སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༣༡། གསོ་བ་པོ་སྨན་པ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ་བཤད་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །བྱ་བྱེད་སྨན་པའི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །དེ་ལྟར་གསོ་བར་བྱེད་པའི་གསོ་བ་པོ། །བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ། །རྒྱུ་དང་ངོ་བོ་དང་ངེས་ཚིག་དང་དབྱེ་བ་དང༌། །ལས་དང་འབྲས་བུ་བཅས་རྣམ་པ་དྲུག་གིས་བསྟནནོ

དེའང་རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང༌། །དམ་ཚིག་ལྡན་ཞིང་རྣམ་པ་ཁོག་ཡངས་ཤིང་ངང་རིང་བཟོ་བ་དང༌། བྱ་བ་ལ་བརྩོན་ནུས་པ་མི་ཆོས་མཁས་དང་དྲུགལས།

དེ་ལ་དང་པོ་བློ་དང་ལྡན་པ་ནི། །བློ་རྒྱ་ཆེ་བ་དང་བློ་ཚབ་ཚུབ་མེད་པར་བརྟན་པ་དང་བློ་ཡི་གཟེག་མའི་ཞིབ་ཅིང་རྣོ་བ་སྟེ་གང་ལའང་ཆགས་ཐོབས་མེད་པ་གསུམ་དང་ལྡན་པས། །གསོ་དཔྱད་མདོ་རྒྱས་མ་ལུས་ཁོང་དུ་ཆུད་པས་བློ་ཆེ་བ །ལག་ལེན་ཀུན་ལ་ཐོགས་བརྡུགས་ཉམ་ང་མེདཔས་བློ་བརྟན སྨན་དཔྱད་ཟས་སྤྱོད་ཐམས་ཅད་རིག་པས་དཔྱོད་ཤེས་པ་ལ་མངོན་ཤེས་ཕྲ་མོ་འཆར་བ་ལ་ནི་བློ་གཟེག་པ །དེ་ཉིད་རྒྱུ་ཡི་ནང་ནས་མཆོག་ཅེས་བྱའོ

གཉིས་པ་ལའང་བསམ་པ་དཀར་བ་བྱང་ཆུབ་སེམས་དང་ལྡན་པདང་ །སྦྱོར་བ་དངོས་གཞི་དང་འཇུག་གསུམ་ལས་དང་པོ་ནི། འགྲོ་བ་ནད་པ་རྣམས་ཀྱི་སྡུག་བསྔལ་མཐོང་བས་སྙིང་རྗེ་དང་དེ་དག་ལ་ཕན་འདོགས་པར་སྤྲོ་ཞིང་ནད་གསོ་བར་དད་པ་དང༌། ནད་པ་བཟང་ངན་མེད་པར་བྱམས་པར་བལྟ་ཞིང་སྡང་སེམས་མེད་པ་ཞེ་ཐག་པ་ནས་བཏང་སྙོམས་དང་ལྡན་པ་ཡིས། སེམས་ཅན་ནད་པ་ཀུན་ལ་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་དང་ལྡན་པ་བཞིའོ ནད་པ་གསོ་བར་བྱ་བསྙམ་པའི་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དངོས་གཞི་ནད་པ་གསོ་བར་འཇུག་པ་ལ་སེམས་བསྐྱེད་དང་་ཚད་མེད་བཞིའི་སྒོས་ནས་ཉམས་སུ་བླང༌། ནད་གསོ་བར་འཇུག་པ་ལ་ཡང་གསོ་ཚུལ་རྣམས་རྒྱལ་བའི་གསུང་ཡིན་སྙམ་པས་བསྟོད་ཅིང་བསྔགས་པ་དང་ཚུལ་དེ་ལྟ་བུ་ནི་རང་གཞན་ཐམས་ཅད་ལ་ཕན་པ་དང་མྱུར་དུ་ནི་སངས་རྒྱས་ཐོབ་པ་དེ་རྒྱུའི་གཙོ་བོ་ནི་འདི་ཉིད་ཡིན་པར་བལྟ་ཞིང་མཇུག ནད་པ་སོས་ནས་ཟང་ཟིང་གི་ཡོན་བྱུང་ཡང་ལེགས་མ་བྱུང་ནའང་འཁོན་འཛིན་མེདཔར་དགེ་བ་འདི་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པར་བསྡོ་བས་རྒྱས་བཏབ་བོ

ཚུལ་དེ་ལྟ་བུ་ལྡན་པས་ནད་པ་གསོ་བར་སླ་ཞིང་འཚོ་བ་མང་ལ་རང་ཉིད་ལ་འདི་ཕྱི་གཉིས་ཀར་ཕན་པའི་གྲོགས་སུ་འགྱུརརོ །དམ་ཚིག་དང་ལྡན་པ་ནི་བློ་བཞག་རྣམ་པ་དྲུགདང་། །བཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤདདོ དེའང་དང་པོ་སློབ་དཔོན་གྱི་གསུང་དང་གསོ་དཔྱད་དང༌། །མཆེད་དང་ནད་པ་དང་རྣག་ཁྲག་རྣམ་དྲུག་ལ། སློབ་དཔོན་ལ་སངས་རྒྱས་སུ་ངོས་བཟུང་ལ་གསུང་ནི་དྲང་སྲོང་གསུངདང་རྒྱལ་བའི་བཀའ་རྒྱུད་ལྟ་བུ་དང༌། མཆེད་གྲོགས་ནི་སྤུན་དང་ནད་པ་རང་གི་བུ་ཚ་ལྟ་བུར་བཟུང་ལ་ནད་པའི་རྣག་ཁྲག་ལ་བཙོག་དམེ་མེད་པར་རང་ཉིད་ཁྱི་ཕག་ལྟ་བུར་ནིའཐུང་བར་བྱའོ དེ་ལྟར་བློ་བཞག་པ་ཡི་དམ་ཚིག་དྲུག་བསྲུང་བྱ།

གཉིས་པ་བཟུང་བྱ་གཉིས་ནི་སྨན་གྱི་རིག་འཛིན་དང་ཆ་བྱད་རྣམསནི །བཀའ་སྲུང་རྣམས་ཀྱི་ཕྱག་ཆ་ལྟ་བུར་མི་བྲལ་བར་བཟུང་ཞིང་བསྲུང༌།

གསུམ་པ་ཤེས་བྱ་གསུམ་ནི་སྨན་རྣམས་དགོས་འདོད་འབྱུང་བའི་ནོར་བུ་དང་ནད་གསོ་ནུས་པའི་བདུད་རྩི་དང༌། གཙང་མ་དཀོན་མཆོག་གསུམ་ལ་མཆོད་རྫས་ལྟ་བུ་ཤེས་པར་བྱ་བ་གསུམ་ཡིན་ཏེ། དེ་ཡང་དགོས་འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ། །ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ། །ཕུད་ཀྱིས་རིག་འཛིན་མཆོད་པའི་ཕྱིར་མཆོད་རྫས་སུ་ཤེསཔར་བྱའོ

དང་པོ་སྨན་གྱི་རིན་པོ་ཆེའི་རིགས་དང་སྨན་རྒྱུ་ཐམས་ཅད་དེ་བཙལ་ལ་བཅང༌བར་བྱ །གཉིས་པ་སྨན་རྣམས་ལེགས་པར་སྦྱར་ལ་བྱིན་གྱིས་བརླབ་པ་ནི་འདི་ལྟ་སྟེ །རང་ཉིད་སངས་རྒྱས་སྨན་གྱི་བླ་མ་བཻཌཱུརྱ་འོད་རྒྱལ་པོ་དང༌། །སྨན་གྱི་སྣོད་ནི་བདུད་རྩི་ལྷུང་བཟེད་དངོས་སུ་བསམ །སྨན་བླ་དྲང་སྲོང་རྣམས་ཀྱིས་ཤིས་པ་བརྗོདཔར་བསམ་ལ་འདི་སྐད་དོ

འཚོ་བར་མཛད་པ་སྨན་པའི་རྒྱལ་པོ་བདུད་བཞི་བཅོམ་ཞིང་ཡོན་ཏན་མཐའ་ཡས་པ་དང་ལྡན་པས་མྱ་ངན་ལས་འདས། འགྲོ་བའི་དུག་འདོད་ཁྲོ་གཏི་མུག་གསུམ་ལས་གྱུར་བའི་ནད་སེལ་བ་སངས་རྒྱས་སྨན་གྱི་བླ །སྐུ་མདོག་མཐིང་ག་བཻཌཱུརྱ་ཡི་འོད། མཆོག་གི་སྤྲུལ་པའི་སྐུ་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན འགྲོ་བའི་རླུང་མཁྲིས་བད་ཀན་རྐྱང་པའི་ནད་དང་ལྡན་འདུས་ཀྱིས་གདུངས་པ་ལ། །ནད་ཐམས་ཅད་ཀྱི་གཉེན་པོ་ཕྱག་གཡས་ན་ཨ་རུ་རརྣམ་རྒྱལ་དང་ །ཕྱག་གཡོན་ན་འཆི་མེད་བདུད་རྩིའི་ལྷུང་བཟེད་པར་པུ་བསྣམས །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །རོལ་མོ་དང་། འཁྲིག་ཐབས། འཚོ་ཆིས། གྲངས་ཅན། སྒྲ། གསོ་དཔྱད། ཆོས་ལུགས། བཟོ། འཕོངས། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་དཔྱད། རྩིས། མིག་འཕྲུལ། སྔོན་རབས། སྔོན་འབྱུང་རིག་པ་རྣམས་ཏེ། མཛོད་རང་འགྲེལ་དུ། རོལ་མོ་འཁྲིག་ཐབས་འཚོ་ཆིས་གྲངས་དང་སྒྲ། གསོ་དཔྱད་ཆོས་ལུགས་བཟོ་འཕོངས་གཏན་ཚིགས་རིགས། རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད། རྩིས་ཡིག་འཕྲུལ་འཁོར་སྔོན་རབས་སྔོན་འབྱུང་རིགས། འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་ཡིིན། ཞེས་གསུངས་པ་དང་མཐུན་པར་འདུལ་བ་ལུང་། སྐྱེ་རབས་རྒྱ་ཆེར་འགྲེལ་བར། བྱེ་བྲག་རྟོགས་བྱེད་སོགས་ལས་ཀྱང་གསལ་པོར་བཤད། སྔགས་རྙིང་མའི་བདུད་རྩི་བམ་པོ་བརྒྱད་པར། དུས་རིག་པ་དང་། བཅུད། སྒྲ བཟོ། ལས། གསོ་བ། ཚེ། ལམ། ཡིད། བྱང་ཆུབ། ཤེས་རབ། ཡུལ། སྨན། སྐྱེ་བ། སྐྱེས་གནས། འཆི་བ། སྔགས། བྱང་ཆུབ་རིག་པ་སོགས་བཤད་པ་སྔ་ཕྱིའི་འགྲེལ་བྱེད་པ་ཕལ་ཆེར་གོང་དུ་བཤད་པ་ཉིད་མཁས་པ་རྣམས་ཀྱི་ཀྱང་བཞེད་མཐུན་པ་ཡིན་ནོ། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །མངོན་ཤེས་སྙིང་རྗེས་འགྲོ་མཆོག་སྟེ་མིའི་ལུས་ཅན་གྱི་འདུ་བ་སྙོམསཔར །དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ།

