སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་གཉིས་པ། བྱང་ཁོག་ཆོས་ཀྱི་འཁོར་ལོ།

ཨོཾ་སྭསྟི་སིདྡྷི། ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཁོག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་གདམས་ངག་འདི་ལ་གཉིས་ཏེ། མཆིན་དྲི་ཡན་ཆད་བྱང་ཁོག་སྟོད་ཡིན་ལ། མན་ཆད་བྱང་ཁོག་སྨད་ཡིན་ནོ། །སྟོད་ལ་མདའ་དང་མཚོན་ཕོག་ན། རྡོལ་མ་རྡོལ་གྱི་ཕུགས་འཚོལ་གཏང་མི་རུང་ངོ་། །མཚོན་ཕྱུང་མ་ཐག ཚིལ་བུས་ཁྲག་འཆད་དོ། །དེ་ལ་ཕུགས་འཚོལ་བཏང་ན། ཁྲག་དང་ཆུ་སེར་ནང་དུ་འཆོར་རོ། །དེ་ཡང་གློ་བའི་མ་ལ་ཕོག་མ་ཐག་ཆང་གསར་པ་དང་དོམ་མཁྲིས་སྦྱར་ལ་གཏང་། གཏར་ག་མས་འཛག་ཏུ་བྱ། རྩེའུ་ཆུང་ཁ་དབྱེའོ། །རྒྱབ་ཏུ་ཕོག་ན་གློ་བའི་ཟུར་རྩ་གདབ། མདུན་དུ་ཕོག་ན་གློ་བའི་ཨ་སོ་གདབ་བོ། །སྙིང་ལ་ཕོག་ན་འཕྲལ་ལ་འཆི། འཕྲལ་དུ་མ་ཤི་ན་སྙིང་བརྡུངས་ནས་བརྒྱལ་བ་ཡིན་པས། བུད་མེད་ནུ་ཞོ་དྲོན་མོ་ཁར་བླུགས་ལ་རྣ་བར་ཀུས་གདབ། སྙིང་གར་ཆུ་ལྕག་བརྡེག བརྒྱལ་བ་སངས་པ་དང་། ཙནྡན་དང་། སྙིང་ཞོ་ཤ་དང་། གླ་གོར་ཞོ་ཤ་དང་། ཛྰ་ཏི་དང་། ཨ་རུ་ར་རྣམས་བཏགས་ཆུ་གྲང་དང་སྦྱར་ལ་ལྟོར་གཏང་། སྙིང་དཀར་ནག་གི་མཚམས་སུ་མེ་བཙའ་བསྲེག རྐང་བའི་མཐེ་བོང་གཉིས་ཀྱི་གཞུང་དང་། རྐང་མཐིལ་གྱི་གཉེར་མ་རིང་པོ་རྣམས་བསྲེག་གོ། ཟས་བཅོས་སྙིང་སྣ་ཚོགས་གཏང་ངོ་། །མཆིན་པའི་དཔྱད་ལ། མཆིན་དྲི་དཀར་པོ་ལ་ཕོག་ན་སྐད་ངན་འོང་། མིག་བར་སྣང་དུ་བལྟ། རྐང་པ་གཡོབ་ཅིང་ས་ལ་བརྡེག ལག་པ་གཡོབ་ཅིང་བྲང་བརྡུང་། མི་སྤོ་བར་སྒྲེགས་པ་འོང་། མིག་བཙུམ་སྙིང་འདོད། འོ་དོད་འབོད་པའི་ཚུལ་བསྟན། ཚིགས་པ་བརྒྱད་པ་བསྲེག དོམ་མཁྲིས་དང་རའི་འོ་མ་སྦྱར་ལ་གཏང་། ཕྱི་ནན་ལ་རྟ་ཁྲག་དང་། ལྒང་པ་དང་། བག་ཕྱེ་སྦྱར་ལ་བྱ། གོ་སྙོད་དང་། གཡེར་མའི་སྐམ་ནན་བྱ། ཟས་བསིལ་དྲོད་ཁྲི་བར་གཏང་། བུད་མེད་ཀྱི་གཡོག་མི་བྱ། དེས་ཐུབ་བོ། །མཆིན་དྲི་ནག་པོ་ལ་ཕོག་ནས་རྩ་གཅོད་ན་ཁྲག་ནག་པོ་གཅིག་འོང་། མགོ་ལྕི། མིག་འཛུམས་ཐག་རིང་། མཆིན་རྩ་མ་ཆོད་ན། ཁྲག་དམར་པོ་འོང་། །རྩེའུ་ཆུང་བསྣལ་ལ་གདབ། སྒྱིད་ཁུང་པའི་དཀྱིལ་དུ་བསྲེག