སྨན་རྩིས་དྲ་བ། - ཐུགས་འབུམ་མཁའ་སྔོན།

ལེའུ་གཉིས་པ། གླེང་སློང་རྣམ་གྲངས་རྣམ་པར་བཀོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.01.2023
ཐུགས་འབུམ་མཁའ་སྔོན། >>


ལེའུ་གཉིས་པ། གླེང་སློང་རྣམ་གྲངས་རྣམ་པར་བཀོད་པ། 

དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་དེ། ནད་གདོན་བར་གཅོད་ཞི་བའི་ཏིང་ངོ་འཛིན་ལ་སྙོམས་པར་བཞུགས་ཤིང་། ཞུགས་མ་ཐག་ཏུ་ཐུགས་ལས་འོད་ཟེར་གྲངས་མེད་པ་ཕྱོགས་བཅུར་སྤྲོས་(འཕྲོས)པས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉེས་སྐྱོན་མཐའ་དག་བསལ། མ་རིག་ཉོན་མོངས་ཀྱི་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱས་ནས་འོད་ཟེར་ཚུར་འདུས་པ་ལས་སྨན་གྱི་བེེ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུ་རུ་བཞུགས་ནས། འདི་སྐད་ཅེས་གསུངས་སོ། །དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་སླབ་(བསླབ)པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་ན་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །བོན་དང་ནོར་དང་བདེ་སྐྱིད་འདོད་པའི་གང་ཟག་གིས་གསོ་ཕ་(བ་)རིག་པའི་མན་ངག་འདི་ལ་སླབ་(བསླབ་)པར་བྱའོ། །ནད་གདོན་བར་གཅོད་ཀྱི་ཁྲོམ་ལ་(ལས་)ཐར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །གཞན་གྱི་སྤྱི་བོར་བསྐུར་(བཀུར་)བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་སླབ་(བསླབ་)པར་བྱའོ། །ཞེས་གསུངས་སོ། །དེ་ནས་དཔྱད་བུ་ཁྲི་ཤེས་རང་གི་སྟན་ལས་ལང་སྟེ། བསྐོར་བ་བྱས་ལྷ་ཕྱག་འཚལ་ནས། མེ་ཏོག་ཨུད་དཔལ་(ཨུ་ཏྤལ)འདབ་མ་ཁྲི་ཕྲག་ཡོད་པ་གཅིག་ཕུལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སྨན་བླ་མཆོག། དོན་གཉིས་ཕུན་འཚོགས་(ཚོགས་)བསྒྲུབ་འདོད་སྐལ་ལྡན་བུས། །གསོ་རིག་མན་ངག་ཅི་ལྟར་སླབ(བསླབ)པར་བགྱི། །ཞེས་ཞུས་པ་ལ།  