སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གཉིས་པ། མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་གཉིས་པ། མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་བ།

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཆུ་མདོ་མན་གྱི་འགྲེལ་པ་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་འགྲོལ་ཞེས་བྱ་བ་བཞུགས་སོ།།

 མཆོད་བརྗོད།

སྟོབས་བཅུ་མངའ་བ་ཀུན་གྱི་ཆོས་དབྱིངས་གཅིག་དང་དུ་མར་དབྱེར་མེད་ཀྱང༌། །མཁྱེན་བརྩེ་ཡེ་ཤེས་འབར་བའི་གཟུགས་སྐུ་རིན་ཅེན་ཁམས་བརྩེགས་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོའི་དབུས་ན་མངོན་འཕགས་མཚན་དཔེའི་བང་རིམ་ཅན། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དབང་སྲིད་ཞིའི་གཙུག་རྒྱན་དེས་སྐྱོངས་ཤིག །

        བགྲང་ཡས་འགྲོ་ཆེད་སྙིང་སྟོབས་རྩ་བ་ཆེས་ཆེར་སྦོམ། །མ་འདྲེས་ཡོན་ཏན་ཡལ་གའི་ཁྱོན་ཡངས་ཕྱོགས་སུ་རྫོགས། །ཐུགས་རྗེ་རོ་བདའ་འབྲས་བུས་གཡུར་ཟ་ཡོངས་འདུའི་ལྗོན། །རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོར་སྤྱི་བོས་འདུད། །དུག་གསུམ་ཚ་བའི་རེག་པ་བཟོད་དཀའ་བ། །ཐུགས་རྗེའི་ཟླ་སྣང་ཆ་ཙམ་རེག་པས་ཀྱང༌། །གཞིལ་ནུས་སྨན་གྱི་བླ་མ་བེ་ཌཱུརྱའི། །བྱིན་རླབས་འོད་ཀྱིས་འགྲོ་རྒྱུད་རབ་རིབ་སོལ། །ཕྱི་ནང་གཟུང་ལུགས་ལྟོ་འགྲོའི་གདེངས་ཀ་འབུམ། །ལུང་རིགས་ནོར་བུས་རབ་སྦྲས་མངོན་མཐོ་བའི། །ཡན་ལག་བརྒྱད་ལྡན་གཞུང་བཟང་ཆུ་བོ་བཞི། །འབབ་བྱེད་མ་དྲོས་བདག་པོ་བྷ་བིའ་ལྷ། །གངས་ཅན་འགྲོ་ལ་རྗེས་ཆགས་སྤྱན་ཀྱི་དཀྱུས། །

        རིང་པོས་ཉེར་བཙས་རིགས་འདུས་སྨན་པའི་རྒྱལ། །ཡོན་ཏན་མགོན་པོའི་བཀའ་དྲིན་ནམ་མཁའི་མཐའ། །རིག་བྱེད་བདག་པོའི་བློས་ཀྱང་གཞལ་ནུས་ཅི། །བདུད་རྩི་སྙིང་པོའི་གཞུང་བཟང་འོ་མའི་བཅུད། །

        མཁས་མིན་བློ་ཆུའི་རྙོག་མས་ཡོངས་བསླད་པ། །མ་འདྲེས་འབྱེད་ནུས་དཔྱོད་ལྡན་འཁོར་ལོའི་ལག །ཟུར་མཁར་ཡབ་སྲས་དྲིན་ལས་གཞན་དུ་ཅི། །ཁེང་དྲེགས་ག་བུར་རྡུལ་དཀར་མི་འཐོར་ཀྱང༌། །རྒྱུད་ལུང་མན་ངག་གནད་ཀྱི་དྲི་བཟང་པོས། །བདག་ཡིད་བསིལ་བྱེད་འཕགས་ཡུལ་གངས་ལྗོངས་ཀྱི། །རྣམ་འདྲེན་མ་ལ་ཡ་མི་འཕྲེང་མཛེས་རྒྱལ། །རབ་འབྲིང་ཐ་མའི་བློ་གྲོས་སྣོད། །ཀུན་ལ་འཚམ་པའི་རི་བོང་ཅན། །ལག་ལེན་ཟླ་བ་དག་པའི་སྙིང༌། །གཟུགས་བརྙན་མ་འདྲེས་སོ་སོར་འཆར། །རྗོད་བྱེད་དོན་ཀྱི་དཀའ་བའི་གནད། །ཚིག་ཕྲེང་མདུད་པས་དམ་བཅིངས་པ། །འདི་ན་རྣམ་དཔྱོད་སོར་མོའི་རྩེས། །ལྷུག་པོར་འགྲོལ་ལ་སུ་མི་རང༌། །འགའ་ཞིག་ཚིག་དོན་ཨཱ་དརཤ། །རྒན་པོའི་ངག་སྒྲོས་ཁ་རླངས་ཀྱིས། །ནོག་པར་བྱས་མཐོང་དཔྱད་གསུམ་གྱིས། །སྦྱང་བའི་ཆོ་གས་ཡོངས་སུ་དག །མཁས་རློམ་ང་རྒྱལ་སྨོན་པའི་ཚིག །མ་ཡིན་གཏན་ཚིགས་སྙིང་སྟོབས་རྩལ། །ཁོང་ནས་རྫོགས་པའི་གདོང་ལྔ་པ། །འཇིགས་མེད་དབྱངས་ཀྱི་རྒྱུད་དུ་ལེན། །

        ཅེས་རྩོམ་པ་ལ་འཇུག་པའི་སྒོ་འཕར་ཡངས་པོ་སྔོན་དུ་ཕྱེ་ནས། ལས་སུ་བྱ་བ་ནི། གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་པོ་འདིའི་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ཉིད་ཀྱི་ཚིག་དོན་བདེ་བླག་ཏུ་འགྲོལ་བར་བྱེད་པ་ལ། ཇི་སྐད་དུ། མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ། །བརྟག་ཐབས་རེག་མཐོང་གཉིས་ཀྱིས་ནད་ངོས་བཟུང༌། །འཁྲུལ་གཞི་གལ་འགག་བཞི་ཡིས་དཔྱད་ཕྲང་བསལ། །གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲད། །གསོ་ཐབས་ལག་ལེན་བཅོ་བརྒྱད་ནད་དཔུང་གཞོམ། །སུམ་ཅུ་རྩ་གསུམ་ལག་ལེན་སྙིང་པོར་དྲིལ། །འདི་དག་ཕྱི་མ་རྒྱུད་ཀྱི་བསྡོམས་ཚིག་ཡིན། །ཅེས་གསུངས་པའི་ཐོག་མར་བརྟག་པའི་ཐབས་ལ་གཉིས་ཀྱི། དང་པོ་རེག་པ་རྩ་ལ་བརྟག་པ་ནི་ཟུར་མཁར་བ་ཆེན་པོས་མེས་པོའི་ཞལ་ལུང་ཉིད་དུ་བསྟན་ལ།

ལེའུ་གཉིས་པ། མཐོང་བ་ཆུ་ལ་ངོས་བཟུང་ནས་བརྟག་པའི་ཐབས་བསྟན་པ།

        བརྟག་ཐབས་གཉིས་པ། མཐོང་བ་ཆུ་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ལ། དེ་ནས་ཞེས་པ་ནས། མདོར་བསྟན་ཡིན་ཞེས་པའི་བར་བྱུང་སྟེ། བརྟག་ཐབས་དང་པོ་རེག་པ་རྩ་ལ་ནད་ངོས་བཟུང་བའི་ལེའུ་གསུངས་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌།

        དེ་ཡང་བརྟག་པ་གཉིས་པ་མཐོང་བ་མེ་ལོང་ཆུ་ལ་བརྟེན་ནས་ནད་ངོས་བཟུང་བ་ལ་བརྟག་པ་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། དེ་ལ་སྔོན་འགྲོ་དང༌། བལྟ་བའི་དུས་དང༌། བླུག་པའི་སྣོད་དང༌། ཆུ་ཇི་ལྟར་གྱུར་པའི་ཚུལ་དང༌། ནད་མེད་ཐ་མལ་ཀྱི་ཆུ་དང༌། ནད་ཆུ་དང༌། འཆི་ཆུ་དང༌། གདོན་ཆུ་སྟེ། ས་བཅད་རྣམ་པ་བརྒྱད་པོ་འདི་ནི། ཆུ་ལ་བརྟག་ཚུལ་གྱི་དོན་མདོར་བསྟན་པ་ཡིན་ནོ་ཞེས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་དེ། སྔོན་འགྲོ་བསྟན་པ། བལྟ་དུས་བསྟན་པ། སྣོད་ཀྱི་ཁྱད་པར་བསྟན་པ། གྱུར་ཚུལ་བསྟན་པ། ནད་མེད་ཐ་མལ་གྱི་ཆུ་བསྟན་པ། ནད་ཆུ་བསྟན་པ། འཆི་ཆུ་བསྟན་པ། གདོན་ཆུ་བསྟན་པའོ། །དང་པོ་སྔོན་འགྲོ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། ཆུ་ལ་བརྟེན་ནས་བརྟག་པའི་ཚུལ་འདི་དག །སྨན་དཔྱད་འཚོ་བའི་མདོ་སོགས་ཀླུ་སྒྲུབ་ཀྱི་གསུང་དང༌། དཔའ་བོ་ཡབ་སྲས་ཀྱི་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་གཞུང་ལུགས་རྣམས་སུ་མི་གསལ་ཀྱང༌།

        རྒྱ་ནག་ལས་འགྱུར་བའི་སོ་མ་རཱ་ཛ་ལས། སྙིང་རྗེ་ཆེ་ལ་སྤྱོད་ལམ་དལ། །ལུས་ཟུངས་མ་ཉམས་དབང་པོ་གསལ། །ཆང་འཐུངས་མ་ཡིན་གཉིད་ལོག་དང༌། །ལེགས་པའི་སྤྱོད་ལམ་སྨན་པས་བརྟག །ཅེས་བརྟག་པ་པོའི་མཚན་ཉིད་དང༌། ནད་པས་སྐོམ་མང་མ་བཏུངས་ཤིང༌། །འཐུངས་ན་ཆུ་ཡང་དུས་མི་ལྡོག །བུད་མེད་ལྷནཅིག་ཉལ་ན་ཡང༌། །དཀར་སེར་དམར་བ་མ་འཐུངས་ཏེ། །རོ་དང་ལྡན་པ་མ་ཟོས་པས། །དུས་སུ་བཏང་བའི་ཆུ་ལ་བརྟག །ཅེས་བརྟག་ཡུལ་ནད་པའི་སྤྱོད་ལམ་གཉིས་བསྟན་པ་ཡིན་ནོ།།

        གཉིས་པ་ཚིག་དོན་ནི། དང་པོ་སྔོན་འགྲོ་ཞེས་པ་ནས། །སྤང་བར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། ཆུ་ལ་བརྟེན་ནས་ནད་ངོས་འཛིན་པ་ལ། དོན་ཚན་བརྒྱད་ཡོད་པའི་དང་པོ་སྔོན་འགྲོ་ནི་སང་ཉིན་ཆུ་ལ་བལྟ་བའི་སང་རོལ་གྱི་ནུབ་མོ་དེ་ནས། རླུང་གི་ཆུ་མདོག་ཏུ་འཁྲུལ་བའི་ཇ་དང་བད་ཀན་གྱི་ཁ་དོག་ཏུ་འཁྲུལ་བ་དར་བ་དང་མཁྲིས་པའི་ཁ་དོག་ཏུ་འཁྲུལ་གཞི་བསྐྱེད་པའི་ཆང་དང་སིངས་པོ་ལ་སོགས་པ་དེ་རྣམས་ཀྱི་རྐྱེན་གྱིས་གོང་དུ་བཤད་པའི་ནད་གཞིའི་ཆུ་མདོག་འགྱུར་བའི་ཕྱིར་ཧ་ཅང་མང་བ་སྤང་ཞིང༌། ཡང་སྐོམ་པར་ཡང་མི་བསྡད་པར་རན་ཙམ་བསྟེན་པ་དང༌། ལུས་ཀྱི་སྤྱོད་ལམ་ཡང་བུད་མེད་དང་ལྷན་ཅིག་ཏུ་ཉལ་པོ་སྤྱོད་པ་དང་དྲག་ཤུལ་གྱི་འགྲོ་འདུག་དང་སེམས་ལས་ཆེ་བ་སོགས་ཀྱིས་ཆུའི་ཁ་དོག་འཁྲུགས་པར་འགྱུར་བ་སྤང་བ་བྱ་ཞིང༌། ཉིན་ཞག་གི་དུས་ཀྱང་ནམ་ཕྱེད་ཕན་ཆད་དེ་རིང་ཉིན་མོའི་ཟས་སྐོམ་གྱིས་ཆུ་ཡི་ཁ་དོག་བསྒྱུར་བས་ན་ཕྱིར་ཕོ་ལ། ནམ་སྨད་སྐྱ་རེངས་ཤར་བ་ཚུན་ནད་ཀྱི་རིགས་མཐུན་གྱི་ཆུའི་ཁ་དོག་འབྱུང་བས་དེ་དུས་བསགས་ཏེ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ནོ། གཉིས་པ་བལྟ་དུས་ལ། སྤྱི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི་སོ་མ་རཱ་ཛ་ལས། རི་ཡི་རྩེ་ལ་ཉི་ཤར་ཞིང༌། །མུན་པ་མེད་པའི་ཕྲུམ་མཐིལ་དུ། །སྣོད་ལ་སོགས་པ་སོ་སོར་བརྟག །ཅེས་གསུངས། གཉིས་པ་ནི། བལྟ་དུས་ཞེས་པ་ནས་བྱུང་དུས་བརྟག་ཅེས་པའི་བར་ཚིག་རྐང་གཉིས་ཏེ། སྤྱིར་བཏང་བའི་དབང་དུ་བྱས་ན། ཆུ་ལ་བལྟ་བའི་དུས་ཀྱང་ངེས་ཅན་དུ་འདི་ལྟར་དགོས་ཏེ། ཆུ་མདོག་དང༌། རླངས་པ་ཆེ་ཆུང་དང༌། ཀུ་ཡ་སྲབ་འཐུག་སོགས་ལ་བརྟག་པ་གསལ་བའི་ཕྱིར་ཞོགས་པ་ཆུ་སྣོད་ལ་ཉི་མདངས་ཐོག་མར་བྱུང་དུས་བརྟག་དགོས་ལ། གློ་བུར་དུ་མི་གསལ་ན་མཐའ་གཅིག་ཏུ་མ་ངེས་སོ་ཞེས་པའོ། །གསུམ་པ་སྣོད་ལ། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་སོ་མ་རཱ་ཛར། སྣོད་ནི་དཀར་དང་དམར་བ་དང༌། །ཤིན་ཏུ་ནག་དང་སེར་བ་སྤང༌། །ཞེས་གསུངས་ལ། འདི་ཉིད་ལས། དཀར་ཡོལ་འཁར་གཞོངལྕགས་དཀར་སྣོད་དུ་བརྟག །ཅེས་དཀར་ཡོལ་སོགས་ཁ་དོག་དཀར་པོ་བརྟག་རུང་གི་སྣོད་དུ་བཤད་པ་མི་འགལ་ཏེ། མི་རུང་བ་ནི། ཧ་ཅང་དཀར་བའི་མདངས་ཀྱིས་ཆུའི་ཁ་དོག་ཀྱང་དཀར་པོར་སྒྱུར་བར་བྱེད་པ་སོགས་བརྟག་མི་རུང་བར་དགོངས་པ་ཡིན་ནོ།།

        གཉིས་པ་ཚིག་གི་དོན་ནི། སྣོད་ཀྱི་ཁྱད་པར་ནས། བརྟག་ཏུ་རུང་ཞེས་པའི་བར་ཚིགས་བཅད་གཅིག་སྟེ་ཆུའི་ཁ་དོག་སོགས་ལ་བརྟག་པའི་ཕྱིར། སྣོད་ཀྱི་ཁྱད་པར་ཀྱང་འདི་ལྟར་དགོས་ཏེ། སྣོད་ཀྱི་ཁ་དོག་གི་དབང་ལས་ཆུའི་མདོག་མི་འགྱུར་པའི་ཕྱིར། དཀར་ཡོལ་དང༌། དེ་ཡང་ནང་དུ་སྔོ་དམར་གྱི་རི་མོ་ཁྲ་བོ་མེད་པ་དང༌། འཁར་གཞོང་དང༌། ལྕགས་དཀར་ལ་སོགས་པའི་སྣོད་དུ་བརྟག་དགོས་ལ། དེ་མ་ཡིན་པའི་རྫ་དང༌། ཟངས་དམར་དང༌། ར་གན་དང༌། ཁ་དོག་དམར་པོའི་ཡོལ་གོ་སྟེ། ཕོར་བ་རྩི་དམར་པོ་ཡོད་པའི་སྣོད་སོགས་ཀྱིས་ཆུ་མདོག་སྣོད་ཀྱི་ཁ་དོག་ཏུ་འགྱུར་བས་སྤངས་ནས་བལྟ་དགོས་པ་ཡིན་ལ། འོན་ཀྱང་རུང་བའི་སྣོད་དེ་ལྟ་བུ་མ་འགྲུབ་པ་སོགས་ཀྱིས་དམིགས་བསལ་དུ། རྫ་ཟངས་སོགས་མི་རུང་བའི་སྣོད་དེ་རྣམས་ཀྱི་ནང་དུ་ཡང་འཇག་མའམ་སོག་མ་ཤིང་བུ་དཀར་པོ་སོགས་ཀྱིས་དཀྲུག་གམ། ཞབས་སུ་གཏིང་ན་སྣོད་ཀྱི་ཁ་དོག་ཅི་བྱུང་ཡང་ཁོ་རང་གི་སྟེང་དུ་ཤར་བའི་ཁ་དོག་ལས་དཔགས་ཏེ་གསལ་བས་བརྟག་ཏུ་རུང་བ་ཡིན་ནོ།།