ཆུ་འགག་སྲིད་པས་ཆུ་སྨན་གཏང་། སྐབས་སུ་བུ་རམ་དང་། སིངས་པོ་སྦྲགས་ལ་གཏང་། སྤྱི་གཙུག་དང་རྐང་མཐིལ་དུ་བསྐུ་མཉེ་བྱ། མཆིན་པའི་དཔྱད་ལ། མཆིན་པ་ལ་བརྒྱབ་ན་དེ་མ་ཐག་ཏུ་འཆི། མཆིན་པ་བརྡུངས་ན་མིག་དམར་པོར་འགྲོ་བས། དེ་ལ་མཆིན་པ་ཁྲག་གི་མཚོ་ཡིན་པས་རྩ་སྒོ་བཞི་པོ་གཏར། ཚིགས་པ་དགུ་པ་དང་། བཅུ་པ་དང་། མཚོག་མའི་གསང་བསྲེགས། བཟང་དྲུག་གཏང་། བ་ཞོ་དང་ར་འོ་བསྐོལ་བ་གཏང་། སྐབས་སུ་ཤ་གསར་གྱི་ཚོ་ཁུ་གཏང་། ཤ་བ། གླ་བ། ལ་སོགས་པ་ཆེ་ཕྱུགས་སྣ་ཚོགས་པའི་མཆིན་པ་གཏང་། འཇམ་དུགས་བྱའོ། །མཆེར་པ་བཅོས་པའི་ཐབས་ལ། མཆེར་པའི་དབྱིབས་ནི་ཁུར་ལེབ་དང་འདྲ་སྟེ། ཁ་ཆག་ལ་ཕོག་ན་འཆི། དེའི་རྟགས་ལ་སྙིང་འདར་ལ་ལུས་སྦྲིད། ཕོ་བ་སྦོ། རྩ་འགག ཁ་འཛུམས་མི་ཤེས་ཏེ་བཅོས་སུ་མེད་དོ། །མཆེར་པའི་སྲབ་མོ་ལ་ཕོག་ན་དྲག་དུ་སྦོ། རྐང་ལག་གཡོབ་ཉེ་འཁོར་ལ་བལྟ་ཞིང་འཆི་བས་འཇིགས་པས། བཅོས་པ་ཤིན་ཏུ་དཀའ་སྟེ། མཆེར་རྩ་གཏར། གོ་སྙོད་ཀྱི་ཐང་གཏང་། ཚིགས་པ་བཅུ་གཅིག་པའི་གསང་བསྲེག  ལུག་གི་ཚིལ་བུ་དང་། ཡོས་དུགས་བྱ། མོད་ལ་ཟས་དྲོད་ལ་དབབ་པོ། ཕོ་བ་བཅོས་པའི་ཐབས་ལ། ཕོ་བ་ལ་དཀྱུས་སུ་མཚོན་ཕོག་ན་འཆི། འཕྲེད་ལ་ཕོག་ན་འཚོ། ཕོ་བ་རྡོལ་ན་མི་སྦོ་ལ་བཙན་ན་སྦོ། ཞག་གསུམ་དུ་ལྟོ་དགུག རུ་ཐང་གཏར། བུ་རམ་དང་ཀ་ར་སྦྱར་ལ་འཇམ་བཤལ་དུ་གཏང་། སྤྱིར་ན་ཕོ་བ་དྲོད་ཀྱིས་བཅོས་ཏེ། ལུག་ཤ་གསར་པ་གཏང་། རྨ་རྩི་དྲོད་ཅན་འོ་མ་དང་སྦྱར་ལ་གཏང་། ཐང་གཏང་དུ་མི་རུང་། སྲོག་པ་རྩ་ལ་ཕོག་ན། བཅོས་པའི་ཐབས་མེད། སྲོག་པ་རྩ་བཞེན་པས་ཉེས་པའི་རྟགས་ནི། སུག་བཞི་རེངས་ནས་ལག་པས་ས་ལ་འབྲད། ཁ་རུ་ས་འདེབས་པ་ཚུལ་སྟོན་ཏེ། བཅོས་ཐབས་ནི་ཚིགས་པ་དྲུག་པ་གསུམ་དུ་བསྲེག ཡོབ་ཆེན་གོང་འོག་གཉིས་དང་། སྒྱིད་ཁུང་གཉིས་བསྲེག སྙིང་ཞོ་ཤ་དང་། ཨ་རུ་ར། ཕ་འོང་གི་དྲེག་པ་སྔོན་པོ་དང་། ཀ་ར་། ལི་ཤི། འོ་མ་སྦྱར་ལ་གཏང་། སྦྲང་རྩི་དང་། སྒོ་ངའི་སེར་ཐིག བྲག་ཞུན་རྣམས། གླང་དང་། རའི་ལྕི་བ་ལ་སྦྱར་ལ། ཚིགས་པའི་གཞུང་དུ་ནན་བྱ། དེས་ཐུབ་བོ། །མཁལ་མའི་དཔྱད་ལ། མཁལ་མ་རང་ལ་ཕོག་ན། ཉེན་ཆུང་སྟེ། དེའི་གསེབ་རྩ་ལ་ཕོག་ན་འཆི། རི་བོང་གི་རིལ་མའི་དུགས་བྱ་སྟེ། མཁལ་ཚིལ་ཧ་ཅང་དྲོས་སུ་མི་གཞུག ཞུ་ན་འཆི། འཁྱམས་ན་ཡང་བམ་ནས་འདྲུལ་ལོ། །རྩ་ཉམས། མིག་བཟློག ཆུ་འགག དབུགས་སྡོམ། རྐང་པའི་རྟིང་པ་ལ་འཛུགས་སྙིང་འདོད། རྣ་བས་མི་ཐོས་སོ། །དེ་ལ་ཡོབ་ཆེན་གོང་འོག་གི་རྩ་གཏར། ཚིགས་པ་དགུ་པ་དང་བཅོ་ལྔ་པའི་གསང་བསྲེག