ཕན། །(འདི་ལ་སོགས་ཏེ་སྦྱོར་སྡེའི་སྨན་མིང་སོ་སོར་མཆན་བུས་མི་གསལ་བ་རྣམས་ཕྱི་རྒྱུད་བཞིན་རྟོགས་པར་བྱའོ།) །བུ་རམ་ཆང་གིས་རླུང་ནད་ཐམས་ཅད་འཇོམས། །དེ་བཞིན་མར་ཆང་གྲང་རླུང་སེལ་བར་བྱེད། །གཟེ་མའི་ཆང་གིས་རུས་རླུང་མཁལ་རླུང་སེལ། །ལུག་ཐོང་ཚེར་གྱིས་རུས་ཆང་རུས་པའི་རླུང་ལ་ཕན། །གསུམ་པ་འདོན་ལ་དཀར་འདོན་དམར་འདོན་སྐྱུར་འདོན་དང་། །སྒོག་འདོན་བཞི་ལས་དང་པོ་ཙག་བཅད་པའི་མར་ཁུ་། །ཚོམས་ཕྱེ་བཏབ་ལ་འོལ་སྐོམ་སྟེ་མར་ཁུ་བཙག་བཞུན་བོར་ལ་ཙམ་པ་བཏབ་སྟེ་བཙོས་པར་སྦྱར་བ་འོ་མར་བཙོས། །སྒ་དང་རྒྱམ་ཚྭ་བཏབ་པ་དཀར་འདོན་ཡིན། །ལུག་ཤའི་ཁུ་བར་སྦྱར་བ་དམར་འདོན་ནོ། །སྐྱུར་འདོན་ཁུགས་པའི་གླུམ་ལ་ཉེ་འུ་བྱས། །མར་རྙིང་བུ་རམ་སྒ་བཏབ་བཙོས་པའོ། །སྒོག་འདོན་སྒོག་སྐྱ་ཚོས་པར་བཙོས་ལ་བསྣུར། །མར་དང་རུས་ཁུ་རྒྱམ་ཚྭའི་ཕྱེ་བཏབ་བཙོ། །དེ་རྣམས་གང་ཡང་རུང་བས་རླུང་ནད་མ་ལུས་འཇོམས། །ལུས་ཀྱི་སྟོབས་སྐྱེད་དབང་ཤེས་གསལ་བར་བྱེད། །རི་ཐང་མཚམས་ཀྱི་རླུང་ལ་བདུད་རྩི་འདྲ། །བཞི་པ་ཕྱེ་མ་ཛཱ་ཏི་ཤིང་ཀུན་ཁ་རུ་ཚྭ། །ཙབས་རུ་ཚྭ་དང་རྒྱམ་ཚྭ་ཚ་བ་གསུམ། །ཤིང་ཚ་སེ་འབྲུ་སུག་སྨེལ་ཨ་རུ་ར། །སླེ་ཏྲེས་སྒོག་སྐྱ་ནུས་ལྡན་དུ་བསྲེགས་པ་བུར་དཀར་བརྒྱད་འགྱུར་སྦྱར་། །ཚ་ན་ཛཱ་ཏི་གྲང་ན་ཤིང་ཀུན་གང་རུང་གཙོ་བོར་བཏང༌ཐུན་འོག་ཏུ། །རུས་བཅུད་གསུམ་སྲེ་ལོང་སོག་ཡུ་གཞུག་ཆུང་མམ་ཤ་ཪྙིང་མར་རྙིང་བུར་རྙིང་ཅང་གར་མ་འདུས་པ་བཅུད་བཞིའི་ཁུ་བས་དབུལ། །སྟོད་སྨད་ཕྱི་ནང་རླུང་ཀུན་འདི་ཡིས་འཇོམས། །ལྔ་པ་སྨན་མར་ནི་ཁ་རུ་ཚྭ་སྲང་གཅིག་དང་པི་པི་ལིང༌སྲང་གཅིག་། །ཨ་རུ་སུམ་ཅུ་འབྲི་མར་ལ་སྦྱར་བ་རླུང་ནད་སྟོང་ལ་ཕན་རླུང་ནད་སྟོང་ལ་ཕན་ཞིང་བཤད། །སེ་འབྲུ་འུ་སུ་སྒ་དང་ཙི་ཏྲ་ཀ །པི་པི་ལིང་དང་འབྲི་མར་ལ་སྦྱར་བ་རླུང་རྣམས་འཇོམས། །མེ་དྲོད་སྐྱེད་ཅིང་སྐེམ་པོ་རྒྱས་པར་བྱེད། །སྒོག་སྐྱ་སྲང་བརྒྱད་བུར་མར་གསུམ་སྦྱར་བ་ནས་གསེབ་ཏུ་ཞག་བཅུ་གསུམ་མནན་པས་། །རླུང་ནད་མ་ལུས་འཇོམས་པའི་སྨན་མཆོག་ཡིན། །ཛཱ་ཏི་བཅུ་ཁ་རུ་ཚྭ་སྲང་བཞི་དང་ཤིང་ཀུན་ཞོ་གཅིག་དང༌། །ཨ་རུ་ར་མཆུ་སྙུང་རྩ་བ་ལྔ་དང་འབྲི་མར་རླུང་རྣམས་འཇོམས། །དེ་བཞིན་བཙན་དུག་རུས་ཆེན་ནི་མི་འཕྱི་བ་རྟ་བོང་གཡག་རྒོད་སོགས་ཀྱི་རུས་པ་འབྲས་བུ་གསུམ་མམ་། །ཕྱི་རྒྱུད་སྨན་མར་སྐབས་ལྟར་རྩ་བ་ལྔ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་ལྕམ་པ་ཡི་སྨན་མར་སྦྱར་བར་བྱ། །བཞི་པ་དཔྱད་དུ་མར་རྙིང་དྲོད་ཀྱི་འཇམ་རྩི་བཏང༌། །ཨ་རུ་ར་དང་སྒོག་སྐྱ་རྒྱམ་ཚྭ་དང༌། །ཞུན་མར་སྦྱར་བའི་རེང་བུས་འོག་སྒོ་ནད་ཡས་བཏང་བས་སྨད་རླུང་སེལ། །ནད་བད་མཁྲིས་གཞན་གྱིས་གེགས་བྱས་ན་སྣུམ་ལྡན་འོ་མ་དར་བ་དང་བསྐོལ་བ་འམ་བཤལ་སྨན་གྱི་མར་ཁུ་འཇམ་པོས་སྦྱང༌། །འབྲུ་མར་རྙིང་པས་ལུས་ཀུན་བྱུགས་ལ་མཉེ། །གཟེར་སར་འབའ་ཆ་སྣུམ་ནག་ཚིག་མ་བཙོས་པ་རུས་རྙིང་ཆང་དུ་བཙོས་པས་བདུག  །སྣ་ཚོགས་རུས་པ་ཆུ་ཟངས་སུ་བཙོས་པའི་རླངས་ལུམས་བྱ། །དེ་ཡི་ཞག་གིས་ལུས་ཀུན་བྱུག་ཅིང་མཉེ། །དེ་ལྟར་སྣུམ་འཆོས་རྐྱང་པ་དུགས་ཀྱིས་གཟེར་དང་བརྩེ་བ་འཇོམས། །རེངས་འཁུམས་ལ་སོགས་ཇི་ལྟར་འདོད་པ་འགུགས།།སྟོབས་འཕེལ་དྲོད་འབར་སྐེམ་པོ་རྒྱས་པར་བྱེད། །ནད་བད་མཁྲིས་ལ་སོགས་པ་གཞན་འདྲེས་ན་དེ་ལྟར་སྣུམ་འཆོས་སྦྱང་བྱ་མ་ཡིན་པར་སྤང༌ལག་ལེན་རིན་ཆེན་གཏེར་སྤུགས་སུ་ཨ་རུ་ར་ར་ར་ལྕུམ་རྩ་དུར་བྱིད་རྣམས་འོ་མའམ་ཆང་དུ་བསྐོལ་བའི་སྦྱོངས་ཞེས་གསུངས། །སྤྱི་གཙུག་དང་མགོ་སྒུར་བྱས་ན་རུས་པ་འབུར་དོན་པ་ཨན་སྟོང་ཚིགས་པ་དང་པོ་དང༌། །ཚིགས་པ་དྲུག་པ་བདུན་པ་དང་བཅུ་དྲུག་དང་བྲང་རུས་དཀར་ནག་མཚམས་རྣམས་རླུང་གསང་ཡིན་པས་བསྲེག །དེ་ལྟར་ཟས་སྤྱོད་སྨན་དཔྱད་བཞིའི་ཆོ་ག་འདི་རྣམས་བསྟེན་གྱུར་ན། །རླུང་ནད་དུ་མ་མ་ལུས་པར་འཇོམས་པར་ངེས། །གཉིས་པ་བྱེ་བྲག་གསོ་ཐབས་ལ་རྒྱས་བསྡུས་གཉིས་ལས་དང་པོ་རྒྱས་པ་སྟེ་རིགས་ཀྱིས་བཅོས་པ་དང་གནས་དང་ནང་ཚེགས་གསུམ། །དང་པོ་རླུང་ནད་རིགས་ཀྱི་སྒོ་ནས་བཅོས་པ་ནི། །ཨ་ཝ་རྟ་ལ་སྣུམ་རུས་རྙིང་འབའ་ཆ་ཕྱིང་པ་ཚུལ་ལྡན་མར་དུ་བཙོས་པའི་དུགས་བྱས་པའི་རྗེས། །སྣ་སྦྱོངས་མགྲོན་བུ་བོང་དཀར་སུག་པ་སྒ་སྐྱ་བཞི་བསྲེགས་ཐལ་དང་བྱང་པ་རྒྱ་ཚ་དྲི་ཆུར་སྦྱར་བ་རྣོ་བས་དབུགས་རྒྱུའི་བུ་ག་བསལ། །དེ་ཡི་རྗེས་ལ་རྒྱ་ཤུག་བ་ད་ར་ཞིས་ཀརྐནྔྷུ་ཞེས་པ་སྟེ་བོད་དུ་ཤུག་པ་དེ་བ་ད་རུ་ཞེས་ཚེར་འགྲམ་དུ་སྐྱེས་པའི་ཤུག་པ་ཐེམས་བུ་ཁྲོད་རལ་ཅན་དུ་ཡོད་པ་དེ་ཡིན་འོ་མ་ཞོ། །ལུག་གི་ཤ་ཁུ་མར་ཁུ་བསྐོལ་བའི་དྭངས་མ་བླུད། །རྒྱ་ཤུག་གོང་བཤད་ཐང་ཤིང་སྒྲོན་ཤིང་སླེ་ཏྲེས་རྩ་བ་ལྔ། །རུ་རྟ་སྒ་སྤོས་ཀཎྜ་ཀ་རི་དང༌། །འབྲི་དང་ལུག་གི་ཤ་ཁུ་འོ་མ་བུར་མར་རྩབས་ནི་ནས་སྐྱེས་མ་ཐག་པའི་ཟན་ལེན་ལེགས་སྐྱུར་རྩབས་སྣུམ་བཞི་རྩི་མར་འབྲུ་མར་ཞག་རྐང་བསྐོལ་ལག་ལེན་སྨན་མར་ལྟར། །མར་དེ་བྱུག་ཆུ་དང་སྦྱར་བ་བསྲེས་པའི་ནང་དུ་ཕྱིར་བདུག་སྣ་སྨན་འཇམ་རྩིར་བཏང༌། །རླུང་དེ་བད་ཀན་འདྲེས་ན་སྙིང་ག་དང༌། །རྩིབ་ལོགས་ན་ལ་གཡེར་མ་ཨ་རུ་ར། །ཤིང་ཀུན་རྒྱམ་ཚྭ་ཤིང་ཚ་ཁ་རུ་ཚྭ། །མ་ནུ་ནས་བསྐོལ་ཁུ་བ་སྦྲང་སྦྱར་བླུད། །ཤིང་ཀུན་བཅའ་སྒ་སེ་འབྲུ་ཁ་རུ་ཚྭ། །རུ་རྟ་བསྐོལ་བའི་ཁུ་བ་བླུད་པར་བྱ། །མཁྲིས་པར་འདྲེས་ན་སྣ་ལ་སྨན་དང་ཁྲུས་ཀྱིས་སྦྱོང་གཏར་བྱ་། །ད་རྒན་ཕྱིར་དགྱེ་ཕལ་ཞག་བཅུ་ན་འཆི་ནང་གུག་འགྲམ་ཉམས་དང༌། །ཕྱོགས་གཅིག་གུག་དང་དཔུང་པ་འཇའ་བ་ལ། །སྣ་ལ་སྨན་དང་བརྟ་བ་ཤིང་མངར་སྐྱུ་རུ་ཞུན་མར་བཏབ་པ་བཏང་ཞིང་སྤྱི་བོ་དང༌། །མིག་དང་རྣ་བར་ཏིལ་མར་བསྐུ་ཞིང་དགང༌། །སྐྲངས་ན་ནད་འདི་རྣམས་ལ་སྐྱུགས་བཏང་དམར་ཞིང་ཚ་བ་ལ་གཏར་ག་གདབ་རྒྱ་ཤུག་ཐང་ཤིང་སོགས་ཀྱི་བྱུག་བདུག་སྣ་སྨན་ལུགས་སྤྱི་སྦྱར་། །བརླ་རེངས་མ་ཞུ་བད་ཚིལ་སྐྱེས་པའི་ཕྱིར། །དེ་ལ་གྲུམ་བུ་སྣུམ་འཆོས་སྤངས་ལ་ཡང་འདིའི་གཉེན་པོ་རྩུབ་བཅོས་བྱ་སྟེ་། །བཤད་རྒྱུད་ཀྱི་ཉམས་ལམ་སྨྱུང་བ་དང་ཕྱི་རྒྱུད་ཀྱི་བཀྲེས་སྐོམ་དུགས་བྱ་སྐྱུག་ཏུ་གཞུགས་པ་དང་སྲན་མ་སོ་བ་དར་རྙིང་དྭངས་ཆང་བསྟེན་པ་སོགས་ཡིན། ནས་དཀར་སོ་བ་སྲེ་དེའི་ཟན་སྐམ་སའི་ཤ་རི་དྭགས་ །སྦྲང་རྩི་སྐྱུར་རྩབས་ཚོད་མ་ཚྭ་མེད་བྱིན། །འབྲས་བུ་གསུམ་དང་ཙ་བྱ་པི་པི་ལིང་། །ཧོང་ལེན་སྦྲང་དང་སྦྱར་བའི་ལྡེ་གུ་བཏང༌། །ཙ་བྱ་ཙི་ཏྲ་ཀ་དང་ཨ་རུ་ར། །སྒྲོན་ཤིང་སྦྲང་རྩི་སྦྱར་བའི་ལྡེ་གུ་བཏང༌། །གུ་གུལ་དཀར་པོ་བྲག་ཞུན་ཨ་རུ་དང་བུངས་མཉམ་བ་གཅིན་བླུད། །གླ་སྒང་ཙི་ཏྲ་ཀ་དང་ཚ་བ་སྒ་པི་ཕོ་གསུམ། །གུ་གུལ་དཀར་པོ་དང་ཀུན་བུངས་མཉམ་འབྲས་བུ་ཨ་བར་སྐྱུར་གསུམ་དང་བྱི་ཏང་ག །ཆ་མཉམ་ཕྱེ་མས་ཚིལ་དང་བད་ཀན་སེལ། །ཀ་རཉྫ་དང་ཡུངས་དཀར་བ་གཅིན་བྱུག །ཚིལ་དང་བད་ཀན་ཟད་བྱའི་དྲག་ཤུལ་བརྩམ། །ཟད་ནས་ཁ་ཟས་གློད་དེ་སྣུམ་འཆོས་བྱ། །གཟུགས་འཁུམས་སྲ་འཐེང་བི་ཤ་ཙེ་སོགས་ལ། །ར་སྣ་མཱུ་ལ་དོང་གྲ་ཙི་ཏྲ་ཀའི་རྩ་བ་དོང་གྲ་སྒ་དམར་ཙི་ཏྲ་ཀ་ །པི་པི་ལིང་དང་ཟུར་པ་མ་ནུ་མ་ནུ་ཤུ་ཟུར་སྟེ་སྒ་རྒོད་དཀར་པོ་ཡི། །ཕྱེ་མ་མར་བསྐོལ་ཐོགས་པ་མེད་པར་འགྲོ་ནུས་འགྱུར། །བི་ཤ་ཙེ་དང་གཟུགས་འཁུམས་གར་ཡོད་ངོས། །མཐེའུ་ཆུང་སྲིན་ལག་རྒྱབ་ཀྱི་རྒྱུས་པ་དཀར་པོའི་བཏེགས་འོག་ལ། །སེར་པོ་སྣལ་མ་འདྲ་བ་ཡོད་དེ་བཅད་པས་ཁྲག་ཐིགས་པ་འགའ་འོང་། །སྲ་འཐེང་དང་ལྕེ་ལྕང་མགོ་ལ་སོགས་ཕྱི་མའི་རླུང་རྣམས་ཀུན། །རྒྱུ་ལས་བརྟགས་ལ་སྣུམ་དུགས་གཏར་བ་དང༌། །སྦྱང་དང་བྱུག་སོགས་ཅི་རིགས་སྦྱར་བར་བྱ། །རྒྱ་སྤོས་རུ་རྟ་སུག་སྨེལ་རེ་རེ་ལ་ཟུང་རེ་ཤུ་དག་དཀར་ནག་གཉིས། །ཙན་དན་དམར་པོ་རྡོ་དྲེག་སྤང་སྤོས་དང༌། །ཤུ་ཏི་འུ་སུ་ནག་པོ་ཏིལ་མར་ཀ་ར་སྦྱར་བའི་མར། །རྩ་འཛིན་ཤིང་རེངས་སྲ་འཐེང་ལ་སོགས་པའི། །རླུང་ནད་ལྷག་མ་མ་ལུས་འཇོམས་པར་བྱེད། །སྨྱོ་བརྗེད་སྐྲན་དང་རླིག་རླུགས་སེལ་བར་འགྱུར། །གཉིས་པ་གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། །ཤ་ལྤགས་ལ་ཞུགས་པ་རླུང་འཇོམས་སྨན་གྱིས་བསྐུ་མཉེ་བྱུག་དུགས་བྱ། །ཚིལ་ལ་ཞུགས་པ་ལ་བརླ་རེངས་ཕྱུག་པོའི་རླུང་ལྟར་གསོ། །ཕྱུག་པོའི་རླུང་ནི་རྟག་ཏུ་སྣུམ་དང་འདྲེས་པས་དེ་ལ་ཚིལ་སོགས་ཀྱིས་ཀྱང་རླུང་ལྡང་བའི་ཕྱིར་གོང་གི་བརླ་རེངས་ཀྱི་སྐབས་སུ་བཤད་པའི་རྩུབ་བཅོས་བྱའོ། རུས་དང་རྐང་ཞུགས་སྣུམ་དུགས་བྱ་བ་དང༌།  །སྣུམ་བཞི་རྩི་མར་འབྲུ་མར་ཞག་རྐང་བཟའ་དང་བྱུག་དང་འཇམ་རྩི་བཏང༌། །བཅུད་ལ་རླུང་ཞུགས་ད་བྱིད་སྐྱིན་གོར་ཕྱི་རྒྱད་ལྟར་སྦྱར། །རྒྱུས་པ་ཚིགས་དང་རྩར་ཞུགས་སྣུམ་དུགས་དཀྲི། །ཆུ་བ་འཁུམས་ལ་མོན་སྲན་དྲེའུ་དང༌། །རྒྱམ་ཚྭ་ཏིལ་མར་སྦྱར་ཏེ་བསྐོལ་བ་བྱུག །ཁྲག་ལ་རླུང་ཞུགས་པ་ལ་སྣུམ་འཆོས་བྱས་པའི་རྗེས་ལ་གཏར་རྩན་དན་ཧོང་ལནན་བྱུག། །ཁྲག་ཟགས་རྗེས་སུ་ཡན་ལག་ཚོར་མེད་གྱུར་པ་ལ། །དུད་པ་རྒྱམ་ཚྭ་ཏིལ་མར་སྦྱར་བས་བྱུག །དོན་བབས་སྙིང་རླུང་ཤིང་ཀུན་སྒ་ཁ་རུ་ཚ་གསུམ་གདུས་ཐང་བཏང༌། །འབྲས་བུའི་གསུམ་སྨན་མར་དང་སྨན་ཆེན་བཙན་དུག་སྨན་མར་སྟེང་སྨན་མར་སྦྱར་རྒྱུད་འདི་གའི་སྨྱོ་བྱེད་གསོ་བ་ལྟར་རོ། །གློར་ཞུགས་སྟར་བུ་(ཅུ་གང་ཟི་ར་དཀར་པོ་སུག་སྨེལ་ཏེ་)བཞི་པའི་ཕྱེ་མ་དང༌། །ཨ་རུ་འབྲི་རྐང་སྨན་མར་དང་སུར་ཕུག་སྨན་མར་ཕྱི་རྒྱུད་སྨན་མར་སྐབས་སྟར་སྦྱར། །མཆིན་ཞུགས་བུར་དཀར་ཏིང་ཁྲོལ་མཆིན་པ་སྤོད་སྒ་པི་ཤིང་ཀུན་བྲན་མར་བཙོས་བཏང་། །མཆེར་ཞུགས་ཚ་བ་སྒ་པི་ཕོ་གསུམ་དང་ཞུན་མར་སྦྱར། །མཁལ་ཞུགས་རྩ་བ་ལྔ་དང་གཟེ་ཆང་ཕྱི་རྒྱུད་ལྟར་བྱིན། །དོན་ལྔའི་ཀུན་ལ་རྒྱབ་ཀྱི་ཚིགས་པའི་རང་གསང་བསྲེག །ཟས་དང་མ་ཞུའི་གནས་ཏེ་ཕོ་བའི་རླུང་ཞུགས་སྐྱུགས་སྨན་བཏང༌། །འཇུ་བྱེད་ཚྭ་སྣའི་སྨན་དང་མེ་དྲོད་ཚ་བའི་སྨན་སྐྱེད་བྱེད་ཟས་སྨན་སྦྱར། །ཞུ་གནས་ལོང་ལ་རླུང་ཞུགས་འཇམ་རྩི་ཟས་སྔོན་ཞུན་མར་བཏང༌། །མཁྲིས་ཞུགས་(ལ་རྒོད་མ་ཁ་གསེར་གྱི་མེ་ཏོག་ཏིག་ཏ་རྒྱམ་ཚྭའི་ཕྱེས་)དྲོད་བསྐྱེད་བཤལ་དང་མེ་བཙས་བཅོས། །མངལ་དུ་རླུང་ཞུགས་མོ་ནད་ལྟ་བུར་གསོ། །བཤང་ལ་ཞུགས་ན་དཎྡའི་མར་གྱིས་ཕྱི་རྒྱུད་ལྟར་སྦྱར་འཇམ་རྩི་བཏང༌། །གཅིན་ཞུགས་སྣུམ་ལྡན་དུགས་དང་ཆུ་སྨན་གཟེ་མ་སྡིག་སྲིན་ལྕམ་སྦྱར། །མགོར་ཞུགས་སྣུམ་བྱུག་པའི་སྣུམ་གྱིས་མེ་བཙའ་སྤྱི་གཙུག་ཚོགས་གསང་ལྟག་ཁུང་གསུམ་བཏབ་ལུག་མགོ་རྙིང་བའི་མགོ་ཁྲོལ་བསྟེན། །རྣ་བར་ཞུགས་ན་དུགས་བྱ་ཞུན་མར་དགང༌། །མིག་དང་སྣར་ཞུགས་ཞུན་མར་དྭངས་མ་བླུག །སོར་ཞུགས་རུས་དུགས་དང་མེ་བཙའ་སོའི་འཕར་རྩ་ལ་བཅུད་ཤ་མར་བུར་ཆང་བཞིའི་ཐང༌བཏང་། །དབང་པོ་ཀུན་ལ་འབྲས་བུའི་ཨ་བར་སྐྱུར་གསུམ་སྨན་མར་མཆོག་ཏུ་བསྔགས། །ལུས་ཀུན་ལ་ཞུགས་སྤྱི་བཅོས་རང་གིས་འཐེམས། །དེ་ནས་གསུམ་པ་ནང་ཚེགས་རླུང་ལྔའི་སྒོས་བཅོས་ལ། །སྲོག་བདུད་སྟོད་རྒྱུས་བྲང་མགོ་འཛིན་རླུང་ལ་ཏིལ་མར་བསྐུ་མཉེ་སྤྱི་བོར་བྱ། །སྣ་སྨན་འཇམ་པོ་ཤིང་མངར་བུ་རམ་འུ་སུ་ཞུན་མར་གྱིས་བཏང་ལ་རླུང་གསང་སྤྱི་གཙུག་ཨན་སྟོང་བདུན་ལ་བསྲོ། །སྟོད་རྒྱུ་བྲང་དང་སྡུད་སྒོར་སྣུམ་གྱིས་བདུག །འབྲས་གསུམ་སྦྱར་སྨན་མར་རུས་ཐང་བཏང་ཞིང་སྟོད་རྒྱུ་སོགས་སྐེ་སྟོང་དཀར་ནག་མགོ་བོའི་སྡུད་མགོ་གསང་གསུམ་བསྲེག །ཁྱབ་བྱེད་ཛཱ་ཏི་སྨན་མར་སྙིང་ཞོ་ཤའི་སྨན་མར་ཕྱི་རྒྱུད་ལྟར་བཏང་། །བུར་ཆང་ལོ་ཤ་མིའི་ཤ་ཆེན་ཚ་བ་ཤ་ཐུག་བསྟེན། །རྒྱབ་ཏུ་ཚིགས་པའི་མེ་མཉམ་དུགས་བྱ་ཤིང་ཀུན་(སྒ་ཁ་རུ་ཚྭ་སེ་འབྲུའི་)ཅུར་ནིས་སྦྱར་གདུས་ཐང་ཚན་མོ་བཏང་། །ཚིགས་པ་བཅུ་གསུམ་པ་དང་མེ་མཉམ་གསང་ལ་བསྲེག །ཐུར་སེལ་རླུང་ལ་འཇམ་རྩི་བསྐུ་མཉེ་དང་རུས་པའི་དུགས། །དྲོད་བཅུད་ཟས་བསྟེན་བཅུ་དྲུག་མདོ་རུ་བསྲེག །མཁྲིས་པར་འདྲེས་ལ་སྦྱོངས་དང་བསིལ་བཅུད་བསྟེན། །བད་ཀན་འདྲེས་ལ་སྐྱུགས་དང་ཡང་དྲོ་སྦྱར། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན། །གཉིས་པ་རླུང་ནད་མདོར་བསྡུས་བཅོས་ཐབས་འདི་ལྟར་བྱ། །རེངས་འཁུམས་གཉིས་སྣུམ་འཆོས་བྱ་ཞིང་ལུམས་ཀྱིས་གདུལ། །སྐམས་པ་སྣུམ་དུགས་རྩ་བཤལ་ཆུ་ལུམས་བྱ། །སྦོས་པ་སྣུམ་འཆོས་རྗེས་ལ་བཤལ་གྱིས་སྦྱང་། །འཕྱེས་པ་སྣུམ་འཆོས་བད་ཀན་ལྡན་པར་སྤངས་ལ་རྩུབ་བཅོས་བྱ། །གཟེར་བ་སྣུམ་ལྡན་དུགས་དང་མེ་ཡིས་བཅག །འཕྱོས་པ་བཅུད་བཞིའི་ཐང་དང་སྨན་མར་མེ་ཐུར་ཕུག་མནན། །ལྐུགས་པ་ལ་སྣུམ་འཆོས་འཇམ་རྩི་དང་སྤྱི་གཙུག་ཨན་སྟོང་སོར་མོ་ཉི་ཤུ་སྲོག་རྩ་མྱོས་བྱེད་རྣམས་ལ་མེ་བཙས་བསལ།  །མགོ་རླུང་ལ་ཏིལ་མར་ཤིང་ཀུན་སྣ་སྨན་བཏང༌། །སོ་མ་ར་ཛ་སྒོག་སྐྱ་ཁ་རུ་ཚྭ། །མར་སྦྱར་བྱུགས་ལ་གྲོད་པས་གཏུམས་དཀྲིས་མས་བསྡམ། །སྒ་དང་ཤིང་ཀུན་བསྡུས་པའི་རླངས་ལུམས་བྱ། །སྣ་ཚོགས་རུས་ཁུ་ཙིས་ཐོག་རྒྱས་དུས་ལོ་མར་ལུག་ཚིལ་རྐང༌། །བུ་རམ་ཤ་ཁུར་སྦྱར་བ་བླུད་རྔུལ་དབྱུང་བྱ། །སྤྱི་གཙུག་ཚོགས་སྲུབས་ལྟག་ཁུང་ཁ་གསུམ་ཚིགས་པ་གསུམ་པ་བསྲེག །སྙིང་རླུང་ཞོ་ཤ་སྙིང་ཞོ་ཤ་དང་གླ་གོར་དང་མཁལ་མ་ཞོ་ཤ་གསུམ་དང་འབྲས་བུ་ཨ་བར་སྐྱུར་གསུམ། །འབྲི་མར་བུ་རམ་སྦྱར་བའི་སྨན་མར་ལ། །ཚ་བ་སྒ་པི་ཕོ་གསུམ་དང་ཚྭ་སྣ་རྒྱ་ཚ་ཁ་རུ་ཚཝ་གསུམ་བཏབ་བཏང༌། །རུས་སྣའི་ཞག་དང་ལོ་མར་བུ་རམ་ལ། །དྲོད་ཚ་བ་གསུམ་གྱི་སྨན་དང་ཚྭ་སྣ་ཚོགས་ཚད་སྦྱར་ལ་བཏང༌། །ཚིགས་པ་དྲུག་བདུན་པ་བྲང་གཞུང་དཀར་ནག་མཚམས་དང་བྱ་མིག་བསྲེག །བྱང་ཁོག་རྨ་ཡི་ལེའུ་ལས། དཀར་ནག་མཚམས་ནད་མཚོན་གང་གྱེན་དུ་བཅལ། །དེ་ནས་གཡས་གཡོན་གཉིས་སུ་མཚོན་རེ་དང།  ཕུན་རེ་བཅལ་བ་དུལ་ཁབ་གསང་ས་ཡིན་། དེ་ནས་མཚོན་གང་བཅལ་ས་ཐུགས་ཁབ་གསང། །དེ་སྟེང་མཚོན་གང་བཅལ་བ་བྱ་རོག་མིག་ དཀར་ནག་མཚམས་ནི། སྐེ་སྟོང་ནས་ལྷེན་སྣར་གཞུང་ཐིག་དང་ནུ་མ་གཉིས་འཕྲེད་ཐིག་འཇོམས་ས་དེའོ། །གློ་རླུང་སྟར་བུ་ཅུ་གང་ཟི་ར་དཀར། །སུག་སྨེལ་ཁ་རུ་ཚྭ་དང་ཀ་ར་སྦྱར། །བཟང་པོ་བཞི་ཛཱ་ཏི་ལི་ཤི་ཀ་ཀོ་ལ་སུག་སྨེལ་བཞི་དང་ཚྭ་རྒྱ་ཁ་རུ་ཚྭ་ཙབས་རུ་ཚྭ་གསུམ་སྦྲང་སྦྱར་བཏང༌། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་བཞི་དང་ནཱ་ག་སར་ཟི་ར་དང༌། །གྷནྡྷ་པ་ཊ་སྟེ་གོ་ཡུ་པ་ཏྲ་འུ་སུ་ལ་ལ་ཕུད་དང་སྒ། །ན་ལེ་ཤམ་དང་ཀར་སྦྱར་བར་གསར་འཇམ་དབུལ། །ཚིགས་པ་བཞི་ལྔ་བྱ་རོག་མིག་དང་སྐེ་སྟོང་བསྲེག །ལུག་ཤ་ཡིབ་མ་གར་ཆང་མི་བཏང་ཤ་གསར་དང༌། །གྲོ་ཆང་སྲོ་ལོས་བསིངས་དང་གསར་འཇམ་བཏང་། །མཆིན་རླུང་མཆིན་སྣ་ཚོགས་ཚད་སྐམས་པ་ནས་ཕྱེའི་སྨན་མར་ལ། །ཁ་རུ་ཚྭ་དང་གུར་ཀུམ་བཏབ་ལ་བཏང༌། །བྲག་ཞུན་སྨན་མར་འབྲི་རྐང་སྨན་མར་ཕྱི་རྒྱད་ལྟར་སྦྱར། །རུས་སྣའི་ལུམས་བྱ་ཚིགས་དགུ་པ་རྩིབ་སྟེང་ཐར་མས་བསྲེག །ཕོ་བའི་རླུང་ལ་རྩིགས་ཕྱེ་བ་བུ་རམ་ཏིང་ཁྲོལ་ལྡེ་གུར་མ་གྱུར་ཙམ་བསྐོལ་བཏང༌། །སེ་འབྲུ་ཤིང་ཚ་དྲོད་ཛཱ་སུག་ཀ་གསུམ་ཚྭ་རྒྱ་རྒྱམ་ཚྭ་ཁ་རུ་ཚྭ་ཙབས་རུ་ཚྭ་སྣ་གསུམ། །ཟི་ར་དཀར་ནག་གཉིས་དང་ཚ་བ་གསུམ། །ལ་ལ་ཕུད་དང་བུ་རམ་ཆང་གིས་དབུལ། །བུར་རམ་ཆང་དང་སྦྱར་ལ་བཏང་ཕོ་དཀྱིལ་ཚིགས་པ་བཅུ་གསུམ་བསྲེག །ལོང་གི་རླུང་ལ་སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ། །ཁ་རུ་ཚྭ་དང་གྲོ་མ་འབོས་ཁ་འབོས་ཙམ་གྱི་ལོ་མ་དང༌། །བུ་རམ་སྦྱར་བཏང་སྒོག་སྐྱའི་སྨན་མར་བྱིན། །སླེ་ཏྲེས་ཀཎྜ་ཀ་རི་ཤུ་དག་དང༌། །བཙོད་དང་ཛཱ་ཏི་སུག་སྨེལ་པི་པི་ལིང༌། །ཡུང་བ་ཤུ་མོ་ཟ་དང་ར་མར་གྱི། །འཇམ་རྩི་བཏང་ཞིང་ལོང་ཕུགས་གཡས་གཡོན་ལྟེ་བའི་གཡས་གཡོན་མཚོན་རེ་ལོང་གི་གསང་དེ་ནས་གཡས་གཡོན་མཚོན་རེ་ལོང་ཕུག་གསང་བསྲེག །མཁལ་མའི་རླུང་ལ་ལུག་གི་མགོ་ཚོད་ཤུ་མོ་ཟ་བཏབ་བཏང༌། །རུས་སྣའི་ཁུ་བ་བུ་རམ་སྦྱར་བསྡུས་སམ། །བོང་བུའི་ཤ་སྲམ་ཤ་བུར་ཆང་ཟན་ཆང་དང༌། །ཕྱི་རྒྱད་ལྟར་རྩ་བ་ལྔ་ཡི་མར་སྦྱར་ཚིགས་པ་བཅུ་བཞི་བསྲེག །གསུམ་པ་མཇུག་བསྡུས་པ་ནི་དེ་ལ་སོགས་ཏེ་རླུང་ནད་དུ་མ་ཡང༌། །ནད་གཞན་འདྲེས་ན་དེ་ཡི་ཁ་འཛིན་གཅེས།  །རྐྱང་པ་རྣམས་ལ་སྤྱི་བཅོས་རིགས་དང་རྣམས་པ་ན་ཚོད་གསུམ་གྱིས་ཁོག་ཕུབ་ལ། །རང་རང་ནད་ཀྱི་གསོ་ཐབས་མདེ་ཁར་གདགས། །སྣུམ་བཅུད་དྲོད་ཀྱིས་མི་སེལ་རླུང་གཞན་མེད། །རླུང་ནི་ཚ་གྲང་གཉིས་ཀའི་ཟུང་དུ་འཇུག །མཁྲིས་ཚད་འབུད་ཅིང་བད་ཀན་གྲང་བ་འཁྱག་པར་བྱེད་ །དམུ་འོར་སྐྱ་རྦབ་གཡོ་བར་བྱེད་ཞིང་སྐྲན་རྣམས་སྒོང་བུར་  བད་མཁྲིས་སོགས་བསགས་པའི་ནད་དེ་རྣམས་སྣ་རུ་ཐམས་ཅད་རླུང་གིས་སློང༌། །བྱེར་བའི་ནད་ཀུན་སྣ་འདྲེན་རླུང་གིས་བྱེད། །ཚད་གཞུག་ཕལ་ཆེར་ཐོར་བུའི་རླུང་གིས་འབུད། །དེ་ཕྱིར་རླུང་གི་ནད་ལ་བྱ་ར་སྒྲིམས། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རླུང་གི་ནད་གསོ་བའི་ལེའུ་སྟེ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།