སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གཉིས་པ། མཐོང་བ་མེ་ལོང་ཆུ་ལ་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 ལེའུ་གཉིས་པ། མཐོང་བ་མེ་ལོང་ཆུ་ལ་བརྟག་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།

མིག་གི་མཐོང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཆུ་ལ་ནད་ངོས་བཟུང་བ་ལ་ཡང་། སྔོན་དུ་འགྲོ་བ་དང་བལྟ་བའི་དུས་དང་སྣོད་དང་གྱུར་ཚུལ་དང་། ཐ་མལ་ནད་མེད་དང་ནད་ཆུ་དང་འཆི་ཆུ་དང་གདོན་ཆུ་སྟེ །ས་བཅད་རྣམ་བརྒྱད་པོ་འདི་ནི་མཐོང་བ་མེ་ལོང་ཆུ་ལ་བརྟག་པའི་ཚུལ་མདོར་བསྟན་པ་ཡིནནོ

དེའི་དང་པོ་སྔོན་འགྲོ་ནི་ཆུ་ལ་བལྟ་བའི་སྔ་ནུབ་མོ་ནས། །ཇ་དང་དར་བ་ཆང་དང་སིངས་པོ་ལ་སོགས །ཆུ་མདོག་འགྱུར་ཕྱིར་ཧ་ཅང་མང་བ་སྤང༌ཞིང་ ཡང་སྐོམ་པར་ཡང་མི་སྡོད་ཅིང་ཕོ་མོ་ཉལ་པོ་སོགས་གཉིད་ཆག་པ་དང༌། །འགྲོ་འདུག་དང་སེམས་ལས་སོགས་འདོར་ན་ཆུ་འཁྲུགས་པར་བྱེད་པ་ཐམས་ཅད་སྤང་བར་བྱ། །ནམ་ཕྱེད་ཕན་ཆད་ཀྱི་ཆུ་ནི་ཁ་ཟས་ཀྱི་ཆུ་ཡིན་པས་ཕྱིར་ཕོ་ལ། ཐོ་རངས་ནམ་སྨད་ཀྱི་ཆུ་ནི་ནད་ཀྱི་ཆུ་ཡིན་པས་བསགས་ཏེ་བལྟ་བར་བྱའོ།

བལྟ་བའི་དུས་མདོག་དང་རླངས་པ་དང་ཀུ་ཡ་ལ་བརྟག་པའི་ཕྱིར། ནམ་ཞོགས་པ་ཆུའི་སྣོད་དེ་ལ་ཉི་འི་དངསབྱུང་བའི་དུས་དེར་བརྟགགོ།

སྣོད་ཀྱི་ཁྱད་པར་ཡང་ཆུ་མདོག་མི་འགྱུར་བའིཕྱིར །དཀར་ཡོལ་དང་ཡོལ་གོ་ཞེས་པ་དཀྱིལ་བརྡ་རྙིང་འཁར་གཞོང་དང་ལྕགས་དཀར་ལ་སོགས་པའི་སྣོད་དུ་བརྟགདགོས་ཀྱི། །རྫ་དང་ཟངས་དམར་དང་ར་གན་དང་དམར་ཡོལ་ཕོར་པ་དམར་པོ་སོགས་ཆུ་མདོག་འགྱུར་བའི་སྣོད་ཐམས་ཅད་སྤང༌ནས་བལྟ་དགོས་ལ །འོན་ཀྱང་འཇག་མའམ་སོག་མ་དཀར་པོས་དཀྲུག་གམ་ཞབས་སུ་གཏིང་ན་སྣོད་ཁ་དོག་ཅི་བྱུང་ཡང་བརྟག་ཏུ་རུང༌ངོ་།

དེ་ཡང་ལུས་ནང་དུ་དྲི་ཆུར་གྱུར་ཚུལ་ནི་ཟས་སྐོམ་ཕོ་བར་རླུང་གིས་དྭངས་སྙིགས་ཕྱེ། །སྙིགས་མ་དེ་ཉིད་རྒྱུ་མའི་ནང་དུ་ཚུད་ནས་སླར་ཡང་སྐ་བ་དང་སླ་བ་གཉིས་སོ་སོར་ཕྱེ། །སླ་བ་དེ་ལམ་རྒྱུ་གྲོག་གི་རྩ་ནས་ལྒང་པར་སླེབ་ཅིང་འདྲིལ། རྒྱུ་གྲོག་དང་གཉེ་མ་དང་གཞག་ཞེས་པ་དོན་གཅིག་མིང་གི་རྣམས་གྲངས་ཡིན་ནོ། །དེའི་དྭངས་མ་ནི་མཆིན་པའི་གནས་བརྒྱུད་དེ་ཁྲག་ཏུ་འགྱུར །ཁྲག་གི་སྙིགས་མ་མཁྲིས་པའི་གནས་སུ་གསོགཔ་དེ། །མཁྲིས་པའི་དྭངས་མ་ནི་ལུས་ཀྱི་ཆུ་སེར་དུ་འགྱུརཞིང་ །མཁྲིས་པའི་སྙིགས་མ་ནི་ཆུ་ཡི་ཀུ་ཡར་གྱུརལ། །ཀུ་ཡ་ཞེས་པ་ཆུའི་དཀྱིལ་དུ་བལ་འདབ་ལྟ་བུ་ལིང་ལིང་པོ་ལ་ཁ་དོག་ཆུ་རང་དང་མཐུན་པ་དེ་ཡིན་ལ། འགའ་ཞིག་གིས་དེ་མིན་ཟེར་བ་འདུག་ཀྱང་། དེ་མིན་ན་དེ་ལས་གཞན་པའི་ཀུ་ཡ་ཞེས་པ་ངོས་འཛིན་རྒྱུ་མེད་པ་འདྲ། ཇ་སོགས་བཏུང་བ་མང་བའམ་རླུང་ཤས་ཅན་ལ་ཀུ་ཡ་མེད་པ་མང་བས་སྐབས་ཐོབ་ཤེས་པར་བྱ་དགོས་སོ། དེ་དག་རྩ་མིག་རྣམས་སུ་འགྲིམས་ནས་ལྒང་པའི་ནང་དུ་གསོགཔ་ཡིན། །དེའི་ཕྱིར་ན་ཆུ་ཡི་ཁ་དོག་ནི་ཕལ་ཆེར་ཟས་ཀྱིས་སྒྱུརབ་མང་ལ །ཀུ་ཡ་ནི་ཁྲག་དང་མཁྲིས་པའི་གནས་ནས་འབྱུང་བའི་ཕྱིར། །ལུས་ལ་ནད་གཞི་ཚ་གྲང་གང་ཡོད་ཆུ་ལ་གསལབར་མཐོང་སྟེ །དཔེར་ན་ཚོང་པས་ཚོང་དུས་གཏམ་བརྗོད་པ་བཞིནནོ།

