སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་གཉིས་པ། རེག་པ་རྩ་ཡིས་ནད་ངོས་བཟུང་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་གཉིས་པ། རེག་པ་རྩ་ཡིས་ནད་ངོས་བཟུང་པ།

ཡང་གསོའ་(གསོ་)བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ལགས། གསོའ་(གསོ་)བ་སྤྱི་ཡི་བྱེ་བྲག་དེ་ལྟར་གསུངས་གྱུར་ཡང་།། བློ་དམན་ཤེས་རབ་ཞན་པས་གོ་བར་ག་ལ་འགྱུར།། ལག་ལེན་རྒྱས་པ་བདག་ཆགས་(ཅག་)རྣམས་ལ་བསྟན་དུ་གསོལ།། ཅེས་གསོལ་པས། འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་གསོའ་(གསོ་)བ་འཛིན་པ་ཀུན། གསོའ་(གསོ་)བྱེད་བའི་(པའི་)བྱེ་བྲག་རྒྱས་པར་བཤད་ཀྱིས་ཉོན་ཅིག འདི་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ། དང་པོ་གསོའ་(གསོ་)བྱའི་ནད་ངོས་བཟུང་བ་དང་། བར་གསོའ་(གསོ་)དཔྱད་ཀྱི་བྱེ་བྲག་རྒྱས་པར་སྟོན་པ་དང་། གསུམ་པ་མདོར་བསྡུས་བཅུད་དྲིལ་དུ་སྟོན་པ་ཤེས་པར་གྱིས། དང་པོ་གསོའ་(གསོ་)བྱའི་ནད་ངོས་འཛིན་པར་བྱེད་པ་ལ། རེག་མཐོང་ཀྱིས་(གིས་)འདུ་བ་མངོན་རྟོགས་ལ། དང་པོ་རིག་(རེག་)པ་རྩ་ཡིས་ནད་ངོས་བཟུང་བ་ནི།། ན་ཚུལ་རྒྱུ་རྐྱེན་དྲི་བའི་ཁམས་བརྟག་དང་།། སྔོན་འགྲོ་ཐབས་ལ་སྟོན་དང་ལྟ་(བལྟ་)བའི་དུས།། ལྟ་(བལྟ་)བའི་གནས་དང་ལྟ་(བལྟ་)ཚུལ་གནོན་ཚོད་དང་།། ཐ་མལ་རྩ་ལ་རྩ་རྒྱུད་རིགས་གསུམ་བརྟག། དུས་བཞིའི་རྩ་ལ་འབྱུང་ལྔ་ཁམས་ལྔ་ཕྱེ།། ནད་མེད་མི་ལ་ངོ་མཚར་རྩ་བདུན་ལྟ་(བལྟ)།། འཕར་བའི་གྲངས་ལ་ནད་ཀྱི་ཡོད་མེད་ལྟ(བལྟ)།། སྤྱི་དང་བྱེ་བྲག་མ་འདྲེས་ལེགས་བརྟག་ནས།། འདུ་བ་གང་ཡིན་ནད་ངོས་རྩ་ཡིས་བཟུང་།།  འཚོ་འཆི་གང་ཡིན་འཆི་རྩ་གསུམ་གྱིས་སྟོན།། ཡེ་འགྲོག་(འབྲོག་)གདོན་རྩ་བྱུང་ན་རིམ་འགྲོ་(གྲོ་)འབོག། བླ་གནས་རྩ་ལ་བླ་ཚེའི་ཁ་དམར་སྟོན།། དོན་ཆེད་བཅུ་གཉིས་གོ་སྐབས་ཕྱེ་བ་གཅེས།། དང་པོ་ནད་ཀྱི་འབྱུང་གནས་རྒྱུ་རྐྱེན་ན་ལུགས་དང་།། ཁམས་ལ་ལེགས་བརྟག་ཚིག་གིས་དྲི་བ་ཡིས།། འདུ་བ་མ་འཁྲུགས་ཕལ་དེས་ཀྱང་ནད་རིག གཉིས་པ་སྔོན་འགྲོ་ཟས་སྤྱོད་ཐབས་ལམ་སྟོན་པ་ནི། རུལ་སྐྱུར་ཟས་དང་ཤ་ཆང་དྲོད་བཅུད་ཅན།། ལྟོ་བ་འཇུ་དཀའ་ཚིལ་རྐང་ཚ་གྲང་བསྲེས།། སྤྱིར་ན་འདུ་བ་འཁྲུག་པའི་ཟས་ཡང་(ཀྱང་)སྙོམས་པ་ལ།། ལྟོ་བ་སྙོམས་པའི་ཟས་ཟ་གཉིད་མི་བཅག