ལུག་གི་ཚིལ་བུ་དང་། སློའི་ལུམས་བྱ། དེས་ཀྱང་མ་བདེ་ན། རྟ་ཚོན་པོའི་རྔོག་བྲེགས་ལ་ཆང་གར་མའི་གསེབ་ཏུ་བཙོ། དྲོད་རན་པར་བྱས་ལ། མཁལ་མ་གཡས་གཡོན་ལ་གླན། དེའི་སྟེང་ནས་སྦང་མ་སྐམ་པོའི་དུགས་བྱ། མཁལ་མ་ཆུའི་ཁམས་ཡིན་པས། མྱུར་དུ་ཟས་དྲོད་ལ་དབབ་མདུན་ནས་དུགས་མི་བྱའོ། །རྒྱུ་མ་བཅོས་པའི་ཐབས་ལ། མིའི་རྒྱུ་མ་ཐུན་གསུམ་ཡོད་དེ། འཕྲེད་གཏུབས་སུ་སོང་ན་འཆི། དཀྱུས་སུ་སོང་ན་མི་འཆི་སྟེ། །རྒྱུ་མ་ལ་ཕོག་པའི་རྟགས། འདུག་མི་ཚུགས། ཕོ་བ་སྦོ་ཕོ་མཚན་ལ་ཡང་ཡང་འཇུ། འཕོངས་སུ་མཛུབ་བུ་འཛུད། འཕོངས་ན་ཁྲག་ཅུང་ཟད་ཡོང་ངོ་། །དེ་ལ་བཤལ་བཏང་དུ་མི་རུང་། ཁོང་དུ་དོམ་མཁྲིས་བཏང་། རྒྱབ་ན་དུགས་མི་དྲག་པ་བྱ། སྦང་མའི་གར་པོ་ལ་བུ་རམ་བཏབ་ལ་གཏང་། འོ་མ་ལ་མཁྲིས་ཆེན་བཏབ་ལ་གཏང་། དེས་ཐུབ་བོ། །ལོང་བཅོས་ཕལ། ལོང་གི་སྨད་ལ་སོང་ན་འཆི། སྦོ་རུ་ཡང་ཡང་འོང་། འཇམ་བཤལ་བག་གཅིག་གཏང་། ལན་གསུམ་བཞི་བཤལ་བའི་རྗེས་ལ། ལུག་ཤ་གསར་པའི་ཚོ་ཁུ་ཁྱོར་རེ་ཙམ་སུམ་ཡར་དུ་གཏང་། སྨན་རྗེས་ཞག་གསུམ་ཙམ་བསྲུང་། ཚ་བ་སྐྱེས་ཀྱང་ཐང་གཏང་དུ་མི་རུང་། ལོང་རྩ་དང་ཡོབ་ཆེན་གོང་འོག་གཏར་རོ། །གཉེ་མ་བཅོས་པ་ལ། གཉེ་མ་ལ་ཕོག་ན་འཆི་ཉེན་ཡོད་པས། རྟགས་ནི་ལོང་ནས་སྐད་ངན་འདོན། ཁ་ནས་སྲིན་བུ་དམར་པོ་སྐྱུག བཅོས་ཐབས་ཞག་གསུམ་དུ་སྐོམ་བསྲི། མར་གསར་པ་གཏང་། ཟས་དྲོད་ལ་དབབ། དེས་ཐོབ་བོ། །བྱང་ཁོག་གི་གསོ་ཐབས་ཁྱད་པར་ཅན་བསྟན་ཟིན་ཏོ། །སྙིང་རྩ་སྟོད་ནི་གསེར་ལས་བྱས་ཏེ་མཉེན། སྨད་ནི་ལྕགས་ལས་བྱས་ཏེ་གྱོང་། སྟོད་ལ་སྙིང་རྩ་གཅིག་ཡོད་དེ། སྙིང་རྩ་གསེར་གྱི་སྲོག་རྟེན་བྱ་བ་ཨོལ་གོང་དང་མིད་པའི་བར་ན་ཡང་རྟ་རྔ་ཙམ་ཅིག་ཡོད་དེ། དེ་ཆོད་ན་ཟད་མི་འདོད། སྐོམ་དད་ཆེ། ཞག་གསུམ་མམ་བཞི་ནས་འདར་དུ་བྱུང་ན་ཞག་བདུན་ནས་ངེས་པར་འཆིའོ། །སྙིང་རྩ་གསེརགྱི་ཐང་ཤིང་གཉིས་ནི། ནུ་མ་ནས་ནང་དུ་མཚོན་གང་བཅལ་བ་ན་བྲང་གི་གཞུང་རུས་གྲུ་བཞི་ནང་ན་ཡར་ལ་ཐང་ལ་ཁབ་བཏུད་པ་བཞིན་ཡོད་དོ། །སྙིང་རྩ་གསེར་གྱི་མཚོ་མོ་ཞེས་བྱ་བ་གཉིས་ནི། གྲུ་མོའི་ནང་ཁུག་ན་ཡོད་དོ། །སྙིང་རྩ་གསེར་གྱི་ཟམ་པ་ཞེས་བྱ་བ་གཉིས་ནི། བལྟ་རྩ་གཉིས་ཡིན་ཏེ། དེ་ཆོད་ན་མདངས་འཆོར། མིག་གྱེན་ལ་བཟློག སྙིང་གའི་རྩ་ཐམས་ཅད་ནི་འཕར་མི་ནུས་ཏེ། དེ་བཅོས་པའི་ཐབས་ནི། རྩའི་ཡར་སྣ་མར་སྣ་བསྲེག རྩེ་ཆུང་གཏར། ཙནྡན་དཀར་པོ་གཏང་། ག་པུར་གསུམ་པ་གཏང་། སྙིང་ཞོ་ཤ་དང་དོམ་མཁྲིས་གཏང་། ཞག་བརྒྱད་དང་དགུ་ལ་ཁྲག་གིས་མ་བོར་ན་གསོ་རུ་འདོད། སྙིང་རྩ་འཁྱམ་བུ་གཉིས་མཁྲིག་མའི་ཟུར་ཆུ་བ་དང་རྒྱུས་པའི་བར་ན་རྒྱུ་སྟེ། ཆོད་ན་ཁྲག་གིས་བོར་ཏེ་འདར་ཞིང་སྐྲངས། མཆན་འོག་འཕར་རྩ་བསྲེག