དེ་ལྟར་ཕྱག་འཚལ་བའི་མཐུས་སྨན་འདི་ཉིད་ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟ་བུ་དང༌། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ནི། །ཁྱེད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད། །ཚེ་ལ་བར་དུ་གཅོད་པ་ཞི་བ་དང༌། །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །བསམས་པའི་བར་དུ་གཅོད་པ་ཞི་བར་མཛོད།

ཨོཾ་བཀྲ་ཤིས་པའི་དོན་ན་མོ་ཕྱག་འཚལ་ལོ་བྷ་ག་ཝ་ཏེ་བཅོམ་ལྡན་འདས་བྷཻ་ཥ་ཛྱེ་སྨན་གྱི་གུ་རུ་བླ་མ་བཻ་ཌཱུརྱ་པྲ་བྷ་བཻཌཱུརྱ་འོད་ཀྱི་རཱ་ཛཱ་ཡ་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ་དེ་བཞིན་གསེགས་པ་ཨརྷ་ཏེ་དགྲ་བཅོམ་པ་མྨྱཀྶཾཡང་དག་པ་བུདྡྷཱ་སངས་རྒྱས་ལ ཏདྱ་ཐཱའདི་ལྟ་སྟེ ཨོཾ་བཀྲ་ཤིས་བྷཻ་ཥ་ཛྱེསྨན་པ བྷཻ་ཥ་ཛྱེསྨན་པ མཧཱ་བྷཻ་ཥ་ཛྱེསྨན་པ་ཆེན་པོ བྷེ་ཥ་ཛྱེ་རཱ་ཛཱ་ཡསྨན་པའི་རྒྱལ་པོ་ལ ས་མུངྒ་ཏེ་ཡང་དག་འཕགས་ཏེ་སྭཱ་ཧཱགཞི་ཚུགས །བདུན་བཟླས་སྨན་དེ་བདུད་རྩིར་བསམས་ཏེ་སྨན་ཕུད་རིག་འཛིན་མཆོད། རང་གིས་ཀྱང་ཅུང་ཟད་མྱང་བ་དངོས་གྲུབ་བླངས་པས་རང་གི་ནད་གདོན་བསལ། དེའང་ནད་པས་བསྟེན་པས་འཆི་བ་སོས་པར་ཡང་བསམ་པ་ལྟར་བྱས་ལ །དམ་ཚིག་ལྡན་ཞིང་བྱིན་འབེབས་བཀྲ་ཤིས་ལ་བསོད་ནམས་འབྱུང༌།

བཞི་པ་རྣམ་པ་བཟོ་བ་ལུས་ངག་ཡིད་དང་གསུམ། །ལག་པ་བདེ་ཞིང་བཟོ་བས་སྨན་དཔྱད་ལ་གང་དགོས་པའི་ཡོ་བྱད་བཟོ་ལ་མཁས། །ངག་ཚིག་སྙན་པས་ནད་པ་སྤྲོ་བ་སྐྱེད་ནུས །རིག་པ་བཀྲ་བས་ཡིད་ལ་མ་རྨོངས་གསལ། དེ་ཤེས་བཟོ་རྣམས་ཀུན་གྱི་དཔོན་དུ་འགྱུར།

ལྔ་པ་བྱ་བ་ལ་བརྩོན་བདག་དང་གཞན་གཉིས་ཏེ། དང་པོ་བདག་ཉིདཀྱི་བྱ་བ་ཐོག་མར་བརྩོན་པ་རྒྱུ་ལ་བསླབ། དེ་རྗེས་རྐྱེན་བསྟེན་གྲོགས་བཟང་པོ་ལ་བརྩོན་པར་བྱ་གཞུང་དང་ལག་ལེན་ཐམས་ཅད་གོམས་པར་བྱ་ཞིང་མཐར་དབྱུང༌དགོས་སོ

དང་པོ་རྒྱུ་ནི་ཡི་གེ་འདྲི་བ་དང་ཀློག་པ་མཐའ་རུ་ཕྱིན་པར་བསླབ། །ཇི་སྐད་དུ། སླབ་པ་ཀུན་གྱི་གཞི་འཛིན་ཅིང་། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། ཞེས་གསུངས་སོ། ཡོན་ཏན་གྱི་ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང༌།

གཉིས་པ་དེ་རྐྱེན་སློབ་དཔོན་བསྟེན་དགོས་ཏེ་སློབ་དཔོན་གྱི་མཚན་ཉིད་དང༌། སློབ་དཔོན་དེའང་བསྟེན་པའི་ཐབས་དང་སློབ་དཔོན་བསྟེན་པའི་དགོས་པ་གསུམལས །དང་པོ་སློབ་དཔོན་གྱི་མཚན་ཉིད་ནི་གཞུང་རྒྱ་ཆེ་བ་དང་ལག་ལེན་ལ་མཁས་པ་དང་མན་ངག་གི་གནད་དང་ལྡན ཁྲམ་དང་གཡོ་རྒྱུ་མེད་ཅིང་ངང་རྒྱུད་རིང་བ་གསོག་ཆུང་སྟེ་ནོར་རྫས་ལ་འདོད་པ་ཆུང་བ་དང་སེམས་ཅན་ནད་པར་ཤིན་ཏུ་བརྩེ་བ་ལ་བཀུར་འོས་པའི་སློབ་དཔོན་དེ་འདྲ་བར་བསྟེན་པར་བྱས་ལ །དེ་ཉིད་བསྟེན་ཐབས་ནི་འཇིག་རྟེན་གྱི་བྱ་བ་རང་འདོད་དོགས་པ་མེད་པར་བློ་རྩེ་སྙིང་ཁོངས་སུ་གཏད་ལ། །ངོ་ལྐོག་མེད་པརསློབ་དཔོན་གྱི་བྱ་བ་བསྒྲུབ་པར་བྱ། །སྤྱོད་པ་ཐམས་ཅད་སློབ་དཔོན་དེ་ཡི་ཡུལ་དང་བསྟུན། སློབ་དཔོན་པས་དྲིན་དུ་ཚོར་བས་རང་གི་ངང་རྒྱུད་རྒྱུན་དུ་བསྲིང་བར་བྱ། དེ་ལྟ་བུའི་དགོས་པ་དེ་ཡོན་ཏན་མྱུར་བར་ལོབས་དང་མཁས་པར་འགྱུརརོ