སེམས་ཀྱིས་འགྲོ་འདུག་བུད་མེད་སྨྲ་བརྗོད་སྤང་།། དེས་(དེ་)ནི་འདུ་བ་སྙོམས་པར་བྱེད་པའི་སྔོན་འགྲོ་ཡིན། གསུམ་པ་ལྟ་(བལྟ་)བའི་དུས་ཚོད་ནམ་ལངས་ཉི་ཤར་དུས།། མལ་ནས་མ་བསྐྱོད་ཁ་ཡི་ཟས་མ་ཟོས།། ཕྱི་ནང་དབུགས་དང་དྲོད་སྙོམས་ཉིན་སྲིབ་རྩ་མ་ལོག། སྨན་པས་ཆང་མ་འཐུང་བས་ལུས་སེམས་དལ་བས་བལྟ།། བལྟའ་(བལྟ་)བའི་ཡུལ་ནི་ལག་འགག་གཉེར་ཆེན་ནས།། ཚོན་གང་ཐུར་གཅལ་(བཅལ་)རུས་པ་འབུར་པོའི་སྟེང་།། ཚོན་ཀན་ཆག་གསུམ་མ་འགྲུས་(འདྲུས་)སྙོམས་པར་བཞག། རླུང་སེམས་རྒྱུ་བའི་འཕར་རྩ་གྲངས་མང་ཡང་།། དོན་སྣོད་ཀུན་ཀ་(ནི་)འདུས་པའི་རྩ་ཡོད་པས།། དཔེར་ན་ཚོན་སྐུད་སྣ་ལྔ་དྲིལ་བའི་ཐག་པ་ལྟར།། མཉམ་ལ་མ་འདྲེས་བལྟ་གནས་གཅིག་ལ་གསལ།། དོན་སྣོད་ཕུག་གནས་ནད་ངོས་སྒོར་འཛིན་པ།། རྒྱ་མཚོ་འབྲུག་(བྲུག་)པས་ཆུ་བྲན་(ཕྲན་)ལྡོང་(བསྡོངས་)དང་མཚུངས།། དོན་སྣོད་ཀུན་གྱི་རླུང་སེམས་རྒྱུ་བ་ནི།། ཚོང་འདུས་རྒྱ་སྲང་འདྲ་སྟེ་བཅུ་གཉིས་ཀུན་དུ་(ཏུ་)རྒྱུའ(རྒྱུ)།། བླ་གནས་རྩ་ནི་དེ་ཡི་མར་ངོས་ཀྱི།། ཆུ་རྒྱུས་གསེབ་དུ་འཕྲ་(ཕྲ་)བར་རྒྱུ་བ་ཡིན།། མཐའ་ནས་སྡོག་(ལྡོག་)པས་འཆི་རྩ་བོལ་ལ་བརྟག། བལྟའ་(བལྟ་)ཚུལ་སྨན་པའི་ལག་པ་གཡས་པ་དེས།། ནད་པའི་གཡོན་པ་བསྟན་ལ་བལྟ་བ་སྟེ།། བལྟ་ཚུལ་ལག་པའི་སོར་མོ་མ་གྲང་བས།། དྲོ་གྲང་མཐུན་པའི་དྲོད་རྣམས་སྙོམས་པ་ལ།། ཕོ་རྩ་གཡས་ལ་མོ་རྩ་གཡོན་ལ་བལྟ།། གནོན་ཚོད་ཚོན་གྱིས་པགས་པ་ཀན་གྱིས་ཤ། ཆག་གིས་རྒྱུས་པ་ནོན་པར་མནན་པས་གསལ།། རྩ་ལ་མཐོ་དམན་ཡོད་པས་གནོན་ཚོད་དགོས།། ཤ་རྔམ་ཟབ་དང་མི་ཟབ་ཁྱད་པར་རོ།། སྨན་པའི་ལག་པ་གཡས་པའི་འོག་མཚོན་(ཚོན་)གྱི་ཡར་(མར་)ཟུར་སྙིང་རྩ་ཡར་ཟུར་རྒྱུ་རྩ་མར་ཟུར་རོ།། མཚེར་པ་ཕོ་བ་གཉིས་ནི་ཀན་གྱི་འོག མཁལ་མ་གཡོན་དང་བསམ་སེལ་(སེ་)ཆག་གི་འོག སྨན་པའི་ལག་པ་གཡོན་པའི་འོག གློ་ལོང་མཚོན་(ཚོན་)འོག་མཆིན་མཁྲིས་ཀན་འོག་གོ། ཆག་འོག་མཁལ་མ་གཡས་དང་ལྒང་པ་བརྟག། གློ་སྙིང་གཡས་གཡོན་ཕྱོགས་མེད་ཀྱང་།། མོ་སྙིང་རྩེ་མོ་གཡས་སུ་བསྟན་པ་ཡིས།། མོ་ཡི་མཚོན་(ཚོན་)རྩ་གཡས་གཡོན་བཟློག་(ལྡོག)། བཞི་པ་ཐ་མ་རྩ་རྒྱུད་རིགས་གསུམ་བསྟན་པ་ནི། ཕོ་རྩ་མོ་རྩ་བྱང་སེམས་རྩ་དང་གསུམ།། སྦོམ་ལ་རགས་པར་འཕར་ན་ཕོ་ཡི་རྩ།། འཕྲ་(ཕྲ་)ལ་མྱུར་བར་འཕར་ན་མོ་ཡི་རྩ།། རྒྱུད་འཇམ་རིང་ལ་མཉེན་ན་བྱང་སེམས་རྩ།། ཚེ་རིང་ནད་རྐོན་(དཀོན་)མཉས་(ཡས་)བྱམས་དམའ་བས་སྡང་།། ཕོ་རྩ་ནང་འཕྲད་བུ་མང་བུ་མོ་ནི།། མོ་རྩ་ནང་འཕྲད་མང་དུ་སྐྱེ་བ་ཡིན།། བྱང་སེམས་རྩ་འཕྲད་བུ་གཅིག་སྐྱེ་བ་སྟེ།། ཡང་ན་རབ་(རབས་)ཆད་འབྱུང་སྟེ་རྩ་ཡི་ཁྱེད(ཁྱད)།། ལྔ་པ་དུས་བཞི་ཁམས་ལྔར་ཕྱེས་