སྙིང་རྩ་གསེར་གྱི་འབུར་བུ་བྱ་བ་གཉིས་མཐེབ་མཛུབ་བར་ན་ཡོད་དེ། སྨད་ལ་སྙིང་རྩ་བརྒྱད་ཡོད་དེ། སྙིང་རྩ་ལྕགས་ཀྱི་སྲན་མ་ཞེས་བྱ་བ་གཉིས་ནི། གློ་བུའི་ནང་གི་འགུལ་རྩ་ཡིན་ཏེ། དེ་ཆོད་ན་རྩ་འཕར། ཁྲག་མི་ཐུབ། བྱིན་པའི་ནང་ཡུལ་ལོང་བུའི་སོར་དྲུག་གོང་དུ་བསྲེག གཏར་བསྲེག་གཞན་ཚོད་དང་སྦྱར། བཅོས་པ་ཉེས་ན་མ་ཤི་ཡང་ཐེང་པོར་འགྲོའོ། །སྙིང་རྩ་ལྕགས་ཀྱི་ཁྱི་མོ་ཞེས་བྱ་བ་གཉིས་ནི། ཡོབ་ཅེན་གྱི་གོང་ན་སྲམ་རྩེ་ལ་འཁྱུད་ནས། ཁྱི་ཉལ་བ་ལྟར་གནས་པས། དེ་ཆོད་ན་འཕྲལ་དུ་འཆིའོ། །སྙིང་རྩ་ལྕགས་ཀྱི་ཀ་བ་ཞེས་བྱ་བ་གཉིས་ནི། པུས་མོའི་མར་སྣ་ནས་མར་ཆག་གང་བཅལ་བ་ན་ཡོད། དེ་ཆོད་ན་རྨེན་བུའི་རྟགས་འབྱུང་། རླབ་རྡོལ་འོང་། དེ་ལ་ན་སར་རྨེན་བུ་བསྲེགས་པས་ཐུབ་བོ། །སྙིང་རྩ་ལྕགས་ཀྱི་མཆོག་མ་གཉིས་ནི་སྒབ་ཁུང་ན་ཡོད་དེ། དེ་ཆོད་ན་ལག་པ་སྦྲིད་ལ་འདེགས་མི་ཤེས། གདོང་པར་ཁྲག་འཕུང་། མུར་གོང་གི་འཕར་རྩ་་ཆད་ན་རྩ་དེ་རྣམས་མྱུར་དུ་གཏར་རོ། །གློ་རྩ་གཉན་པོ་བསྟན་པ་ནི། དཔུང་པའི་ཟུར་མཆན་ཁུང་དུ་ཆག་གང་བཅལ་བ་ན་ཡོད། གློ་རྩ་ཁུག་པ་བྱ་བ་ཡོད་དེ། དེ་ཆོད་པའི་རྟགས་སྐད་ངན་འཇམ་ལ་ཟས་མི་འདོད། མིག་སེར་ལ་ཚ་བ་སྟེ། གཉིད་ཆེ། ཟུག་གཟེར་ཆེ། གློ་བའི་སྦུབས་རྣག་དང་ཆུ་སེར་འཆོར་བའི་རྩ་ཡིན་པས། དེ་ལ་ཏིག་ཏ་དང་། པར་པ་ཏ་དང་། བ་ཤ་ཀའི་ཐང་གཏང་ངོ་། །གློ་རྩ་འགྲེང་བུ་བྱ་བ་ནུ་མ་དྲང་པོ་ནས་སྒྲོག་རུས་པའི་འོག་ཏུ་འགྲོ་སྟེ། དེ་ཆོད་ན་ནང་དུ་ཆུ་སེར་འབབ་མི་ནུས། ནད་མི་སློང་སྟེ་གློ་ཅུང་ཟད་འོང་། གློ་རྩ་བསྣལ་མ་ཞེས་བྱ་བ། ནུ་མ་ནས་ཕར་མཚོན་གང་འཇལ་བ་ན་སྒྲོག་རུས་ཕན་ཆད་རྒྱུ་བ་དེ་གློ་བའི་རྩ་ཡིན་ཏེ། དེ་ཆོད་ན་བྲང་དང་སོག་དབྲག་གཟེར། སྔས་དམའ་ན་ཉལ་མི་ཤེས་པར་གློ་འོང་། དེ་ལ་རྩའི་ཡར་སྣ་མར་སྣ་བསྲེག་ཅིང་གཏར། བསེ་རུ་བདུན་པ་གཏང་སྟེ། བསེ་རུ། གུར་གུམ། ཅུ་གང་བ་ལེ་ཀ  སུམ་ཅུ་ཏིག ག་པུར་རོ། །ཚིགས་པ་ལྔ་པ་ནས་ཕན་ཚུན་མཚོན་རེ་འཇལ་བ་ན་གློ་རྩ་ཡོད།  མཆན་འོག་གྲུ་མོའི་བཀུག་མཚམས་ནས་རྒྱབ་ངོས་སུ་ཆག་གང་བཅལ་བ་ན། གློ་རྩ་མགོ་རྡུམ་བྱ་བ་ཡོད་དེ། དེ་ཆད་པའི་རྟགས། ཐལ་གོང་སྐྲངས་ནུ་མའི་འོག་དུ་གཟེར་འབྱུང་། སྦྲིད་པ་མང་ལ་ཕྱིའི་ཤ་སྐྲངས། བྱད་སྣུམ་ཞིང་བད་ཀན་སྐྱུགས། དཔྱད་མ་བྱས་ན་ཆུ་སེར་དང་ཚ་བ་ནང་དུ་འཁྲིད་པའི་རྩ་ཡིན་ནོ། །སོག་པའི་འདབ་ནས། ཆག་གང་བཅལ་བ་ན་རྩིབ་མ་ཞེ་གསུམ་ཡོད་དེ། དེ་ན་གློ་རྩ་སུར་ཡ་ག་དོར་བྱ་བ་ཡོད་དེ། དེ་ཆོད་ན་རྟག་ཏུ་ཁ་ནས་གློ་ཁྲག་འོང་། དེ་ལ་རྩའི་ཡར་སྣ་མར་སྣ་བསྲེག དཔུང་པའི་རྩ་གཏར། ནང་དུ་ཆུ་སེར་འཆོར་བའི་དོགས་པ་ཡོད་དོ། །གློ་རྩ་སྔོན་མོ་ཞེས་བྱ་བ། སོག་པའི་མེ་ལོང་གི་དཀྱིལ་ན་ཡོད་དོ། །རྩའི་དབྱིབས་ནི་རྟ་རྔ་ཙམ་གཅིག སྦྲུལ་ལམ་བཞག་བཞིན་གནས་ཏེ། དེ་ཆོད་དམ་བཞེར་བའི་རྟགས། ལུས་པོ་ལྕི་ལ་བྱད་ནག་ཅིང་གློ་འོང་། ཚད་པ་སྐྱེ། དེ་ལ་ཕོག་ན་རུས་པའི་ནད་དང་བཅས་ནས་འཆི། ཆུ་སེར་ནང་དུ་འཆོར་ཏེ། དེ་བཅོས་ཐབས་ག་པུར་བདུན་པ་བསྟེན། གློ་རྩ་རྐྱང་པ་ཀུན་གཏར། བསིལ་ཐང་དྲག་པོ་ཀུན་གཏང་ངོ་། །དེ་རྣམ་ནི་གློ་རྩ་གཉན་པ་ཡིན་ཏེ། རྩ་ཕྲན་གཞན་ཡང་མང་དུ་ཡོད་དོ། །མཆིན་པའི་རྩ་ནི་ཤ་བའི་རྭ་ལྟར་རྒྱས། མཆེར་པའི་རྩ་ནི་སྐྲ་ཤད་འཛིངས་པ་དང་འདྲ་སྟེ། ལུས་ཐམས་ཅད་ལ་ཁྱབ་པས་སྨོས་ཀྱིས་མི་ལང་། མཁལ་མ་ལ་ཕོག་ན་སྐྱིགས་བུ་བཏུད་མར་འོང་ཞིང་། ཟུག་གཟེར་ཆེ། དྲི་ཆུ་བསྡམསཏེ་བཅོས་ཐབས་མེད། ཞག་གཉིས་བཞིན་འཆི། ཕོ་བ་ལ་ཕོ་རྩ་འགྲེང་བུ་བྱ་བ་གཉིས་ཡོད་དེ། མིད་པ་དང་འབྲེལ་ནས་ཨོལ་མདུད་པའི་ནང་དུ་འགྲོ་བས། དེ་ཆོད་ན་ཕོ་བ་སྦོ། སྒྲེགས་པ་ཡོང་བས། མཚོག་སྒོ་བསྲེག་གོ། ཕོ་བའི་ཐེར་ལ་མཚོན་སོང་ན། བཅོས་མི་དགོས་སོ། །རྫེམས་ལ་མ་སོང་ན། རྩམ་པ་ཁ་ལེ་བྱུང་ཡང་མི་འཆི།  མཁྲིས་པ་མཆིན་པའི་དབུས་ན་གནས་སྟེ། དེ་ལ་སོང་ན་སྣོད་ཀྱི་དོན་སྣོད་ཡིན་སྟེ། བཅོས་པའི་ཐབས་མེད་དོ། །ལུས་པོ་སེར་ལམ་གྱིས་སོང་ནས་ཁར་རྩང་བརྒྱབ་པའི་དུས་ན་འཆི། ལང་ལ་སོང་ན་ཡང་རྨ་ཁར་མཁྲིས་པ་འོང་། འཕོངས་སུ་བྱུང་ན་བཅོས་མི་དགོས། ལོང་གི་རྫེམས་ལ་སོང་ན་ཞག་བཞི་འམ་ལྔ་ན་འཆི། ལོང་གི་གཉེ་མ་ལ་སོང་ན་སྐད་ངན་འཆོར་ཞིང་དུད་ཁུར་སྐྱུག་ནས། ཞག་བདུན་ནས་འཆི། བསམ་སེའུ་བྱ་བ་མིང་ཡོད་ལ་གཟུགས་མེད་པ། དཔེར་ན་ཆུ་ཟླ་དང་འདྲ་སྟེ། དོན་སྙིང་རྣམ་པ་ལྔ་ལ་དབང་། སྣོད་རྣམ་པ་དྲུག་ལ་གཏོགས་ཟེར། ཟས་ཟོས་པ་བཅུད་དུ་འགྱུར། སྐོམ་འཐུངས་པ་ཁྲག་ཏུ་འགྱུར། ངོ་བོ་དབུགས་ཕྱི་ནང་དུ་རྒྱུ་བར་བཞག་གོ། ཁ་གཅིག་ན་རེ་ཁྲག་ཡིན་ཟེར། ཁ་ཅིག་ན་རེ་སྲོག་རྩ་ཡིན་ཟེར། ཁ་གཅིག་ན་རེ་ཤ་ཤ་རྨེན་བུ་ཡིན་ཡང་ཟེར། དེའི་གསང་ཚིགས་བཅུ་གསུམ་པ་ཡིན་ཏེ། ལུས་སྤྱི་ཁྱབ་པའི་གསང་ཡིན་ནོ། །རྒྱུ་མ་ལས་སོང་ནས་ཆད་ན་མི་འཚོ། བཤང་གཅི་དང་དབུགས་རང་གི་གནས་ནས་འོང་ན་ཐེ་ཚོམ་མེད་པར་འཆི། རྒྱུ་མ་ལུག་ན་དང་པོ་ཆུས་བཀྲུ། དེ་ནས་བའི་འོ་མས་བཀྲུས་ལ། མར་གསར་གྱི་བསྐུས་ལ། དྲོད་ཕབ་ལ་ཁ་རུ་སྒྲོ་བཅུག་ལ་སྐྱུག་དུ་བཅུག