སྟོན་པས་བཀའ་སྩལ་(བསྩལ)པ། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། བདུད་རྩི་བང་མཛོད་འབུམ་བཞིའི་མདོ་སྡེ་ལས། གསོ་རིག་ཐུགས་འབུམ་མཁའ་སྔོན་བསླབ་པ་ལ། །འབུམ་དང་ཡན་ལག་གནས་དང་ནི། །སྐབ་(སྐབས)དང་མདོ་དང་ལེའུར་སླབ་(བསླབ)པར་བྱའོ། །ཞེས་གསུངས་སོ། །དེ་ལ་དཔྱད་བུས་ཞུས་པ། གསོ་རིག་འབུམ་དང་ཡན་ལག་གནས་སྐབ་(སྐབས)མདོ། །ལེའུ་དེ་དག་སོ་སོར་གསུངས་པར་ཞུ། །དེ་ལ་སྟོན་པས་བཀའ་སྩལ་(སྩལ)པ། འདུས་པའི་འཁོར་རྣམས་མ་ཡེངས་བདག་ལ་ཉོན། འབུམ་ནི་ཐུགས་འབུམ་སྨན་འབུམ་དཔྱད་འབུམ་ནད་འབུམ་བཞིའི་(བཞི)རུ་སྟོན། ཡན་ལག་ལུས་དང་ཕྱིས་(བྱིས)པ་མོ་ནད་གདོན་མཚོན་དུག་དང་སྒས་(རྒས)གསོ་རོ་རྩ་(ཙ)བརྒྱད་དུ་སྟོན། གནས་ལ་སླབ་(བསླབ)པ། རྩ་བ་མདོ་ཡི་གནས་དང་གཅིག། གྲུབ་པ་ལུས་ཀྱི་གནས་དང་གཉིས། །འཕེལ་འགྲིབ་ནད་ཀྱི་གནས་དང་གསུམ། །བྱ་བ་སྤྱོད་ལམ་གྱི་གནས་དང་བཞི། །འཚོ་བ་ཟས་ཀྱི་གནས་དང་ལྔ། །སྦྱོར་བ་སྨན་གྱི་གནས་དང་དྲུག། ཆ་བྱད་དཔྱད་ཀྱི་གནས་དང་བདུན། །ཐ་མལ་ནད་མེད་གནས་དང་བརྒྱད། །ངོས་བཟུང་རྟགས་ཀྱི་གནས་དང་དགུ། གསོ་བྱེད་ཐབས་ཀྱི་གནས་དང་བཅུ། །བྱ་བྱེད་སྨན་པའི་གནས་དང་བཅུ་གཅིག་གོ། སྐབས་ལ་བསླབ་པ་གང་ཞེ་ན། དང་པོ་ཉེས་གསུམ་གསོ་བའི་སྐབས། །གཉིས་པ་ཁོང་ནད་གསོ་བའི་སྐབས། །གསུམ་པ་ཚ་བ་གསོ་བའི་སྐབས། །བཞི་པ་ལུས་སྟོད་གསོ་བའི་སྐབས། །ལྔ་པ་དོན་སྣོད་གསོ་བའི་སྐབས། །དྲུག་པ་གསང་ནད་གསོ་བའི་སྐབས། །བདུན་པ་ཐོར་ནད་གསོ་བའི་སྐབས། །བརྒྱད་པ་ལྷན་སྐྱེས་རྨ་གསོ་བའི་སྐབས། །དགུ་པ་བྱིས་པ་གསོ་བའི་སྐབས། །བཅུ་པ་མོ་ནད་གསོ་བའི་སྐབས། །བཅུ་གཅིག་པ་གདོན་ནད་གསོ་བའི་སྐབས། །བཅུ་གཉིས་པ་མཚོན་རྨ་གསོ་བའི་སྐབས། །བཅུ་གསུམ་དུག་ནད་གསོ་བའི་སྐབས། །བཅུ་བཞི་རྒས་ནད་གསོ་བའི་སྐབས། །བཅོ་ལྔ་རོ་ཙ་གསོ་བའི་སྐབས་སོ། །མདོ་ལ་བསླབ་པ་གང་ཞེ་ན། རྟགས་(བརྟག)པ་རྩ་ཆུའི་མདོ་དང་གཅིག །ཞི་བྱེད་སྨན་གྱི་མདོ་དང་གཉིས། །སྦྱང་(སྦྱོང)བྱེད་ལས་ཀྱི་མདོ་དང་གསུམ། །འཇམ་རྩུབ་དཔྱད་ཀྱི་མདོ་དང་བཞི། །ལེའུ་ལ་སླབ་(བསླབ)པ་ལ། གླིང་(གླེང)གཞི་རྣམས་(རྣམ)གྲང་(གྲངས)གཞི་དང་ངོས་འཛིན་གསོ་ཐབས་རྩིས་དང་ཡོན་ཏན་བཤད་པ་སོགས་ཐུགས་འབུམ་ལེའུ་བདུན། རྩ་ཆུ་ཐང་ཕྱེ་རིལ་བུ་ལྡེ་གུ་(དང་། །) སྨན་མར་ཐལ་སྨན་ཁཎྜ་སྨན་ཆང་དང་། །རིན་པོ་ཆེ་དང་སྔོ་སྦྱོར་སྣུམ་ཆོས་(འཆོས)དང་། །བཤལ་ཀྱུག་(སྐྱུག)སྣ་སྨན་འཇམ་རྩི་ནི་རུ་ཧ། །རྩ་སྦྱོང་གཏར་བསྲེགས་དུག་ལུམ་(དུགས་ལུམས)བྱུག་པ་དང་། །ཐུར་དཔྱད་གཉེན་པོ་གཅིག་རྒྱུག་འགོས་ནད་འགོག། གསོ་དཔྱད་མདོར་བསྡུས་རྒྱུད་ཀྱི་ཆེ་བ་བསྟན། །གཙོ་བོའི་འཁོར་ལ་རྒྱུད་འདི་ཡོངས་སུ་གཏད། །འཁོར་གྱི་གཙོ་བོར་བསྟོད་པའི་ལེའུ་སོགས་སྨན་འབུམ་དཀར་པོའི་ལེའུ་(མདོ)བཞི་སྟེ། གཉིས་བཅུ་བདུན་དང་དྲུག་དྲུག་ལེའུ་སུམ་བཅུ་(ཅུ)གཅིགདཔྱད་འབུམ་སྡོམས་དང་ལུས་ཀྱི་ཆགས་ཚུལ་དང་། །འདྲ་དཔེ་གནས་ལུགས་མཚན་ཉིད་ལས། དབྱེ་བ་འཇིག་ལྟས་ནད་ཀྱི་རྒྱུ་རྐྱེན་དང་། །ཞུག་(ཞུགས)ཚུལ་མཚན་ཉིད་དབྱེ་བ་སོ་སོར་(སོའི)དོན། །རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་གསུམ། །ཟས་ལ་བཟའ་ཚུལ་ཟས་བསྡམས་ཟ་ཚོད་གསུམ། །རོ་ནུས་སྦྱོར་ཐབས་དཔྱད་དང་དཔྱད་ཆ་ལྔ། །ནད་མེད་གནས་དང་རིང་དུ་འཚོ་བ་དང་། །ངོས་བཟུང་ཉེས་པ་དངོས་སུ་རྟགས་(བརྟག)པ་དང་། །ངན་གཡོ་སྐྱོན་བརྟགས་སྤང་བླང་མུ་བཞིས་བརྟག། གསོ་ཚུལ་བཅོས་ཚུལ་གསོ་ཐབས་སོ་སོར་བཅོས། །སྨན་པའི་གནས་སོགས་དཔྱད་འབུམ་གནས་བཅུ་གཉིས་(གཅིག)། །དཔྱད་འབུམ་ཁྲ་བོའི་ལེའུ་སོ་ལྔ་(གཅིག)ཡིན། །ཞུས་དང་ཉེས་པ་རླུང་མཁྲིས་བད་ཀན་འདུས། །གཅོང་ནད་མ་ཞུ་སྐྲན་དང་སྐྱ་རྦབ་དང་། །འོར་དང་དམུ་ཆུ་གཅོང་ཆེན་ཟད་བྱེད་དྲུག། ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས། །མ་སྨིན་རྒྱས་སྟང་(སྟོངས་)གབ་རྙིང་རྙོགས་པ་དང་། །འགྲམ་(འགྲམས)འཁྲུགས་རིམས་དང་འབྲུམ་པ་རྒྱུ་གཟེར་དང་། །གག་ལྷོག་ཆམ་པ་ལེའུ་བཅུ་དྲུག་གོ། ལུས་སྟོད་མགོ་བོ་མིག་དང་རྣ་བ་སྣ། །ཁ་དང་མགུལ་གྱི་ལྦ་བ་ལེའུ་དྲུག།  