དེ་ཡང་དང་པོ་དྲང་ཕྱོགས་བརྟག་པ་ལ་དང་པོར་ཐིག་འདེབས་དགོས་པ་ལྟར། ནད་ཅན་གྱི་ཆུ་རྟོགས་པར་བྱེད་པ་ལ་ཐོག་མར་ནད་མེད་ཀྱི་ཆུ་རྟོགས་དགོས་པས། དེའི་ཕྱིར་དང་པོ་ཐ་མལ་ནད་མེད་གནས་པའི་ཆུ་ལ་བསྟན་པ། །ཁ་དོག་ནི་དམར་པོར་འབྲི་ཡི་མར་བཞུས་པ་དང་འདྲ་བ་ལ་སྦྲེ་དྲི་མནམ །རླངས་པ་ཆེ་ཆུང་དང་ཡུན་རིང་ཐུང་རན་པ་ལ་མེ་ཏོག་སྙོམས །ཀུ་ཡ་སྲབ་མཐུག་སྙོམས་པར་ཁྱབ་ཅིང་སྤྲིས་མ་སྲབ་མཐུག་ཀོ་ཆུ་ཙམཡོད་པ དེའི་རླངས་པ་ཡལ་བའི་དུས་ན་མཐའ་ནས་སྒོར་མོར་ལྡོགཔ། །ལོག་པའི་རྗེས་སུ་ཁ་དོག་དཀར་ལ་སེར་ཞིང་མྱག་མྱོག་མེད་པར་དྭངས་པ་ནི་ནད་མེད་པའི་ཆུ་ཡིནནོ།

ཚུལ་དེ་ལས་བཟློག་པ་ནད་ཀྱི་ཆུ་ནི་སྤྱི་དང་བྱེ་བྲག་གཉིསལས དང་པོ་སྤྱི་ལ་བརྟག་པའི་དུས་གསུམ་དང་བརྟག་འི་ཚུལ་དགུལས དང་པོ་དུས་གསུམ་ནི་ཚན་དེ་དང་ངད་ཡལ་བ་དང་གྲང་བ་དང་གསུམལས དེའང་ཚན་དེའི་དུས་སུ་མདོག་དང་རླངས་པ་དང་དྲི་མ་དང་མེ་ཏོགལ་བརྟག། །ངད་ཡལ་བའི་དུས་སུ་ཀུ་ཡ་དང་སྤྲིས་མ་ལ་བརྟག །གྲང་ནས་ལྡོག་པའི་དུས་དང་ལྡོག་པའི་ཚུལ་དང་ལོག་རྗེས་ལ་བརྟགགོ།

དང་པོ་ཚ་བའི་དུས་ཀྱི་ཁ་དོག་ནི། །ལུ་མའི་ཆུ་ལྟར་སྔོ་ལ་སླ་བ་རླུང༌གི་ནད །སེར་ན་མཁྲིས་པའི་ནད་དཀར་ན་བད་ཀན་གྱི་ནད། །དམར་ན་ཁྲག་ནད་ཡིན་རྒྱ་ཤལ་ཆུ་སེར་གྱི་ནད་ཡིན། །སྨུག་ལ་དུགས་ན་བད་ཀན་སྨུག་པོར་བརྟག །ཆུ་མདོག་གོང་དུ་བཤད་པ་དེ་དག་འདྲེས་ན་ལྡན་པ་དང་འདུས་པའི་ནདཀྱི་ཆུ་ཡིན ཆུ་མར་ནག་འདྲ་ན་རིམས་ནད་དང་མཁྲིས་པ་རྒྱསཔའི་ཆུ་ཡིན །དམར་སེར་ལ་སྐ་བ་དུགས་པ་ནི་འགྲམས་སམ་ཡང་ན་འཁྲུགས་ཀྱི་ཆུ་ཡིན། །ཆུ་མདོག་ནག་གམ་འཇའ་ཚོན་འདྲ་བ་ན་དུགགི་ཆུ་ཡིན་ནོ། །སྦྱར་དུག་གི་རྒྱུ་ལ་ལྟོས་ན་རིན་པོ་ཆེ་ལསོགས་པའི་གཡའ་ནག་ཅིང་། གམ་ཞེས་པའི་འབྱེད་སྡུད་ཀྱིས་འཇའ་མཚོན་སོགས་ཁ་དོག་མ་ངེས་པ་གཞན་པའང་བསྡུས་ཏེ། མན་ངག་རྒྱུད་དུ། ཆུ་མདོག་མ་ངེས་ཇི་ལྟར་འདུག་གྱུར་ཀྱང་། །འཁར་སྣོད་ཁ་སྦྱར་ས་འོག་རླངས་བསུབས་པས། །ས་རྡོ་རིན་ཆེན་སོགས་པའི་དབྱེ་བ་དང་། །སྦལ་སྒོང་འདྲ་དང་ནག་ཅིང་འཇའ་མཚོན་སོང་། །ཡང་ན་དྭངས་སངས་དུག་ཏུ་ངེས་པ་ཡིན། །ཞེས་དང་། ནད་གཞི་ལ་ལྟོས་ན་གནོད་བྱ་ལུས་སོགས་ཀུན་ལ་ཁྱབ་ཅིང་གནོད་བྱེད་ཉེས་པ་གསུམ་པོའང་འཁྲུགས་པའི་དབང་གིས་ཆུ་མདོག་སྣ་ཚོགས་འདྲེས་པ་ཡིན་ཏེ། མདོར་ན་དྭངས་མའི་རྟ་ལ་དུག་ཞོན་ནས། །ལུས་ཟུངས་བདུན་དང་དྲི་མ་ཀུན་ལ་ཁྱབ། །གནས་ཀྱིས་བསྒྱུར་བས་ནད་རྟགས་ཅི་ཡང་སྟོན། །རླུང་མཁྲིས་བད་ཀན་འདུས་པ་འཁྲུག་པར་བྱེད། །ཅེས་གསུངས་སོ།།