དེས་མ་སོང་ན། རྐང་པའི་འོག་ཏུ་གཏན་པ་བཅུག་ལ། སྟེང་དུ་ཐོ་བ་འཕྱར་ལ་རྐང་པ་བཅག་དོགས་བྱས་ལ། དེས་བསྡིག་ཏེ། དེས་ཚུད་ངེས་སོ། །རང་རང་གི་གནས་སུ་མ་སོང་ན་འཁྲུགས་ནས་འཆི་ནང་དུ་སོང་ནས་ནང་གི་པགས་པ་རྟ་དཀར་པོའི་རྒྱུས་པ་བངས་པར་སྦངས་ལ། མི་སྒྲིལ་བར་བརྩེམས། བར་དུ་བཅད་འབྱོར་དང་། སྨན་བཟང་པོ་དང་། དོམ་མཁྲིས་ལ་སོགས་པ་གདབ། ཕྱིའི་པགས་པ་དར་སྐུད་དམ་པོར་མི་བཙེམས། ལྷོད་དེ་བྱས་ལ། རྨ་ཁ་དར་གྱིས་བཅད། ཚིལ་བུ་དྲོན་མོས་རྒྱུ་ཞབས་ཁེབས་པར་བྱ། དེ་ནས་རས་བལ་མར་ལ་བཙོས་པ་གླན། རྒྱུ་ཞབས་ཁེབས་པའི་ཕྱིང་པ་སྲབ་ལ་མཁྲེགས་པ་གཏང་། རོ་སྨད་ཤམ་བུས་བཅིངས། གན་རྐྱལ་དུ་བསྙལ་ལ་ཡན་ལག་སོ་སོར་བརྐྱང་ལ་ཞག་བཅུ་གཅིག་དགྱེ་དགུ་མི་བྱ། བླ་འོག་མི་བསྒྱུར། དེ་ནས་ཡན་ལག་ཆ་ཡིས་བསྐུམ། བཅོ་ལྔ་ནས་ལུས་ཆ་ལ་དབབ། ཉེར་གཅིག་ནས་བསླངས་ལ་ཟས་སྐོམ་རན་པར་བཟའོ། །བྱང་ཁོག་སྨད་དུ་རྣག་ཁྲག་ཤོར་བ་མ་ཚོར་ན། ཟས་སྐོམ་གཏང་བས་ཁོང་སྦོ་བ་འམ། ཆུ་འགག་པའམ་། འཁྲུ་བའམ། ཟུག་གཟེར་ཆེ་ན་ཁྲག་ངན་ནང་ན་ཡོད་པའི་རྟགས་ཡིན། དེལ་ལ་ལོང་རྩ་གཉིས་གཏར། ནི་རུ་ཧ་གཏང་ངོ་། །ཕྱིའི་རྨ་བཅོས་ནི། རུས་པ་ལ་མར་དུ་བཙོས་པ་དང་། རྨ་ཁ་སྦང་མས་ནོན་པར་གཏང་། ཕྱིའི་རྨ་དཀྲིས་རས་མ་སྡིག་པ་འདྲ་བ་གཅིག་བྱས་ལ། རྭ་གཉིས་ཀྱིས་རྐེད་པ་བསྐོར། མཇུག་མ་རིང་དུ་བྱས་ལ་མར་བསྐོར་རོ། །རྣག་ཞུགས་པ་ལ་སླ་ངར་ཆུ་དང་བག་ཕྱེ་སྦྱར་ལ་ལུག་ཞོ་ཙམ་མེ་ལ་བསྲོས་ལ་རྨ་ལ་བསྐུ། དེའི་ཐོག་ཏུ་རི་བོང་གི་སྤུས་མནན། དེའི་སྟེང་དུ་བག་ཕྱེས་མནན། རྨའི་ཐད་ཀར་ཧར་མིག་བྱའོ། །བྱེར་བ་ཀུན་གྱི་རྨ་བཅོས་པ་ཡིན་ནོ། །བཤུལ་ཤའི་རྨ་ལ་བྲག་ཞུན་དང་། བུ་རམ། བག་ཕྱེ། ཞོ་ལ་སོགས་པའི་སྐམ་ཆས་བྱའོ། །སྦང་མ་བཏབ་ན་བཤུལ་ཤ་འདྲུལ་ལོ། །ལྟག་ཤའི་རྨ་ལ་གར་པོ་དང་མཁན་པ་ཚགས་བྱས་ལ་ཚགས་ལ་བཙགས་ལ་སྤོས་དང་མར་ནག་བསྲེས་ལ། སླ་ངར་བསྲོས་ལ་ལྟག་ཤ་འཁོས་པ་ལ་གཏང་སྟེ། ཨ་སྤངས་པའི་ནན་བྱའོ། །སྤྱིར་མཆིན་དྲི་ཡན་ཆོད་སྟོད་ཀྱི་རྨ་ལ་སྐམ་ཆས་དང་བསིལ་གྱིས་བཅོས་ཏེ། ཆུ་རྩའི་ཕྱེ་མ་ཞོ་དང་སྦྱར་ལ་བྱུག་གོ། སྨད་ཀྱི་རྨ་ཐམས་ཅད་གར་པོ་ལ་སྤོད་གཏབ་དང་། རེ་བལ་མར་དུ་བཙོས་པ་གཏང་ངོ་། །མདོར་ན་སྟོད་ཀྱི་རྨ་ལ་བསིལ་ཆས་བྱ། སྨད་ཀྱི་རྨ་རྣམས་དྲོད་བཅོས་བྱའོ། །སྤྱིར་བྱང་ཁོག་སྟོད་དུ་མཚོན་ཕོག་ནས་ཕྱི་རུ་ཁྲག་གཏན་མ་བྱུང་ན་ཕལ་ཆེར་འཆི་སྟེ། གཏར་ཀྱང་ཁྲག་མི་འབྱུང་ངོ་། །སྟོད་ཀྱི་ཟས་བཅོས་ནི། སྤྱིར་ཡང་བསིལ་དང་སྐོམ་རྩི་གཏང་སྟེ། རའི་མར་གསར་དང་། དྲུས་ཐུག་དང་། དར་བ་གསར་པ་དང་། བ་ཞོ་གཏང་ངོ་། །སྨད་ལ་ཞོ་དཀྲུགས་དར་ཟན་དྲོན་གཏང་། གྲང་བ་ཆེ་ན་ཚོ་ཁུ་གཏང་། ཕོ་བ་དང་། རྒྱུ་མ་ལ་ཆང་གསར་འཇམ་གཏང་། སྤྱིར་སྨད་ལ་ཟས་དྲོད་ཅན་དང་འཇམ་པ་གཏང་ངོ་། །རླུང་གིས་རྣག་གཞུག་མ་ཆོད་ན། ཨ་རུརའི་འབྲི་རྐང་གཏང་། གྲང་བས་མ་ཆོད་ན་དྲོད་སྦྱོར་དང་། སྣག་གསོད་གཏང་། ཚད་པས་མ་ཆོད་ན། བསེ་རུ་དང་། ག་དོར་གཏང་། རྩའི་རྣག་ལ་ཐལ་སྨན་གཏང་། ཐིགས་སྡོད་ལ་མུ་ཟིའི་སྦྱོར་བ་མིན་པས་མི་སྐེམས་སོ། །རྣག་དབར་ལ་འཇམ་ན་གསོ་བ་སླ། ཆུ་དང་ས་ན་གསོ་རུ་འདོད། མཚལ་མདོག་འདྲ་ན་བླ་རྩ་ཆད་པས་སྤོང་ངོ་། །དེ་ཡང་ཞག་ལྔ་ཚུན་ཆད་ཁྲག་གིས་དུས་བཅུ་གཅིག་ཚུན་ཆད་ཆུ་སེར་གྱི་དུས། དེ་ལས་འདས་ན་རྣག་ཏུ་འགྱུར་རོ། །དང་པོ་ཆུ་སེར་གྱི་དུས་སུ། ཆུ་སེར་ནག་པོ་རོལ་དུ་གསོད་པ་ཞེས་བྱ་སྟེ། བསེ་རུ་དང་། ཤ་བའི་གྭ་དོར་བཞུར་བ་དང་། ག་པུར་དང་། ཅུ་གང་བ་ལེ་ཀ་ཏིག་ཏ། བ་ཤ་ཀ་རྒུན་འབྲུམ། སུག་སྨེལ། མཚལ། དོམ་མཁྲིས། ཙནྡན་དཀར་པོ། ཀ་(ཨ་)རུར་སྦྱར་ཏེ། ཆུ་གྲང་གིས་ཕུལ་ལ་ཁྱེའུ་སུས་ལ་བཏང་ན། ཆུ་སེར་རོལ་དུ་གསོད་པའི་མཆོག་ཡིན་ནོ། །སྨན་དང་ཟས་མི་འཛོལ་བར་གཏང་ངོ་། །ནད་པ་སྲོག་གི་མདངས་ཉམས་པ་དང་། ལུས་ཟུངས་ཤོར་བ་དང་། ཚད་པ་འབར་བ་ནི་འཆི་བའི་རྟགས་སོ། །དབང་པོ་འཁྲུལ་བ་དང་། ཡན་ལག་འདར་བ་དང་། མིག་འབྲས་གྱེན་ལ་བཟློག་པ་ནི་འཆི་བའི་རྟགས་ཡིན་ནོ། །མདོར་ན་དོན་སྙིང་ལྔ་དང་། སྣོད་གཉེན་པོ་དྲུག་ལ་བཅོས་པའི་ཐབས་མེད་དོ། །དེ་རྣམས་བཞེར་བ་དང་། བརྡུངས་པ་དང་། ཉེན་པ་རྣམས་བཅོས་སུ་འདོད་དོ། །རྣག་ངོས་མ་ཟིན་ན། གང་དགོས་པའི་སར། ཆུས་ཁ་གྲུ་བཏབ་ལ་ཉི་མ་ལ་བསྲོ། རྣག་དང་ཆུ་སེར་གང་ན་ཡོད་པ་བ་སྤུ་ཉལ་ལོ། །དང་པོ་ཁོང་གི་ཚད་པ་གདར་ཤ་བཅད་པའི་སྨན་ནི། ག་པུར། ཅུ་གང་། བ་ཤ་ཀ བསེ་རུ། དོམ་མཁྲིས་རྣམས་མེད་ཐབས་མེད་པའི་སྨན་ལྔ་ཡིན་ཏེ། ཀ་ར་དང་སྦྱར་ནས་བཏང་བས་ཚད་པ་གདར་ཤ་ཆོད་དོ། །གློ་སྐམ་རྟག་ཏུ་འོང་བ་ལ། སྐྱེས་པའི་ལག་པ་གཡས་ཀྱི་མཐེབ་གཉིས། བུད་མེད་ཀྱི་གཡོན་བསྲེགས་ན་ཕན་ནོ། །གློ་བ་ལ་རྣག་འོད་བ་ལ། དབྱི་མོང་། རྒྱ་ཚ། པོ་སོན་འཆའ། ཚ་བ་གསུམ་ཀ་ར་སྦྱར་ཏེ་གཏང་ན་རྣག་སྐྱུགས་ཏེ། འཕྲལ་དུ་ཕན་ནོ། །ཐུར་མའི་དབྱིབས་ནི། གློ་སྙིང་གི་ཐུར་མ་ནས་འདྲ་བ། མཆིན་པ་དང་། མཚེར་པའི་ཐུར་མ་ཁ་ལེབ་སྦལ་མགོ་འདྲ་བ། བཤུལ་བའི་ཐུར་མ་ཆུ་གྲི་ལྟ་བུར་སྲབ་པར་བྱ། ཚིགས་ཐུར་ཁབ་འདྲ་བར་བྱ། དམུ་ཆུའི་ཐུར་མ་སྨྱུག་གུ་ཁ་ཕྲ་ལ་གསང་བའོ། །མགོ་བོའི་ཐུར་མ་སོག་ཁའོ། །མིག་ཐུར་སོར་ལྔ་བྲ་བོ་འདྲ་བའོ། །དེ་ནས་བྱང་ཁོག་གི་གསང་ལེགས་པོར་ཕྱེ་ལ། རྨ་ཁ་སྐྱེད་པའི་སྐྱེད་ཐེམས་ཤུ་དག་དང་ཡུངས་མ་གཞུག །སྡོམ་ཐེམས་དར་མན་གྱིས་བྱ། འཕྲུལ་ཐེམས་ས་ཉ་རེ་དང་། །སྒྲོ་ཙ་དང་། གྲོ་ག་གསུམ་ལས་བྱ་སྟེ། མཆོག་གྲོ་ག་ཡིན་ནོ། །རྣག་ཤ་གཅོད་པའི་སྨན་གཏང་། འཚོ་བའི་དུས་འཆར་ལུགས་གཅིག་བྱུང་ནས། སྔོ་ལོ་འབུས་པ་དང་། རྩ་སྐམ་ཐག་ཆད་ནས། འཁྱགས་པ་ཆམ་ཆམ་འཆད་དུས་གཅིག་ཡིན་ནོ། །བྱང་ཁོག་ནས། དཔྱད་ཀྱི་ཁྲག་རྡོལ་ན། མཁྲིས་པ་སྣ་ཚོགས་ཁོང་དུ་གཏང་ངོ་། །བསྡུ་བའི་རྣག་གི་ཁ་དོག་རྒྱ་སྐྱེགས་ཀྱི་ཁུ་བ་འདྲ་ན། ཟླ་བ་གསུམ་ན་འཆིའོ། །དོན་སྙིང་གི་འོ་མ་ལུས་ཕྱེད་ཀྱི་རྟེན། སྲོག་ཕྱེད་ཀྱི་གནད་མཆིན་པ་ལ་ཐུར་མ་ཐད་དུ་སྤངས་ཏེ། གལ་ཏེ་མཚོན་ཕོག་ན་ཡང་། རྐང་ལག་སྡུད་མི་ཤེས། ཁ་སྣ་ནས་ཁྲག་འོང་སྟེ། ཟན་གཅིག་བཟའ་རན་ན་འཆིའོ།   །མཆིན་པའི་ཡོལ་བ་མཆིན་དྲིལ་ཕོག་ན་ཆུ་མ་བུ་འདྲེ། སྲིད་པའི་སུམ་འཁྲུགས་ཞེས་བྱ་སྟེ། སྟོད་ཁྲག་སྨད་དུ་ལྷུང་ནས་འཆིའོ། །མཁལ་མ་ནི་སྲོག་པ་རྩྭའི་ད་ཕྱད་དོ། །དོན་སྙིང་གི་ཐེན་ཐག་ཡིན་ཏེ། ཐུར་མ་ཐམས་ཅད་དུ་སྦང་། མཚོན་ཕོག་ན་ཡང་ཕོང་བྲེང་གིས་གཏང་ནས་ལུས་ཀྱོག་པོར་སོང་ནས་འཆིའོ། །སྤྱིར་ནད་ལྡོག་པའི་དུས་ནི། མགོ་བོའི་ཞག་བཅུ་གསུམ་ཡིན། སྐེའི་ཞག་དགུ་ཡིན། བྱང་ཁོག་སྨད་ཀྱི་ཞག་བཅོ་བརྒྱད། ཚིགས་གཞི་ལྡོག་དུས་ཞག་གྲངས་གཅིག་ཡིན། ཚིགས་ཁོལ་བུའི་ཞག་ལྔ་ཡིན། གདམས་ངག་འདི་ནི་ཆུའི་ནང་ནས་ལན་ཚྭ་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་བྱང་ཁོག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ལེའུ་རྫོགས་སོ། །འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་གདམས་པ་འདི་ལས་འཕྲོས་པས་བྱང་ཁོག་ལ་མིང་བཏགས་པ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་ཀྱང་། འདིར་འདུས་པ་ཡིན་གསུང་ངོ་།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།