ནས་རྩི་(བརྩི་)བ་ནི།། དང་པོ་དུས་ཚོད་ཁམས་དང་རྩ་རུ་སྦྱར་བ་ནི།། དཔྱིད་དང་དབྱར་སྟོན་རྒུན་(དགུན་)དུས་བཞི་དང་འཚམས(མཚམས)།། རྩི་ཤིང་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ།། བྱ་དང་ས་ག་ལག་སོར་ནམ་ཚོད་འཛིན།། བྱེལ་(བྱེའུ་)ཆུང་ཐེ་(ཐི་)བས་དུས་ཚོད་འཛིན་པའི་དུས།། བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།། འཕྲ་(ཕྲ་)ལ་འཁྲང་སྟེ་ཐེ་(ཐི་)བའི་སྐད་ལྟར་འཕར།། དབྱར་ཟླ་གསུམ་ནི་ཤིང་ལོ་འདབ་རྒྱས་ཆར་བབས་དུས།། བྲེ་དང་བོན་དང་སྒྲོག་གིས་ནམ་སྐྱེལ་ཏེ།། ཁུ་བྱུག་གསུང་སྒྲོགས་དུས་ཚོད་འཛིན་པའི་དུས།། བདུན་བཅུ་(ཅུ་)རྩ་གཉིས་སྙིང་རྩ་མེ་ཁམས་རྒྱུ།། སྦོམ་ལ་རིང་བ་ཁུ་ཕྱུག་(བྱུག་)སྐད་ལྟར་འཕར།། སྟོན་ཟླ་གསུམ་ནི་རྩི་ཐོག་སྨིན་པའི་དུས།། ཁྲུམ་(ཁྲུམས་)སྟོད་དབྱུག་པ་སྨིན་དྲུག་ནམ་ཚོད་འཛིན།། བྱིལ་(བྱེའུ་)ཆུང་ལྕོ་(ཅོ་)གས་དུས་ཚོད་འཛིན་པའི་དུས།། བདུན་བཅུ་(ཅུ་)དོན་གཉིས་ལྕགས་(ཁམས་)གློ་རྩ་རྒྱུ།། ལྕོ་(ཅོ་)གའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར།། རྒུན་(དགུན་)ཟླ་ཐ་གསུམ་ནི་ས་འཁྱགས་ཆུ་འཁྱག་དུས།། མགོ་རྒྱལ་རྟ་དང་གསུམ་གྱིས་ནམ་སྐྱེལ་དུས།། ཤ་བས་ངུ་སྐད་འབྱིན་པའི་དུས་ཚོད་འཛིན།། བདུན་བཅུ་(ཅུ་)དོན་གཉིས་ས་འཁྱག་ཆུ་འཁྱག་ཆུ་ཁམས་མཁལ་རྩ་རྒྱུ།། འཇམ་ལ་འཁྲང་བ་མཐིང་རིལ་སྐད་ལྟར་འཕར།། ཐ་ཆུང་བཞི་ཡི་ཟླ་མཐའ་བཅུ་གཉིས་མན།། ཞག་ནི་བཅོ་བརྒྱད་བཞི་སྡོམ་(བསྡོམས་)རྩ་གཉིས་ལ།། ས་ཁམས་ཕོ་མཚེར་གཉིས་ཀྱི་རྩ་དར་སྟེ།། འཆིལ་(མཆིལ་)བའི་སྐད་ལྟར་ཐུང་ལ་འཇམ་པར་འཕར།། དེ་ལྟར་དུས་ཚོད་བཞི་ལ་ཁམས་ལྔར་ཕྱེ།། ཤིང་མེ་ས་ལྕགས་ཆུ་དང་ལྔ་ཡིན་ཏེ།། མར་ལྟས་མ་ལ་ཡར་ལྟས་བུ་ཡིན་ཏེ།། ཚ་བོ་གྲོགས་ལ་ཕྱི་མོ་དགྲ།། འབྱུང་བ་མ་བུ་དགྲ་གྲོགས་བརྟགས་ལ་བརྩི།། དབྱར་གསུམ་སྙིང་རྩ་མེ་ཡི་རྩ་དར་དུས།། མཆིན་རྩ་མ་ལ་མཚེར་རྩ་བུ།། གློ་རྩ་གྲོགས་དང་ལ་མཁལ་རྩ་དགྲ།། དེ་བཞིན་འབྱུང་བའི་འཁྲུགས་སྡེབ་བརྟག་བྱས་ནས།། རང་དང་མ་རྩ་བྱུང་ན་རབ་ཡིན་བཟང་།། གྲོགས་རྩ་བྱུང་ན་ནོར་སྙེད་(རྙེད་)གྲོགས་དང་འཕྲད།། བུ་རྩ་བྱུང་ན་དབང་ཐང་བུ་ནོར་འཕེལ།། དགྲ་རྩ་བྱུང་ན་གནོད་དང་དགྲ་ངོ་འབྱུང་།། ལེགས་ཉེས་བརྟག་ལ་ཕན་གནོད་ལུང་སྟོན་ནོ།། དྲུག་པ་ངོ་མཚར་རྩ་བདུན་ཁྱིམ་མགྲོན་དགྲ་གྲོགས་དང་།། མེ་ཆུ་གོ་བཟློག་(ལྡོག་)སྲིད་ཕྱ་(ཕྱྭ་)གདོན་ཕྱ(ཕྱྭའོ)།། དང་པོ་ཁྱིམ་(ཕྱྭ་)ལེགས་ཉེས་བརྟག་