རླངས་པ་ཆེ་ན་ཚ་བ་རྒྱས་པའི་ཆུཡིན་ རླངས་པ་ཆུང་ལ་ཡུན་རིང་བ་ནི་ཚ་བ་གབ་བམ་ཡང་ན་ཚ་བ་རྙིངསཔའི་ཆུ་ཡིན །རླངས་པ་ཆུང་ལ་ཡུན་ཐུང་བ་ནི་བད་རླུང་དང་གྲང་བའི་ཆུ་ཡིན། རླངས་པ་རེས་ཆེ་ལ་རེས་ཆུང་ན་ནད་ཚ་གྲང་འདྲེས་པར་བརྟགགོ།

དྲི་མ་བརྟག་པ་ནི་དྲི་ངད་པ་དུགས་ཆེ་ལ་དཀུ་དྲི་ངན་པ་ན་ཚ་བ་ཆེ། །དྲི་མ་མེད་དམ་དྲི་མ་ཆུང་ན་གྲང་བ་ཡིན། །ཟས་ཀྱི་དྲི་མནམ་ན་གང་གི་དྲི་མ་མནམ་པའི་ཟས་དེ་ག་རང་མ་ཞུཔ་ཡིན་ནོ།

དྲི་ཆུའི་རོ་ལ་བརྟག་པ་ནི། རིན་ཆེན་སྤྲིན་གྱི་འཁོར་ལོ་ལས། རླུང་ལ་རོ་མངར་མཁྲིས་པ་ཁ། བད་ཀན་སྐྱུར་ལ་འདུས་པ་བསྐ། །སྨུག་པོ་སྦྲེ་ཤའི་བྲོ་བ་འདྲ། །དུག་ལ་ཟངས་སམ་འཁར་བ་ཡི། གཡའ་ཡི་བྲོ་བ་ལྟ་བུ་འབྱུང་། །དམུ་ཆུ་ཚ་བ་རོ་སྐྱུར་ལ། །གཏིང་ན་ཅུང་ཟད་ཚ་བ་ཡོད། །རིམས་ཚད་བྲོ་བ་ཁ་ལ་འཁྲིལ། །མཚུལལ་པའི་ཁོང་དུ་ཚ་བ་ཡིན། གཉན་དང་ལྷོག་པ་གར་མ་ལ། །ས་རུལ་ཁུ་བ་མྱངས་པ་འདྲ། །ཞེས་སོ།།

ཡང་རེག་བྱ་ལ་བརྟག་པ་ནི། དེཉིད་ལས། གཞན་ཡང་རྒྱལ་བའི་ལྷ་ཡི་ལུགས། །རེག་བྱར་བརྟག་པར་འདི་ལྟར་གསུང་། །དྲོད་ནི་འབྲིང་ཆུང་གསུམ་ལས། །ཚ་གྲང་ཤེས་པ་མྱུར་བ་ཡིན། ཆུ་ནི་བཏང་མ་ཐག་པ་ཡང་། །བལྟས་པས་དྲོད་ནི་ཡེ་མེད་ན། །ཉིན་ཞག་གཅིག་ལས་མི་ཐུབ་འཆི། རླུང་གི་ཆུ་ནི་ལུས་ལ་བྱུགས། །བསྐམས་ཚེ་རེག་བྱ་རྩུབ་པ་འབྱུང་། །མཁྲིས་ཆུ་སྣུམ་ལ་རེག་བྱ་ཚ། བད་ཀན་སྐྱ་སྨུག་སྣུམ་ལ་འཇམ། །ཚ་གྲང་ནད་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ།།

