སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༤། ལུས་ཀྱི་གནས་ལུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལུས་ཀྱི་གནས་ལུགས་བསྟན་པ་རྣམ་བཞི་སྟེ།

ལྡང་ཚད་ལུས་ཟུངས་གནས་ལུགས་བསྟན་པ་དང༌གཅིག །འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་དང༌གཉིས །གཉན་པ་གནད་ཀྱི་གནས་ལུགས་བསྟན་པ་དང༌གསུམ །རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་དང་བཞིའོ།

དང་པོ་ལྡང་ཚད་བསྟན་པ། རླུང་གི་ལྡང་ཚདལྒང་ཕུག་གང༌། །མཁྲིས་པའི་ལྡང་ཚད་རང་གི་གསང་སྒྲོ་གང༌། །བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ། །ཁྲག་དང་ཕྱི་སའི་ལྡང་ཚད་སྙིམ་པ་བདུན། །གཅིན་དང་ཆུ་སེར་ལྡང་ཚད་སྙིམ་པ་བཞི། །ཞག་དང་ཚིལ་བུའི་ལྡང་ཚད་སྙིམ་པ་དོ། སོ་མ་རཱ་ཛཱ་ལས། རྒྱུ་མའི་ལྡང་ཚད་རང་གི་འདོམ་པ་བདུན་ཡོད་པར་གསུངས།  མདངས་དང་ཁུ་བའི་ལྡང་ཚད་ཁྱོར་བ་རེ། །ཀླད་པའི་ལྡང་ཚད་རང་གི་སྙིམ་པ་གང༌། །ཤ་ཡི་ལྡང་ཚད་སྤར་ཚད་ལྔ་བརྒྱ་སྟེ། །བུད་མེད་བརླ་དང་ནུ་མ་གཉིས་ལ་ཤ་སྤར་ཚད་ཉི་ཤུས་ལྷག །རུས་པའི་ལྡང་ཚད་རུས་རིགས་མགོ་ལ་རུས་རིགས་ལྔ། བྱང་ཁོག་ལ་དགུ། ཡན་ལག་ལ་དགུ་སྟེ་ཉི་ཤུ་གསུམ། །དེ་ལས་སྒལ་ཚིགས་འཕང་ལོ་ཉི་ཤུ་བརྒྱད། །རྩིབ་མའི་གྲངས་ནི་ཉི་ཤུ་རྩ་བཞི་སྟེ། །སོ་ཡི་གྲངས་ནི་སུམ་ཅུ་རྩ་གཉིས་མཆིས། །རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་སྟེ། །ཡན་ལག་ཚིགས་ཆེན་རྣམ་པ་བཅུ་གཉིས་ཡོད། །ཚིགས་ཕྲན་ཉིས་བརྒྱ་དང་ནི་རྩ་བཅུའོ། ཁ་ཅིག་གི་འདིར་ལྔ་བཅུའོ་ཞེས་པ་བཀྲལ་ཡོད་ཀྱང་མ་ཡིན་ཏེ་ཡན་ལག་བརྒྱད་པར། ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད་ཅེས་བྱ་བ་ལ་རང་འགྲེལ་དང་། ཟླ་ཟེར་གཉིས་ཀར་མཐུན་པའི་ལུས་འདི་ལ་རུས་པའི་ཚིགས་ནི་ཉིས་བརྒྱ་དང་བཅུ་ཡོད་དོ་ཞེས་སོགས་བཤད་ཅིང་གཞུང་རྙིང་དག་པ་རྣམས་སུ་ཡང་དེ་ལྟར་འབྱུང་བའི་ཕྱིར་རོ། །ཆུ་བ་བཅུ་དྲུག་རྒྱུས་པ་དགུ་བརྒྱ་མཆིས། །སྐྲ་ཡི་ཉག་མ་ཉི་ཁྲི་ཆིག་སྟོང་སྟེ། །བ་སྤུའི་བུ་ག་བྱེ་བ་ས་ཡ་མཆིས། །དོན་ལྔ་སྣོད་དྲུག་བུ་ག་སྒོ་དགུ་ཡོད། །འཛམ་གླིང་རང་ལུས་འདོམ་གང་གྲུ་བཞི་སྟེ། །གཟུགས་ངན་རྣམས་ལ་རང་ཁྲུ་ཕྱེད་དང་བཞི།

འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་ནི། ལུས་ཆགས་པའི་རྩ་གསུམ་སྲིད་པའི་རྩ་བཞི་འབྲེལ་འི་རྩ་གཉིས་ཚེ་ཡི་རྩ་གསུམ་དང་མདོར་བསྟན་པ་བཞི།