པ་ནི།། མི་གཙང་གྲིབ་ཕོག་བྱིང་ཞིང་འཐིབ་པར་འཕར།། མྱ་ངན་འོང་ན་རྨུག་(རྨུགས་)ཤིང་འཐིབ་པར་འཕར།། ཡེ་འགྲོག་(འབྲོག་)འོང་ན་འཁྲུག་ཅིང་རྒྱས་པར་འཕར་།། འཐབ་རྩོད་འོང་ན་རྩུབ་ཅིང་ཚེར་མ་འདྲ་།། མི་ཁ་འོང་ན་ཆུ་ཚན་ཁོལ་འདྲ་འཕར།། གོད་ཁ་འོང་ན་མེ་ལྕེ་མཆེད་འདྲ་འཕར།། དེ་བཞིན་གང་ཡང་རིག་པས་བརྟག་བྱས་ལ།། རང་གི་གནས་རྩར་བྱུང་ན་རང་ལ་འོང་བ་སྟེ།། མ་རྩ་བྱུང་ན་མ་ཞང་བུ་རྩ་བུ།། གྲོགས་རྩར་བྱུང་ན་ནོར་ལ་འོང་སྟེ་དགྲ་རྩ་དགྲ།། གཉིས་པ་མགྲོན་ཕྱ་(ཕྱྭ་)གཞི་པ་གང་བརྩེ་ཅིག་ལ་བརྟག། མཆིན་རྩ་དྲག་ན་མགྲོན་པོ་ཉུར་(མྱུར་)དུ་འོང་།། ཡང་ན་མ་བུ་དགྲ་གྲོགས་འདི་བཞིན་དཔྱད།། རང་དང་མ་རྩ་བྱུང་ན་གཞི་ནོན་ཡིན།། བུ་རྩ་ལམ་ཞུགས་དགྲ་རྩ་ཉུར་(མྱུར་)དུ་ཕེབ(ཕེབས)།། དོན་གཅོད་འགྲུབ་དང་མི་འགྲུབ་བརྟག་པ་ནི།། མཁལ་མཆིལ་(མཆིན་)སྙིང་རྩ་གསུམ་བྱུང་དྲག་ཏུ་འཕར།། དོན་མེད་སྟོང་ལག་(ལོག་)བྱེད་དེ་དགྲ་བོ་ཡོད།། དགྲ་རྩ་བྱུང་ན་མི་འགྲུབ་བརྟག་པ་ནི།། མཁལ་ཆེན་སྙིང་རྩ་གསུམ་བྱུང་དག་ཏུ་འཕར།། དོན་མེད་སྟོང་ལག་བྱེད་དེ་དགྲ་བོ་ཡིས།། དགྲ་རྩ་བྱུང་ན་མི་འགྲུབ་གྲོགས་རྩས་འགྲུབ།། གསུམ་པ་ཕར་(ལ་)རྒོལ་བའི་དགྲ་རྩ་ནི།། གློ་རྩ་དར་ན་དགྲ་བོ་ཐུབ་ངོ་ཡིན།། མཚེར་རྩ་དྲག་ན་མི་ཐུབ་དགྲ་ལག་བཙང་(བཙན)།། དགྲ་ཡི་རྩ་ལ་རང་རྩ་བྱུང་ན་ཐུབ།། རང་སར་དགྲ་རྩ་བྱུང་ན་མི་ཐུབ་ངེས།། དགྲ་ཡིས་རང་ལ་རྒོལ་བའི་རིགས་པ་ནི།། རང་སར་དགྲ་རྩ་བྱུང་ན་དགྲ་ཡིས་ཐུབ།། རང་ལ་མ་རྩ་བྱུང་ན་དགྲས་མི་ཚུགས།། བཞི་པ་གྲོགས་རྩ་ནོར་བདག་གང་ཡིན་དེ་ལ་ལྟ(བལྟ)།། ནོར་འཕེལ་གོད་ཁ་མེད་ན་མཆིན་རྩ་དར།། གོད་ཁ་གང་སྟོང་ཡོད་ན་མཆིན་རྩ་རྒུད།། གྲོགས་ཀྱི་རྩ་ལ་གྲོགས་(རྩ་)བྱུང་ན་འཕེལ།། རང་རྩ་ཐ་མ་ཡིན་སྟེ་མ་རྩ་འབྲིང་།། དགྲ་རྩ་བྱུང་ན་དགྲས་འཁྱེར་བུ་རྩ་འབྲིང་།། ལྔ་པ་མེ་ཆུ་གོ་བཟློག་(ལྡོག་)རིག་པ་ནི།། ཕ་ན་བུ་ཡི་རྩ་ལ་བལྟ་བ་ནི།། མ་རྩ་དར་ན་འཚོ་ལ་རྒུད་ན་འཆི་།། མཆིས་(མཆིན་)རྩ་མ་ཚང་འཆི་ལ་ཚང་ན་འཚོ།། བུ་རྩ་དར་ན་འཚོ་ལ་རྒུད་ན་འཆི།། མ་དང་བུ་མོ་གཉིས་ཡང་དེ་བཞིན་དཔྱད།། སྐྱེས་པ་ན་ན་བུ་(བུད་)མེད་རྩ་ལ་བལྟ།། མཆིན་རྩ་མ་ཚང་འཆི་ལ་ཚང་ན་འཚོ།། ཁྱོད་(ཁྱོ་)ལ་བལྟ་ལ་ཆུང་མའི་འཚོ་འཆི་བརྟག། མཁལ་རྩ་ཚང་ན་འཚོ་ལ་མ་ཚང་འཆི།། ཡང་(ན་)ཁྱོ་ག་གྲོགས་ལ་ཆུང་མ་དགྲ། དགྲ་གྲོགས་དར་ན་མི་འཆི་རྒུད་ན་འཆི།། དྲུག་པ་བུ་ཡི་སྲིད་རྩ་བརྟག་པ་སྦྲུམ་མ་ཡི།། རྩ་ནི་འབུར་ལ་འདྲིལ་བར་འཕར་བ་སྟེ།། མཁལ་རྩ་གཡས་དྲག་བུ་སྐྱེ་གཡོན་དྲག་བུ་མོར་སྐྱེ།། བུ་ཡི་རྩ་ལ་མ་རྩ་བྱུང་ན་ན།། བཙས་ན་གསོའ་(གསོ་)སླ་མ་རྩ་བྱུང་ན་ངན།། བདུན་(པ་)གདོན་འདྲེ་བརྟག་པའི་རྩ་དག་ནི།། ཤིང་རྩ་བྱུང་ན་མ་ཕྱིའི་ཆགས་འདྲེ་གནོད་གཉེན་(གཉན་)དང་རྒྱལ་པོ་ཡིན།། མེ་རྩ་བཙན་བདུད་ལྕགས་རྩ་རྒྱལ་པོ་གདོན།། ས་ཡི་རྩ་བྱུང་ས་བདག་མ་མོ་གདོན།། ཆུ་རྩ་བྱུང་ན་ཀླུ་སྲིན་དམ་སྲི་གདོན།། མ་རྩ་བྱུང་ན་མ་ཕྱིའི་ཆགས་འདྲེས་གནོད།། བུ་རྩ་བྱུང་ན་བུ་ཡི་ཞང་འདྲེས་གནོད།། དགྲ་ཡི་རྩ་ལ་གསོལ་ཁ་སྦད་(རྦད་)འདྲེས་གདོན།། གྲོགས་རྩ་བྱུང་ན་རྫས་ནོར་རྗེས་འབྲིང་གནོད།། རང་གི་རྩ་བྱུང་ཤ་རག་འགོས་འདྲེས་གནོད།། བདུན་པ་འཕར་བའི་གྲངས་ལ་ནད་ཀྱི་ཡོད་མེད་ནི།། ནད་མེད་འདུ་བ་སྙོམས་པ་རྒྱུན་གྱི་རྩ་།། སྨན་པའི་ཕྱི་རྦུགས་(འབྱིན་)ནང་འདྲེན་ཁུག་པ་གཅིག་གི་ཚེ།། ཕྱི་རྒྱུ་ལེན་(ལན་)གཉིས་ནང་འདྲེན་ལེན་(ལན་)གཉིས་བཞི།། བར་དུ་གཅིག་དང་ལྔ་འཕར་ནད་མེད་རྩ་རུ་ཟུངས(བཟུང་)།། དེ་ཡང་ལེན་(ལན་)གྲངས་བརྒྱ་དང་རྩ་བརྒྱད་བར།། བྱིང་རྒྱས་སྟོང་སྨད་དྲག་གཞན་(ཞན་)ཆེ་ཆུང་དང་།། སྡོད་འཐེན་མེད་པར་འཕར་ན་ངེས་པ་ཡིན།། དེ་ལས་བཟློག་(ལྡོག་)པ་ནད་ཡོད་རྩ་རུ་ཟུངས(བཟུང་)།། མང་འཕར་ཚ་བ་ཉུང་འཕར་གྲང་བ་ཡིན།། འོན་ཀྱང་རྩ་རྒྱུད་མུ་ཏིག་ཕྲེང་བའི་ཞིབ་ཏིག་ལྟར།། ངེས་པར་གཏན་ལ་དབབ་པའི་རྒྱུད་ལ་ལྟོས།། གཞི་རྩ་མ་རྟོགས་ཁ་མར་བཏགས་པ་རྫུན་དུ་འགྲོ།། ཕོ་མོའི་བུ་ཙ་(རྩ་)ཚད་རྩ་ནོར་ར་རེ།། བྱང་ཆུབ་སེམས་པའི་(དཔའི་)རྩ་དང་གྲང་རྩ་ནོར་དོགས་ཡོད།། འཆི་རྩ་བཅད་སྡོད་གཉིས་དང་མ་ཚང་ནོར་ར་རེ།། ལེགས་(པར་)པོར་རིག་པས་བརྟག་སྟེ་མ་ནོར་གཅེས།། བརྒྱད་པ་སྤྱི་དང་བྱེ་བྲག་ལ་ཤན་ནི།། དང་པོ་ཕྱི་(སྤྱི་)ཡི་རྩ་ལ་རྣམ་པ་དྲུག་ཡོད་དེ།། དྲག་དང་རྒྱས་དང་འགྲིལ་(འདྲིལ་)དང་མགྱོགས་པ་དང་།། གྲིམ་(གྲིམས་)དང་འཁྲང་བ་རྣམས་ནི་ཚ་བའི་རྩ།། དེ་ཡང་དཔངས་ཚ་སྙུགས་ཚ་གྲངས་ཚ་གསུམ།། དཔང་རྒྱས་གྲངས་ཀྱི་ཚ་བ་འཁྲུག་(འཁྲུགས་)རིམ་(རིམས་)གསར་གྱི་རྩ།། སྙུགས་ཀྱི་ཚ་བ་ཚད་པ་རྙིང་པ་ཡིན།། གྲང་བའི་རྩ་དང་(ནི་)ཞར་བྱིང་དམུག་(གུད་)སྟོང་དང་།། བུལ་དང་ལྷོད་པ་དྲུག་ནི་གྲང་བའི་རྩ།། སྙུགས་གྲང་གསལ་(གསར་)པ་ཡིན་ཏེ་དཔངས་རྩ་གྲང་བ་རྙིང་།། གཉིས་པ་བྱེ་བྲག་བརྟག་པ་རྣམ་པ་གཉིས་ཡིན་ཏེ།། རྩ་རྒྱུད་སོ་སོར་(སོས་)ནད་ཀྱི་དབྱེ་བ་དང་།། རེག་པ་གསུམ་གྱི་རྒྱུ་བ་བཅུ་གཉིས་ཀྱིས།། སྟོད་སྨན་དོན་སྣོད་གང་ལ་བབ་པ་སོ་སོར་བརྟག། དང་པོ་རྩ་རྒྱུད་སོ་སོ་ནད་ཀྱི་ངོས་འཛིན་ནི།། རྐྱལ་སྟོང་འདྲ་ཞིང་སྐབས་སུ་སྡོད་ན་རླུང་།། འཕྲ་(ཕྲ་)ལ་གྲིམ་(གྲིམས་)པར་འཕར་ན་མཁྲིས་པ་ཡིན།། བྱིང་ལ་རྒུད་པར་འཕར་ན་བད་ཀན་རྩ།། སྟོང་ལ་རྒྱུག་ཅིང་འཕར་ན་རླུང་ཚད་ཡིན།། ཁ་བྱིང་གཏིང་གྲིམས་འཕར་ན་བད་མཁྲིས་རྩ།། སྟོང་ལ་དལ་བར་འཕར་ན་བད་རླུང་རྩ།། སྦོམ་གྱོན་(ཁེངས་)ཀན་རྩ་ཞན་ན་བད་སྨུག་རྩ།། འབུར་ཞིང་འདྲིལ་བར་འཕར་ན་ཁྲག་གི་རྩ།། འདར་ནས་འགྲིམ་མ་ནུས་ན་ཆུ་སེར་རྩ།། འཁྱོག་(འཁྱིག་)ཅིང་ལེབ་མོར་འཕར་ན་སྲིན་གྱི་རྩ།། སྦོམ་རྒྱས་འབུར་ཞིང་འཕར་ན་འཁྲུག་(འཁྲུགས་)ཚད་ཡིན།། འཁྲང་ཞིང་གྲིམ་(གྲིམས་)པར་འཕར་ན་འགྲམ་(འགྲམས་)ཚད་ཡིན།། འཕྲ་(ཕྲ་)ཞིང་མགྱོགས་པར་འཕར་ན་རིམས་ཚད་ཡིན།། ཡུན་རྩུབ་མངོན་མི་བཏུབ་ན་སྦྱར་དུག་ཡིན།། འཕྲ་(ཕྲ་)མགྱོགས་ཞར་ཞིང་རྒྱུ་བ་ཤ་དུག་ཡིན།། འཕྲ་(ཕྲ་)མགྱོག་(མགྱོགས་)རླུང་ལྟར་གཡོ་ན་ཚ་བ་གསར་པ་ཡིན།། དྲག་ལ་འགྲིལ་(འདྲིལ་)བར་འཕར་ན་རྒྱས་ཚད་ཡིན།། སྟོང་རྒྱས་རྒྱུག་ཅིང་འཕར་ན་སྟོང་(སྟོངས་)ཚད་ཡིན།། རྩ་དཔང་(དཔངས་)དམའ་གྲིམས་གབ་པའི་ཚད་པ་ཡིན།། ཕྲ་ལ་གྲིམས་འཕར་ཚད་པ་རྙིང་པ་ཡིན།། ཕྲ་ལ་གཏིང་ནས་རྒྱུག་ན་སྙོག་(སྙོགས་)ཚད་ཡིན།། སྦོམ་མགྱོགས་འཁྲང་བར་འཕར་ན་རྨ་ཚད་ཡིན།། སྦོམ་མགྱོགས་འཁྲང་བར་འཕར་ན་རྨ་ཚད་ཡིན།། ཞར་ཞིང་ངོ་མ་གཉིས་འཕར་མྱ་ངན་རྩ།། མགོ་ཆག་ཤ་རུས་གླད་(ཀླད་)པ་རྣམ་པ་གསུམ།། གང་ལ་སྐྱོན་ཡོད་ཚན་(ཚོན་)ཀན་ཆག་གི་རྩ།། རིམ་པ་བཞིན་དུ་དྲག་གྲིམས་འདར་བའོ།། ཚ་ལ་ཡུན་ཅིང་འཐིབ་ན་རྣག་གི་རྩ།། སྦོམ་ལ་འཁྲང་ན་མ་ཞུ་གླང་ཐབས་རྩ།། ཤེད་ཆུང་རྩ་འཕྲ་(ཕྲ་)་མ་ཞུ་རྙིང་གི་རྩ།། ཞན་ཅིང་ཡ་མེད་འཕར་བ་སྐྲན་གྱི་རྩ།། འཕྲ་(ཕྲ་)བྱིང་གཏིང་ནས་དམ་ནས་ཞན་ན་དམུ་ཆུའི་རྩ།། སྟོད་དང་སྨད་ཞན་སྐྱུག་ནད་བཤལ་གྱི་རྩ།། དེ་ལྟར་རེག་པས་ལེགས་པོ་བརྟག་པར་བྱ།། ཕྱོགས་མཐུན་ནོར་ལ་རེ་བ་དྲུག་ཡོད་དེ།། ཁྲག་རྩ་རླུང་རྩ་རྒྱས་འདྲ་ནོར་དོགས་ཡོད།། རྒྱས་ཚད་སྟོང་(སྟོངས་)ཚད་རྒྱུག་རྩ་ནོར་དོགས་ཡོད།། བད་ཀན་ཁྲག་རྩ་བྱིང་མཐུན་ནོར་དོགས་ཡོད།། དགུ་པ་འདུ་བ་གང་ཡིན་ནད་ངོས་བཟུང་བ་ནི།། དེ་ལྟར་ནད་རྣམས་དོན་སྣོད་སྟོད་སྨད་ལ།། གར་བབ་རེག་པ་དྲུག་གིས་འབྱེད་པ་ནི།། མཚོན་(ཚོན་)རྩ་གཉིས་ཀྱིས་གློ་སྙིང་སྟོད་ནད་བརྟག། ཕོ་མཆིན་བར་ནད་ཀན་གྱིས་རེག་པས་བརྟག། མཁལ་རྐེད་སྨད་ནད་ཆགས་(ཆག་)རྩ་གཉིས་ཀྱིས་བརྟག། དོན་ལྔ་སྣོད་དྲུག་གདགས་སྲིབས་ཐོག་མཐའ་བརྟག། ཡང་ཟུར་གདགས་ཀྱི་རྩ་ལ་དོན་ལྔ་སྟེ།། མར་ཟུར་སྲིབ་ཀྱི་རྩ་ལ་སྣོད་དྲུག་བརྟག