གསུམ་པ་དེ་ཡང་ཡོན་ཏན་ཤེས་པའི་གྲོགས་པོ་གང་ལ་བརྩོན་པར་བྱ་བ་དང་ཐེ་ཚོམ་ཞུ་བ་དང་དྲི་བ་དང༌། དཔེར་ན་བཟུང་བ་དང་དེའི་དོན་བསམ་པ་ལེ་ལོ་བྱ་བ་མིནཏེ །ཅི་ཡི་ཕྱིར་ན་དེ་ཉིད་བར་གཅོད་པའི་དགྲཡིན་ནོ

བཞི་པ་གཞུང་གདམས་ལ་གོམས་པ་མཐར་དབྱུང་ཞིང་ཚིག་དོན་མཐོང་བ་ཐོས་པ་ཐམས་ཅད་དང་དུ་བླང་བ་སྟེ། དེ་དག་ཐམས་ཅད་ལ་ཞེན་འདྲིས་བྱ་ཞིང་ཐེ་ཚོམ་སྤོང་བར་བྱེདདགོས་སོ

གཉིས་པ་གཞན་གྱི་བྱ་བ་ལ་བརྩོན་པ་ནི་ནད་པ་དེ། །དེ་དོན་སྨན་དཔྱད་ཟས་སྤྱོད་ལ་ཕྱི་བཤོལ་གྱི་བར་དུ་མ་ཆོད་པར། དབང་ཆེན་གཞན་གྱིས་བདག་ལ་གྱང་ཐོག་ཏུ་མར་གྱིས་གང་བའི་ཕོར་བ་འདི་བོ་ན་ཁྱོད་རང་གསོད་ཅེས་བསྡིགས་པ་བཞིནདུ་ནད་པ་དང་དུ་བླངས་ལ །སྨན་དཔྱད་གང་དགོས་པར་དུས་ལས་མ་འགྱངས་པར་བརྩོན་པས་སྒྲིམསལ་འབད་དོ

དྲུག་པ་མི་ཡི་ཆོས་ལུགས་མཁས་པར་བྱ་བ་ནི། །མི་ཆོས་པ་དང་དམ་པ་ཐུན་མོང་གསུམལས །དང་པོ་མི་ཆོས་མཁས་པར་བསླབ་ལ་ཉེ་རིང་དྲག་ཞན་མེད་པར་འབོད་མི་གང་བྱུང་སར་འགྲོ་ཞིང་གཉེན་ཉེ་བའི་སྒོ་ནས་འཇམ་གྱིས་བཙའ་བ་སྟེ་མགུ་བར་བྱེད་པ གཞན་དང་མཐུན་པས་རང་དོན་གཞན་ལ་མི་འབྱུང་བའི་ཐབས་དང་ང་རྒྱལ་གྱི་དྲེགས་པ་ཅན་རྣམས་ཀྱིས་འོག་ཏུ་མི་འཛུད་པར་རང་ཚུགས་ཀྱིས་སྨིན་པར་བྱ་ལ་གྱོང་གིས་གཞན་གྱི་ཁེངས་པ་དང་འདོད་སེམས་འདུལ་བ་དང་གསུམ་སེམས་ནང་ལྡན་ན་རང་གཞན་གྱི་འདོད་པ་འགྲུབབོ

གཉིས་པ་དམ་པའི་ཆོས་ལུགས་བློ་སྣ་དུལ་ཞིང་འགྲོགས་པ་བདེབ་དང་ ཟས་ནོར་ཆོག་ཤེས་དང་ལྡན་པར་གྱུར་ན་རང་གཞན་ཐམས་ཅད་ཕན་ཐོགས་པར་འགྱུརརོ

གསུམ་པ་ཐུན་མོང་ནི་སེམས་ཅན་ཟས་ནོར་གྱི་ཕོངས་པ་རྣམས་ལ་སྙིང་རྗེས་བཟུང༌། །མཐོན་པོ་རྣམས་ཀྱིས་སྔོན་ལ་རང་གིས་མདོ་དོན་ཡང་དག་པར་སྒྲུབ། དེ་ལྟར་ཚོགས་པ་དྲུག་པོ་དང་ལྡན་ན་འབྲས་བུ་གང་འདོད་པ་འབྱུང་བར་ཐེ་ཚོམ་མེདདོ

གཉིས་པ་ཉེས་པ་དང་གནོད་བྱ་དང་གཉེན་པོའི་སྨན་གྱི་མཚན་ཉིད་རྣམས། །ཅི་རིགས་ཁོང་དུ་ཆུད་པ་སྨན་པའི་ངོ་བོར་འདོད།

གསུམ་པ་སྨན་པའི་ངེས་ཚིག་ནད་གསོ་ལུས་ལ་ཕན་ཕྱིར་སྨནཞེས་ཕན་པའི་བརྡ་རྙིང་ཡིན །ནད་ཀྱི་སྟེང་དཔྱད་བྱེད་པ་ལ་དཔའ་བ་དང་འགྲོ་ལ་བུ་གཅིག་པའི་ཕ་ལྟར་སྐྱོབཅིང་ དེ་ལྟ་བུ་ནི་རྒྱལ་པོ་རྣམས་ཀྱིས་ཀྱང་རྗེ་རུ་འཁུར་བར་བྱེདཔ་སྔོན་སྲོང་བཙན་སྒམ་པོས་རྗེ་རུ་བཀུར་བས་ལྷ་ཡི་རྗེ་བོར་གྱུར་པས་ལྷ་རྗེ་ཞེས་གྲགས་པ་ལྟ་བུའོ