ལྦུ་བ་ལ་བརྟག་པ་ནི་ལྦུ་བ་སྔོ་ལ་ཆེ་བ་ན་རླུང་ཡིན་ཏེ། ལྦུ་བ་ཆུང་ཕྲ་སེར་བ་ལ་དེ་ཉིད་ཀྱང་སངས་པ་སྐྱེན་ན་མཁྲིས་པའི་ནད་ཡིན། །ལྦུ་བཁ་ནང་གི་མཆིལ་མ་འདྲ་བ་སྐྱ་ལ་སོབ་ན་བད་ཀན་གྱི་ནདཡིན ལྦུ་བ་དམར་ན་ཁྲག་ནད་ཡིན་ལ་ལྦུ་བ་འཇའ་ཚོན་འདྲ་ན་དུགཡིན། ལྦུ་བ་ཕུག་རོན་ཁྲ་ཡིས་གཏོར་བ་དང་འདྲ་བོ་སོ་སོར་བྱེར་ཞིང་འཐོར་གྲབ་ན་བྱེར་བའི་ནདཡིན་ནོ།

ཀུ་ཡ་ལ་བརྟགཔ་ནི་ཀུ་ཡ་སྤུ་དང་བར་སིབ་སིབ་གཤིབས་པ་དང་འདྲ་ན་རླུང་གི་ནད། ཀུ་ཡ་ཞེས་པ་ཆུའི་དཀྱིལ་དུ་བལ་འདབ་ལྟ་བུའི་ལིང་ལིང་པོ་ལ་ཁ་དོག་ཆུ་རང་དང་མཐུན་པ་དེ་ཡིན་ལ། འགའ་ཞིག་གིས་དེ་མིན་པར་འདོད་ཀྱང་དེ་ལས་གཞན་པ་ཀུ་ཡ་ངོས་འཛིན་རྒྱུ་མེད་པ་འདྲ། ཇ་སོགས་བཏུང་བ་མང་བ་དང་རླུང་ཤས་ཆེ་ནའང་ཀུ་ཡ་མེད་པ་མང་བའི་སྐབས་ཀྱང་ཡོད་ལ། ཡང་ཚ་བ་བྱེར་ནས་གྲང་བའི་གནས་སུ་སླེབ་པ་དང་གྲང་བ་དྲོད་ཀྱིས་མ་ཆོད་པར་གྲང་རྒྱ་འབྱམས་པ་དང་། གདོན་ཤས་ཆེ་བ་དང་བླ་ཚེའི་དྲོད་ཉམས་པས་ཆུ་མི་ལྡོག་ཅིང་ཀུ་ཡ་སྲབ་པ་དང་། ཁྲག་མཁྲིས་ཀྱ་དྲོ་ཡལ་ཟིན་པས་ཚ་བའི་འཆི་ཆུ་ཀུ་ཡ་ཁོངས་ནས་སངས་པ་སོགས་མང་བའི་སྐབས་ཐོབ་ཤེས་དགོས་སོ། །ཀུ་ཡ་བལ་འདབ་ཆུ་སྐྱུར་བ་དང་འདྲ་བ་ར་ལང་ལིང་འདུག་པ་ཁྲག་དང་མཁྲིས་པ་ཡིནལ་ཁྱད་པར་ཁྲག་ལ་ཆུའི་མཐའ་རྒྱ་ཚོས་འདྲ་བ་ཡོད ཀུ་ཡ་གྲོའི་སྤུའི་རྩེ་མོ་འདྲ་བ་ཟེར་ཟེར་པ་ནི་བད་ཀན་གྲང་བའི་ནད། ཀུ་ཡ་སྤྲིན་དང་འདྲ་བ་ལང་ལོང་བ་གློ་ནད་ཡིན་ལ་ཀུ་ཡ་རྣག་དང་འདྲ་ན་རྣག་དེ་ཉིད་ཡོདཔ་ཡིན ཀུ་ཡ་བྱེ་མ་དང་འདྲ་བ་ཙག་ཙག་འདུག་ན་མཁལ་ནད་ཡོད་པ་ཡིན། ཀུ་ཡ་དེ་ཆུའི་སྟེང་དང་འོག་དང་བར་གང་དུ་གནས་པ་ལྟར་ནད་ཀྱང་དེ་བཞིན་དུ་ལུས་ཀྱི་སྟོད་སྨད་བར་དུ་བརྟག །ཀུ་ཡ་ཞོ་ཤི་ཆད་པ་འདྲ་བས་ཆུ་སྟེང་ཁྱབཔར་འདུག་ན །རླུང་གིས་ལུས་ཟུངས་ཚ་གྲང་དཀྲུགས་པ་ཡིན། ཀུ་ཡ་མཐུག་ན་ཚ་བ་དང་སྲབ་པ་ལས་གྲང་བ་སྟེ་ཚ་གྲང་ཤེས་པར་བྱབ་དང་ཆུ་སྔོ་ལ་ཀུ་ཡ་བུང་བ་སྦྲུམ་མའི་ཆུ་ཡིན ཀུ་ཡའི་ཁ་དོག་ཆུ་མདོག་གང་བྱུང་དེ་ལྟར་རོ

སྤྲིས་མ་སྲབ་ན་གྲང་བ་ཡིན་ལ་མཐུག་ན་ཚབ་ཡིན སྤྲིས་མ་ཚུར་ལ་བླངས་ནས་ཕར་བཞག་ཏུ་བཏུབ་ན་ནི་ཞག་རྒོད་ཅེས་བྱ་སྟེ། དེ་ཉིད་མེར་བསྲེགས་པ་ན་གསུར་དྲི་བྱུང་ན་བཅོས་མི་དགོསཔར་རང་བཞིན་དུ་འཚོའོི །སྤྲིས་མ་དུམ་བུར་ཆད་ན་སྐྲན་ནད་ཡིན། །སྤྲིས་མའི་གཟུགས་ལས་གདོན་ངོས་བཟུང་བར་བྱའོ།