        བཞི་པ་ནི། གྱུར་ཚུལ་ཞེས་པ་ནས་གཏམ་བརྗོད་བཞིན་ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཏེ། ནད་དང་ནད་མེད་གང་གི་སྐབས་སུ་ཡང་བཤང་གཅི་གཉིས་ཀྱི་ཟླས་ཕྱེ་བའི་གཅི་བའམ་ཆུ་ཡི་གྱུར་ཚུལ་ནི་འདི་ལྟར་ཡིན་ཏེ། ཟས་སྐོམ་གང་ཡང་ཕོ་བར་བད་ཀན་མྱགས་བྱེད་ཀྱིས་མྱགས་པ་དང་མཁྲིས་པ་འཇུ་བྱེད་ཀྱིས་བཞུས། རླུང་མེ་མཉམ་གྱིས་དྭངས་སྙིགས་ཕྱེ་བ་ལས། སྙིགས་མ་རྣམས་རྒྱུ་མའི་ནང་དུ་ཚུད་ནས་སླར་ཡང་བསྐ་བའི་ཆ་དང་སླ་བའི་ཆ་ཕྱོགས་གཉིས་སུ་ཕྱེ་བའི་སླ་བའི་ཆ་རྣམས་རྒྱུ་མ་དང་ལྷན་ཅིག་ཏུ་གྲོགས་ཀྱི་ཚུལ་དུ་གནས་པའི་རྩ་དེའི་ནང་བརྒྱུད་ནས་ལྒང་པར་འདྲིལ་ཞིང་གསོག་པར་བྱེད་ལ། དྭངས་མ་ནི་ཕོ་བ་ནས་མཆིན་པའི་གནས་སུ་བརྒྱུད་ནས་གནས་དེར་ཁྲག་ཏུ་འགྱུར་ཞིང༌། ཁྲག་དེ་ལ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ནི་ཤ་དང་སྙིགས་མ་ནི་སྣོད་ཀྱི་མཁྲིས་ཐུམ་གྱི་གནས་སུ་གསོག་ལ། མཁྲིས་པ་དེ་ལ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་མཁྲིས་པའི་དྭངས་མ་ནི་ལུས་ཀྱི་ཆུ་སེར་དུ་འགྱུར་ལ། མཁྲིས་པ་དེའི་སྙིགས་མ་ནི་ཆུ་ཡི་ཀུ་ཡར་འགྱུར་ཏེ་ལྒང་པ་སོགས་ཀྱི་རྩ་མིག་འགྲིམས་ནས་ལྒང་པའི་ནང་དུ་ཆུ་དང་ལྷན་ཅིག་ཏུ་གསོག་པའོ། །ཆུ་དང་ཀུ་ཡའི་གྱུར་ཚུལ། དེའི་ཕྱིར་ཆུ་ཡི་ཁ་དོག་ཙམ་ལ་མཐའ་གཅིག་ཏུ་ངེས་པ་མེད་པར་ཟས་ཀྱིས་བསྒྱུར་བ་ཡང་སྲིད་ལ། ཀུ་ཡ་ནི་གོང་དུ་བཤད་པ་ལྟར་ཁྲག་དང་མཁྲིས་པའི་གནས་ནས་འབྱུང་བ་དེའི་ཕྱིར་ལུས་ལ་ཚ་བའི་ནད་རིགས་དང་གྲང་བའི་ནད་རིགས་གང་ཡོད་ཆུའི་ནང་དུ་ཐོན་པའི་ཀུ་ཡ་དེ་ལ་གསལ་བ་ཡིན་ནོ། །དཔེར་ན། ཡུལ་མང་པོར་ཕྱིན་པའི་ཚོང་པས་ཚོང་འདུས་འདི་ན་འདིའོ་ཞེས་གཏམ་དྲང་པོར་བརྗོད་པ་བཞིན་དུ་ཀུ་ཡར་ཡང་གཙོ་བོར་ཁྲག་མཁྲིས་ཀྱི་གནས་ནས་འོངས་ཀྱང༌། ཁྲག་མཁྲིས་ཀྱི་ཆ་ཤས་ཙམ་ནི་ལུས་ཟུངས་བདུན་ག་ལ་སོན་པས་ན་ཀུ་ཡས་ལུས་ཀྱང་འདུ་བ་འཕེལ་ཟད་འཁྲུགས་གསུམ་གྱི་གནས་ཚུལ་གསལ་བར་སྟོན་པ་ཡིན་ནོ།།

        ལྔ་པ་ནད་མེད་ཐ་མལ་གྱི་ཆུ་ནི། ཐ་མལ་ནད་མེད་ཅེས་པ་ནས་ནད་མེད་ཡིན་ཅེས་པའི་རྐང་པ་དྲུག་གིས་བསྟན་ཏེ། ནད་ཀྱི་མ་སྦགས་པའི་ཐ་མལ་ནད་མེད་དུ་གནས་པའི་ཆུ་ནི། འདི་ལྟར་བསྟན་པ་ཡིན་ཏེ་ཁ་དོག་དམར་སེར་འབྲི་མར་གསར་པ་བཞུས་པ་འདྲ་བ་ལ་སྤྲེ་དྲི་མནམ་པ་དང་རླངས་པ་ཧ་ཅང་ཆེ་བ་ཡང་མ་ཡིན་ཆུང་བ་ཡང་མ་ཡིན་བརླངས་པ་གནས་པའི་ཡུན་རིང་དུ་གནས་པ་དང་མྱུར་དུ་སངས་པ་སོགས་མ་ཡིན་པར་རིང་ཐུང་རན་པར་གནས་པ་དང་མེ་ཏོག་གམ་ལྦུ་བ་ཆེ་ཆུང་སྙོམས་པ་དང༌། ཀུ་ཡ་སྲབ་འཐུག་སྙོམས་ཤིང་ཆུ་སྟེང་ཐམས་ཅད་དུ་ཁྱབ་པ་སྤྲིས་མ་ཡང་དབྱར་དུས་ཕྱི་ཀོ་མོ་རླུང་དྲག་པོའི་རྐྱེན་གྱིས་མ་བསླད་པའི་ཆུའི་སྤྲིས་མ་ཙམ་ཡོད་པ། རླངས་པ་ཡལ་བ་དང་དུས་མཉམ་ན་སྣོད་ཀྱི་མཐའ་ནས་སྒོར་མོར་ལྡོག་ཅིང༌། ལོག་རྗེས་སུ་ཡང་ཁ་དོག་དཀར་སེར་ཤིན་ཏུ་དངྭས་བ་ནི་ནད་མེད་ཡིན་ཞེས་བྱའོ།།

        དྲུག་པ་ནད་ཆུ་བསྟན་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལྡོག་སོགས་ཚིག་རྐང་གཅིག་སྟེ། གོང་དུ་བཤད་པའི་ནད་མེད་ཀྱི་ཆུ་དེ་ལས་གོ་ལྡོག་པའི་ནད་ཆུ་དེ་ལ་སྤྱི་དང་བྱེ་བྲག་གི་དབྱེ་བའི་སྒོ་ནས་རྣམ་པ་གཉིས་སུ་ཡོད་དོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ནད་ཆུ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་ལ་ཡང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། སྤྱི་ལ་བརྟག་པའི་ཞེས་པ་ནས་ལོག་རྗེས་བརྟག་ཅེས་པའི་བར་གྱི་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། ནད་ཆུ་སྤྱིའི་སྒོ་ནས་བརྟག་པ་ལ། བརྟག་པའི་དུས་གསུམ་དང་བརྟག་ཚུལ་རྣམ་པ་དགུའི་སྒོ་ནས་བརྟག་པ་ཡིན་ཏེ། དུས་གསུམ་ནི་ཚན་དེ་སྟེ་བཏང་མ་ཐག་པ་ཤིན་ཏུ་ཚ་བའི་དུས་དང༌། ངད་ཡལ་ཏེ་གྲང་དྲོ་བར་མའི་དུས་དང༌། གྲང་མོར་སོང་བའི་དུས་དང་གསུམ་ལ་བརྟག་ཚུལ། ཚན་དེའི་དུས་སུ་ཆུའི་མདོག་དང༌། རླངས་པ་དང༌། དྲི་མ་དང༌། མེ་ཏོག་བཞི་ལ་བརྟག་ཅིང༌། ངད་ཡལ་གྱི་དུས་སུ་ཀུ་ཡ་ལ་བརྟག་པ་དང༌། སྤྲིས་མ་ལ་བརྟག་པ་དེ་ཉིད་གྲངས་ཟིན་ནས་ལྡོག་པའི་དུས་ལ་བརྟག་པ་དང༌། ལྡོག་ཚུལ་ལ་བརྟག་པ་དང༌། ལོག་རྗེས་ལ་བརྟག་པ་གསུམ་སྟེ་བསྡོམས་པའི་བརྟག་ཚུལ་རྣམ་པ་དགུར་ཡོད་ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། ཁ་དོག་ལ་བརྟག་པ་ལ། རླངས་པ་ལ་བརྟག་པ། དྲི་མ་ལ་བརྟག་པ། མེ་ཏོག་ལ་བརྟག་པ། ཀུ་ཡ་ལ་བརྟག་པ། སྤྲིས་མ་ལ་བརྟག་པ། ལྡོག་དུས་ལ་བརྟག་པ། ལྡོག་ཚུལ་ལ་བརྟག་པ། ལོག་རྗེས་ལ་བརྟག་པ་དང་དགུ་ལས། དང་པོ་ལ་སྤྱི་དོན་དང་ཚིག་དོན་གཉིས་ཀྱི་དང་པོ་ནི། སོ་མ་རཱ་ཛ་ལས། དེ་ལ་མདོག་རྣམས་བརྟག་པ་ནི། །དམར་དང་དམར་སེར་མདོག་དང་ནི། །དམར་ནག་འདྲེས་དང་སེར་བ་དང༌། །ཁམ་སེར་དང་ནི་སྔོ་སེར་དང༌། །སྨུག་དང་སྨུག་སྔོ་དག་དང་ནི། །སྨུག་དང་ཁམ་དང་དཀར་བ་དང༌། །མདོག་ནག་ཆད་པ་དག་དང་ནི། །ཁམ་ནག་དང་ནི་སྔོ་ནག་དང༌། །ལྗང་དང་དཀར་དང་སྣ་ཚོགས་འདྲེས། །ཁྲག་ཚོད་བཞིན་དུ་ཆད་ན་ཡང༌། །མཆིན་པ་ཁྲག་རྒྱས་ཤིན་ཏུ་དམར། །ཆུ་སེར་རྒྱས་པ་དམར་སེར་མདོག །ཁྲག་ཤས་ཆེ་བ་དག་ལ་ནི། །རིམ་གྱིས་བཏང་བས་དམར་སྨུག་གོ །ཤིན་ཏུ་སེར་བ་མཁྲིས་པ་སྟེ། །ལོང་དུ་མཁྲིས་པ་ལྷུང་བའོ། །ཁམ་མམ་སྔོ་སེར་བད་ཀན་དང༌། །མཁྲིས་ཐབས་བད་ཀན་སེར་པོའོ། །སྔོ་སྐྱ་བུང་ཞིག་སེར་བ་ནི། །མཁྲིས་པ་ཤིན་ཏུ་ཆེ་བ་ལ། །རླུང་ནད་གསར་དུ་ཞུགས་པའོ། །སྨུག་པ་བད་ཀན་སྨུག་པོ་རྒྱས། །སྨུག་སྔོ་རླུང་དང་ཆུ་སེར་རྒྱས། །དམར་སྨུག་སླ་བ་རླུང་དང་གྲང་བའོ། །ཁམ་སྔོ་བད་ཀན་སྐྱ་བོ་རྒྱས། །དཀར་པོ་བད་ཀན་མ་ཞུ་རླུང༌། །མདོག་ནག་ཆད་པ་བད་ཀན་སྨུག །ཆུ་སེར་ནག་དང་རླུང་བསྡོངས་པའོ། །ཁམ་ནག་ཆུ་སེར་ནག་པོའམ། །རིམས་ནི་རྨོང་བུ་ནག་པོའི་ཆུ། །སྔོ་སྐྱ་ཡང་བ་བད་རླུང་ངོ༌། །ནག་པོ་དུག་ནད་ཡོད་པའི་ཆུ། །ལྗང་གུ་རླུང་དང་གྲང་བར་འདྲེས། །དཀར་སྔོ་གྲང་བ་ཆུ་སེར་འདྲེས། །དཀར་སེར་དུག་ནད་གྲང་བ་བད་ཀན་ནོ། །སྣ་ཚོགས་འོད་ཡོད་ཁོང་ན་དུག་ཡོད་དོ། །དཀར་སྔོ་བད་ཀན་དག་ཡིན་ཏེ། །དམར་སེར་སྨུག་པ་ཚད་པའོ། །ཁམ་ལ་ནག་ན་རླུང་དག་ཡིན། །བསྡུས་ནས་དེ་ལྟར་ཤེས་པར་བྱའོ། །ཞེས་གསུངས།

        གཉིས་པ་ཚིག་དོན་ལ། དང་པོ་ཚ་བ་ཞེས་པ་ནས་འདྲ་བ་དུག་ཅེས་པའི་བར་ཚིགས་བཅད་གཉིས་ཏེ། དང་པོ་ཁ་དོག་ནི། ཆུ་བཏང་ཕྲལ་དྲོད་ཚ་བར་ཡོད་པའི་དུས་ཀྱི་ཁ་དོག་ལ་བརྟག་ནས་ནད་ངོས་འཛིན་པ་ནི། ལུ་མ་ཞེས་པ་ན་གཤོངས་ཀྱི་ནང་ནས་སྐྱེས་པའི་ཆུའི་ཁ་དོག་ལྟར་སྔོ་ལ་སླ་བ་ནི་རླུང་གི་ནད་དང༌། སྐྱེར་ཤུན་གྱི་ཁུ་བ་ལྟར་སེར་ན་མཁྲིས་པའི་ནད་དང༌། འོ་མ་ལྟར་དཀར་ན་བད་ཀན་གྱི་ནད་དང༌། ཟུགས་ཁྲག་ལྟར་དམར་ན་ཁྲག་གི་ནད་དང༌། རྒྱ་ཚོས་ཀྱི་ཁུ་བ་བཤལ་བའམ་རིན་པོ་ཆེ་ནལ་གྱི་མདོག་འདྲ་བ་འདུག་ན་ཆུ་སེར་ཡིན་ལ། ཡང་ཁ་དོག་སྨུག་པོ་ལ་དུ་བ་བཏབ་པ་ལྟར་སྨུག་དུགས་སུ་འདུག་ན་བད་ཀན་སྨུག་པོ་ཡིན་པར་བརྟག་ཅིང༌། གོང་གི་ཆུ་མདོག་དེ་རྣམས་ལས་ཁ་དོག་སྔོ་སེར་གཉིས་འདྲེས་པ་ན་ལྡན་པའི་ནད་དང༌། སྔོ་སེར་དཀར་གསུམ་གའི་ཁ་དོག་གི་ཆ་ཤས་འདྲེས་ན་འདུས་པའི་ནད་ཡིན་པ་དང༌། མར་ནག་གམ་ཡུངས་ཀར་གྱི་མར་གྱི་ཁ་དོག་འདྲ་ན་ལེ་བརྒན་དང་ཀླད་གཟེར་ལ་སོགས་པའི་རིམས་དང༌། མཁྲིས་པའི་ནད་རྒྱས་པའི་རྟགས་དང༌། ཁ་དོག་དམར་སེར་གང་ཡང་རུང་བ་ལ་བསྐ་བ་སྟེ་གར་བ་དང༌། དུགས་རྔམས་ཆེ་བ་འདུག་ན་འགྲམས་ཚད་དམ་རྒྱས་འཁྲུགས་ཀྱི་ཆུ་ཡིན་ལ། ཆུ་མདོག་སྣག་ཚ་ལྟར་གནག་གམ་ཡང་ན་དུགས་ལ་ཆུ་གཅིག་ཏུ་བརྟག་མི་ཐུབ་པས་འཇའ་ཚོན་འདྲ་བ་ནི་དུག་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །གཉིས་པ་རླངས་པ་ལ་བརྟག་ཚུལ་བཤད་པ་ལ། རླངས་པ་ཆེ་ན་ཞེས་པ་ནས་འདྲེས་པར་བརྟག་ཅེས་པའི་བར་ཚིགས་བཅད་གཅིག་གིས་བསྟན། ཚ་མོའི་དུས་སུ་ཆུའི་རླངས་པ་ཆེ་ཆུང་གི་སྒོ་ནས་ནད་བརྟག་པ་ནི་འདི་ལྟར་ཡིན་ཏེ། རླངས་པ་ཆུ་ཚན་ལྟར་ཤིན་ཏུ་ཆེ་ན་ཚ་བ་རྒྱས་པའི་ཆུར་ངས་འཛིན་ལ། ཡང་རླངས་པ་འཕྲལ་དུ་མིག་སྔར་གཟུགས་ཆུང་ལ་ཆུ་དེར་ཡུན་རིང་དུ་གནས་ཤིང་སྡོད་ན་ཚ་བ་གབ་པའམ། ཡང་ན་རྙིངས་ཚད་དུ་བཟུང་ཞིང༌། རླངས་པ་རྒྱུ་ནས་ཆུང་ཞིང༌། ཡུན་ཐུང་ངུ་ཞིག་ནས་སངས་འགྲོ་ན་བད་རླུང་གྲང་བའམ་ཆུ་དང་རླངས་པ་དུས་རེས་ཆེ་ཞིང་རེས་ཆུང་ན་ཚ་གྲང་འདྲེས་པའི་ནད་དུ་བརྟག་པ་ཡིན་ནོ།།

        གསུམ་པ་དྲི་མ་ལ་བརྟག་ཚུལ་བཤད་པ་ལ། དྲི་མ་དུགས་ལ་ཞེས་པ་ནས་དེ་མ་ཞུ་ཞེས་པའི་བར་རྐང་པ་གསུམ་གྱིས་བསྟན། ཚན་དེའི་དུས་སུ་ཆུའི་དྲི་མ་ལ་བརྟག་ན་འདི་ལྟར་བྱ་སྟེ། ཆུ་ཡི་དྲི་མ་དེ་དུགས་ལ་དཀུ་ན་ཞེས་དྲི་དེས་འཕོག་ཙམ་གྱིས་དབང་པོའི་ཡུལ་དུ་མི་སྡུག་ཅིང་དཀུ་སྟེ། ཞེན་པ་ལོག་ཅིང་སླར་མྱང་བར་མི་འདོད་པ་ནི་ཚ་བ་ཆེ་བའི་རྟགས་དང༌། དྲི་མནམ་པའི་ཚེ་གཏན་ནས་མེད་དམ་ཅུང་ཟད་ཆུང་ངུ་ཞིག་ཡོད་ན་གྲང་བ་ཡིན་ཞིང༌། ཆུ་ལ་ཟས་ཀྱི་དྲི་མནམ་ན། ཤའམ་རྩམ་པ་ལ་སོགས་ཀྱི་དྲི་མ་གང་མནམ་ཡང༌། ཟས་དེ་ཉིད་མ་ཞུ་བ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །བཞི་པ་མེ་ཏོག་གམ་ལྦུ་བ་ལ་བརྟག་ཚུལ་ལ། སྤྱི་དོན་དང་ཚིག་དོན་གཉིས་ཀྱི་དང་པོ་ནི། ཟླ་བའི་རྒྱལ་པོ་ལས། མེ་ཏོག་དག་ལ་བརྟག་པ་ནི། །ལྦུ་བ་ཆུང་ལ་སེར་བ་དང༌། །ལྦུ་བ་ཆེ་ལ་སྔོ་ནག་དང༌། །ལྦུ་བ་སྔོ་ལ་འདྲིལ་བ་ངན། །ལྦུ་བ་ཆེ་ལ་དཀར་བ་དང༌། །ལྦུ་བ་འཇའ་ཚོན་འདྲ་བ་དང༌། །ལྦུ་བ་ཅུང་ཞིག་སེར་ཞིང་ཆུང༌། །ལྦུ་བ་སེར་དང་དམར་བ་དང༌། །རྨུགས་པའི་ལྦུ་བ་དག་ཡིན་ནོ། །ལྦུ་བ་ཆུང་ལ་ཆུ་སེར་བ། །སྟོད་ན་ཚད་པས་གཟེར་བའོ། །ལྦུ་བ་ཆེ་ལ་སྔོ་ནག་ནི། །ནད་པ་ཉམ་ཆུང་ནད་སྨིན་པའོ། །ལྦུ་བ་སྔོ་འདྲིལ་ཆུང་བ་ནི། །བད་ཀན་གློར་ཞུགས་གློ་ནད་རྒྱས། །ལྦུ་བ་ཆེར་འདྲིལ་དཀར་བ་ནི། །མཆེར་པར་རླུང་ཞུགས་སྦོ་འཁྲོག་འཁྲུ། །ལྦུ་བ་འཇའ་ཚོན་འདྲ་བ་ནི། །དུག་དག་ལུས་ལ་ཡོད་པའོ། །ལྦུ་བ་ཆེ་ན་སྐྲན་ནམ་ནི། །བད་ཀན་གློ་རུ་རླུང་ཞུགས་པའོ། །ལྦུ་བ་སེར་ཞིང་ཆུང་བ་ནི། །མཁྲིས་པ་མཆིན་པ་རྒྱས་པའོ། །ལྦུ་བ་སེར་བ་མཁྲིས་པ་རྒྱས། །དམར་ན་ཁྲག་ནི་རྒྱས་པའོ། །སྨུག་པ་བད་ཀན་སྨུག་པོའོ། །ཡང་ན་སྐྲན་དག་ཡོད་པའོ། །ཡང་ན་ཚ་གྲང་གཉིས་སུ་སྟེ། །ལྦུ་བ་ཆུང་ལ་ཚོམ་བུར་ཆད། །ཞི་དཀའ་བ་ནི་ཚ་བའོ། །ལྦུ་བ་ཆེ་ལ་ཁེབས་པ་དང༌། །ཞི་བར་སླ་བ་གྲང་བའོ། །ལྦུ་བ་མེད་ན་བརྟག་པར་བྱ། །ཚ་བ་ལྦུ་མེད་འཆི་བ་སྟེ། །གྲང་བ་ལ་མེད་འབྱམས་པའོ། །ཤིན་ཏུ་ཆུང་ན་ཁྲག་རོ་ཡོད། །ཅེས་གསུངས་སོ། །གཉིས་པ་ཚིག་དོན་ནི། ལྦུ་བ་སྔོ་ལ་ཞེས་པ་ནས་བྱེར་བའི་ནད་ཅེས་པའི་བར་གྱི་རྐང་པ་ལྔས་བསྟན་ཏེ། ཆུ་ཚན་མོའི་དུས་སུ་མེ་ཏོག་གམ་ལྦུ་བའི་སྒོ་ནས་བརྟག་ཚུལ་འདི་ལྟར་བྱ་སྟེ། །ལྦུ་བ་ཁ་དོག་སྔོ་ལ་མཛོའི་མིག་ལྟར་འབུར་ལ་ཆེ་བ་ནི་རླུང་གི་ནད་ཡིན་ཏེ། དེ་བཞིན་དུ་ལྦུ་བ་ཕྲ་བ་སྟེ་ཆུང་ཞིང་ཁ་དོག་སེར་ལ་ཕྲལ་ཕྲལ་སངས་པ་སྐྱེན་པ་མྱུར་དུ་ཞིག་འགྲོ་ན་མཁྲིས་པ་ཡིན་པ་དང༌། ཡང་ལྦུ་བ་མཆིལ་མ་ཆུ་ནང་དུ་བཏབ་པ་འདྲ་ན་བད་ཀན་གྱི་ནད་དང་ལྦུ་བའི་ཁ་དོག་དམར་ན་ཁྲག་ནད་དང༌། འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་པ་སྤུངས་པ་འདྲ་ན་དུག་ནད་དང༌། ཕུག་རོན་གྱི་ཁྱུ་ཁྲ་ཡིས་ཕྱོགས་ངེས་མེད་དུ་གཏོར་བ་འདྲ་ན་ཚ་གྲང་གང་ཡིན་ཀྱང་བྱེར་བའི་ནད་ཡིན་ནོ། །ལྔ་པ། ཀུ་ཡ་བསྟན་པ་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། །ལྡོག་ཚུལ་ཀུ་ཡ་རྣམས་སྡེབས་སུ་བསྟན་པ་ནི།

        ད་ནི་ལྡོག་པ་སྟོན་པ་ནི། །དུས་སུ་ལྡོག་པ་ནད་མེད་དེ། །མི་ལྡོག་པ་ནི་དུག་ཡོད་དམ། །ཡང་ན་ཉལ་པོ་དྲགས་པའམ། །ཆུ་སེར་ནག་པོ་མི་ལྡོག་གོ །ཁོང་ནས་ལོག་དག་བྱུང་ན་ལྡོག །བྱུང་ཞིང་ལྡོག་དང་དྲོས་ནས་ལྡོག །ཕྱེད་རྙོགས་རྙོགས་སུ་མ་བཏུབ་དང༌། །དུས་ལ་ལྡོག་པ་དག་དང་ངོ༌། །ཁོང་ནས་འཁྲུགས་པ་དྲག་པོ་སྟེ། །ཕྲལ་དུ་འཆི་སྟེ་འཚོ་ཡང་སྲིད། །ངལ་དུབ་དྲགས་སམ་ཉལ་པོ་དྲགས། །བྱུང་ལྡོག་རིམས་རྨོངས་དྲག་པོ་འཁྲུགས། །ཡང་ན་མྱུར་དུ་འཚོ་བའོ། །ཅུང་རྙི་ནད་ནི་མྱུར་དུ་འབྱུང༌། །དྲོས་རྙོགས་ནད་ནི་མེད་པ་སྟེ། །ཕྱེད་རྙོགས་ནད་ནི་ཡུན་རིང་བའོ། །རྙོག་ཏུ་མ་བཏུབ་འཆི་བའོ། །དུས་ནི་དགུན་ནི་ཅུང་ཙམ་ན། །དབྱར་ནི་ཉི་མ་རྩེ་དྲོས་ན། །དེ་ནི་ནད་མེད་ཆུ་ཡིན་ནོ། །སྙིགས་མའི་མདོག་ནི་སྐྱ་བོ་གར། །ཆབ་དཀར་འོ་མ་འདྲ་བ་དང༌། །ཆབ་ནག་སྲན་ཁུ་འདྲ་བ་དང༌། །ཆབ་དམར་བཙོད་ཁུ་འདྲ་བ་དང༌། །དམར་སེར་འོད་དང་བཅས་པ་དང༌། །མདོག་ནི་སྨུག་ནག་དག་དང་ནི། །རྟ་ཆད་པ་ཡི་ཆུ་བཞིན་དཀར། །ཁ་དོག་མ་འགྱུར་ཅུང་གར་དང༌། །དེ་དག་ལྡོག་སྟེ་ཀུ་ཡ་ནའོ། །སྐྱ་བོར་གོར་གོར་ཁོང་འཁྲུགས་པ། །བད་ཀན་རྒྱས་འཁྲུགས་འཆི་བའོ། །ཆབ་དཀར་འོ་མའི་ཆུ་འདྲ་བ། །བད་རླུང་འཁྲུགས་ཏེ་འཆི་བ་ཡིན། །ཆབ་ནག་སྲན་ཁུ་འདྲ་བ་ནི། །ཆུ་སེར་ནག་པོ་འཁྲུགས་ཏེ་འཆི། །ཆབ་དམར་བཙོད་ཁུ་འདྲ་བ་ནི། །ཁོང་འཁྲུགས་ཁྲག་རྒྱས་འཆི་བའོ། །དམར་སེར་འོད་དང་ཆས་པ་ནི། །མཁྲིས་པ་འཁྲུགས་ཏེ་འཆི་བའོ། །སྨུག་ནག་མདོག་འདྲ་བྱུང་བ་ནི། །བད་ཀན་སྨུག་འཁྲུགས་འཆི་བའི་རྟགས། །རྟ་ཆད་ཆུ་བཞིན་སེར་འཁྲུགས་པ། །དུས་ཀྱིས་འཁྲུགས་པ་དག་ཡིན་ནོ། །ནད་འཁྲུགས་པ་ནི་མ་ནོར་བྱ། །དེ་དག་ཁོང་འཁྲུགས་དག་ཡིན་ནོ། །འཁྲུགས་མདོག་དམར་བ་ཚད་པ་སྟེ། །འཁྲུགས་མདོག་དཀར་བ་ནད་མེད་དེ། །འཁྲུགས་མདོག་སྔོ་བ་གྲང་བའོ། །ཀུ་ཡའི་འཁྲུགས་གཏིང་དངྭས་མ་སྟེ། །ཞབས་སུ་ལྗང་གུ་ཟྭ་ཕྱེ་འདྲ། །ཞབས་སུ་བྲ་བོའི་སྦོ་ག་འདྲ། །རྐོ་བལ་ཆུས་བཏེག་ཆད་པ་འདྲ། །ཕྱེ་མ་དང་འདྲ་མཆེར་པ་དང༌། །སྤུ་འདྲ་བ་ལ་རྒྱུས་ལྡད་འདྲ། །ན་བུན་དང་འདྲ་ནལ་ནལ་སྔོ༌། །སོལ་ཕྱེ་དང་འདྲ་གནག་པ་དང༌། །སྦལ་སྒོང་དང་འདྲ་དུམ་བུ་འདྲ། །རྒྱ་སྐྱེགས་དང་འདྲ་ཕྱེ་མ་དང༌། །སྤྲིན་དཀར་དང་འདྲ་དཀར་བ་དང༌། །ཁྲག་རླངས་ལྟ་བུ་འདྲ་བའོ། །དེ་རྣམས་ཚིགས་མ་དག་ལའོ། །ལྗང་གུ་ཟླ་འདྲ་མཆིན་དྲི་དང༌། །བྱང་ཁོག་སྟོད་ན་ནད་ཡོད་དོ། །ཁ་ཟས་ཚིགས་མ་གློ་རྩིར་སོང༌། །ནད་ཐེབས་ཡུན་རིང་ལོན་པ་དང༌། །སྦོ་ག་དང་འདྲ་བྱུང་བ་ན། །པུས་མོ་ཡན་ལག་ཚིགས་བཞི་ན། །རྐོ་བལ་དང་འདྲ་བྱུང་བ་ན། །བད་མཁྲིས་རྒྱས་པ་འཆི་བའོ། །གསེར་མདོག་དང་འདྲ་བྱུང་བ་ན། །མཁལ་རྐེད་ཆུ་སོ་ན་བའོ། །རྒྱུངས་པ་ཀླད་འདྲ་བྱུང་བ་ན། །གྲང་རླུང་དག་གིས་ཉམ་ཆུང་བའོ། །ན་བུན་དང་འདྲ་བྱུང་བ་ན། །བད་ཀན་གྱིས་ནི་རྒྱས་པའོ། །སོལ་ཕྱེ་དང་འདྲ་བྱུང་བ་ན། །ཆུ་སེར་ནག་པོ་རྒྱས་པའོ། །ཡང་ན་དུག་གིས་བཏབ་པའོ། །སྦལ་སྒོང་དང་འདྲ་དུམ་བུ་ནི། །ཕོ་བ་ལ་སོགས་སྐྲན་ཡོད་པའོ། །རྒྱ་སྐྱེགས་དང་འདྲ་ཕྱེ་མ་ནི། །མཆེར་པ་མཁལ་མར་ནད་ཞུགས་པའོ། །སྤྲིན་དཀར་དང་འདྲ་ཀུ་ཡ་མང༌། །གློ་དང་སྙིང་ལ་བད་ཀན་ཞུགས། །ཁྲག་རླངས་འདྲ་བ་མཆིན་པ་ལའོ། །ཀུ་ལ་ཁར་བྱུང་སྤྲིན་དང་འདྲ། །གློ་དང་སྙིང་ལ་ནད་ཡོད་དོ། །བར་དུ་བྱུང་ན་རླངས་པ་འདྲ། །མཆིན་པ་དང་ནི་མཆིན་དྲི་དང༌། །མཁྲིས་པ་ཕོ་བ་མཆེར་པ་དང༌། །བར་གྱི་ནད་ནི་དེ་ཀུན་ཏུའོ། །ཞབས་སུ་བྱུང་བ་སྙིགས་མ་སྟེ། །མཁལ་མ་ཆུ་སོ་རྒྱུ་ལོང་དང༌། །ལྒང་བུག་འོག་ལ་ནད་ཡོད་དོ། །ཁ་ཞབས་ཀུན་ཏུ་ཁྱབ་པས་ན། །སྙོམས་པས་ནད་མེད་འདུས་པའོ། །བསྡུ་ན་རྣམ་པ་བཞི་རུ་འདུས། །དཀར་དང་རླུང་དང་བད་ཀན་ཆེ། །དམར་ན་ཁྲག་ཤས་ཆེ་བ་སྟེ། །དབུས་སེར་མཐའ་སྔོ་མཁྲིས་པ་ཡིན། །སྨུག་ན་མཁལ་ནད་ཡོད་པའོ། །འདྲེས་པའི་མཚན་ཉིད་བརྟག་པ་ནི། །ཆུ་མདོག་དམར་ལ་ཀུ་ཡ་མང༌། །སྟེང་བྱུང་གློ་སྙིང་ཁྲག་རྒྱས་ཏེ། །བར་དུ་བྱུང་ན་མཆིན་ཁྲག་རྒྱས། །ཞབས་སུ་བྱུང་ན་མཁལ་མཆེར་ནད། །ཆུ་མདོག་དམར་སེར་ཀུ་ཡ་མང༌། །རིམས་ནི་མེ་བཞིན་ཚ་བ་སྟེ། །གློ་སྙིང་ཀླད་པ་ལྡང་དུབ་བྱེད། །བར་དུ་བྱུང་ན་མཆིན་པ་སྟེ། །ཞབས་སུ་བྱུང་ན་རིམས་རྨོངས་བུ། །དོན་སྣོད་འཁྲུགས་པ་དག་ཡིན་ནོ།།