དོན་སྣོད་ནད་ལ་འཆོལ་བ་མི་འབྱུང་སྟེ།། དོན་ལྔ་ཚ་བའི་ཡུལ་ལ་གྲང་མི་འབྱུང་།། སྣོད་ནི་གྲང་བའི་ཡུལ་ལ་ཚ་བའང་ཡིན(མིན)།། སྟོད་སྨད་གཉིས་ཡང་དེ་བཞིན་ཤེས་བྱ་བ།། དེ་ལྟར་མ་འདྲེས་རེག་པས་ཞིབ་ཏུ་བརྟག། བཅུ་པ་འཚོ་འཆི་གང་ཡིན་འཆི་རྩ་གསུམ་སྟོན་ན།། རྩ་རྒྱུད་འགྱུར་བ་མ་ཚང་སྡོད་པ་གསུམ།། དང་པོ་རྩ་རྒྱུད་འགྱུར་བའི་འཆི་རྩའི་རྣམ་པ་ལ།། དར་ལྕེ་རླུང་རློབ་(བསྐྱོད་)འདྲ་དང་ཁྲའི་གཞུག་འགྲོས་འདྲ།། ཁང་པའི་ཐིག་(ཐིགས་)པ་ཟགས་འདྲ་དང་ཡུལ་ཆད་ཆུ་ཞུག་(གཞུག་)འདྲ།། ཉ་མོ་རྔམ་པ་འདྲ་དང་མཆིལ་པ་སྒུམ་ཐུ་(འཐུ་)འདྲ།། སྟོབས་ཅན་ཐོག་བབ་ནད་ཕོག་དོན་སྣོད་འཕྲ(ཕྲ)།། ཟུང་(ཟུངས་)ཟད་ནད་པའི་རྩ་རྒྱས་འབྲུག་(འཁྲུགས་)པ་དང་།། གྲང་ནད་ཅན་ལ་ཚ་བའི་རྩ་འབྱུང་དང་།། ཚ་ནད་ཅན་ལ་གྲང་བའི་རྩ་བྱུང་དང་།། བད་མཁྲིས་ཤ་དུག་གློ་ཚད་ཕོ་བར་འདྲིལ།། འདི་རྣམས་རྩ་རྒྱུད་འགྱུར་བའི་འཆི་རྩ་ཡིན།། གཉིས་པ་མ་ཚང་རྩ་འབྱུང་ཕྱི་ཡི་འབྲེལ་རྟགས་ནི།། སྙིང་རྩ་ནང་དུ་མ་ཚང་མིག་གི་འབྲི་ཚུག་(འབུར་ཚུགས་)ལྟ།། ནང་དུ་གློ་རྩ་མ་ཚང་ཕྱི་ནས་སྣ་མཚུལ་རྡིབ།། ནང་དུ་མཆིན་རྩ་མ་ཚང་ལྕེ་ནག་སྨིན་མ་འཚོམས།། ནང་དུ་མཚེར་རྩ་མ་ཚང་མཆུ་འཕྱང་ལྷོལ་(ལྷེན་)སྣ་རྡེབས(རྡིབ)།། ནང་དུ་མཁལ་རྩ་མ་ཚང་རྣ་བའི་སྒྲ་ཆགས་(ཆད་)དང་།། འདི་རྣམས་ཉེ་བར་འཆི་བའི་རྩ་ཡིན་སྟེ།། ཞག་མ་གཉིས་ལྔ་བརྒྱད་ཚུན་ངེས་པར་འཆི་རྩ་ཡིན།། གསུམ་པ་སྡོད་ཀྱི་རྣམ་གྲངས་གསུམ་དུ་ཤེན་(ཤན་)འབྱེད་ན།། གང་གི་དོན་སྣོད་རྩ་སྟོད་ན་སྡོད་ཡིན།། ངེས་མེད་དྲག་དལ་བྱེད་ན་གདོན་སྡོད་ཡིན།། གྲངས་ལ་ངེས་པར་སྡོད་ན་འཆི་སྡོད་ཡིན།། ན་སྡོད་སྨན་གྱིས་བཅོས་ལ་འདྲེ་སྡོད་བཀར།། གཏོ་སྨན་ཕན་སྐྱེད་མེད་ན་ནམ་ཡང་མི་འཚོ་ངེས།། ནད་བྱིང་རྐྱེན་གྱིས་གབ་དང་གདོན་གྱིས་བརྐུས།། ངེས་མེད་འགྱུར་ལྡོག་ཅན་ནི་ཕལ་ཆེར་འཚོ།། བཅུ་ཅིག་(གཅིག་)པ་ཡེ་འགྲོག་(འདྲོག་)གདོན་རྩའི་ངོ་ཡི་བཟུང་བ་ནི།། ངེས་མེད་ཉིན་སྲིབ་ཅན་དང་སྡོད་འཐེན་བྱེད།། མི་སྙོམས་འགྱུར་ལྡོག་མང་ན་གདོན་རྩ་ཡིན།། སྙིང་རྩ་ལྷ་སྲུང་རྒྱལ་པོས་གནོད་དམ་བརྟག