ལྡོག་དུས་རླངས་མ་ཡལ་བར་ལྡོག་པ་ནི་ རླངས་པ་ཡལ་རྗེས་གྲང་ནས་ལྡོག་པ་གྲང་བ་ཡིན། །རླངས་པ་ཡལ་པ་དང་ལྡོག་པ་གཉིས་དུས་མཚུངས་པར་མཚུངས་པར་སོང་ན་ཚ་གྲང་སྙོམསཔ་ཡིན་ནོ།

ལྡོག་པའི་ཚུལ་ནི་ཆུ་ལ་སྲབ་མཐུག་མེད་པ་འདྲ་བ་ལ། དོན་དུ་གང་སྲབ་པ་ངེས་ཀྱི་མཐའ་ནས་རིམ་གྱིས་ལྡོག་པ་གྲང་བ་ཡིན། ཆུའི་གཏིང་ཡར་ལོང་ནས་ལོངས་པོར་ལྡོག་པ་ཚ་བ་གསརཔ་ཡིན །མཐའ་ནས་དབུས་སུ་རྐང་ཤར་ཤར་ལྡོག་པ་རྙིངས་ཚད་ཡིན། །སྣ་ལ་ཀུ་ཡ་ལྡོག་ཅིང་དེ་རྗེས་ཆུ་ལྡོག་ན་ཚ་གྲང་འཐབཔ་ཡིན །ཚ་བ་བྱེར་བ་དང་གྲང་བ་འབྱམས་པ་དང༌། །གདོན་ཤས་ཆེ་བའི་ཆུ་གསུམ་པོ་ནི་ལྡོག་མི་འགྱུརརོ།

ཆུ་ལོག་རྗེས་ཀྱི་ཁ་དོག་དེ་ལ་ནད་གཞིའི་གང་ཡིན་པ་ཆུ་མདོག་འབྱུང་བས་བལྟདགོས གར་བའི་མིང་སྐ་ན་ཚ་བ་དང་སླ་ན་གྲང་བ་ཡིནནོ།

བྱེ་བྲག་མདོར་བསྡུས་ཚ་ཆུ་དང་གྲང་ཆུ་གཉིས། དང་པོ་ཚ་བའི་ཆུ་ནི་ཁ་དོག་དམར་ཡང་རམ་ཡང་ན་སེར། །སྐའམ་གར་ལ་དྲི་མ་དུགས་ཤིང་རླངས་པ་ཆེ་ལ་ཡུན་རིང༌། །ལྦུ་བ་ཕྲ་ཞིང་སེར་ལ་ཡལ་ཞིང་སངས་སྐྱེན་པ་དང་སྤྲིས་མ་མཐུགཅིང་། །ཀུ་ཡ་ཆུ་ཡི་དཀྱིལ་དུ་ལིང་གིས་འདྲིལབ་དང་ །དྲོད་དང་རླངས་མ་ཡལ་བ་ལ་ཚ་ལོག་བྱེདཅིང་ །ལོག་རྗེས་ཁ་དོག་སྨུག་ལ་གར་བ་ནི་ཚ་ཆུ་ཡིནནོ།

གྲང་ཆུ་ནི་ཁ་དོག་དཀར་རམ་སྔོ་ལ་སླབ་དང་ །རླངས་པ་དང་དྲི་མ་ཆུང་ལ་ལྦུ་བ་ཆེཞིང་ །སྤྲིས་མ་དང་ཀུ་ཡ་སྲབ་ཅིང་གྲང་པའི་རྗེས་ལྡོགལ། །ལོག་རྗེས་སྔོ་ལ་སླ་བ་ནི་གྲང་ཆུ་ཡིནནོ།

དེ་ཡང་ཁ་དོག་དཀར་སྔོ་ལ་ཀུ་ཡ་མཐུག་པའི་ཆུདེ་ནི །ལྟར་སྣང་དུ་གྲང་བ་ལྟར་སྣང་ཡང་དེའི་གཏིང་ཕ་གི་ན་ཚད་པ་ངེས་པར་ཡོདཔ་ཡིན་ནོ ཁ་དོག་དམར་སེར་དྲི་མ་ཆུང་ཞིང་ཀུ་ཡ་མེད་པ་ནི། འཕྲལ་ལྟར་སྣང་ཙམ་དུ་ཚ་བ་ལྟར་སྣང་ཡང་ངོ་བོ་གྲང་བ་ཡིནནོ།

ཚ་ཆུ་ལྡོག་བུལ་བ་དང་གྲང་ཆུ་ཡིན་ལ་ལྡོག་པ་སྐྱེནཔ་ནི ཚ་བ་གབ་པའི་ནད་དུ་ཤེས་པར་བྱའོ།

ཚ་ཆུ་ལ་མེ་ཏོག་མེད་ན་ཚ་བ་ཁོང་དུ་ཤོར་ཞིང་བྱིང༌བ་ཞེས་པ་བཏགས། །གྲང་ཆུ་ལ་མེ་ཏོག་མེད་ན་གྲང་བ་འབྱམསཔའོ། །ཚ་ཆུ་སྤྲིས་མ་མཐུག་ན་ལུས་ཟུངས་ཞུབའི་ཞག། །དེ་བཞིན་གྲང་ཆུ་ཁ་ཞག་ཆེ་ན་མར་མ་ཞུ་བར་ངེསསོ