        ཆུ་མདོག་ཁམ་ནག་བྱུང་བ་ན། །ཀུ་ཡ་ཤ་ཁུའི་རྙོག་མ་འདྲ། །ཤ་རུལ་འབུས་ཟོས་སྙིགས་འདྲ་ན། །མཆིན་འགྲམས་ནང་དུ་ཁྲག་ངན་སོང༌། །སྟོད་སྨད་དག་ཀྱང་དེ་བཞིན་ནོ། །ཆུ་མདོག་ཁམ་སེར་ཀུ་ཡ་མང༌། །ཁྲག་རླངས་འདྲ་བ་མཆིན་འགྲམས་ནད། །དེ་ཡང་སྟོད་སྨད་གོང་དུའོ། །ཆུ་དང་ཀུ་གཉིས་དཀར་བ་ནི། །གྲང་བའི་ནད་དུ་ཤེས་པར་བྱའོ། །ཆུ་དཀར་ཀུ་ནི་གསེར་ཕྱེ་འདྲ། །ཡང་ན་ལྷང་འཚེར་དང་འདྲ་འབྱུང༌། །མཁལ་མའི་རྩ་སྦྲུབས་འགགས་པ་སྟེ། །ཉལ་པོ་མི་ནུས་ལྟེ་མཁལ་ནད། །དཀར་དམར་ཆུ་དང་ཀུ་འདྲེས་ན། །ནད་ཀྱང་འདྲེས་པ་དག་ཏུ་འོང༌། །ཆུ་དཀར་གར་པོ་འགྱུར་མ་བཏུབ། །མ་ཞུ་བ་ཡི་ནད་དེས་འཆི། །ཆུ་མདོག་རྒྱ་སྐྱེགས་དང་འདྲ་བ། །ཀུ་ཡ་མང་སྟེ་བྱུང་ཀླད་ལྕི། །མགོ་འཁོར་གློ་སྙིང་མི་བདེ་རེངས། །བར་དུ་བྱུང་ན་མཁལ་མཆེར་རླུང༌། །ཞུགས་ཏེ་ཞབས་སུ་བྱུང་བ་ནི། །རྒྱུ་ལོང་རླུང་ཞུགས་སྦོ་འཁྲོག་འཁྲུ། །ཆུ་སེར་ཀུ་ཡ་སྟེང་བྱུང་ན། །རླུང་ཚད་གློ་སྙིང་དག་ལ་ཡོད། །སྨྱོ་འབོག་ནད་ཡོད་པར་བྱུང་ན། །རླུང་ཚད་ཤ་རུས་བར་ན་ཡོད། །འཐེང་གྲུམ་ཞ་སྐམ་དག་ཏུ་འགྱུར། །ཞབས་སུ་བྱུང་ན་རྒྱུ་ལོང་ཚད། །སྦོ་འཁྲོག་ཕྱི་ས་འགག་པ་དང༌། །ཆུ་སེར་ཀུ་སེར་སྟེང་བྱུང་ན། །མཁྲིས་པ་ཀྵ་ཡ་དག་ཡིན་ཏེ། །ཧ་ཅང་མི་ལྡོག་འཆི་བའོ། །ཆུ་དང་ཀུ་ནི་སེར་སྐྱ་ན། །ཤ་སེར་མིག་སེར་བཅོས་སུ་བཏུབ། །དམར་རྩུབ་འཆི་བ་དག་ཡིན་ཏེ། །ཆུ་སྐྱ་ཀུ་ཡ་ཕབ་ཟེ་དང༌། །སྐྲ་འདྲ་ཐོར་བྱུང་སྟེང་ཡོད་ན། །བད་ཀན་སྐྱ་བོ་ཀླད་སྟེང་སོང༌། །ཀླད་པ་ཁྲག་གིས་ན་བར་བྱེད། །གློ་སྙིང་མི་བདེ་འབྱུང་བ་སྟེ། །བར་དུ་བྱུང་ན་ཕོ་མཆིན་ཏེ། །ཞབས་སུ་བྱུང་ན་རྒྱུ་ལོང་དང༌། །ཆུ་སོ་ན་དང་སྦོ་འཁྲོག་དང༌། །འཁྲུ་བ་བད་ཀན་སྐྱ་བོ་སྟེ། །ཆུ་དང་ཀུ་ཡ་གཉིས་ཀ་ནག །དུག་དང་རིམས་ནད་རྨོང་བུ་སྟེ། །བུས་པ་ལས་བྱུང་ནད་ཚིག་ཟ། །ཆུ་ནི་ལྗང་ནག་ཀུ་ཡ་ལྗང༌། །ཁོང་ན་དུག་ཡོད་ཉེན་ཆེའོ། །ཆུ་མདོག་སྔོ་ལ་ཀུ་ཡའང་སྔོ། །བུད་མེད་སྦྲུམ་མ་དག་ཡིན་ནོ། །ཆུ་སེར་ཀུ་ཡ་ནལ་ནལ་འབྱུང༌། །སྐྱེ་བར་དཀའ་བའི་རྨ་ཡོད་ལ། །སེར་རམ་སྐྱ་བ་ལ་སོགས་ཏེ། །ཇེ་དམར་ཇེ་དམར་སོང་བ་ན། །དེ་ནི་ཆུ་སེར་རྒྱས་ཏེ་འཆི། །ཀུ་ཡ་མེད་དང་མི་ལྡོག་པ། །འཆི་ལྟས་དག་ནི་བསྟན་པར་བྱ། །ནག་པོ་རྔ་མ་འཁྲུགས་དང་འདྲ། །ཆུ་སྨུག་འབྱུང་བསྐ་མནམ་ན་འཆི། །མི་མནམ་ཡུན་རིང་མནམ་པ་ནི། །ཁོང་དུ་ནད་རུལ་མྱུར་དུ་འཆི། །སངས་ནས་མི་འཁྲུགས་པ་དག་ནི། །ཁ་དོག་ཇི་ལྟར་བྱུང་ཡང་འཆི། །ཆུ་ནི་ཚེགས་བྲུལ་ཆད་ན་འཆི། །ཤིན་ཏུ་དམར་བ་བྱ་འདྲ་བ། །ཁྲག་ཆད་པ་དེ་འཆི་བ་ཡིན། །དམར་སེར་ལྡོང་རོས་དམར་སེར་དང༌། །མཁྲིས་པ་ཚད་པས་འཆི་བ་ཡིན། །ཁྲག་ཆོད་དང་འདྲ་བད་ཀན་སྨུག །ཀླད་པ་མཉེས་འདྲ་བད་རླུང་ཆད། །བྱི་ཀླད་དང་འདྲ་ཚོགས་པ་དང༌། །རླུང་ཚད་པས་ནི་འཆི་བའོ། །འོ་ཤི་དང་འདྲ་བད་ཀན་ཆད། །མཐིང་ནག་དུག་གམ་ཆུ་སེར་ནག །ཀུ་ཡ་མེད་པ་དེ་རྣམས་ནི། །ལྡོག་པས་དུས་ལྡོག་ནད་མེད་དོ། །མི་ལྡོག་ཀུ་ཡ་མང་ན་འཆི། །ཆུ་རྩ་ཆུ་ཞག་འདྲ་ན་འཆི། །ལུས་ཀྱི་ཤ་འཇུ་ཉ་མིག་འདྲ། །རུས་པ་རྐང་འཇུ་འཆི་བའོ། །མར་འདྲའི་ཞག་བྱུང་རྐང་དང་ནི། །ཆུ་བ་སྦོས་ཏེ་ཤ་བྲོས་རིམས། །རུས་པ་ཞེན་པས་འཆི་བར་བྱེད། །འོ་སྤྲིས་འདྲ་བའི་ཞག་དག་ནི། །ཆང་དང་མར་རྣམས་མ་ཞུ་སྟེ། །སྦྲང་དག་འདྲ་བའི་ཞག་དག་ཀྱང༌། །མར་དང་འོ་མ་མ་ཞུ་ཡིན། །མདོག་ཁམ་དག་ཀྱང་ཤ་མ་ཞུ། །སྒོང་སྤྲིས་སྤུབས་ཞུན་དང་འདྲ་བ། །ཚིལ་མ་ཞུ་དང་བཅུད་མ་ཞུ། །མ་ཞུས་ཤ་དང་རུས་པ་ཞུ། །ཆུ་དམར་མ་ཞུ་བ་ནི་སྐྲན། །ཡང་ན་སྙིགས་མ་ཡིན་པའོ། །ཞེས་དང༌།

        གཞན་ཡང་རྒྱུད་ཆེན་འདི་ཉིད་དུ་གསལ་བར་མ་གསུངས་ཀྱང་ཟླ་བའི་རྒྱལ་པོ་ལས་རོ་དང༌། རེག་བྱ་ལ་ལྟ་བ་སོགས་ཀྱང་བཤད་དེ། ཟས་ཀྱི་སྦྲེ་དང་ཟས་ཀྱི་རོ། །ཚ་ཁྲག་ཀུ་དང་ཀོ་རུལ་དང༌། །ཁ་དང་སྐྱུར་དང་ཚ་བ་ཡི། །སྦྲེ་ནི་ནད་མང་པ་ཡིན་ནོ། །ཟས་རོ་གང་བྲོ་མ་ཞུ་བ། །ཚ་ཁྲག་དཀུ་བ་ཕོ་མོས་འདྲེས། །ཕན་ཚུན་མ་ཕྲད་མ་ནུས་པའོ། །ཀོ་རུལ་ནད་རྣམས་ཁོང་དུ་འཁྲུགས། །ཡང་ན་ཁོང་ན་དུག་ཡོད་པའོ། །ཁ་བ་དག་ནི་མཁྲིས་པ་སྟེ། །སྐྱུར་བ་དག་ནི་བད་ཀན་ནོ། །ཚ་བ་ཚད་པ་དག་ཏུའོ། །ཞེས་དང༌། གཞན་ཡང་རིན་ཅེན་སྤྲིན་གྱི་འཁོར་ལོ་ལས། རླུང་ལ་རོ་མངར་མཁྲིས་པ་ཁ། །བད་ཀན་སྐྱུར་ལ་འདུས་པ་བསྐ། །སྨུག་པོ་སྦྲེ་ཤའི་བྲོ་བ་འདྲ། །དུག་ལ་ཟངས་སམ་འཁར་བ་ཡི། །གཡའ་ཡི་བྲོ་བ་ལྟ་བུ་འབྱུང༌། །དམུ་ཆུ་ཚ་བ་རོ་སྐྱུར་ལ། །གཏིང་ན་ཅུང་ཟད་ཚ་བ་ཡོད། །རིམས་ཚད་བྲོ་བ་ཁ་ལ་འཁྲིལ། །མཚུལ་པའི་ཁོང་དུ་ཚ་བ་ཡིན། །གཉན་དང་ལྷོག་པ་གར་མ་ལ། །ས་རུལ་ཁུ་བ་མྱངས་པ་འདྲ། །ཞེས་དང༌། །རེག་བྱ་ལ་བརྟག་པ་ཡང་དེ་ཉིད་ལས། གཞན་ཡང་རྒྱལ་བ་ལྷ་ཡི་ལུགས། །རེག་བྱར་བརྟག་པ་འདི་ལྟར་གསུངས། །དྲོད་ནི་ཆེ་འབྲིང་ཆུང་གསུམ་ལས། །ཚ་གྲང་ཤེས་པ་མྱུར་བ་ཡིན། །ཆུ་ནི་བཏང་མ་ཐག་ལ་ཡང༌། །བལྟས་པས་དྲོད་ནི་ཡེ་མེད་ན། །ཉིན་ཞག་གཅིག་ལས་མི་ཐུབ་འཆི། །རླུང་གི་ཆུ་ནི་ལུས་ལ་བྱུགས། །སྐམས་ཚེ་རེག་བྱ་རྩུབ་པ་འབྱུང༌། །མཁྲིས་ཆུ་སྣུམ་ལ་རེག་བྱ་ཚ། །བད་ཀན་སྐྱ་སྨུག་སྣུམ་ལ་འཇམ། །ཚ་གྲང་ནད་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལ་དགོངས་ནས་ཟུར་མཁར་བ་དྷརྨ་སྭཱ་མིའས། ནད་པས་ཧ་ཅང་ཚད་ལས་འདས་པའི་བསིལ་དྲོད་ཀྱི་ཟས་སྐོམ་དང༌། ནད་གཞི་འཁྲུགས་པའི་སྤྱོད་ལམ་སྤང༌། སྲོད་དུས་ཀྱི་ཟས་ཆུ་དོར། ནམ་སྨད་ཀྱི་ནད་ཆུ་དེ་ཉིད་འཁར་གཞོང་ངམ། ལྕགས་དཀར་དཀར་ཡོལ་ལ་སོགས་པ་ཆུ་མདོག་མི་འགྱུར་བའི་སྣོད་ཀྱི་ནད་དུ་བལྟ་སྟེ། བུངས་ལྦུ་བ། རླངས་པ། ཁ་དོག དྲི་རོ། །ལྡོག་ལུགས། གར་སླ། ཀུ་ཡ། སྤྲིས་མ་རྣམས་ལས་ཤེས་པར་བྱའོ། །དེ་ཡང་བུངས་ཆུང་བ་ཚ་བ། ཆེ་བ་གྲང་བའོ། །ལྦུ་བ་ཚ་བ་གྲང་བ། ལྦུ་བ་སྔོ་ལ་ཆེ་བ་རླུང༌། ཕྲ་སེར་སངས་སྐྱེན་མཁྲིས་པ། མཆིལ་མ་འདྲ་བ་བད་ཀན་དབུས་ནས་འཐོར་ཞིང་མཐར་བྱེར་ན་བྱེར་བའི་ནད། འདྲེས་ན་ལྡན་འདུས་སོ། །རླངས་པ་ཆེ་ན་ཚ་བ། ཆུང་ན་གྲང་བ། རེས་འཇོག་འཐབ་པའོ། །ཁ་དོག་སྔོ་བ་རླུང༌། སེར་བ་མཁྲིས་པ། དཀར་བ་བད་ཀན། དམར་བ་ཁྲག །རྒྱ་ཤལ་ཆུ་སེར། ནག་གམ་འཇའ་ཚོན་འདྲ་བ་དུག །འདྲེས་པ་ལྡན་འདུས། སྨུག་དུགས་བད་སྨུག་གོ །དྲི་མ་ཆེ་བ་ཚ་བ། ཆུང་ངམ་མེད་ན་གྲང་བ། ཟས་གང་མནམ་དེ་ཉིད་མ་ཞུ། རོ་ཚ་སྐྱུར་ཁ་བསྐ ཚ་བ། རོ་མེད་དམ་མངར་བ་གྲང་བ། གར་བ་ཚ་ཆུ། སླ་བ་གྲང་བའོ། །ཚ་ལོག་བྱེད་ན་ཚ་བ། གྲངས་ནས་ལྡོག་པ་གྲང་བ། ཐོག་མར་ཀུ་ཡ་ལྡོག་པ་ཚ་གྲང་འཐབ་པ། ཚ་ཆུ་ཡིན་པ་ལ་ལྡོག་བུལ་བ་དང༌། གྲང་ཆུ་ཡིན་པ་ལ་ལྡོག་སྐྱེན་ན་གབ་ཚད་ཡིན། ཚ་བ་བྱེར། གྲང་བ་འབྱམས། གདོན་ཤས་ཆེ་བ་གསུམ་མི་ལྡོག་གོ །ཀུ་ཡ་མཐུག་ན་ཚ་བ། སྲབ་པ་གྲང་བ། དེ་ཡང་ཁ་དོག་ཆུ་མདོག་ཏུ་བཤད་པ་ལྟར་ལ། སྤུ་རྩེ་བཏུབས་འདྲ་རླུང༌། བལ་འདབ་འདྲ་བ་ཁྲག་མཁྲིས། སྤུ་རྩེ་འདྲ་བ་གྲང་བ་བད་ཀན། སྤྲིན་འདྲ་གློ་ནད། རྣག་འདྲ་དེ་ཉིད་བྱེ་མ་མཁལ་ནད་དེ་ཆུ་དེའི་སྟེང་འོག་བར་གསུམ་གང་དུ་འདུག་པའི་དབང་གིས་སྟོད་སྨད་བར་གྱི་ནད་ཤེས་པར་བྱའོ། །སྤྲིས་མ་མཐུག་པ་ཚ་བ། སྲབ་པ་གྲང་བ། དུམ་བུར་ཆད་པ་སྐྲན། གཟུགས་བརྙན་གང་ཤར་དེའི་རིགས་ཀྱི་གདོན། ཚ་ཆུ་ཧ་ཅང་སྤྲིས་མ་མཐུག་ན་ལུས་ཟུངས་ཞུ། གྲང་ཆུ་སྤྲིས་མ་མཐུག་ན་མར་ཚིལ་མ་ཞུ། ཁ་ཞག་མཐུག་པོ་ཤིང་བུས་བླངས་ནས་མེར་བསྲེགས་པས་གསུར་དྲི་མནམ་ན། ཞག་རྒོད་ཅེས་བྱ་སྟེ་སྐྱོན་མེད་དོ། །ཞེས་སོགས་གསུངས་པ་ལྟར་ཤེས་པར་བྱའོ།།