དང་པོ། ལུས་ཆགས་པར་བྱེད་པའི་སྲོག་རླུང་གནས་པའི་རྩ་ནི་ལྟེ་བ་ལས་གསུམ་དུ་གྱེས་ལ་དོན་དུ་རྩ་གཅིག་དུ་གནས་པའང་ཁུ་ཁྲག་རླུང་གསུམ་གནས་ས་རྩ་གསུམ་གྱི་མིང་དུ་བཤད་པ་ཡིན་ནོ། ཐོག་མར་ལུས་བསྐྱེད་གཞིར་གྱུར་བས། དབུ་མ་སྲོག་རླུང་བཅས་པ་སྟེ། འཁོར་ལོ་དྲུག་གི་དབུས་དག་ནི། བར་ཐར་སོར་མོ་བཅུ་གཉིས་དང་། ཕྱེད་བཅས་གསང་བ་སྤྱི་གཙུག་བར། ཡར་སྣ་ནཾ་གི་རང་བཞིན་གྱིས། དཀར་ཆའི་དྭངས་མས་བཀག་པའི་ཚུལ། ལྟེ་བར་མ་ལས་ཐོབ་པའི་ས། དམར་ཆ་ཁྲག་དེ་ཨ་ཐུང་བརྗོད། དེ་གཉིས་བར་ན་ཀུན་གཞིིའི་རྟེན། སྲོག་རླུང་བཅས་ཏེ་རྣམ་པས་འདྲ། ཞེས་དང་། ལྟེ་འོག་མན་ཆད་དུང་ཅན་ཞེས། དཀར་ཆ་འབབ་པར་བྱེད་པ་ཡིན་ཞེས་སོ།

རྩ་གཅིག་གྱེན་ལ་སོང་བས་ཀླད་པ་ཆགས། །གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་སྐྱེད་པར་བྱེད་པས་སྟོད་ན་གནས། །རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས། །ཞེ་སྡང་སྲོག་རྩ་ཁྲག་ལ་མ་ལས་ཁམས་དམར་གྱི་ཆ་ཤས་ཅན་བརྟེན་ནས་གནས། །དེ་ལས་མཁྲིས་པ་སྐྱེད་པས་བར་ན་གནས། ཡང་རྩ་གཅིག་ཐུར་དུ་ཟུག་པས་གསང་བ་ཆགས། །འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ། །དེ་ལས་རླུང་སྐྱེད་སྨད་ན་གནས་པ་ཡིན།

གཉིས་པ། སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ། །དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར། དང་པོ་མངལ་གནས་པའི་རྩ་ལུས་ཀྱི་ཕུང་པོ་ཆགས་པར་བྱེད་པའི་རྩ། །ལྟེ་བ་ལ་རྩ་མདུད་གྲུ་གསུམ་གྱེས་པའི་སྲིད་པའིོ་རྩ་ཕྲན་ལྔ་བརྒྱས་བསྐོརནས་གནས་པ་དང་ །བུ་ཚ་རིགས་རྒྱུད་འཕེལ་བར་བྱེད་པའི་རྩ། །མཚན་མ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །སྟེང་འོག་ཐད་ཀར་ལུས་ཀུན་རྗེས་སུ་འཛིན།

གསུམ་པ། འབྲེལ་པའི་རྩ་ལ་སྲོག་རྩ་དཀར་ནག་གཉིས་ཡོད་དེ་དང་པོ་ནག་པོ་ནི །སྲོག་པ་རྩ་ནི་རྩ་ཡི་སྡོང་པོ་ལ། དེ་ལ་ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཡི། །ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉི་ཤུ་བཞི། །དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུགསྟེ་དེ་ལྟར་འདྲིལ་བས་རྩ་ཆེན་ཉེར་བཞི། ཚད་ཡང་དེ་ལས་གྱེས་པའི་ཁྲག་གཏར་རྩ་ནི་ལྟག་རྩ་ལ་སོགས་པ་བདུན་ཅུ་བདུན། །གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ། མགོ་ལ་ཉེར་བརྒྱད། བྱང་ཁོག་སྟོད་སྨད་ལ་བཞི་བཅུ་ཞེ་བརྒྱད། ཡན་ལག་བཞི་ལ་སུམ་ཅུ་སོ་དྲུག་སྟེ་བརྒྱ་དང་བཅུ་གཉིས་བཅས་གཏར་རྩ་དོན་བདུན་བསྡོམས་པས། །འདྲེས་པའི་རྩ་ཕྲན་བརྒྱ་དང་བརྒྱད་ཅུ་དགུ། །དེ་ལས་གྱེས་པ་ལུས་ཕྱི་ནང་བར་གསུམ་དུ་བརྒྱ་ཉི་ཤུ་རེ་དང་ དེ་ལས་ཀྱང་རྩ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་པ་ཡིན། །དེ་ལས་རྩ་ཕྲན་བདུན་བརྒྱ་དག་ཏུ་གྱེས། །དེ་ལས་ཡང་ཕྲན་ལུས་ལ་དྲ་བར་འབྲེལ།