ལར་ན་སྟོངས་ཚད་དང་ཁྲག་ཚད་ཡིན་པར་ཆུ་དམར་པོར་འཁྲུལན་ཡང་སྟོང་ཚད་དམར་དྭངས་སླ་བ་དང་ཁྲག་ཚད་དམར་གར་དང་ལོག་རྗེས་ཀྱང་གར་རོ །བད་ཀན་སྨུག་པོ་དང་ཆུ་སེར་སྨུག་པོར་འཁྲུལན་ཡང་བད་ཀན་སྨུག་པོ་ཆུ་སྨུག་ལ་གར་བ་དང་ཆུ་སེར་སྨུག་པོ་ཆུ་སྨུག་ལ་དྭངས་པའོ །མཁལ་མ་དང་མཆིན་པ་དང་མཆེར་པ་གསུམ་ཡང་ཆུ་མདོག་དམར་པོར་བྱུང་བ་ཙམ་ལ་འཁྲུལན་ཡང་མཁལ་མ་དམར་མྱོག་ཀུ་ཡ་ཞབས་དང་མཆིན་པ་དམར་སྨུག་ཀུ་ཡས་ཁྱབ་ལ་མཆེར་ཚད་དམར་ལྗང་ངམ་དམར་དྭངས་ཀུ་ཡ་བར་ན་ཡོད །གབ་ཚད་དང་བད་རླུང་དང་གྲང་བ་གསུམ་ཡང་ཆུ་སྔོན་པོར་བྱུང་བ་ཙམ་གྱིས་འཁྲུལན་ཡང་གབ་ཚད་ཆུ་སྔོ་ལྦུ་བ་ཕྲ་ཞིང་སངས་སྐྱེན་པ་དང་བར་རླུང་ཆུ་སྔོ་ལྦུ་བ་ཆེ་ལ་དལ་བ་ཡིན་ལ་གྲང་བ་ལྦུ་བ་ཡར་ལ་ཆུ་སྔོ་ལ་སྐྱའོ །དེ་དག་མ་འཁྲུལ་པར་ནད་ངོས་སོ་སོར་བཟུང༌ངོ་

འཆི་བའི་ཆུ་ནི་ཁ་དོག་ཁྲག་དང་འདྲ་བ་ལ་དྲི་མ་ཀོ་བ་རུལ་པོ་ལྟར་མནམ། ནད་དེ་བཅོ་བཅོས་ཀྱང་ཆུ་དེ་ལ་སྐྱེད་མེད་ན་ཚ་བའི་འཆི་ཆུ་ཡིན། །དེ་བཞིན་དུ་ཀུ་ཡ་སངས་ནས་ཀྱང་མི་ལྡོག་ན་འཆིའོ དེ་ཡང་དམུ་ཆུ་དང་འོར་ནད་སྐྱ་རྦབ་གསུམ་ལ་ཆུ་མི་ལྡོག་པ་བཟང་ལ་ལྡོག་ན་ངན་པར་གསུངས་པ་ཡིན། དེ་ལ་སོགས་པའི་དམིགས་བསལ་མི་ཤེས་ཤིང་མྱོས་གྲུབ་མེད་པའི་ལྷ་རྗེ་མང་པོས་རྐང་དྲངས་ཡང་ཡང་མཐོང་བྱུང་ངོ་ཨང་།།

ཁ་དོག་སྔོ་ཞིང་དྲི་མ་དང་རླངས་པ་དང་བྲོ་བ་མེད་པ་ལ། ནད་དེ་བཅོས་ཀྱང་ཆུ་དེ་མི་འགྱུར་བར་དེ་གར་འདུག་ན་གྲང་བའི་ནད་ཀྱི་འཆི་ཆུ་ཡིནནོ།

ཚོད་མའི་མིང་ཚོགས་པ་སྔོ་ཚོད་ཆད་འདྲ་སྟེ་དྭངས་སྙིགས་བྱེ་བ་རླུང་གི་ནད་ཀྱིས་འཆིཆུ་ཡིན །ཆུ་རྩའི་ཁུ་བ་་ཆད་པ་འདྲ་ན་མཁྲིས་པའི་ནད་ཀྱིས་འཆིཆུ་ཡིན །མཚལ་གྱི་ཁུ་བ་ཆད་པ་དང་འདྲ་ན་ཁྲག་གི་ནད་ཀྱིས་འཆིཆུ་ཡིན །འོ་མ་ཤི་བ་དང་ཆད་འདྲ་བ་ནི་བད་ཀན་གྱི་ནད་ཀྱིས་འཆིཆུ་ཡིན །སྣག་ཚའི་ཁུ་བ་ཆད་པ་འདྲ་ན་དུག་གིས་འཆིཆུ་ཡིན །མཁལ་ནད་མེད་པར་ཁོང་ནས་ཆུ་ལོག་ན། འདུ་བ་ཁོང་རུལ་ཞེས་བྱ་བ་ཡིན་ཏེ་འདི་ཡང་འཆི་བའི་ཆུ་ཡིནནོ།

གདོན་ཆུ་ངོས་འཛིན་པ་ནི་སྣོད་ཀྱི་ཕྱོགས་གང་ནས་བཏང་བ་ངོས་དེ་ཕྱོགས་ཤར་དུ་རྩི། །ཆུ་དེ་དབྱིབས་སྲིད་པའི་རུས་སྦལ་གན་རྐྱལ་གནསཔའི་ཆུ་གང་བཏང་ཤར་དུ་བརྩིས་པ དེ་མགོ་བོ་ལྷོར་བསྟན་ཤིང་བུ་བཞི་རྒྱ་གྲམ་དུ་ཐིག་བཞིས་ས་རེའུ་མིག་དགུར་བཅད། རུས་སྦལ་དེའི་གཞོགས་གཡས་གསུམ་ལྷ་ས་གཉིས་པ་མི་ས་གསུམ་པ་གདོན་གྱི་ས། རུས་སྦལ་ཀྱི་གཞོགས་གཡོན་གསུམ་རང་ངོས་དང་པོ་དུར་ས་གཉིས་ཁང་ས་གསུམ་པ་ཞིང་གི་ས། རེའུ་མིག་དབུས་གསུམ་གྱི་རང་ངོས་དང་པོ་ཕ་མེས་ས་གཉིས་པ་དང་རང་ས་དང་གསུམ་པ་བུ་ཚའི་སའོ།