གཉིས་པ་ཚིག་དོན་ནི། ཀུ་ཡ་སྤུ་དང་ཞེས་པ་ནས། དེ་ལྟར་རོ་ཞེས་པའི་བར་གྱིས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆུ་དེ་ཉིད་ངད་ཡལ་གྱི་དུས་སུ་ཀུ་ཡ་ལ་བརྟག་ཚུལ་ནི་འདི་ལྟར་བྱ་སྟེ། ཆུ་ནང་དུ་ཀུ་ཡ་རའི་སྤུ་གཏོར་བ་དང་འདྲ་བ་རླུང་གི་ནད་དང་བལ་འདབ་ཆུ་ནང་དུ་སྐྱུར་བ་དང་འདྲ་ན་ཁྲག་མཁྲིས་ཀྱི་ནད་ཡིན་ཞིང༌། ཀུ་ཡ་རྟ་དཀར་པོའི་སྤུའི་རྩེ་མོ་ཆུ་ནང་དུ་གཏོར་བ་འདྲ་བ་ནི་བད་ཀན་གྲང་བའི་ནད་དང༌། ཀུ་ཡ་སྤྲིན་པ་འདྲ་བར་ལིང་ལིང་པོར་ཆགས་ན་གློ་ནད་དང༌། ཡང་ཀུ་ཡ་རྣག་དང་འདྲ་ན་རྣག་དེ་ལུས་དེ་ཉིད་དུ་ཡོད་པ་དང༌། ཀུ་ཡ་བྱེ་མ་འདྲ་བ་སིབ་སིབ་པོར་ཡོད་ན་མཁལ་ནད་ཡོད་པ་ཡིན་ལ། གནས་པའི་ཁྱད་པར་ནི། ཀུ་ཡ་ཆུའི་སྟེང་དུ་གནས་པ་དང༌། དེ་བཞིན་དུ་འོག་ན་གནས་པ་དང༌། བར་གང་ན་གནས་པའི་ནད་ཀྱང་དེ་བཞིན་དུ་ཡོད་པར་བརྟག་ལ། དོན་ཉིད་དུ་བསྡུ་ན་ཀུ་ཡ་ཆུའི་སྟེང་དུ་གནས་ན་ནད་ཀྱང་ལུས་ཀྱི་སྟོད་ལ་གནས་པ་དང༌། ཀུ་ཡ་ཆུའི་བར་དུ་གནས་ན་ནད་ཀྱང་ལུས་ཀྱི་བར་དུ་ཡོད་པ་དང༌། ཀུ་ཡ་ཆུའི་གཏིང་དུ་གནས་ན་ནད་ཀྱང་ལུས་ཀྱི་སྨད་ན་ཡོད་ཅེས་པའོ། །ཀུ་ཡ་ཞོ་ཤི་འདྲ་བའི་ཁ་དོག་དཀར་ལ་སིབ་བུས་ཆུའི་སྟེང་ཐམས་ཅད་དུ་ཁྱབ་ན་རླུང་གིས་ལུས་ཟུངས་ཚ་གྲང་དཀྲུགས་པ་ཡིན་ཞིང༌། མདོར་ན་ཀུ་ཡ་མཐུག་པ་དང་སྲབ་པ་ལས། ཚ་གྲང་གི་ནད་ཀྱང་གོ་རིམ་བཞིན་དུ་ཤེས་པར་བྱ་བ་དང༌། ཀུ་ཡའི་ཁ་དོག་ནི་ཆུ་མདོག་ལ་གང་བྱུང་བ་སྟེ་ཆུ་མདོག་སྔོ་ན་རླུང་སེར་ན་མཁྲིས་པ་དཀར་ན་བད་ཀན་དུ་ངོས་འཛིན་པ་དེ་ལྟར་རོ། །ཞེས་ཀུ་ཡ་སྔོ་ན་རླུང༌། སེར་ན་མཁྲིས་པ། དཀར་ན་བད་ཀན་ཡིན་ཞེས་པའི་སྒོ་ནས་བརྟག་པས་སོ། །དྲུག་པ་སྤྲིས་མ་ལ་བརྟག་པ་ནི། སྤྲིས་མ་སྲབ་ན་ཞེས་པ་ནས་བཟུང་བར་བྱ་ཞེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་བསྟན་ཏེ། དེ་ཡང་ངད་ཡལ་གྱི་དུས་སུ་སྤྲིས་མ་ལ་བརྟག་པ་ནི། སྤྲིས་མ་དེ་ཡང་སྲབ་ན་གྲང་བ་དང་མཐུག་ན་ཚ་བ་ཡིན་ལ། སྤྲིས་མ་ཚུར་ལ་བླངས་ཏེ་སེན་མོའི་ཁ་སོགས་སུ་བཞག་ཏུ་བཏུབ་ན་ནི། ཞག་རྒོད་ཅེས་བྱ་སྟེ། དེ་ཉིད་མེར་བསྲེགས་པའི་ཚེ་གསུར་དྲི་བྱུང་ན་བཅོས་མི་དགོས་པར་རང་བཞིན་གྱིས་འཚོ་བ་ཡིན་ལ། སྤྲིས་མ་དུམ་བུར་ཆད་ན་སྐྲན་གྱི་ནད་ཡིན་ཞིང༌། གཞན་ཡང་སྤྲིས་མའི་གཟུགས་ལས་གདོན་ངོས་བཟུང་བར་བྱ་སྟེ། དེའི་ཚུལ་འོག་གི་གདོན་ཆུའི་སྐབས་སུ་རྒྱས་པར་འཆད་པ་ཡིན་ནོ། །བདུན་པ་ལྡོག་དུས་ལ་བརྟག་པ་ནི། ལྡོག་དུས་ཞེས་པ་ནས་ཚ་གྲང་སྙོམས་ཞེས་པའི་བར་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང༌། ཆུ་དེ་ལྡོག་པའི་དུས་རླངས་མ་ཡལ་བར་ཚན་མོའི་དུས་ནས་ལྡོག་པ་ནི་ཚ་བ་ཡིན་ལ། རླངས་པ་ཡལ་རྗེས་གྲངས་ནས་ལྡོག་པ་ནི་གྲང་བ་ཡིན་ཞིང༌། རླངས་པ་ཡལ་བ་དང་ལྡོག་པ་གཉིས་དུས་མཚུངས་པར་གྱུར་ན་ནི། ཚ་གྲང་སྙོམས་པ་ཡིན་ནོ་ཞེས་སོ།།

        བརྒྱད་པ་ལྡོག་ཚུལ་ལ་བརྟག་པ་ནི། ལྡོག་ཚུལ་ཆུ་ལ་ཞེས་པ་ནས་ལྡོག་མི་འགྱུར་ཞེས་པའི་བར་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཆུ་དེ་ལྡོག་པའི་ཚུལ་ནི། སྤྱིར་བརྟེན་པ་ཆུའི་ངོ་བོ་དེ་ལ་སྲབ་མཐུག་མེད་པ་ཡིན་མོད་ཀྱང༌། རྟེན་སྣོད་ལ་གཏིང་རིང་བའི་དཀྱིལ་སོགས་ཆུ་རྔམས་མཐུག་པའི་ས་ནས་མ་ཡིན་པར། སྣོད་ཀྱི་མཐའ་སོགས་གང་སྲབ་པའི་ངོས་ཀྱི་མཐའ་ནས་རིམ་གྱིས་ལྡོག་པ་ནི་གྲང་བ་ཡིན་ལ། ཆུའི་གཏིང་ནས་ཡར་ལོང་ལོང་པོར་ལྡོག་པ་ཚ་བ་གསར་པ་དང༌། མཐའ་ནས་དབུས་སུ་རྐང་ཤར་ཤར་དུ་ལྡོག་པ་རྙིངས་པའི་ཚད་པ་ཡིན་ཞིང༌། སྣའམ་སྔོན་ལ་ཀུ་ཡ་ལྡོག་ཅིང་དེ་རྗེས་ཆུ་ལྡོག་ན་ཚ་གྲང་འཐབ་པའི་ནད་དང༌། གཞན་ཡང་ཚ་བ་བྱེར་བ་དང་གྲང་བ་འབྱམས་པ་དང་གདོན་ཤས་ཆེ་བའི་ཆུ་གསུམ་པོ་དེ་ནི་ལྡོག་པར་མི་འགྱུར་རོ། །ཞེས་སོ།།

        དགུ་པ་ལྡོག་རྗེས་ལ་བརྟག་པ་ནི། ལོག་རྗེས་སོགས་ཚིགས་བཅད་ཕྱེད་དེ། ཆུ་དེ་ལོག་པའི་རྗེས་སུ་ཁ་དོག་དེ་ལ་ནད་གཞི་གང་ཡིན་པ་དེའི་ཆུ་མདོག་འབྱུང་བས་ལེགས་པར་བལྟ་དགོས་ལ། དེ་ཡང་བསྐ་བའམ་གར་བ་ན་ཚ་བ་དང་སླ་ན་གྲང་བའི་ཆུ་ཡིན་ནོ་ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བརྟག་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་ནི། བྱེ་བྲག་སོགས་རྐང་པ་གཅིག་སྟེ་ནད་ཆུ་དེ་ལ། བྱེ་བྲག་ཏུ་བརྟག་པ་མདོར་བསྡུས་ན་ཚ་བའི་ཆུ་དང་གྲང་བའི་ཆུ་ཞེས་པ་གཉིས་ཡོད་དོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ཚ་ཆུ་བཤད་པ་གྲང་ཆུ་བཤད་པ། འདྲེས་མའི་འཁྲུལ་སོ་བསལ་བ་དང་གསུམ། དང་པོ་ནི། ཚ་བའི་ཆུ་ནི་ཞེས་པ་ནས་ཚ་ཆུ་ཡིན་ཞེས་པའི་བར་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་བྱེ་བྲག་ཚ་བའི་ཆུ་ནི། ཁ་དོག་དམར་རམ་ཡང་ན་སེར་བ་དང་ངོ་བོ་བསྐ་བ་སྟེ་གར་ལ་དྲི་མ་དུགས་ཤིང་རླངས་པ་ཆེ་ལ་ཡུན་རིང་བ་དང༌། ལྦུ་བ་ཕྲ་ལ་སྟེ་ཆུང་ཞིང་ཁ་དོག་སེར་ལ་སངས་པ་སྐྱེན་པ་དང༌། སྤྲིས་མ་མཐུག་ཅིང་ཀུ་ཡ་དེ་ཡང་ཆུ་ཡི་དཀྱིལ་དུ་ལིང་གིས་འདྲིལ་བ་དང་དྲོད་རླངས་པ་མ་ཡལ་བ་དང༌། ཚན་མོའི་དུས་དེ་ཉིད་དུ་ལྡོག་པར་བྱེད་ཅིང༌། ལོག་རྗེས་ཀྱི་ཁ་དོག་ཀྱང་སྨུག་ལ་ངོ་བོ་གར་བ་དེ་ནི་ཚ་བའི་ཆུ་འཁྲུལ་མེད་ཡིན་ནོ་ཞེས་སོ།།

        གཉིས་པ་གྲང་བའི་ཆུ་བསྟན་པ་ནི། གྲང་ཆུ་ཁ་དོག་ཅེས་པ་ནས་གྲང་ཆུ་ཡིན་ཞེས་པའི་བར་ཚིགས་བཅད་གཅིག་སྟེ། གྲང་བའི་ཆུ་ནི་ཁ་དོག་དཀར་རམ། ཡང་ན་སྔོ་ལ་ངོ་བོ་སླ་བ་དང༌། རླངས་པ་དང་དྲི་མ་ཆུང་ལ་ལྦུ་བ་ཆེ་ཞིང་སངས་བུལ་བ་དང་སྤྲིས་མ་དང་ཀུ་ཡ་སོགས་ཀྱང་སྲབ་ཅིང་ཆུ་དེ་གྲང་བའི་རྗེས་སུ་ལྡོག་པ་དང་ལོག་རྗེས་ཀྱང་ཁ་དོག་སྔོ་ལ་ངོ་བོ་སླ་བ་ནི་གྲང་བའི་ཆུ་འཁྲུལ་མེད་ཡིན་ནོ་ཞེས་པའོ།།

        གསུམ་པ་འདྲེས་མའི་འཁྲུལ་སོ་བསལ་བ་ནི། ཁ་དོག་དཀར་སྔོ་ཞེས་པ་ནས་སོ་སོར་བཟུང་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཆུའི་ཁ་དོག་དཀར་སྔོ་ལ་ཀུ་ཡ་མཐུག་པའི་ཆུ་དེ་ནི་ལྟར་སྣང་དུ་གྲང་བ་ལྟར་སྣང་ཡང༌། དེའི་གཏིང་ན་ཚད་པ་ངེས་པར་ཡོད་ཅིང་དེ་བཞིན་དུ་ཁ་དོག་དམར་སེར་ལ་དྲི་མ་ཆུང་ཞིང༌། ཀུ་ཡ་མེད་པ་དེ་ནི་ཕྲལ་ལྟར་སྣང་ཙམ་དུ་ཚ་བ་ལྟར་སྣང་ཡང་དེའི་ངོ་བོ་གྲང་བ་ཡིན་ལ། གཞན་ཡང༌། ཚ་ཆུ་ཡིན་ལ་ལྡོག་བུལ་བ་དང༌། གྲང་ཆུ་ཡིན་ལ་ལྡོག་པ་སྐྱེན་པ་ནི། ཚ་བ་གབ་པའི་ནད་དུ་ཤེས་པར་བྱ་ལ། ཚ་བའི་ཆུ་ལ་མེ་ཏོག་མེད་ན། ཚ་བ་ཁོང་དུ་ཤོར་ཞིང་བྱིང་བ་དང༌། གྲང་བའི་ཆུ་ལ་མེ་ཏོག་མེད་ན། གྲང་བ་འབྱམས་པ་དང༌། ཚ་བའི་ཆུ་སྤྲིས་མ་མཐུག་ན་ལུས་ཟུངས་ཞུ་བའི་ཞག་ཡིན་ཞིང༌། དེ་བཞིན་དུ་གྲང་བའི་ཆུ་ཁ་ཞག་ཆེ་ན་མར་མ་ཞུ་བར་ངེས་སོ། །ལར་ན་སྟོངས་ཚད་དང་ཁྲག་ཚད་གཉིས་ལ་ཆུ་དམར་པོར་འབྱུང་བས་འཁྲུལ་ན་ཡང༌། སྟོངས་ཚད་དམར་དྭངས་སླ་ལ། ཁྲག་ཚད་དམར་ཞིང་གར་ལ་ལོག་རྗེས་ཀྱང་གར་རོ། །བད་ཀན་སྨུག་པོ་དང་ཆུ་སེར་སྨུག་པོ་གཉིས་ཀྱང་ཆུ་སྨུག་པོར་འཁྲུལ་ན་ཡང༌། བད་ཀན་སྨུག་པོ་ཆུ་སྨུག་ཅིང་གར་ལ། ཆུ་སེར་སྨུག་པོ་ཆུ་སྨུག་ལ་དྭངས་བ་དང༌། མཁལ་མ་དང་མཆིན་པ་མཆེར་པ་གསུམ་གྱི་ནད་ཆུ་མདོག་དམར་པོར་འབྱུང་བ་ཙམ་ལ་འཁྲུལ་ཡང་མཁལ་མ་དམར་དྭངས་སམ་ཡང་ན་དམར་ཉོག་ཀུ་ཡ་གཏིང་ན་གནས་ལ། མཆིན་པ་དམར་ནག་གམ་ཡང་ན་དམར་དཀར་ཀུ་ཡ་ཁྱབ་ཅིང༌། མཆེར་པ་དམར་ལྗང་ངམ་ཡང་ན་དམར་དྭངས་ཀུ་ཡ་བར་ན་ཡོད་ལ། གབ་ཚད་ཆུ་སྔོ་ལྦུ་བ་ཕྲ་ཞིང་སངས་སྐྱེན་བད་རླུང་ཆུ་སྔོ་ལྦུ་བ་ཆེ་ལ་དལ། །གྲང་ཆུ་དཀར་སླ་སོགས་གོང་དུ་བཤད་པ་ལྟར་འབྱུང་བས། དེ་དག་མ་འཁྲུལ་བར་ནད་ངོས་སོ་སོར་བཟུང་བ་གཅེས་སོ་ཞེས་པའོ།།

        བདུན་པ་འཆི་ཆུ་བསྟན་པ་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། །སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། །འཆི་ལྟས་དག་ནི་བསྟན་པར་བྱ། །ནག་མོག་རྔ་མ་འཁྲུགས་དང་འདྲ། །ཆུ་སྨུག་འབྱུང་བསྐ་མནམ་ན་འཆི། །མི་མནམ་ཡུན་རིང་མནམ་པ་ནི། །ཁོང་དུ་ནད་རུལ་མྱུར་དུ་འཆི། །སངས་ནས་མི་འཁྲུགས་པ་དག་ནི། །ཁ་དོག་ཇི་ལྟར་འབྱུང་ཡང་འཆི། །ཆུ་ཡི་ཚེགས་བྲུལ་ཆད་ན་འཆི། །ཤིན་ཏུ་དམར་བ་ཇ་འདྲ་བ། །ཁྲག་ཆད་པ་སྟེ་འཆི་བ་ཡིན། །དམར་སེར་ལྡོང་རོས་དམར་སེར་དང༌། །མཁྲིས་པ་ཆད་པས་འཆི་བའོ། །ཁྲག་ཆོད་དང་འདྲ་བད་ཀན་སྨུག །ཀླད་པ་མཉེས་འདྲ་བད་རླུང་ཆད། །བྱི་ཀླད་དང་འདྲ་ཚོགས་པ་ནི། །རླུང་ཆད་པས་ནི་འཆི་བའོ། །འོ་ཤི་དང་འདྲ་བད་ཀན་ཆད། །མཐིང་ནག་དུག་གམ་ཆུ་སེར་ནག །ཀུ་ཡ་མེད་པ་དེ་རྣམས་ནི། །རྟོག་པས་དུས་ལྡོག་ནད་མེད་དོ། །མི་ལོག་ཀུ་ཡ་མེད་ན་འཆི། །ཆུ་གཙང་ཆུ་ཞག་འདྲ་ན་འཆི། །ལུས་ཀྱི་ཤ་འཇུ་ཉ་མིག་འདྲ། །རུས་པ་རྐང་ཆུ་འཆི་བའོ། །མར་འདྲའི་ཞག་བྱུང་རྐང་དང་ནི། །ཆུ་ལ་སྦོས་ཏེ་ཤ་བྲོས་རིམས། །རུས་ལ་བྱེར་བས་འཆི་བར་བྱེད། །ཅེས་གསུངས་པ་ལྟར་རོ།།