སྲོག་རྩ་དཀར་པོ་ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །རྩ་བ་ལྟ་བུར་ཐུར་དུ་ཟུག་པ་ཡི། །བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། །དེ་ཡང་དོན་སྣོད་ནང་དུ་འབྲེལ་པ་ཡི། །དར་གྱི་དཔྱངས་ཐག་བཅུ་གསུམ་སྦས་པའི་རྩ། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ། །དེ་ལས་ཆུ་རྩ་ཕྲན་བུ་བཅུ་དྲུག་གྱེས།

བཞི་པ། མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། །གཅིག་ནི་སྲོག་རླུང་རྒྱུ་བའི་མགོ་ལུས་ཐམས་ཅད་ཁྱབ་པར་གནསཔ་དེང་སང་ཚེ་རེ་རེ་བཞིན་ཁྱབ་པ་དང་བླ་གནས་རྩི་བ་འདི་ཡིན། །ལག་ལྡེབ་ཀྱི་བླ་རྩ་ཡིན་མོད་ཀྱང་འགྲེལ་བྱེད་སྔ་རབས་པ་ཀུན་གྱིས་འདི་ཉིད་ཁོ་ན་ལ་བླ་གནས་རྩི་ཚུལ་བྱས་པར་མ་བརྟགས་པར། མཁས་པ་རང་བྱུང་རྡོ་རྗེས་ཀྱང་སྨན་གྱི་བསྟན་བཅོས་ལས། ཀུན་ཏུ་འཁྱམས་པ་བླ་གནས་ཀྱི་རྩ་ཞེས་བྱ་བའི་གནས་སར་གཏར་སྲེག་ལ་སོགས་པ་མི་བྱེད་དོ་ཞེས་བཤད་པ་ནི་རི་བོང་ཅལ་སྒྲོག་ལ་སེང་གེ་ཀྱང་རེ་ཞིག་བྲོས་པ་བཞིན་ནོ་ཞེས་མེས་པོའི་ཞལ་ལུང་དུ་གསུངས་སོ། །གཅིག་ནི་སྲོག་རླུང་རྒྱུ་བའི་རྩ་དབུགས་དང་འགྲོགས་ནས་རྒྱུ་བ་སྟེརྒྱུད་སྡེ་རྣམས་སྲོག་རྩོལ་ཞེས་བྱུང་སྟེ །གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིནཞེས་པ་ཚེའི་རྩ་ཕྱི་རོལ་དུ་འཁྱམས་པའི་དོན་མིན་གྱི་བླ་ཚེ་དང་རྟེན་བརྟེན་པའི་ཚུལ་དུ་རྒྱུ་བ་ལ་དགོངས་པས་ཕྱི་མ་རྒྱུད་དུ། ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་བྱུང་ཞེས་དང་དེང་སང་ལག་ལྡེབས་མར་ཟུར་གྱི་རྩ་ལ་བླ་གནས་པ་ཞེས་གྲགས་པའང་དོན་དེ་ལ་བཏགས་པར་ཟད་དོ། །

རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། །འབྲེལ་བར་བྱས་པ་དང་ལུས་ནི་སྐྱེད་ཅིང་གནས་པ་དང༌། སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།

གསུམ་པ་གཉན་པའི་གནད་ལ་ཤ་ཚིལ་རུས་པ་དང༌། །ཆུ་རྒྱུས་དོན་སྣོད་རྩ་ཡི་གནད་དང་བདུན། མན་ངག་རྒྱུད་ཀྱི་མགོ་དང་བྱང་ཁོག་དང་ཡན་ལག་གི་རྨ་གསོ་བའི་སྐབས་རྒྱས་པར་བཤད་པའོ།

ཤ་གནད་སྐྲངས་ཤིང་རུས་གནད་ན་ཟུག་ཆེ། །ཆུ་རྒྱུས་གནད་རྣམས་འཇའ་བར་བྱེད་པ་སྟེ། །རྩ་ཚིལ་དོན་སྣོད་གནད་ཀྱིས་སྲོག་འདོར་བྱེད། དེ་ཡང་གནད་ལ་ཕོག་ན་འཆི་བའམ་ཡང་ན་ཡུན་རིང་པོར་མནར་ཞིང་སྦྱོང་པས་གསོ་བ་དཀའ་བའི་ཕྱིར་གནད་ཅེས་བྱ།