ལིང་ཚེ་དགུ་པོའི་ས་ལྦུ་བ་དང་ཀུ་ཡ་དང་སྤྲིས་མར་དེར་གཟུགས་བརྙན་གང་བྱུང་ནམ། དེ་ལ་ལྡོག་སྐྱེན་པ་སྟེ་མྱུར་དུ་ལོག་གམ་ལྡོག་སྣ་རིང་བ་སྟེ་དལ་གྱིས་ལྡོག་པ་དང་ལར་ནས་མི་ལྡོག་པ་དང༌། །ཉ་མིག་ལྟ་བུ་དང་སྲུབས་པ་འདྲ་བ་དང་ལྦུ་བ་གང་བྱུང་བབརྟག་སྟེ།

དེ་རྣམས་ལྷ་སར་བྱུང་ན་བསྟེན་པའི་ལྷ་བསྲུངས་བཅོས། །མི་སར་བྱུང་ན་གྲེ་ཕོ་དང་གྲེ་མོ་གནོད། །གདོན་སར་བྱུང་ན་སྲིད་པའི་སྤྱི་འདྲེ་གནོད། །ཕ་མེས་ཀྱི་སར་བྱུང་ན་ཆགས་འདྲེ་དང་རྦད་འདྲེ་གནོད། །རང་སར་བྱུང་ན་གྲོགས་ཀྱི་འགོས་འདྲེ་གནོད། །བུ་ཚའི་སར་བྱུང་ན་ཞང་ཉེ་དང་མ་སྲུའི་འདྲེགནོད །ཁང་ས་དང་དུར་ས་དང་ཞིང་སར་བྱུང་ན་གང་བྱུང་བ་དེ་ནས་གནོདདོ།

གཞན་ཡང་གང་བཏང་ངོས་ཤར་དུ་བྱུང་ན་རྒྱལ་པོ་དང་གཉགནོད རུས་སྦལ་ཀྱི་མགོ་སྨན་པ་རང་གི་གཡོན་ངོས་ལྷོ་རུ་བྱུང་ན་བཙན་དང་མ་མོ་གནོད། རུས་སྦལ་ཀྱི་གཞོིགས་གཡོན་ནུབ་ཏུ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་ཏེ། རུས་སྦལ་ཀྱི་མཇུག་མར་རང་གི་གཞོགས་གཡས་ངོས་བྱང་དུ་བྱུང་ན་མཚོ་སྨན་དང་ཡང་ན་ཀླུ་སྲིན་གནོད། །ཤར་ལྷོར་བྱུང་ན་རྒྱལ་པོ་དང་བཙན་དང་གྲེ་མོགནོད །ལྷོ་ནུབ་མཚམས་སུ་བྱུང་ན་བཙན་དང་བདུད་ནག་སྨུག་གནོདལ་ནག་སྨུག་ནི་མ་མོ་སྟེ་ཁྲོས་པའི་མདོག་སྨུག་ནག་འབྱུང་བ་ལས་དཔགས་ཏེ་བཏགས་སོ་ཞེས་བཤད་ །ནུབ་བྱང་མཚམས་བྱུང་ན་སུ་ཀླུ་བདུད་དང་ཀླུ་སྲིན་གནོད། །བྱང་ཤར་མཚམས་སུ་བྱུང་ན་ས་བདག་དང་རིག་འཛིན་རིགས་སྔགས་གྲུབ་པའི་ལྷའི་རིགས་གནོད་པས་བཅོས་པར་བྱའོ།

འོན་ཀྱང་ལོག་རྗེས་ཉི་མའི་མདངས་ཤར་བ་ཆུ་ལ་ཕོག་པའི་ཚེ། ཆུ་ནང་དུ་ཤར་བ་དེ་ཉིད་འདྲ་བའི་གཟུགས་བརྙན་སོ་སོར་ལ་གདོན་གྱི་ངོས་བཟུང་བནི་འདི་ལྟར་རོ །རྨ་བྱའི་མདོངས་འདྲ་བ་བྱུང་བ་ན་ནག་སྨུག་མ་མོ་ཁྲོས་མ་གནོད། །བ་དན་འཕྱར་བ་དང་འདྲ་ན་མགོན་པོ་གནོད། །ལྕགས་སྒྲོག་འདྲ་ན་ལྷ་མོ་གནོད། །མདུང་གི་རྩེ་མོ་འདྲ་ན་ཕོ་ལྷ་གནོད། །ར་སྐྱེས་ཀྱི་གཟུགས་དང་འདྲ་ན་དགྲ་ལྷ་གནོད། །ཤུག་པའི་སྡོང་པོ་དང་འདྲ་ན་ཡུལ་ལྷ་གནོད། །པདྨ་འདྲ་ན་མོ་ལྷ་གནོད། །འོད་ཀོར་འདྲ་ན་རྒྱལ་པོ་གནོད། །ཙིག་པའི་ཁུང་དུ་ཉི་མ་ཤར་བ་འདྲ་ན་བཙནགནོད །དར་ལྕེ་འདྲ་ན་ཀླུ་བཙན་གནོད། །སྡིག་པ་འདྲ་ན་ཀླུ་བདུད་གནོད༌། ཤ་བའི་རུ་ཅོ་འདྲ་ན་ཡམ་ཤུད་དེ་བཙན་གྱི་གནོད། །གལ་ཏེ་སྣོད་ཕད་བུ་མགོ་སྦྲེལ་འདྲ་ན་ཐེ་བྲང་གནོད། །མེ་ལོང་འདྲ་ན་མཚོ་སྨན་གནོད། །ཏམ་བུ་ར་རོལ་མོ་པི་ཝང་ན་འདྲ་བདུད་མོ་གནོད། །ཉ་དང་དུང་འདྲ་ན་ས་བདག་གནོད། །ཆུ་སྲིན་དང་སྦྲུལ་འདྲ་ན་ཀླུ་གདོན་གནོད། །ན་བུན་དང་སྤྲིན་འདྲ་ན་མི་གཙང་བའི་ལངས། །མདའ་དང་འདྲ་ན་གྲེ་ཕོ་དང་འཕང་དང་འདྲ་ན་གྲེ་མོ་གྲེ་ཕོ་མོགནོད མིག་མངས་ཁྲོམ་ཚོགས་འདྲ་ན་ཞིང་འདྲེ་གནོད། །ཕུར་པ་དང་ཡུངས་ཀར་འདྲ་ན་བྱད་མ་དང་ཕུར་ཁ་གནོད། མིའི་ཐོད་པ་འདྲ་ན་ཀླུ་གཏད་གནོད། །མ་ཧེ་འདྲ་ན་དམ་སྲི་གནོདདོ།