དོན་སྣོད་སྙིང་དང་གློ་མཆིན་མཆེར་མཁལ་དང་། །ཕོ་བ་རྒྱུ་མ་ལང་(ལོང)དང་ལེའུ་བརྒྱད། །གསང་བའི་ནད་ལ་ཕོ་མོ་ཐ་དད་གཉིས། །ཐོར་ནད་སྐད་འགགས་ཡི་ག་འཆུས་པ་དང་། །སྐྱེག་(སྐྱིགས)བུ་སྐམ་(སྐོམ)དད་དབུགས་མི་བདེ་བ་དང་། །གླང་ཐབས་སྲིན་ནད་འཁྲུ་སྐྱུག་དྲི་མ་འགགས། །གཅིན་འགག་གཅིན་སྙི་ཚད་འཁྲུ་དྲེག་ནད་དང་། །གྲུམ་བུ་ཆུ་སེར་རྩ་དཀར་ལྤགས་(པགས)པའི་ནད། །ཕྲན་བུ་ནད་དང་ལེའུ་བཅུ་དགུའོ། །ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང་། །མེ་དབལ་སུར་ཡ་རྨེན་བུ་རླིག་ལུགས་དང༌། །རྐང་བམ་མཚན་བར་རྡོལ་དང་ལེའུ་བརྒྱད། །བྱིས་པ་ཉེར་སྤྱོད་ནད་དང་དེའི་གདོན་གསུམ། །མོ་ནད་སྤྱི་དང་བྱེ་བྲག་ཕལ་པ་གསུམ། །འབྱུང་པོ་སྨྱོ་བརྗེད་གཟའ་དང་ཀླུ་གདོན་ལྔ། །རྨ་ལ་རྨ་སྤྱི་མགོ་དང་སྐེ་ཡི་རྨ། །བྱང་ཁོག་ཡན་ལག་ལེའུ་ལྔ་རུ་བཤད། །དུག་ལ་སྦྱར་དུག་གྱུར་པ་དངོས་དང་གསུམ། །རྒས་པ་གསོ་བ་བཅུད་ཀྱིས་ལེན་པ་དང༌། །རོ་ཙ་ཁུ་བ་གསོ་དང་བུད་མེད་བཙལ། །དེ་ལྟར་ནད་འབུམ་ནག་པོར་བཅོ་ལྔའི་སྐབས། །གསོ་བྱའི་ནད་འབུམ་ལེའུ་དགུ་བཅུ་གཉིས་སུ་བསྟན། སྤྱིར་ཡང་བདུད་རྩི་སྨན་གྱི་མདོ་དགུར་བསྟན་པ་ནི། བདུད་རྩི་མི་ཏྲིའི་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། གཟའ་ཀླུ་དགོས་(སྒོས) བཅོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་ཤེལ་དཀར་མེ་ལོང་མདོ།  བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམ་ངག་འཕྲུལ་མདོ་དང་དགུ། དེ་རྣམས་ཀྱི་འགྲེལ་རྒྱས་པར་བཤད་པ་སྤྱི་ཁོག་ཁྲོལ་བའི། བདུད་རྩི་སྙིང་པོ་ཡོང་(ཡོངས)བསྡུས་འགྲེལ་རྒྱས་པར་བཤད་པ་དང་བཅུ། ཆ་ལག་བཅོ་བརྒྱད་སོ་སོར་གབ་སྦས་དོན་ཀུན་གསལ་བ་སོགས་ཡོད་པའི་ནང་ནས། འདི་ནི་བདུད་རྩི་བང་མཛོད་འབུམ་བཞི་ཞེས་པ་སྟོན་ཏེ། དེ་ཡང་ཐུགས་འབུམ་དང་། སྨན་འབུམ་དང་། དཔྱད་འབུམ་དང་ནད་འབུམ་དང་བཞི་རུ་སྟོན་པས། འབུམ་བཞི་བསྡོམས་པས་ལེའུ་བརྒྱ་དང་དྲུག་སྟེ་(ཅུ)ལྔ་(བཞི) བསྟན་པའོ། །ཞེས་གསུངས་སོ། །

གསོ་རིག་ཐུགས་འབུམ་མཁའ་སྔོན་ལས་རྣམས་(རྣམ)གྲངས་ཀྱི་རྣམས་(རྣམ)པར་བཀོད་པའི་ལེའུ་སྟེ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 17.01.2023 ཉིན། 2:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།