བཞི་པ་དེ་ལ་སྨན་པའི་དབྱེ་བ་དེ་སྨན་པ་བླ་ན་མེད་པ་དང༌། །ཁྱད་པར་ཅན་དང་ཕལ་པ་གསུམ་ཡིན་ཏེ། དང་པོ་བླ་ན་མེད་པའི་དུག་གསུམ་གྱི་རྒྱུ་དང་འབྲས་བུའི་ནད་སེལ་བར་གོང་ན་གཞན་མེད་པ་ནི་སྒྱུ་འཕྲུལ་དྲྭ་བ་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ། ཟུག་རྔུ་འབྱིན་པ་བླ་ན་མེད། ཅེས་གསུངས་པ་ལྟར་རོ།

གཉིས་པ་ཁྱད་པར་ཅན་ནི་གཞན་གྱི་ཁམས་སོགས་རིག་པས་མངོན་ཤེས་དང་བྱམས་པ་ལྡན་ཅིང་དྲང་པོར་སྲོང༌བའོ

གསུམ་པ་ཕལ་བ་ནི་རྒྱལ་པོས་བཀའ་ཡི་གནང་བ་བྱིན་པའི་རིགས་ཀྱི་བརྒྱུད་པའི་སྨན་པ་དང་སློབ་དཔོན་མཁས་པའི་རྗེས་སུ་སྨན་དཔྱད་སོགས་སྦྱངས་ཤིང་ལས་ལ་གོམས་པའི་སྨན་པ་ནི་འགྲོ་བའི་གཉེནདུ་གྱུར་པ་ཡིན་ལ་དེ་ཡང་ཇི་སྐད་དུ སྨན་པ་བློ་ལྡན་ཤེས་རབ་ཅན། རང་གི་ཡོན་ཏན་ཕུན་སུམ་ཚོགས། སྙིང་རྗེའི་སེམས་ཀྱིས་བརླན་པ་ནི། སྨན་པ་ཀུན་གྱི་སྤྱི་རྒྱན་ཡིན། ཞེས་གསུངས་པ་ལྟར་རོ། དེ་ཡང་གཞན་པའི་ཟང་ཟིང་དང་ཁེངས་དྲེགས་ཀྱི་འདོད་པས་འཕྲལ་དུ་སྨན་པའི་ཆ་བཟུང་པ་ནི་སྲོག་གི་གཤེདམ་ཁོ་ན་ཡིན་ཏེ་སྨན་བླའི་མདོར། །སྨན་པ་སྨན་བག་ཕན་པར་སྦྱོར་བ་ནི། དུས་མ་ཡིན་པར་འཆི་བདག་འཚོང་བར་བྱེད་ཞེས་གསུངས་སོ

འོན་ཀྱང་སྨན་པ་མཆོག་དང་ཐ་མར་གྲགས་པ་སྟེ། དང་པོ་ཕ་མེས་ཀྱི་གདུང་བཙུན་ཞིང་རང་ཉིད་བློ་དང་ལྡན་ཞིང་དམ་ཚིག་ལ་གནས། གསོ་དཔྱད་ཀྱི་གཞུང་གི་དོན་མཁས་ཅིང་མན་ངག་གནད་དུ་རྡེགཔ། ལག་ལེན་ལ་ཕྱོགས་པས་གོམས་པའི་ཐོག་ཏུ་གཙོ་བོར་དམ་པའི་ཆོས་ལ་དོན་དུ་གཉེར་ཞིང་ཟང་ཟིང་གི་འདོད་པ་སྤངས སེམས་རྒྱུད་དུལ་ཞིང་ལུས་ངག་ཡིད་གསུམ་གྱི་བཟོ་ལས་མཁས་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱམས་སེམས་ཆེཞིང་ ནད་གསོ་བ་ལ་གཡེལ་བ་མེད་ཅིང་གཞན་གྱི་དོན་ལ་ཇི་ལྟ་བ་རང་དོན་སེམས གསོ་དཔྱད་ཀྱི་གཞུང་ལུགས་ཀུན་ལ་རྨོངས་མེད་དེ་ལྟ་བུ་ནི་སྨན་པ་མཆོགཡིན་ཏེ།

རྒྱུ་མཚན་ནི་འགྲོ་བ་ནད་པ་རྣམས་ཀྱི་མགོན་གཅིག་པུ། །རིག་འཛིན་དྲང་སྲོང་རྣམས་ཀྱིརིང་ལུགས་ཇི་ལྟ་བ་བཞིན་རྒྱུད་པ་འཛིན་པའི་སྲས། །འཚོ་མཛད་སྨན་པའི་རྒྱལ་པོའི་སྤྲུལཔ་ཡིན་པར་བཤདདོ

གཉིས་པ་དེ་ལྟར་མི་ལྡན་པའི་སྨན་པ་ཐ་མའི་སྐྱོནནི་འདི་ལྟ་སྟེ །རིགས་རྒྱུད་མེད་པའི་སྨན་པ་དེ། །ཝ་ཡིས་རྒྱལ་ས་བཟུང་བ་ལྟར། །ཀུན་གྱིས་སྤྱི་བོར་བཀུར་མི་འགྱུར། །གཞུང་དོན་མི་ཤེས་སྨན་པ་དེ། །དམུས་ལོང་དག་ལ་རྫས་བསྟན་བཞིན། །ནད་ཀྱི་རིགས་དང་དེ་བཅོས་ཐབས་ཤན་མི་ཕྱེད། གཞུང་དང་མན་ངག་མཐོང་གོམས་མེད་པའི་སྨན་པ་དེ། ས་རྒྱུས་མེད་པའི་གང་ཟག་ལམ་དུ་ཞུགས་པ་བཞིན། །ནད་རྟགས་དཔྱད་ལ་ཐེ་ཚོམ་འགྱུར། །བལྟ་རེག་དྲི་བའི་སྒོ་ནས་བརྟག་ཐབས་མི་ཤེས་པའི་སྨན་པ་དེ། མཛའ་བའི་གཉེན་ཤེས་མེད་པ་བྱེས་སུ་འཁྱམས་པ་འདྲབས །ནད་ངོ་ཤེས་པ་གཅིག་མི་འབྱུང༌། རེག་པ་རྩ་དང་ཆུ་ལ་མི་ཤེས་པའི་སྨན་པ་དེ། དགྲ་ཡིས་འཇིགས་པ་ཡོད་མེད་བྱ་པས་བྱ་གཏོང་མི་ཤེས་པ་དང་འདྲབས །ཚ་བ་དང་གྲང་བའི་ནད་ཀྱི་འདི་ཡིན་ཅེས་པའི་སྐད་མི་སྟེར། ནད་འདི་རེད་དང་དེ་བཅོས་པར་ཁ་དམར་མི་ཤེས་པའི་སྨན་པ་དེ། ཡུལ་མིའི་གཙོ་བོས་སྨྲ་བ་མི་ཤེས་པ་དང་འདྲབས །རང་སྐྱེངས་ཤིང་རྗེས་སུ་གྲགས་པ་ངན་པ་འཕོག ནད་རྐྱང་པ་ལྡན་འདུས་སྟོབས་ཆེ་ཆུང་རང་རྒྱུད་གཞན་དབང་གནོད་བྱ་ཡུལ་དུས་སོགས་སྦྱར་བའི་བཅོས་ཚུལ་མི་ཤེས་སྨན་པ་དེ། སྐར་ཁུང་མེད་པའི་མུན་ཁུང་དུ་འབེམ་ལ་མདའ་བརྡེག་པ་དང་འདྲབས །གཉེན་པོ་ནད་ཀྱི་ཐོག་ཏུ་འབབ་པར་མི་འགྱུརརོ །ཟས་སྤྱོད་བསིལ་དྲོད་མི་ཤེས་པའི་སྨན་པ་དེ། །རང་སྲིད་དེ་ཤོར་ཏེ་འབངས་དགྲ་ལ་ལོག་པ་དང་འདྲབས ནད་ཀྱི་སྟོབས་སྐྱེད་པས་ལུས་ཟུངས་ཀུན་འཇོམས། གཉེན་པོ་ཞི་སྦྱོར་མི་ཤེས་པའི་སྨན་པ་དེ། ཞིང་པས་སོ་ནམ་བྱེད་མི་ཤེས་པའི་ཞིང་པ་དང་འདྲབས །དམན་པ་དང་ལྷག་པ་དང་ཡང་ན་ལོག་པས་སླར་ཡང་ནད་སྐྱེད་པར་འགྱུར། རྩ་ལྟོ་སྦྱོང་བྱེད་མི་ཤེས་པའི་སྨན་པ་དེ། །བྱེ་མའི་རི་ལ་ཆུ་འབེབས་པ་དང་འདྲ། །ནད་དང་ལུས་ཟུངས་ཕྱོགས་གཅིག་ཏུ་མ་རུངས་པར་གྱུར་ནས་སྲོག་འཕྲོག་པར་བྱེད། དཔྱད་ཀྱི་ཆ་བྱད་དང་སྨན་མེད་པའི་སྨན་པ་དེ། གོ་མཚོན་མེད་པའི་དཔའ་བོ་དང་འདྲབས །ནད་ཀྱི་དགྲ་དཔུང་ཆོམས་མི་འགྱུར། །གཏར་དང་བསྲེག་མི་ཤེས་སྨན་པ་དེ། འདི་ལ་འདི་ཡོད་མི་སྨྲ་བའི་ནང་ཡན་མེད་པའི་རྐུན་མོ་ནོར་རྫས་དང་མ་འཕྲད་པ་འདྲ། །ནད་དང་དཔྱད་དུ་འཛོལ་བར་འགྱུརརོ

རྒྱུ་མཚན་དེའི་ཕྱིར་སྨན་པ་ངན་པ་རྣམས་ནི། ནད་གཞི་ཅི་ནི་ལྕི་བ་དང་ཡང་བ་དང་ཚ་གྲང་ལོག་པར་རྟོགས་པ་ཡིས། །གསོ་བ་བྱེད་ལུགས་ལོག་པ་དག་ཏུ་འགྱུར། འདི་འདྲ་བའི་སྨན་པ་སྟེ་བདུད་ཉིད་སྨན་པའི་ཆ་བྱད་ཅན། །གཤིན་རྗེའི་ཞགས་པ་ལག་ན་ཐོགས་པ་ཡིན་པས་ན། །སྲོག་གི་གཟུ་བ་སྟེ་སྲོག་གཤིན་རྗེའི་ལག་ཏུ་གཏོད་མཁན་ཡིན་པའི་ཕྱིརདེའང་ །འབྲེལ་བ་མི་བྱ་འཁོར་རྣམས་འཕུངངོ༌།

ལྔ་པ་སྨན་པའི་ལས་ལ་ཐུན་མོང་བ་དང་ཁྱད་པར་གཉིསལས །དང་པོ་ལུས་ངག་ཡིད་ཀྱི་བྱ་བའི་ལས། །ལུས་ཀྱིས་སྨན་དང་ཆ་བྱད་གང་ལ་གང་དགོས་པ་ཐམས་ཅད་ཚོགས་པར་བསག །ནད་ལ་ཕན་པའི་བྱ་བ་གང་ཡིན་དོན་དུ་གཉེརབར་བྱའོ

གཉིས་པ་ངག་གི་ལས་ནི་ཁ་དམར་གདགས་པ་སྟེནད་འདི་ཞེས་ལུང་བསྟན་པ། འཚོ་འཆི་རྟོགས་ན་ཁྲོམ་དུ་དུང་འབུད་ལྟ་བུར་ཁ་དམར་གདགས། གསོ་སླ་བ་ནི་འཚོ་བར་ཁས་བླངས་ནད་གསོ་དཀའ་བ་རྣམས་ཞག་འདི་ན་འཆི་བར་དུས་བཏབ་གཅེས། ཡན་ལག་བརྒྱད་པ་ལས། ཚེ་ཡི་རིག་བྱེད་ཅེས་བྱ་བ། ཚེ་ཤེས་པ་ལ་གནས་པ་ཡིན། ཞེས་གསུངས་པ་ལྟར་རོ། འཚོ་བའི་ཉམས་ཚོད་མ་ལོངས་ན་སྦྲུལ་ལྕེ་ལྟ་བུར་འཚོ་འཆི་ཡོད་མེད་གཉིས་སུ་གདགས། འཚོ་འཆི་གཉིས་ལ་ཞོན་ནས་དེ་དག་ལོག་པར་བྱས་ན་གང་བཟང་སྟེང་དུ་བྲོས།

ཡང་ན་ནད་པའི་བློ་དང་ནད་ངོ་མཐུན་པར་སྣང་བ་ན་དེ་ལྟར་ཡིན་ཞེས་གསལ་གདབ་ཅིང༌། སྨན་པ་རང་གི་བློ་ཡི་ཆོད་པདེའང་ཡུལ་ནད་པ་དང་བསྟུན་པ་དང༌། བཟང་ངན་གང་ཡང་སྲིད་པའི་སྒོ་མི་བགག་པར་ཚིག་བཙན་པའི་རྫོང་ལ་བྲོས། འདི་ནད་གཞི་ཤིན་ཏུ་ལྕི་མོད་ཀྱང་མིག་རྒྱང་གྱིས་འཚོ་བ་དང་འཆི་བ་ཡང་བལྟ་དགོས་སོ།།

དེ་ཡང་དང་པོ་ནད་པས་དོགས་པ་དང་སྨན་པས་རྟོགསཔ་གཉིས གཅིག་པར་མཐུན་ན་ནད་གཞི་དེ་ཉིད་གསལ་པོར་བརྗོད།

གཉིས་པ་ནད་པས་དུག་ཏུ་དོགས་པ་ལ། དེ་ལྟར་མ་ཡིན་པར་ནད་གཞན་ངོས་བཟུང་་དེ་ཉིད་ཐོག་ཏུ་མ་བྱུང་ཟེར་བའང་སྲིད་པའི་ཕྱིར། ལྟར་སྣང་བློ་བསྟུན་ལ་དེར་ནད་ངོས་མིང་བཏགས་ལ་དོན་དུ་ནད་གང་ཡིན་པ་དེ་རང་བཅོསདགོས་པ་ཡིན་ནོ །གསུམ་པ་འཚོ་བ་དང་འཆི་བ་ཉེན་ཆེ་དང་ཉེན་ཆུང་རྣམས། སྨན་པ་ནད་པ་གཉིས་ཀའི་ཀླུང་རྟ་དར་རྒུད་དང་ལས་དབང་འགྲོ་དང་མི་འགྲོ་དང་བསོད་ནམས་ཆེ་ཆུང་དང་རྐྱེན་གྱི་དབང་གིས། །ཇི་འདྲ་ནད་གཞི་ཆུང་ཀྱང་འཆི་བ་མང་ལ་ཇི་འདྲ་ནད་གཞི་ཆེ་ཡང་འཚོ་བའི་ཕྱིར། འཚོ་བའི་ཁ་དམར་ཧ་ཅང་གསལ་བ་ཁོ་ནར་སྨྲ་མི་བཏུབབོ །ཉེན་ཆེར་ཡོད་ཀྱང་གསོ་རུ་ནི་ཡོད་པར་སྨྲབ་དང་ །ཉེན་ཆུང་ཚོར་འདི་ལ་ཡང་བྱ་ར་བསྒྲིམ་དགོས་པར་སྨྲ། །ལར་ཡང་ཀུན་རྫོབ་ཏུ་མི་ཆོས་འཇིག་རྟེན་དག་དང་སྒོ་བསྟུན་པར་བྱའོ

གསུམ་པ་རང་གི་ཡིད་ཀྱི་ལས་མ་འཁྲུལ་བར་བརྩོན་པས་བསམ་ཞིང་བརྟག་ལ་དཔྱད་གཞིག་པར་དགོས་སོ།

གཉིས་པ་ཁྱད་པར་དུ་སྨན་པའི་ལས་ནི་ལྟ་བ་དང་སྒོམ་པ་དང་སྤྱོད་པ་གསུམལས དང་པོ་ལྟ་བ་ནི་སྤྱིར་ཆོས་རྣམས་ཀུན་ལ་མཚན་ཉིད་ཡང་དག་དབུ་མར་རྟོགསཔ་དང་ དེ་བཞིན་དུ་དམན་པའི་མཐའ་དང་ལྷག་པའི་མཐའ་ལོག་པའི་མཐའ་བཅས་སྤངས་པའི། ཆོས་ཚུལ་ཡང་དག་པ་དབུ་མར་བལྟ་བ་དེ་ནི་ལྟ་བའི་མཆོགཡིན་ནོ།

གཉིས་པ་སྒོམ་པ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཅས་ཏེ་ཚད་མེད་བཞི་ཡི་ངང་དུ་གནས། །ལོག་པའི་གོལ་ས་གནོད་སེམས་དང་ཞེ་སྡང་དང་ཕྲག་དོག་དང་ཆགས་སྡང་བཞི་རུ་མ་ཤོར་གཅེས།