དེ་རྣམས་གནོད་པ་ས་དགུའི་ཕྱོགས་ལས་དཔག །ལྷ་སར་འདྲེ་ངོ་བྱུང་ན་འདྲེ་ལྷར་རྫུ། །འདྲེ་སར་ལྷ་ངོ་བྱུང་ན་ལྷ་ཁྲོས་འདྲེ་རུ་གནོད། །ལྡོག་ཏུ་མི་འདོད་ན་སླར་བསྐོར་ཞིང་ཕྱྭ་བཏབ་སྟེ་བལྟབར་བྱ །དེས་མ་གསལ་ན་ནི་གདོན་ངོ་ཡིབ་པ་ཅེས་བྱབ་ཡིན་ནོ།

སྤྱིར་ན་དོན་ལྔའི་ནད་ནི་རྩ་ལ་བརྟགས་པས་གསལ་སྣོད་དྲུག་གི་ནད་ནི་ཆུལ་བརྟགས་པས་གསལ་ལོ །འཚོ་འཆིའི་ཐག་གཅོད་པའི་ལ་ཤན་ནི་རྩ་ཡིས་འབྱེད་ན་ཡང༌། །ཚ་བ་དང་གྲང་བའི་ཐག་གཅོད་པའི་ལ་ཤན་ནི་ཆུ་ལ་བལྟས་ན་མཐོང་བས་དེ་གསལ །དེ་ཕྱིར་སྨན་པ་མཁས་པས་ཆུ་ལ་བརྟག་པར་བྱའོ།

དགོས་པ་གལ་འགག་ཆེ་བ་བཞི་ཡིས་འཁྲུལ་སོ་ཇི་ལྟར་བསལ་བ་ནི། །མན་ངག་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་ཚ་གྲང་གལ་མདོར་ལྟོསཤིག་ཨང་ །ཞེས་གསུངས་སོ

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ནད་དང་གཉེན་པོ་སྤྲོད་ཕྱིར་གསོ་ཚུལ་དགུ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།

དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ནད་དང་གཉེན་པོར་སྤྲོད་ཕྱིར་གསོ་ཚུལ་གཅེས། །གཅེས་པའི་དོན་ལ་ཞུས་པ་ལེགས་ན་ཡང༌། སྔར་བསྟན་ཟིན་གྱི་བཤད་པའི་རྒྱུད་དུ་རྒྱས་བསྡུས་མཚམས་པར་ལེགས་པར་བསྟན་ནས་ཡོདཔས །དྲང་སྲོང་ཆེན་པོ་བཤད་རྒྱུད་ལ་ལྟ་རྟོག་འཐེམས་པར་གྱིསཤིག །དེ་མ་ཡིན་ན་མུན་ཁུང་ནང་དུ་དངོས་རྫས་སྟོར་བ་དང་འདྲབར་སྐྱུར་ནས །དཔེ་ཆའི་ལོགས་ལ་ཡོན་ཏན་ལས་པས་དགོས་དུས་དེར་སླེབ་ཅིང་ཕན་པར་མི་འགྱུརརོ དེ་བས་ན་གསོ་དཔྱད་ཀྱི་རྒྱུད་བཞིའི་ལྟ་རྟོག་འཐེམས་ཞིབས་བྱས་ནས་དོན་བློ་ལ་ལོངས་ན། །མུན་ཁུང་མཛོད་དུ་ཉི་མ་ཤར་བ་ཇི་བཞིན་དུ་གསལཔོར་མཐོང་ཞིང་ རིན་ཆེན་གསེར་དང་གཡུའི་སྒྲོམ་བུར་ལག་པ་བཅུག་པ་བཞིནདུ་ །རང་ལ་ནམ་དགོས་པའི་དུས་ན་ལོངས་སྤྱད་པས་ཆོགགོ་ཨ་ལ་ལ།  །ཅེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་བའི་ལེའུ་སྟེ་གཉིས་པའོ། །དེ་ལྟར་ལེའུ་གཉིས་ནི་བརྟག་པ་རྩ་ཆུའི་མདེ་སྡེ་དང་པོའོ།།  །། 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།