        གཉིས་པ་ཚིག་གི་དོན་ནི། འཆི་བའི་ཆུ་ནི་ཞེས་པ་ནས་འཆི་བ་ཡིན་ཞེས་པའི་བར་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ། འཆི་བའི་ཆུ་དེ་ནི་ཁ་དོག་ཁྲག་དང་འདྲ་བ་ལ། དྲི་མ་ཀོ་བ་རུལ་པོ་ལྟར་མནམ་ཞིང༌། ནད་དེ་སྨན་དཔྱད་ཟས་སྤྱོད་གང་གིས་བཅོས་ཀྱང་བསྐྱེད་མེད་ཅིང་ཆུ་དེ་མི་འགྱུར་ན་ཚ་བའི་འཆི་ཆུ་ཡིན་ཏེ། དེ་བཞིན་དུ་ཀུ་ཡ་སངས་ནས་ཀྱང་མི་ལྡོག་ན་འཆི་བ་དང༌། ཁ་དོག་སྔོ་ཞིང་དྲི་མ་དང་རླངས་པ་དང་བྲོ་བ་མེད་པ་ལ་ནད་དེ་བཅོས་ཀྱང་ཆུ་དེ་མི་འགྱུར་བར་དེ་གར་འདུག་ན་གྲང་བའི་འཆི་ཆུ་ཡིན། ཚོགས་པ་སྟེ་ཚོད་མ་ཆད་པ་འདྲ་བ་རླུང་གི་ནད་ཀྱིས་འཆི་བའི་ཆུ་དང༌། ཆུ་རྩའི་ཁུ་བ་ཆད་པ་དང་འདྲ་ན། མཁྲིས་པའི་ནད་ཀྱིས་འཆི་བའི་ཆུ་དང༌། མཚལ་ཆད་པ་དང་འདྲ་ན་ཁྲག་གི་ནད་ཀྱིས་འཆི་བའི་ཆུ་དང༌། འོ་མ་ཤི་བ་དང་འདྲ་ན་བད་ཀན་གྱི་ནད་ཀྱིས་འཆི་བའི་ཆུ་དང༌། སྣག་ཚའི་ཁུ་བ་ཆད་པ་དང་འདྲ་ན་དུག་གི་ནད་ཀྱིས་འཆི་བའི་ཆུ་དང༌། མཁལ་ནད་མེད་པར་ཁོང་ནས་ཆུ་ལོག་ན་འདུ་བ་ཁོང་རུལ་ཞེས་བྱ་སྟེ་འཆི་བའི་ཆུ་ཡིན་པས་འདི་དག་ལེགས་པར་བརྟག་པ་གཅེས་སོ་ཞེས་པའོ། །བརྒྱད་པ་གདོན་ཆུ་བརྟག་པ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། ཟླ་བའི་རྒྱལ་པོ་ལས། ཤར་ཕྱོགས་ཤིང་ཡིན་ལྷོ་ཕྱོགས་ནི། །མེ་སྟེ་ནུབ་ཕྱོགས་ལྕགས་ཡིན་ནོ། །བྱང་ཕྱོགས་ཆུ་སྟེ་དབུས་ནི་ས། །དཔག་བསམ་ཤིང་གི་རྩེ་མོ་དེ། །ཤིང་ནས་ཆུ་ལ་ཟུག་ན་བཟང༌། །མ་བུ་ལག་པ་སྦྲེལ་བ་སྟེ། །ཆུ་ནས་ཤིང་དུ་ཟུག་ན་བཟང༌། །ཤིང་ནས་མེ་རུ་ཟུག་ན་བཟང༌། །སྐྱེས་པའི་བུ་དང་ཕྲད་པ་ཡིན། །ཤིང་ནས་ས་རུ་ཟུག་པ་ནི། །དབང་ཐང་ནོར་དང་ཕྲད་པ་ཡིན། །ལྕགས་སར་ཟུག་པ་དགྲ་དང་ཕྲད། །དཔྱིད་གསུམ་ཟུག་ན་འཆི་བ་ཡིན། །དཔག་བསམ་ཤིང་གི་རྩེ་མོ་དེ། །མེ་ནས་ཤིང་ལ་ཟུག་ན་བཟང༌། །སྲོག་གི་མ་དང་འབྲེལ་བ་ཡིན། །མ་བུ་ལག་པ་སྦྲེལ་བ་ནི། །ཤིང་ནས་མེ་རུ་ཟུག་པ་བཟང༌། །མེ་ནས་ལྕགས་སུ་ཟུག་པ་ནི། །དབང་ཐང་ནོར་དང་ཕྲད་པའོ། །མེ་ནས་སར་ཟུག་བུ་དང་ཕྲད། །མེ་ནས་ཆུ་ལ་ཟུག་པ་ནི། །དབྱར་གྱི་དུས་སུ་འཆི་བ་ཡིན། །གཞན་དུ་སྲོག་དང་ཕྲད་པའོ། །དཔག་བསམ་ཤིང་གི་རྩེ་མོ་དེ། །ལྕགས་ནས་ས་རུ་ཟུག་ན་ནི། །སྲོག་གི་མ་དང་འབྲེལ་བ་སྟེ། །ས་ནས་ལྕགས་སུ་ཟུག་ན་བཟང༌། །ལྕགས་ནས་ཤིང་དུ་ཟུག་ན་ནི། །དབང་ཐང་ནོར་དང་ཕྲད་པ་ཡིན། །ལྕགས་ནས་ཆུར་ཟུག་བུ་དང་ཕྲད། །མ་བུ་ལག་པ་སྦྲེལ་བའོ། །ལྕགས་ནས་མེ་རུ་ཟུག་ན་ནི། །སྟོན་གྱི་དུས་སུ་འཆི་བ་ཡིན། །གཞན་དུ་དགྲ་དང་ཕྲད་པའོ། །དཔག་བསམ་ཤིང་གི་རྩེ་མོ་དེ། །ཆུ་ནས་ལྕགས་སུ་ཟུག་ན་ནི། །སྲོག་གི་མ་དང་འབྲེལ་བ་ཡིན། །ས་ནས་ལྕགས་སུ་ཟུག་ན་བཟང༌། །ཆུ་ནས་མེ་རུ་ཟུག་གྱུར་ན། །དབང་ཐང་ནོར་དང་ཕྲད་པ་ཡིན། །ཆུ་ནས་ཤིང་དུ་ཟུག་ན་ནི། །སྐྱེས་པའི་བུ་དང་ཕྲད་པ་ཡིན། །ཆུ་ནས་ས་རུ་ཟུག་པ་ནི། །དགུན་གྱི་དུས་སུ་འཆི་བ་ཡིན། །གཞན་དུ་དགྲ་དང་ཕྲད་པའོ། །དཔག་བསམ་ཤིང་གི་རྩེ་མོ་དེ། །ས་ནས་མེ་རུ་ཟུག་ན་ནི། །སྲོག་གི་མ་དང་ཕྲད་པ་ཡིན། །མེ་ནས་ས་རུ་ཟུག་ན་བཟང༌། །ལྕགས་སུ་ཐུག་ན་བུ་དང་ཕྲད༌། །ཆུ་རུ་ཟུག་ན་ནོར་དང་ཕྲད། །ས་ནས་ཤིང་དུ་ཟུག་ན་ནི། །དཔྱིད་དང་དབྱར་དང་སྟོན་དང་ནི། །དགུན་ན་ཐ་ཆུང་རྣམས་ལ་འཆི། །ཞེས་དང༌། ཤིང་དང་མེ་དང་ལྕགས་དང་ཆུ། །བཞི་ནི་གོ་རིམ་ཕྱོགས་སུའོ། །ས་ནི་མཚམས་དང་དབུས་སུ་སྟེ། །བཞི་ལས་བཅུ་གཉིས་གོ་རིམ་བཞིན། །ལས་བཞི་ཕྱོགས་མཚམས་རྣམས་སུའོ། །བྱང་ལམ་གསུམ་ནི་ཀུན་ལའོ། །ཕྱོགས་སུ་ཕྱེ་བས་དོན་དང་ནི། །ནད་ཀྱང་དེ་བཞིན་ཤེས་པར་བྱ། །ཁ་དོག་དབྱིབས་དང་བསྟུན་ནས་ནི། །དཔག་བསམ་ཤིང་གི་རྩེ་མོ་དེ། །ཤིང་ནས་ལྕགས་སུ་ཟུག་ན་ངན། །ཆུ་ནས་ས་རུ་ཟུག་ན་ངན། །ཤིང་གི་བྱང་ལམ་གསུམ་ལ་ནི། ལྦུ་བ་དག་ལ་བརྟག་པར་བྱའོ། །མེ་ཡི་བྱང་ལམ་གསུམ་ལ་ནི། །རླངས་པ་དག་ལ་བརྟག་པར་བྱའོ། །ལྕགས་གྱི་བྱང་ལམ་གསུམ་ལ་ནི། །དུས་ལྡོག་པ་ལ་བརྟག་པར་བྱ། །ཆུ་ཡི་བྱང་ལམ་གསུམ་ལ་ནི། །ཀུ་ཡ་དག་ལ་བརྟག་པར་བྱ། །ས་ཡི་བྱང་ལམ་གསུམ་ལ་ནི། །ཁ་དོག་དག་ལ་བརྟག་པར་བྱ། །ཤིང་གི་བྱང་ལམ་དང་པོ་ལ། །ལྦུ་བ་ཕུང་པོ་མཆོད་རྟེན་དང༌། །ཕྱེད་རལ་སྲོག་ཆགས་གང་བྱུང་བརྟག །རྟ་བབས་གདུགས་འདྲ་བ་དན་དང༌། །གངས་འདྲ་དེ་ནི་ཆོས་དཀོར་འདྲེ། །ཤིང་གི་བྱང་ལམ་བར་པ་ལ། །ཤ་རུ་རི་བོང་གླང་སྣ་དམུ། །བྱ་དང་རི་དགས་དམུ་དང་ནི། །ཤིང་ལ་ཆགས་སམ་ཤིང་ཕྱིར་འབྲངས། །ཤིང་གི་བྱང་ལམ་ཐ་མ་ལ། །གཞན་མ་འདྲ་བའི་ཁ་དོག་གཟུགས། །བྱུང་ན་བན་བོན་རབས་ཆད་རྩོད། །ཕུར་པ་ཡུངས་ཀར་ཟོར་ཡིན་ཏེ། །སྦུར་པ་འདྲ་བ་བདུད་གཅོད་དེ། །ཡང་ན་མཆིན་པ་དུག་སྨིན་པའོ། །ཤིང་དང་ས་ཡི་བྱང་ལམ་དུ། །དྲ་བ་བྱུང་ན་བདུད་དང་ཟོར། །མེ་ཡི་བྱང་ལམ་དང་པོ་ལ། །འཇའ་ཚོན་བཀུག་འདྲ་ཡང་ན་གློག །དུར་སར་བབས་པས་ངན་པའོ། །དུར་ས་བྱེ་བས་དུར་ཕུར་གདབ། །སྲན་ཙམ་སྔོ་ནག་བྱུང་ བ་ནི། །སྙིང་ལ་རླུང་ཞུགས་སྨྱོ་འབོག་འོང༌། །མེ་ཡི་བྱང་ལམ་བར་པ་ལ། །སྤྲིན་དང་ན་བུན་འདྲ་བ་དང༌། །ཤིང་དག་གི་ནི་གཟུགས་བྱུང་ན། །ཀླུ་གནོད་པ་སྟེ་ཉ་མིག་དག །ས་བདག་དག་ནི་གནོད་པ་ཡིན། །སྤྲིན་འདྲ་དམར་བྱུང་རྒྱུ་མའི་ནད། །སྔོ་ན་རྒྱུ་མ་འཁྲུགས་པའོ། །མེ་ཡི་བྱང་ལམ་ཐ་མ་ལ། །མིག་མངས་རིས་ནི་བྱུང་བ་ན། །རུ་སུམ་ཞིང་ངམ་ཁང་པ་ན། །ནེའུ་བྲག་གམ་བྲག་དམར་ལྡན། །ཀླུ་སྲིན་གནོད་པས་སྲུབས་སུ་ཆགས། །ནད་ནི་མགོ་ལ་ཡོད་པའོ། །གཉིས་སུ་བྱུང་ན་མཛེ་ནད་འོང༌། །གསུམ་དང་བཞི་བྱུང་འཆི་བའོ། །མེ་དང་ས་ཡི་བྱང་ལམ་ལ། །ཟླུམ་པོར་ཆགས་ན་ས་བོན་འཆོར། །ཟླ་གམ་ཆགས་ན་ནུས་པ་ཆེ། །ནས་འདྲ་མིག་འདྲ་ཉ་ཁ་འདྲ། །བསེན་མོ་འདྲེ་མོ་གནོད་པ་ཡིན། །ལྕགས་ཀྱི་བྱང་ལམ་དང་པོ་ལ། །ལྕགས་ཀྱུ་འདྲ་བ་བྱུང་བ་ན། །ཕ་མེས་གྲིར་ཤི་དུར་ཁ་བྱེ། །ལྦུ་བ་དམར་ལ་ཉ་མིག་འདྲ། །གློ་ནད་རླུང་དང་ཚ་བའོ། །གསེར་གྱི་དྲ་བ་འདྲ་བ་ནི། །ཆེ་འདྲེ་ལྷ་ཡི་གདོན་དག་དང༌། །གློ་ལ་ནད་ནི་ཡོད་པའོ། །ལྕགས་ཀྱི་བྱང་ལམ་བར་པ་ལ། །བ་ལང་མ་ཧེའི་གཟུགས་བྱུང་ན། །ཕྱུགས་ཕྱིར་འབྲངས་པའི་མོ་གདོན་གནོད། །བ་མོ་འདྲ་བ་བྱུང་ན་ནི། །གློ་ལ་སྐྲན་ནི་ཡོད་པའོ། །ལྕགས་ཀྱི་བྱང་ལམ་ཐ་མ་ལ། །བྲག་འདྲའི་རི་མོ་བྱུང་བ་ན། །བྲག་གནས་པ་ཡི་བྲག་བཙན་ཏེ། །བྱང་ཤར་བན་བོན་རྦོད་པའོ། །ས་ཡི་བྱང་ལམ་ཐ་མ་ལ། །ཀུ་ཡ་བར་ན་ལྕི་བ་ནི། །ཕོ་བའི་སྟེང་ན་སྐྲན་ཡོད་པའོ། །བྱ་ཡི་ལྕེ་འདྲ་བྱུང་བ་ན། །མཆེར་པའི་སྟེང་ན་ཡོད་པའོ། །དམར་ལ་འདྲིལ་ན་མཆིན་པའི་སྐྲན། །སེར་པོ་མཁྲིས་པ་སྐྲན་གྱི་རྩར། །རངས་པ་སེར་ལ་དམར་ཐིག་ནི། །མཆིན་དྲི་ཁྲག་གི་སྐྲན་དག་གོ །དམར་པོ་ར་རི་བྱུང་བ་ན། །མཁལ་མ་ཁྲག་གིས་རྒྱས་པའོ། །ཐམས་ཅད་ཀུན་ལ་དེ་བཞིན་སྦྱར།