གསུམ་པ་སྤྱོད་པ་སྤང་བླང་གཉིས་ལས་མི་དགེ་བ་བཅུ་སྤང༌བ་དེ་སྟེང་དུའང་ ཚུལ་དང་མི་མཐུན་པའི་སྨྱོ་བ་ལྟ་བུ་དང་འཆལ་གཏམ་དང་མི་རིགས་པའི་ཐོ་ཅོ་ཏེ་མང་བ་སྡིག་པ་དང་ངན་སེམས་སོགས་མི་སྤྱོད་པར་དོར སླང་བྱའི་སྦྱིན་པ་བཏང་བ་དང་ཚུལ་ཁྲིམས་སྲུང་བ་དང་བཟོད་པ་སྒོམ་པ་དང་བརྩོན་འགྲུས་བརྩམ་པས་སྤྱདདོ

དྲུག་པ་སྨན་པའི་འབྲས་བུ་ནི་གནས་སྐབས་དང་མཐར་ཐུག་གཉིསལས དང་པོ་གནས་སྐབས་ཀྱི་འབྲས་བུ་ཚེ་འདིར་སྐྱིད་པ་དང༌། །དབང་ཆེ་བ་དང་ལོངས་སྤྱོད་རྒྱས་པ་དགའ་བདེ་ཕུན་སུམ་ཚོགས་པ་ལྡན་པར་འགྱུརརོ

དེ་དག་སྒྲུབ་པར་བྱེད་པ་ནི་སྨན་འདི་ཉིད་ཡིན་པས། །དེ་ཡང་རང་གི་ཡོན་ཏན་མི་ལ་འཕྱརཞིང་ཀུན་གྱིས་རྟོགས་པ་དང་ རང་ལ་འཚེ་བའི་མི་ལའང་ཞེ་སྡང་དང་འཁོན་འཛིན་མེད་པར་སྤུན་ཟླ་བཞིན་བག་ཕབ་ལ། ཐབས་མཁས་ཀྱིས་འཁོན་ཇི་ལྟར་བྱེད་བརྟག་ཅིང་གདེངས་ཚོད་བླང་ཞིང་དེའི་སྤྱོད་པ་དང་བསྟུན་ལ་བཅོས། །དེ་ལྟར་བྱས་པ་ཡིས་རང་ལ་བསོད་ནམས་དང་ལྡན་ཅིང་སྙན་པའི་གྲགས་པ་ཐོབ་པར་འགྱུར། རང་གི་ཡིད་ལ་ཇི་ལྟར་འདོད་པའི་ཟས་དང་ལོངས་སྤྱོད་ཐམས་ཅད་ཤུགས་ལས་འབྱུང་བ འདི་ལྟ་བུ་འབྱུང་བའི་དུས་ང་རྒྱལ་མི་བྱ་བར་བག་དང་ལྡན་པས་བཙའ་བར་སྟེ་ཡོན་ཏན་ཆུད་མི་ཟ་བའི་ཐབས་ཤེས་བྱཞིང་ནད་པ་སོས་སུ་ཉེ་བར །བྲིན་པའི་དུས་སུ་རང་གང་དགོས་པའི་ཟས་ནོར་གཏང་རག་ངག་གིས་གཤེར་ཞིང་བླངསབར་བྱས་ལ དེ་ལས་འགྱངས་ན་དྲིན་བྱས་པར་བརྗེད་ནས་དྲིན་བྱས་པའི་ལན་ཙམ་ཡང་མི་ཁྱེརབའང་ཡོད་དོ

གཉིས་པ་མཐར་ཐུག་གི་འབྲས་བུ་ནི་གཡོ་སྒྱུ་དང་འདོད་པ་རྣམས། རིང་དུ་སྤངས་ནས་ནད་པ་གསོ་བ་ལ་འཇུག་པར་སྐུར་བ་ཡིན །བླ་ན་མེད་པའི་རྫོགས་པའི་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་པ་ཡིན། །ཞེས་གསུངས་ནས་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་དབུའི་གཙུག་ཏུ་ཐིམ་པར་གྱུར་ཏོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་བ་པོ་སྨན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ། དེ་ལྟར་ལེའུ་གཅིག་ནི་བྱ་བྱེད་སྨན་པའི་གནས་ཏེ་བཅུ་གཅིག་པའོ། །

དུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བཤད་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།

༈ དཔལ་ལྡན་བཤད་པའི་རྒྱུད་ཀྱི་མཆན་བུ་འདི། །

དབུར་སྟོད་༧འབྲི་གུང་འབྲུ་རྒྱལ་སྐྱུར་རའི་རིགས། །

དོན་གྱི་སྨན་པ་ཆོས་ཀྱི་གྲགས་པས་བཏབ། །

དེང་སང་བཤད་པའི་རྒྱུད་ཀྱི་གསོ་རིག་གཞུང་། །

སྤྱི་ཁོག་མ་ཁྲོལ་ལག་ལེན་དམ་དུམ་གྱིས། །

ནད་ལ་ཕན་པ་བསོད་ནམས་སྟེས་དབང་ཡིན། །

མཁས་པར་མ་བསླབས་ཁེང་གྲགས་སྨན་པ་རྣམས། །

རང་ཚུལ་རིག་ན་མཆི་མ་སྙིང་ཁོང་འཁྲུགས། །

ཚུལ་འདི་སོམས་ལ་གཞུང་འདིར་མཁས་པར་སློབས། །

མ་སྦྱངས་སྨན་པས་ས་སྟེང་ཁྱི་ལྟར་གང་། །

འགྲོ་བའི་བསོད་ནམས་སྣུམ་ཟད་མར་མེ་འདྲ། །

འདྲ་འམ་མེ་འདྲ་ཤེས་ལྡན་ཀུན་གྱིས་གཟིགས། །

                                                ཤུབྷཾ།།  །།

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།