ཤ་གནད་ཀྱི་རྣམ་གྲངས་བཞི་བཅུ་རྩ་ལྔ་ཚིལ་གནད་བརྒྱད། །རུས་པའི་གནད་ནི་སུམ་ཅུ་རྩ་གཉིས་ཏེ། རྒྱུས་པའི་གནད་བཅུ་བཞི་དོན་གྱི་གནད་བཅུ་གསུམ་དང༌། །རྩ་ཡི་གནད་ལ་རྣམ་གྲངས་བརྒྱ་དང་དགུ་བཅུ་ཐམ་པ་ཡོད

དེའང་མགོ་ལ་རེ་གཉིས་སྐེ་ལ་སོ་གསུམ་དང༌། །དགུ་བཅུ་གོ་ལྔ་བྱང་ཁོག་སྟོད་སྨད་གནས། བརྒྱ་དང་བཅུ་གཉིས་ཡན་ལག་བཞི་ལ་གནས། །གནད་ཀྱི་རྣམ་གྲངས་སུམ་བརྒྱ་རྩ་གཉིས་བཤདམན་ངག་རྒྱུད་དུ །གནད་དེ་རྣམས་ལས་རབ་ཏུ་གཉན་པ་གནད་དགུ་བཅུ་དྲུག ཡོད་པ་དེ་དག་གང་རུང་བ་རེ་རེ་ཆོད་ཟིན་མ་ཐག་སྲོག་འདོར་སྨན་པ་མཁས་ཀྱང་བཅོས་བའི་ཐབས་སུ་མེད། དེ་ལས་འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུར་བཤད དེ་དག་གང་རུང་ཆོད་པ་སྨན་པ་མཁས་པ་རྣམས་ཀྱིས་བཅོས་སུ་ཡང་བཏུབ་པ་ཙམ་ཡིན། །དེ་ལས་ལྷག་པ་གནད་དུ་བསྟན་ན་ཡང༌། དེ་ཙམ་གཉན་པར་མ་བཤད་སྨན་པ་ཀུན་གྱིས་གསོ་བར་ནུསསོ

བཞི་པ་རླུང་ཁྲག་རྒྱུ་ལམ་བུ་གའི་གནས་ལུགས་ཕྱི་ནང་གཉིས། སྲོག་རླུང་རྒྱུ་བ་ནང་གི་བུ་ག་སྲོག་རྩ་དང་ལུས་ཟུངས་བདུན་པོ་གཅིག་ལས་གཅིག་ཏུ་རྒྱུ་བའི་རྩ་སྦུབས་བདུན་དང་དྲི་མ་གསུམ་དྲི་མ་བཤང་གཅི་རྔུལ་གསུམ་འབབ་པའི་བུ་ག་གསུམ་ཡིན་ལ འདིར་བཤང་གཅིའི་བུ་ག་བཤད་ནས་ཕྱིའི་བུ་གར་གསང་སྒོ་གཉིས་བགྲངས་པར་བཟློས་སྐྱོན་མེད་དེ་ནང་གི་བུ་ག་བཤང་གཅི་འབབ་པའི་རྩ་དང་། ཕྱི་ཡི་བུ་ག་ནང་གི་རྩ་རྣམས་བཤང་གཅི་རྣམས་ནས་ཕྱིར་ཐོན་པའི་འོག་སྒོ་གཉིས་ལ་དགོངས་པ་ཡིན་ནོ། །ཆུ་འབབ་པའི་རྩ་དང་ཟས་རྒྱུ་མིད་པ་སོགས་ཀྱི་བུ་ག་བསྡོམས་པའི་བཅུ་གསུམ་གནས་པ་ཡིན། །ཕྱི་ཡི་བུ་ག་མགོར་ཁ་མིག་རྣ་བ་སྣ་བདུན་གསང་བར་གཉིས། །བུད་མེད་ལ་མངལ་སྒོ་ནུ་མ་གཉིས་ཀྱིས་ལྷག

བུ་ག་ནི་དབྱིབས་ཟླུམ་སྦོམ་དང་ཕྲ་ལ་རིང་འབྲེལ་གྱེས། །ལོ་མའི་རྒྱབ་ཀྱི་རྩ་ལྟར་གནས་པའོ། །དྭངས་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། །ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས། །བུ་གའི་རྒྱུ་ལམ་གནོད་པས་ནད་སྐྱེད་ལ། །མང་འབྱུང་འགགས་དང་གཞན་འགྲོ་འཁྲུག་པར་བྱེད། །གནོད་མེད་བུ་ག་དག་པས་བདེ་བར་འགྱུར། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།