        །ཆུ་ཡི་བྱང་ལམ་དང་པོ་ལ། །མེ་ཏོག་ལུག་དང་འདྲ་བ་ནི། །དཀའ་ཐུབ་ཅན་ནམ་མུ་སྟེགས་ཀྱི། །ལྷ་ཆེན་པོ་ནི་རྦད་པའོ། །ཉ་འདྲ་ལྔ་བྱུང་ལོང་གི་ནད། །ཉ་མིག་འདྲ་བ་དྲུག་བྱུང་ན། །ས་བདག་གིས་སླད་མཁལ་ནད་ཞུགས། །ཉ་མིག་འདྲ་བ་བདུན་བྱུང་ན། །དེ་ནི་མཁལ་མར་ཆུ་འགགས་པའོ། །ཉ་མིག་འདྲ་བ་བརྒྱད་བྱུང་ན། །ས་བདག་གིས་བརླམས་མཁལ་ནད་དོ། །ཆུ་ཡི་བྱང་ལམ་བར་བ་ལ། །ནག་མོ་ནུ་མ་འདྲ་བ་ནི། །འབྲོག་བསེན་མོ་ནི་གནོད་པ་ཡིན། །བུད་མེད་གཟུགས་འདྲ་དམར་མོ་ནི། །འཚུབ་མ་འདྲ་བྱུང་རེ་མ་ཏི། །ཆུ་ཡི་བྱང་ལམ་ཐ་མ་ལ། །མཆོད་རྟེན་དང་ནི་བནྡེ་དང༌། །གསེར་གྱི་དྲ་བ་བྱུང་བ་ན། །འགོང་པོ་བྱང་ནས་རྦོད་པའོ། །ཆུ་དང་ས་ཡི་བྱང་ལམ་ནི། །བལ་འདྲ་ཁ་ཆུ་ནལ་ནལ་བྱུང༌། །མཁལ་མ་གཉིས་ལ་ཆུ་སེར་ཡོད། །ཀུ་ཡ་མ་རྩིང་མཁལ་མའི་ནད། །ལྒང་སྲ་རྡེའུ་མཁལ་རྩ་སྐྱོན། །ཤར་བ་དང་ནི་ནུབ་པ་ཆད། །ཅེས་དང༌། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །དཔྱིད་ཟླ་འབྲིང་པོ་དེ་ལ་བརྟག །བཞི་ནི་ར་བ་དག་ཡིན་ཏེ། །བཅུ་གཉིས་ཐ་ཆུང་སྟོན་ལའོ། །བཅུ་དྲུག་ཐ་ཆུང་བཞི་ནས་ནི། །ཁང་ས་དབུས་སུ་བསྐོར་བ་སྟེ། །ཞིང་ས་དུར་ས་གོ་རིམ་བཞིན། །དེ་ནི་ཆུ་སྟེ་རི་བྲག་གོ །རླུང་ནི་ཁ་དོག་སྔོན་པོ་སྟེ། །མཁྲིས་པ་སེར་ཏེ་གསེར་བཞིན་ནོ། །བད་ཀན་སྨུག་པོའི་སིགས་མ་དཀར། །ལྡན་དང་འདུས་པ་དེ་བཞིན་ཏེ། །ཁང་ས་རལ་དང་མགོ་བོ་མེད། །ཤར་དུ་གནམ་སྒོ་ནུབ་པ་སྒོ། །གཡས་དང་གྱེན་ནི་རང་ས་སྟེ། །གཡོན་དང་གདོན་ནི་མོ་ཡི་ས། །རླངས་པ་འདྲིལ་ཞིང་ཆད་གྱུར་ན། །ལྷ་ཆེན་ལ་སོགས་གདོན་ས་ཡིན། །བྲག་དཀར་ལྟ་བུ་བྱུང་གྱུར་ན། །གངས་ལ་དཀར་དང་དེ་གནས་སོ། །ཉི་མ་ཤར་འདྲ་བྱུང་བ་ན། །གནམ་ལྷ་དཀར་པོ་གནོད་པའོ། །རླུང་འཚུབ་འདྲ་བ་ལངས་པ་ནི། །ལྷ་མོ་བདུད་མོ་གནོད་པའོ། །སྦོ་ག་འདྲ་བའི་ཀུ་ཡ་མང༌། །ལྷ་རྟེན་བཙུགས་པའི་ལྷ་འདྲེ་གནོད། །ལོ་འདྲ་བཀབ་དང་ཧོམ་ཐབས་དང༌། །ནོར་ཕྱིར་འབྲངས་པ་གནོད་པའོ། །ཡུངས་ཀར་མུ་ཏིག་འདྲ་བ་ནི། །ཀླུའམ་བན་བོན་རྦད་གནོད་པའོ། །དབུས་སུ་མཐོང་ནག་བྱུང་བ་ནི། །བན་བོན་སྲུང་མ་ནག་མོ་གནོད། །དབུས་སུ་དཀར་མོ་བྱུང་བ་ནི། །བན་བོན་རྦད་ལྷ་དཀར་པོ་གནོད། །རྩ་བ་གནག་ལ་རྩེ་མོ་དཀར། །རི་འདྲ་སྲུང་མ་རྟེན་གང་གནས། །མདུང་རྩེ་རལ་གྲིའི་གཟུགས་འདྲ་བ། །ཕ་མེས་བསྟེན་པའི་ལྷ་འདྲེ་གནོད། །ཁྱི་མིག་ལྟ་བུ་བྱུང་བ་ན། །དམ་སྲི་འགོང་པོ་གནོད་པ་ཡིན། །ཉ་དང་རུས་སྦལ་ལྕོང་མོ་དང༌། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས། །ས་བདག་ཀླུ་གཉན་གནོད་པ་ཡིན། །གཟུགས་ལ་དཔགས་ལས་ཤེས་པར་བྱ། །དེ་ཡི་རྗེས་ལས་དཔགས་བྱས་ཏེ། །ཕྱོགས་ནས་ཁང་ས་ཞིང་བཞིན་ནོ། །འཁོར་བཞིན་ལྡོག་པ་ཤིན་ཏུ་བཟང༌། །པདྨ་ལྟར་ལོག་སྲུང་མ་ཁྲོས། །ཟླ་བ་ལྟར་ལོག་ཡི་དམ་ཆག །རིན་ཅེན་ལྟར་ལོག་མི་གཙང་འདྲེས། །རྡོ་རྗེ་ལྟར་ལོག་སློབ་དཔོན་གྱི། །སྲུང་མ་དག་ནི་ཁྲོས་པའོ། །གྲུ་གསུམ་དང་འདྲ་གཞན་གྱིས་རྦད། །ཉི་ཟེར་ལྟར་ལོག་ལྷ་སོགས་གདོན། །ན་བུན་ལྟར་ལོག་གངས་ལ་གནས། །གཞན་ཡང་གཟུགས་ལ་དཔག་ཡོད་པའོ། །ཞེས་སོགས་རྒྱས་པར་གསུངས་ཤིང༌། །སྤྱིར་བཏང་ཤར་གྱི་ངོས་འཛིན། །གང་ནས་བཏང་བ་ཤར་གྱི་ཕྱོགས། །སྐྱེས་པ་ཕོ་ལ་བརྟག་པར་བྱ། །བུད་མེད་ནུབ་ཀྱི་ཕྱོགས་སུ་བརྟག །ཆུ་ནི་ཁ་སྦུབ་གན་རྐྱལ་ལོ། །ཞེས་གསུངས་པས་ཆུ་དེ་སྐྱེས་པ་ལ་རུས་སྦལ་ཁ་སྦུབ་ཀྱི་རྣམ་པ་དང༌། བུད་མེད་ལ་གན་རྐྱལ་གྱི་རྣམ་པར་བཤད་འདྲ་ཡང་རྒྱུད་འདི་ཉིད་དུ་ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས་ཞེས་གསུངས་པ།

        རྗེ་བཙན་འཇམ་པའི་དབྱངས་ཀྱིས་གསུངས་པའི་གཙུག་ལག་སྤོར་ཐང་གི་ལུགས་དང་པོ་བསྟུན་པ་ཡིན་ལ། དེ་ཡང་གཙུག་ལག་གི་རྩ་བ་རིན་ཅེན་ཀུན་བཏུས་ལས། འཇིག་རྟེན་བརྟེན་པའི་གཙུག་ལག་འདི། །རྩ་བ་རུས་སྦལ་ཆེན་པོ་སྟེ། །དེ་ཡང་གན་རྐྱལ་དག་ཏུ་གནས། །མགོ་བོ་ལྷོར་བསྟན་མཇུག་མ་བྱང༌། །གློ་གཡས་ཤར་ལ་གློ་གཡོན་ནུབ། །ཡན་ལག་འཚམས་བཞིར་བརྐྱང་ནས་གནས། །དེ་ལ་སྤར་སྨེ་ལོ་འགྲོས་སོགས། །འཆད་པའི་རིམ་པ་བསྟན་པ་ནི། །ཤར་ཕྱོགས་ཤིང་ལ་ལྷོ་ཕྱོགས་མེ། །ནུབ་ཕྱོགས་ལྕགས་ལ་བྱང་ཕྱོགས་ཆུ། །མཚམས་བཞི་ས་རུ་ཤེས་པར་བྱ། །ཞེས་གསུངས་པས་རུས་སྦལ་གྱི་གནས་ཚུལ་གན་རྐྱལ་དུ་གནས་པ་འདི་ཉིད་གཙོ་ཆེ་ཞིང་གཞན་མ་གཟུགས་བརྙན་གྱི་བརྟག་པ་རྣམས་ཟླ་བའི་རྒྱལ་བོ་ལྟར་འཐད་དམ་སྙམ། གཉིས་པ་ཚིག་གི་དོན་ལ་ཕྱོགས་ཀྱི་བརྩི་ཚུལ། །ལིང་ཚེ་དགུར་བཅད་ཚུལ། དེའི་མིང་གི་བརྡ་ཆད། ལྡོག་ཚུལ་དཔྱད་པ། གདོན་ཆུའི་ལྦུ་བ་ངོས་བཟུང་ཚུལ། ལིང་ཚེ་དགུ་ལས་གདོན་ངོས་འཛིན་ཚུལ། ཕྱོགས་མཚམས་བརྒྱད་ལས་གདོན་ངོས་འཛིན་ཚུལ། འདྲ་གཟུགས་ལས་གདོན་ངོས་འཛིན་ཚུལ། ཁ་དམར་མི་གསལ་ན་བསྐོར་ཕྱྭས་བརྟག་པ། གདོན་ངོས་ཡིབས་པའི་ཁ་དམར་འདོགས་ཚུལ། བསྡུས་དོན་རྩ་ཆུའི་ཁྱད་པར་དང་བཅུ་གཅིག་གོ དང་པོ་ནི། གདོན་ཆུ་སོགས་ཚིག་རྐང་གཅིག་གིས་བསྟན་ཏེ། ཆུ་ལ་བརྟག་པའི་ས་བཅད་རྣམ་པ་བརྒྱད་ཀྱི་ཕྱི་མ་གདོན་ཆུ་བརྟག་ཐབས་ལ། དང་པོ་ངོས་འཛིན་པའི་ཡུལ་སྣོད་ཀྱི་ཕྱོགས་ནི་ནད་པས་གང་ནས་བཏང་བའི་ངོས་དེ་ཤར་ཕྱོགས་ཤིང་དུ་བརྩི་བ་ཡིན་ནོ་ཞེས་པའོ། །གཉིས་པ་ལིང་ཚེ་དགུར་བཅད་ཚུལ་ནི། ཆུ་དེ་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་སྣོད་ཀྱི་ནང་དུ་བཏང་བའི་ཆུ་དེ་ནི་སྲིད་པའི་རུས་སྦལ་གན་རྐྱལ་དུ་གནས་པའི་དབྱིབས་སུ་ཡོད་པ་ཡིན་ལ། དེ་ཡང་མགོ་བོ་ནི། ཆུ་གང་ནས་བཏང་བ་ཤར་དུ་བརྩིས་པའི་ལྷོར་བསྟན་ལ། ཤིང་བུ་བཞིས་རྒྱ་གྲམ་དུ་ཐིག་བཞིར་བཏབ་པའི་ས་རེའུ་མིག་དགུར་བཅད་པར་བྱའོ་ཞེས་སོ། །གསུམ་པ་དེའི་མིང་གི་བརྡ་ཆད་ནི། གཡས་གསུམ་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏེ། དེ་ཡང་རུས་སྦལ་དེའི་གཞོགས་གཡས་གསུམ་གྱི་རང་ངོས་དང་པོ་ཤར་ལྷོ་མཚམས་ཀྱི་ལིང་ཚེ་ནི་ལྷ་ས། གཉིས་པ་ཤར་གྱི་ལིང་ཚེ་མི་ས། གསུམ་པ་བྱང་ཤར་གྱི་ལིང་ཚེ་གདོན་གྱི་ས་དང་རུས་སྦལ་གྱི་གཞོགས་གཡོན་གསུམ་གྱི་རང་ངོས་དང་པོ་ལྷོ་ནུབ་མཚམས་ཀྱི་ལིང་ཚེ་དུར་ས། གཉིས་པ་ནུབ་ཀྱི་ལིང་ཚེ་ཁང་ས། གསུམ་པ་ནུབ་བྱང་མཚམས་ཀྱི་ལིང་ཚེ་ཞིང་གི་ས། རེའུ་མིག་གི་དབུས་གསུམ་གྱི་དང་པོ་ལྷོའི་ལིང་ཚེ་ནི་ཕ་མེས་ཀྱི་ས། གཉིས་པ་དབུས་ཀྱི་ལིང་ཙེ་རང་ས། གསུམ་པ་བྱང་གི་ལིང་ཚེ་བུ་ཚའི་ས་ཡིན་པ་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ་བརྟག་པར་བྱ་བ་ཡིན་ནོ། །བཞི་པ་དེར་ལྡོག་ཚུལ་ལ་དཔྱད་པ་ནི། ལིང་ཚེ་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ལིང་ཚེ་དགུ་པོའི་ས་དེར། །ལྦུ་བ་དང༌། ཀུ་ཡ་དང༌། སྤྲིས་མར་གཟུགས་བརྙན་གང་བྱུང་བརྟག་པ་དང༌། གཞན་ཡང་ལྡོག་སྐྱེན་པ་སྟེ། མྱུར་དུ་ལོག་པ་དང༌། ལྡོག་སྣ་རིང་བ་སྟེ་དལ་གྱིས་ལྡོག་པ་དང༌། ལར་ནས་མི་ལྡོག་པ་དང་གསུམ་གྱི་སྒོ་ནས་ཀྱང་བརྟག་པར་བྱའོ།།