ཀླུ་བདུད་ཀླུ་བཙན་གནོད་དམ་གློ་རྩས་ཤེས།། ས་བདག་དམ་སྲི་གྲི་(གྲེ་)མོ་མཆིན་རྩ་(རྩས་)ཤེས།། གྲི་(གྲེ་)བོ་གཉེན་(གཉན་)དང་ས་བདག་མཚེར་རྩ་སྟེ།། མཁལ་(མ་)གཡས་ལ་ཀླུ་གཉེན་(གཉན་)གདོན་ངོས་བཟུང་།། གཡོན་ལ་མཚོ་སྨན་ཀླུ་སྲིན་གདོན་ངོས་བཟུང་།། གཡས་ལ་ཕོ་གདོན་གཡོན་ལ་མོ་གདོན་བརྟག། རླུང་ནི་ནད་ལ་དཀོར་བདག་རྒྱལ་པོ་ཡིན།། ཚ་བ་ཐོག་བབ་བདུད་བཙན་ཀླུ་ཡི་ནད།། རིམས་དང་མཁྲིས་པ་སྨན་གཟེད་མ་མོ་ཡིན།། འབྲས་ལྷོག་དམུ་སྐྲན་ཀླུ་གཉན་ས་བདག་ཡིན།། དེ་ལ་རང་རང་གང་མཐུན་གཏོ་དང་བསྐྲད་ཡར་བྱ།། གསུང་རབ་ཀློག་དང་བསོད་ནམས་ཚོགས་བསོག་བྱ།། རང་སེམས་བརྟེན་པ་མ་ཐོབ་འགྱུར་བས་ཕྱིར་དྲང་པས།། འཁྲུལ་འཁོར་མ་རིག་གདོས་པའི་ས་གཟུགས་བླང།། ཚེ་སྲོག་བརྟེན་གནས་བླ་རྩ་ད་(དེ་)བོར་བྱུང་།། མལ་དུ་གནས་ན་བླ་ཚེ་བརྟེན་(བརྟན་)པའི་བརྟག། འགྱུར་ལྡོག་མང་ན་ཚེ་ལ་བར་ཚེ་ལ་ཆོད་འོང་།། བྲོས་ན་བླ་ཚེ་ཡལ་བས་འཆི་རྟགས་ཡིན།། སྲོག་ཆགས་འཆི་བསླུ་ཚེ་འབར་ལོ་གྲངས་གསོས།། ཚེ་འགུག་ལམ་འཕྲང་བཅོས་ན་ཁུག་ཡང་སྲིད།། ཆུ་རྒྱུས་འོག་ཏུ་སོང་ནས་མི་རྒྱུ་ན།། བན་བོན་ཡིན་ན་སྲུང་མ་བདུད་དུ་བབས།། སྐྱེ་བོ་ཡིན་ན་སྒྲ་བླ་(དགྲ་ལྷ་)ལོག་ཅིང་སྦོད་ཁ་ཟུག། བླ་གནས་གཡས་པ་འཁྱིག་སྡོད་ཕ་སྤུན་འཆི།། གཡོན་པ་རྒྱས་ཅིང་སྡོད་ན་བུ་སྨད་འཆི།། གཉིས་ཀ་འཁྱིག་སྡོད་བྱེད་ན་རང་ཉིད་འཆི།། སྡོད་སྙོམས་བྱེད་ན་ནོར་ལ་དགྲ་གོད་འོང་།། བུད་མེད་དག་གི་བླ་གནས་གཡས་པ་ལ།། འཁྱིག་སྡོད་ཁྱོད་(ཁྱོ་)འཆི་གཡོན་པ་ཕ་མིང་འཆི།། གཉིས་ཀ་འབྲུག་(འཁྱིག་)སྡོད་བྱེད་ན་རང་ཉིད་འཆིའོ།། སྟོང་རྒྱལ་(བརྒྱལ་)གོང་(གོད་)འོང་ཐང་འཁྱིག་ཁ་སྨྲས་འོང་།། འགྱུར་ལྡོག་མི་རྟག་ཕུང་འདྲེ་ཡོད་པའི་རྟགས།། སྦོམ་ཞིང་འབྲུག་(འཁྱུག་)ན་ཕོ་གདོན་གནོད་པ་ཡིན།། རྩུབ་ཅིང་ཐུང་ན་མོ་གདོན་གནོད་རྟགས་ཡིན།། རིང་ཐུང་མེད་པར་སྙོམས་པར་བརྒྱན་(བརྒྱ་)པར་(འཕར་)ན།། ཚེ་ལ་བར་དོ་(ཆད་)མེད་པའི་རྩ་ཡིན་ནོ།། འཕར་གྲངས་བསྟུད་ནས་མང་ཉུང་གང་འཕར་བ་།། དེ་ནི་འཕར་རེས་རེ་ན་ལོ་རེ་སྲོག། རིག་ཤེས་རྣོན་པོས་བརྟག་ནས་སྨྲས་པ་ན།། བསྙེན་(སྙན་)པའི་གྲགས་པ་ཐོབ་ནས་ཕན་པ་ཀུན་ལ་དྲིན།། ན་ལུགས་དྲ་(དྲི་)དང་ཁམས་ལ་བརྟག་དང་རྩ་ལ་རེག། ནད་དང་སྨན་པ་བར་གྱི་བརྡ་སྦྱོར་ཡིན།། མཁས་པར་མ་བསླབ་ལེགས་པོར་མ་བརྟག་ན།། ཁ་འབྱམ་ཕོད་ཚོད་སྨྲས་པས་ཁ་མར་འཇོལ་བ་སྟེ།། བསྙེན་(སྙན་)པ་མི་འཐོབ་ཀུན་གྱི་ཡ་ག་དར།། དེ་ཕྱིར་ཤེས་པ་ཚད་མ་སྲང་འདྲ་དགོས།། དཔྱད་བུ་ལ་སོགས་ཉན་པའི་འཁོར་གྱིས་ཟུངས།། ཞེས་གསུངས་སོ།།

གསོའ་(གསོ་)བྱའི་སྨན་འབུམ་དཀར་པོ་ལས་རེག་པ་རྩ་ཡིས་ངོས་བཟུང་བའི་ལེའུ་སྟེ་གཉིས་པའོ།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།