        ལྔ་པ་གདོན་ཆུའི་ལྦུ་བ་ངོས་འཛིན་ཚུལ་ནི། ཉ་མིག་སོགས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དང་པོ་ལྦུ་བ་ལ་བརྟག་པའི་ཚུལ་ནི་ལྦུ་བ་དེ་ཡང་ཉ་མིག་ལྟ་བུ་དང༌། ཆུ་དེ་ལ་གཡོ་འགུལ་མ་བྱས་ཀྱང་སྲུབས་པ་དང་འདྲ་བའི་ལྦུ་བ་གང་དུ་བྱུང་བ་དེ་ལ་བརྟག་པར་བྱ་བ་ཡིན་ནོ། །དྲུག་པ་ལིང་ཚེ་དགུ་ལས་གདོན་ངོས་འཛིན་ཚུལ་ནི། ལྷ་སར་བྱུང་ན་སོགས་ཚིག་རྐང་བདུན་གྱིས་བསྟན་ཏེ། དེ་ལྟ་བུའི་ལྦུ་བ་དེ་ཡང་ལྷ་སར་བྱུང་ན་བསྟེན་པའི་ལྷ་སྲུང་བཅོས་དགོས་པ་དང༌། མི་སར་བྱུང་ན་གྲེ་ཕོ་གྲེ་མོ་གནོད་ཅིང་གདོན་སར་བྱུང་ན་སྲིད་པའི་སྤྱི་འདྲེ་གནོད་པ་དང༌། ཕ་མེས་ཀྱི་སར་བྱུང་ན་ཆགས་འདྲེ་དང་ཕ་རོལ་གྱིས་རྦད་པའི་རྦད་འདྲེ་གནོད་ཅིང༌། རང་སར་བྱུང་ན་གྲོགས་ཀྱི་གོས་འདྲེ་གནོད་ལ། བུ་ཚའི་སར་བྱུང་ན་ཞང་ཉེ་དང༌། མ་དང་སྲུ་མོའི་ཕྱོགས་ཀྱི་འདྲེ་གནོད་ཅིང་ཁང་ས་དང༌། དུར་ས་དང༌། ཞིང་སར་བྱུང་ན་གང་བྱུང་བའི་ཕྱོགས་དེ་ནས་གནོད་པར་ངོས་འཛིན་པའོ། །བདུན་པ་ཕྱོགས་མཚམས་བརྒྱད་ལ་གདོན་ངོས་འཛིན་ཚུལ་ནི་གཞན་ཡང་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གཞན་ཡང་ལིང་ཚེ་དགུར་བཅད་པའི་ཕྱི་མ་བརྒྱད་ཀྱི་ཤར་ངོས་དེ་ཉིད་དུ་གོང་གི་ལྦུ་བ་དེ་ལྟ་བུ་བྱུང་ན་རྒྱལ་པོ་དང་གཉན་གནོད་ཅིང༌། ལྷོར་བྱུང་ན་བཙན་དང་མ་མོ་གནོད་ལ། ནུབ་ཏུ་བྱུང་ན་ཀླུ་བདུད་དང་ཀླུ་བཙན་གནོད་དེ། བྱང་དུ་བྱུང་ན་མཚོ་ལ་གནས་པའི་སྨན་མོ་དང་ཀླུ་སྲིན་གནོད། ཤར་ལྷོར་བྱུང་ན་རྒྱལ་པོ་དང་བཙན་དང་གྲེ་ཕོ་སོགས་གནོད་པ་དང༌། ལྷོ་ནུབ་མཚམས་སུ་བྱུང་ན་བཙན་དང་བདུད་དང༌། ནག་སྨུག་སྟེ་མ་མོ་དང་བདུད་འདྲེས་པའི་རིགས་སམ། ཁ་ཅིག་ནི་ནགས་ལ་གནས་པའི་སྨན་མོར་འདོད་བས་དེ་ལྟ་བུས་གནོད་པ་དང༌། ནུབ་བྱང་མཚམས་སུ་བྱུང་ན་ཀླུ་བདུད་དང་ཀླུ་སྲིན་གནོད་པ་དང༌། བྱང་ཤར་མཚམས་སུ་བྱུང་ན་ས་བདག་དང་རིགས་འཛིན་ཏེ་གྲུབ་པའི་གདོན་གནོད་པས་སོ་སོའི་བཅོས་ཐབས་བྱའོ་ཞེས་པའོ། །བརྒྱད་པ་འདྲ་གཟུགས་ལས་གདོན་ངོས་འཛིན་ཚུལ་ནི། འོན་ཀྱང་ཞེས་པ་ནས་ཕྱོགས་ལས་དཔག་ཅེས་པའི་བར་ཚིགས་བཅད་དྲུག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྦུ་བ་ལས་གདོན་བརྟག་པ་དེས་མ་གསལ་ན། འོན་ཀྱང་ལོག་པའི་རྗེས་ཉི་མའི་མདངས་ཤར་བ་ཆུ་ལ་ཕོག་པའི་ཚེ་ཆུ་ནང་དུ་ཤར་བ་འདྲ་བའི་གཟུགས་སོ་སོ་ལ་གདོན་གྱི་ངོས་བཟུང་བ་ནི། འདི་ལྟར་རྨ་བྱའི་མདོངས་འདྲ་ན་ནག་སྨུག་གནོད་པ་དང༌། བ་དན་འཕྱར་བ་འདྲ་ན་འགོང་པོ་གནོད་ཅིང༌། ལྕགས་སྒྲོག་འདྲ་ན་ལྷ་མོ་གནོད་པ་དང༌། མདུང་གི་རྩེ་མོ་འདྲ་ན་ཕོ་ལྷ་སྟེ་རྗེའི་མགུར་ལྷ་བཅུ་གསུམ་སོགས་དཀར་ཕྱོགས་ཀྱི་ལྷ་གནོད་པ་དང༌། ར་སྐྱེས་ཀྱི་གཟུགས་འདྲ་ན་དགྲ་ལྷ་སྟེ་གཡུལ་འགྱེད་པའི་གྲོགས་བྱེད་པའི་ལྷ་གནོད་ཅིང༌། ཤིང་ཤུག་པའི་པོ་འདྲ་ན་ཡུལ་ལྷ་གནོད་པ་དང༌། པདྨ་འདྲ་ན་མ་ལྷ་སྟེ་ཞང་པོའི་ཕྱོགས་ཀྱི་ལྷ་གནོད་པ་དང༌། པདྨ་འདྲ་ན་མ་ལྷ་སྟེ་ཞང་པོའི་ཕྱོགས་ཀྱི་ལྷ་གནོད་པ་དང༌། འོད་ཀོར་ཏེ་འོད་ཀྱི་ཐིག་ལེ་འདྲ་ན་རྒྱལ་པོ་གནོད་པ་དང༌། བྱི་ཁུང་ངམ་རྩིག་པའི་ཁུང་དུ་ཉི་མ་ཤར་བ་འདྲ་ན་བཙན་གནོད་པ་དང༌། དར་ལྕེ་བསྐྱོད་པ་འདྲ་ན་ཀླུ་བཙན་གནོད་པ་དང༌། སྲོག་ཆགས་སྡིག་པ་འདྲ་ན་ཀླུ་བདུད་གནོད་པ་དང༌། ཤ་བའི་རུ་འདྲ་ན་ཡམ་ཤུད་དེ་བཙན་དང་རིགས་འདྲ་བའི་རྒྱལ་པོ་གནོད་པ་དང༌། གལ་ཏེ་སྟེ་ཕད་བུ་མགོ་སྦྲེལ་འདྲ་ན་ཐེ་བྲང་གནོད་པ་དང༌། མེ་ལོང་འདྲ་ན་མཚོ་སྨན་གནོད་པ་དང༌། ཏམྦུ་ར་སྟེ་རྒྱུད་མངས་འདྲ་ན་བདུད་མོ་གནོད་པ་དང༌། སྲོག་ཆགས་ཉ་དང་དུང་དཀར་འདྲ་ན་ས་བདག་གནོད་པ་དང༌། རྒྱ་མཚོའི་ཆུ་སྲིན་དང་སྦྲུལ་འདྲ་ན་ཀླུ་གདོན་གནོད་པ་དང༌། ན་བུན་དང་སྤྲིན་པ་འདྲ་ན་མི་གཙང་པ་ལངས་པ་དང༌། མདའ་དང་འཕང་འདྲ་ན་གྲེ་ཕོ་གྲེ་མོ་གནོད་པ་དང༌། མིག་མངས་རིས་འདྲ་ན་ཞིང་ལ་གནས་པའི་འདྲེ་གནོད་པ་དང༌། ཕུར་པ་དང་ཡུངས་ཀར་འདྲ་ན་གཞན་གྱིས་རྦད་པའི་ཕུར་ཁ་གནོད་པ་དང༌། མིའི་ཐོད་པ་འདྲ་ན་ཀླུ་ལ་གཏད་པའི་གཏད་མནན་གྱིས་གནོད་པ་ཡོད་པ་དང༌། སྲོག་ཆགས་མ་ཧེ་འདྲ་ན་དམ་སྲི་སྟེ་བན་སྔགས་ལས་མཐའ་ལོག་པས་འདྲེར་སྐྱེས་པས་གནོད་པ་ཡིན་པས་དེ་རྣམས་ཀྱང་གནོད་པས་ཁུལ་དགུ་པོའི་ཕྱོགས་ལས་དཔགས་ཏེ་ཁ་དམར་གདགས་ཤིང་རིམ་གྲོ་འབོགས་པར་བྱའོ་ཞེས་པའོ། །དགུ་པ་ཁ་དམར་མི་གསལ་བར་སྐོར་ཕྱྭས་བརྟག་པ་ནི། ལྷ་སར་སོགས་རྐང་པ་གསུམ་སྟེ་ལྷ་སར་སྡིག་པ་དང༌། ཤ་རུ་སོགས་འདྲེ་གནོད་པའི་ངོ་བྱུང་ན་འདྲེ་ལྷར་རྫུ་བ་ཞེས་པ་དང༌། འདྲེ་སར་མདུང་རྩེ་དང་རྭ་སྐྱེས་འདྲ་བའི་ལྷ་ངོ་བྱུང་ན་ལྷ་ཁྲོས་ཏེ་འདྲེ་རུ་གནོད་པར་ངོས་འཛིན་ལ། ཆུ་དེ་ནམ་ཡང་ལྡོག་ཏུ་མི་འདོད་ན་སྐོར་ཕྱྭ་བཏབ་སྟེ་བལྟ་ཞིང་བརྟག་པར་བྱ་བ་ཡིན་ལ། སྐོར་ཕྱྭ་ཞེས་པ་ཡང་དཀར་ནག་དབྱངས་འཆར་ལ་སོགས་པའི་རྩིས་དང་ཇུ་ཐིག་པྲ་འབེབས་པ་སོགས་འཇིག་རྟེན་ན་ཕྱྭ་མཁན་དུ་གྲགས་པས་སྐོར་ཕྱྭ་བཏབ་སྟེ་བལྟ་བ་ཡང་ཡིན་མོད་འོན་ཀྱང་དེང་སང་ལག་ལེན་དུ་ཁ་དོག་སོགས་གྲང་ཆུ་ཡིན་པ་ལ་ལྡོག་ཏུ་མི་བཏུབ་ན་དབྱི་མོང་དཀར་པོ་ཁ་འབུས་ཀྱི་ལོ་མ་ཕོ་བ་རིས། ད་ལིས་གསུམ་ཆ་མཉམ་གྱི་ཕྱེ་མ་བཏབ་ལ་མེས་བུན་ལོང་ཙམ་སྐོལ་གྲང་ཏུ་བཅུག་པའི་སྤྲིས་མ་ལ་བརྟག་ཅིང༌། ཚ་ཆུ་ཡིན་ལ་མི་ལྡོག་ན་ག་པུར་སྲན་མ་ཙམ་ཞིག་བཏབ་པ་གོང་བཞིན་སྐོལ་བའི་སྤྲིས་མ་སོགས་ལ་བརྟགས་པས་གསལ་བར་འགྱུར་རོ་ཞེས་པའོ།།

        བཅུ་པ་གདོན་ངོས་ཡིབས་པའི་ཁ་དམར་འདོགས་ཚུལ་ནི། དེས་མ་གསལ་ན་སོགས་རྐང་པ་གཅིག་སྟེ། གོང་དུ་བཤད་པ་ལྟར་བྱས་པ་དེས་ཀྱང་ཆུ་ལྡོག་ཏུ་མི་བཏུབ་ཅིང་མ་གསལ་ན་གདན་ངོ་ཡིབས་པ་ཞེས་བྱ་སྟེ་གཉན་པ་ཡིན་ནོ་ཞེས་པའོ། །བཅུ་གཅིག་པ་བསྡུས་དོན་རྩ་ཆུའི་ཁྱད་པར་ནི། སྤྱིར་ན་སོགས་ཚིགས་བཅད་གཅིག་སྟེ། སྤྱིར་ན་དོན་ལྔའི་ནད་ནི་རྩ་ལ་བརྟགས་པས་གསལ་ཡང་སྣོད་དྲུག་གི་ནད་ཆུ་ལ་བརྟགས་པས་གསལ་ཞིང༌། འཚོ་འཆི་ཐག་ཆོད་ཀྱི་ལ་ཤན་ཙམ་རྩ་ཡིས་འབྱེད་ནུས་ན་འང༌། ཚ་བ་དང་གྲང་བ་གང་ཡིན་དུ་ཐག་གཅོད་པའི་ལ་ཤན་ནི་ཆུ་ལ་བལྟས་ཚེ་མཐོང་བས་གསལ་བར་ནུས་པ་དེའི་ཕྱིར་སྨན་པ་མཁས་པས་ཆུ་ལ་བརྟག་པ་ནན་ཏན་དུ་བྱའོ་ཞེས་སོ། །གསུམ་པ་གལ་འགག་བཞི་བཤད་པ་ལ། གལ་འགག་སོགས་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏེ། དེ་ཡང་དགོས་པ་གལ་ཆེ་བའི་འགག །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་དང༌། གཉིས་ཀ་གྲང་བ་དང༌། རྟགས་ཚ་ལ་ངོ་བོ་གྲང་བ་དང༌། ངོ་བོ་ཚ་ལ་རྟགས་གྲང་བ་བཞི་པོ་ཡི་འཁྲུལ་སོ་འབྱུང་བ། རྒྱུ་རྐྱེན། ཡུལ། དུས། རང་བཞིན། ན་ཚོད། གནས་ས། ཉིན་ཞག ཟས་གོམས་པ། ཆུ་སྟེ་རྣམ་པ་བཅུའི་སྒོ་ནས་ལེགས་པར་བརྟགས་ཤིང་འཁྲུལ་པ་བསལ་བའི་ཐབས་ནི་རྒྱས་པར་བཤད་པ་མན་ངག་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་ཚ་གྲང་གནད་ཀྱི་གལ་མདོར་ལྟོས་ཤིག་ཅེས་གསུངས་སོ་ཞེས་པའོ། །རྩ་རྒྱུད་དུ། མིག་གིས་ལྟ་བ་ལྕེ་དང་ཆུ་ལ་བརྟག །ཅེས་བརྟག་ཐབས་གཉིས་གསུངས་ཀྱང་འདིར་ཆུ་ལས་མ་བཤད་པས་ལྕེའི་བརྟག་ཐབས་ལ་མདོར། ལྕེ་སྐམ་ཕན་ཆད་རླུང་འབུད་ཡོད་པ་ཡིན། །སྐམ་ལ་རིད་ན་རླུང་ལས་ཚད་ཁ་མཐོ། །སྐམ་ལ་ནག་ན་རླུང་ཚད་ཕྱེད་མར་ཡོང༌། །དམར་ལ་སྐམ་རྩུབ་རླུང་ཉིད་ཟངས་མ་ཡིན། །སེར་ལ་སྐམ་ཁོག་རླུང་དང་མཁྲིས་པར་ལྡན། །སྐྱ་ལ་སྐམ་ཁོག་བར་རླུང་ཚ་བ་ཡིན། །སྐྱ་སླེག་མདོག་མེད་ཚ་བ་བྱེར་ཞིང་རྙོངས། །དམར་འཇམ་རློན་ཞིང་མཉེན་ན་ནད་དང་བྲལ། །ཞེས་སོགས་གསུངས་པ་ལས་ཤེས་དགོས་ཤིང༌། རྩའི་སྒོ་ནས་བཅོས་བསྐྱེད་བྱུང་བའི་རྟགས་ཀྱང༌། རྒྱས་ཚད་བཅོས་པའི་ལེའུ་ལས། དེ་ལྟར་བཅོས་པས་སོས་པའི་མཚན་མ་ནི། །རྩ་བྱིང་ཁར་ཐོན་ཕྲ་བ་སྦོམ་དུ་སོང༌། །དྲག་པ་དལ་ལ་གྲིམས་པ་ལྷོད་པ་དང༌། །སྟོངས་པ་མཁྲང་ལ་སྤུན་བ་རིང་དུ་སོང༌། །ཞེས་སོགས་ཀྱང་འབྱུང་བས་བརྟག་པ་གཅེས་སོ།།  

        གཉིས་པ་གསོ་ཚུལ་དགུས་ནད་དང་གཉེན་པོ་སྤྲད་དེ་གསོ་བའི་ཚུལ་ལ་ཞུས་པ་དང་ལན་གཉིས། དང་པོ་ནི། དེ་ནས་ཞེས་པ་ནས་ལན་གསུངས་པ་ཞེས་པའི་བར་རྐང་པ་གཅིག་དང་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ནས་ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ནད་དང་གཉེན་པོ་སྤྲོད་ཕྱིར་གསོ་བའི་ཚུལ་དགུ་ཡོད་པར་གསུངས་ན། འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་དེ་དག་རེ་རེ་ནས་ལེགས་པར་བཤད་དུ་གསོལ་དེ་སྐད་ཅེས་ཞུས་པའི་ལན་དུ་སྟོན་པས་འདི་སྐད་དུ་གསུངས་པ་ཡིན་ནོ་ཞེས་པའི་དོན་ནོ། །གཉིས་པ་ལ། ཀྱེ་དྲང་སྲོང་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་ཕྱེད་དང་གསུམ་གྱིས་བསྟན་ཏེ། དེ་ཀྱང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ནད་དང་གཉེན་པོ་སྤྲོད་ཕྱིར་གསོ་བའི་ཚུལ་ལ་ནད་གང་ཡིན་མ་རྟོགས་པར་གདེངས་མ་ཐོབ་པའི་དོགས་པ་དང་བཅས་པར་བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས་པ་དང་གཅིག །ནད་ངོས་ཟིན་ཅིང་གདེངས་ཐོབ་ནས་སྤོ་ལ་དར་འཕྱར་བ་ལྟ་བུར་དངོས་སུ་བཅོས་པ་དང་གཉིས། །གཉེན་པོ་ཐོག་ཏུ་མི་ཁེལ་ན་ལམ་དུ་གཟུད་པ་རྟ་རྒོད་དཀྱུས་འཛུད་ལྟར་བཅོས་པ་དང་གསུམ། སྨན་པ་གཞན་གྱིས་སྔར་བཅོས་ཀྱི་ནད་ལ་དམན་ལྷག་ལོག་གསུམ་བརྟགས་ཏེ་སྐྱར་མོ་ཉ་ལེན་ལྟར་བཅོས་པ་དང་བཞི། སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི་པོ་དཔུང་བསྐྱེད་དེ་མི་ཤ་འཕྲང་འཕྲད་ལྟར་བཅོས་པ་དང་ལྔ། སྟོབས་ཆུང་ནད་ལ་སྐས་གདང་མས་འཛེག་ལྟར་བཅོས་པ་དང་དྲུག །རྐྱང་པའི་ནད་ལ་དཔའ་བོ་དགྲ་འདུལ་ལྟར་བཅོས་པ་དང་བདུན། ལྡན་འདུས་ཀྱི་ནད་ལ་དམེ་ཤོར་འཁྲུག་བཟླུམས་ལྟར་བཅོས་པ་དང་བརྒྱད། ཀུན་ལ་མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས་པ་དང་དགུའི་སྒོ་ནས་གསོ་བ་ཤིན་ཏུ་གཅེས་ཤིང༌། དེ་ལྟར་གཅེས་པའི་དོན་ལ་ཁྱོད་ཀྱིས་ཞུས་པ་ལེགས་ན་ཡང༌། སྔར་བཤད་པའི་རྒྱུད་དུ་ལེགས་པར་བསྟན་ནས་ཡོད་པས་དྲང་སྲོང་ཆེན་པོ་ཁྱོད་ཀྱིས་བཤད་པའི་རྒྱུད་ལ་ལྟ་རྟོག་འཐེམས་པར་གྱིས་ཤིག་དང༌། དེ་ལྟར་མ་ཡིན་ན་མུན་ཁུང་ནག་པོའི་ནང་དུ་རྫས་སྟོར་བ་དང་འདྲ་བར་དོན་གལ་ཆེ་བ་རྣམས་དཔེ་ལ་ལུས་པས་ནད་པ་གསོ་བ་ལ་སོགས་པ་དགོས་པའི་དུས་ལ་སླེབ་ཅིང་ཕན་པར་མི་འགྱུར་ལ། དེ་བས་ན་གསོ་དཔྱད་ཀྱི་རྒྱུད་བཞིའི་ཚིག་དོན་ལ་བལྟ་བ་དང་བློའི་ཡུལ་དུ་རྟོག་པ་ཞིབ་འཐེམས་སུ་བྱས་ནས་དོན་བློ་ལ་ལོངས་ན་མུན་ཁུང་གི་མཛོད་དུ་ཉི་མ་ཤར་བ་བཞིན་དུ་གསལ་པོར་མཐོང་ཞིང་རིན་པོ་ཆེ་གསེར་གཡུའི་སྒྲོམ་བུར་ལག་པ་བཅུག་པ་བཞིན་དུ་རང་ལ་ནམ་དགོས་པའི་དུས་སུ་ལོངས་སྤྱད་པས་ཆོག་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་ནས་བརྟག་པའི་ཐབས་ཏེ་ལེའུ་གཉིས་པའོ་ཞེས་བྱ་བའི་དོན་ནོ།།

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།