སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༨། ཁྱད་པར་གསོ་ཚུལ་རྒྱས་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ཁྱད་པར་གསོ་ཚུལ་མདོར་བསྟན་རྣམ་དགུ་པོ། །དེ་དག་རྒྱས་པར་བཀྲོལ་ན་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁྱད་པར་གསོ་ཚུལ་རྒྱས་པར་བཤད་པ་ནི།

དང་པོར་ནད་ཀྱི་རྟགས་ལ་དཔྱད་པ་ལ་གལ་ཏེ་ཐེ་ཚོམ་ཟ་ན། བྱི་ལ་འཇབ་པ་ལྟ་བུའི་བཅོས་དགོས་ཏེ་རླུང་གི་ནད་ལ་སད་མདའ་སྲེ་ལོང་ཐང༌བཏང་བས་ཕན་ན་རླུང་དུ་ངེས་པ་དང་གནོད་ན་ནད་གཞན་ཡིན་ནོ །མཁྲིས་པའི་ནད་ལ་དེ་བཞིན་སད་མདའ་ཏིག་ཏའི་ཐང༌བཏང་བས་ཕན་ན་མཁྲིས་པ་དང་གནོད་ན་ནད་གཞན་ཡིན །བད་ཀན་ནད་ལའང་་སད་མདའ་རྒྱམ་ཚྭ་གསུམཔའི་ཐང་བཏང་བས་ཕན་ན་བད་ཀན་དང་གནོད་ན་ནད་གཞན་ཡིན་ནོ །ཕོ་ལོང་གཉན་སྲིན་ནད་ལ་སད་མདའ་བྱ་ཁྱུང་ལྔབཏང་བས་ཕན་ན་ངེས་གནོད་ན་ནད་གཞན་ཡིན །ཁྲག་འཁྲུག་རླུང་གཟེར་ནད་ལ་སད་མདའ་མ་ནུ་བཞིཐང་བཏང་བས་ཕན་ན་ངེས་གནོད་ན་ནད་གཞན་ཡིན། །སྦྱར་བའི་དུག་ལ་སད་མདའ་སྡུད་སྨན་བཏང༌བའི་འདུས་རྟགས་བྱུང་ན་དུག་དང་མ་བྱུང་ན་ནད་གཞན་ཡིན། །ཚ་གྲང་འདྲེས་པའི་ནད་ལ་སད་མདའ་སྨན་ཟས་སྤྱོད་ལམ་གང་རུང་ཞིག་བསིལ་བ་དང་དྲོ་བ་གཉིས་འདྲེས་ཤིང་གོམས་པ་བསྟེནཔས་གསལ་ལ །བཤལ་གྱི་ལྟོ་བ་སྲ་སྙིའི་སད་མདའ་སྣ་སེལ་འཁྲོག་ཐང་བཏང༌བས་ལྟོ་སྙི་འཁྲུ་འབྲིང་བ་འཕྲོད་པ་འདྲ་ན་ཚེགས་མེད་པའོ །མེ་བཙའི་སད་མདའ་སྣུམ་ལྡན་དྲོད་དུགས་འཕྲོད་ན་མེ་བཙའ་འཕྲོད་རྟགས་ཡིན་པ་དང༌། །གཏར་གའི་སད་མདའ་རྡོ་གྲང་ཆུ་ལྕག་བྱབས་ཕན་ན་གཏར་ག་འཕྲོད་པ་ཡིན །རྣག་གི་སད་མདའ་མེ་ཐུར་མིག་ཅན་བརྡེགདུས་བུག་པ་རྣག་གིས་འགགས་ན་རྣག་ཡོད་ལ་བུག་པ་ཁྲག་སོགས་ཀྱིསའགགས་ན་རྣག་མེད་པ་ཡིན་ནོ། །གཞན་ཡང་ནད་དེ་འདི་ཡིན་སྙམ་པ་ཡི། དེ་ཡི་གཉེན་པོའི་སྦྱོར་བ་ཆུང་ངུའི་སད་མདའ་བསྟེན། འཕྲོད་མི་འཕྲོད་ཀྱི་འཁྲིག་དང་ལྡན་པའི་ལྟར་སྣང་གང་བྱུང་བ་ཀུན་བསྡུར་ལ། །གཉེན་པོ་གང་ལེན་དེ་ཉིད་ཀྱི་ནད་ངོས་བཟུང་པས་བཅོས་པ་གཅེས། ནད་གང་ཡིན་གདེངས་མ་ཐོབ་ཚེ་ཁ་དམར་གསལ་བར་མི་སྨྲ་ཁ་ཅོལ་ཏེ་ལབ་རྒྱུ་ཉུང་བར་ཆུང་བར་འགྱུར། ནད་ངོས་མ་ཟིན་ན་འདི་དུས་གསལ་བར་མི་སྒྲོག་པར་བྱིངས་པོར་སྨྲ།

ནད་ལ་དེ་ཡིན་སྙམ་པའི་ངེས་པ་བརྟན་པོ་བརྙེད་ཅིང་གདེངས་ཐོབ་ན། །ནད་དེ་འདི་ཡིན་རྒྱུ་རྐྱེན་འདི་ཡིས་སྐྱེད། །ད་ལྟ་འདི་ན་མཐའ་གཞུག་འཚོ་འཆི་འདི་རུ་འགྱུར། །བཅོས་ཀ་འདི་བྱེད་དགོས་དུས་ཚོད་འདི་ནས་སོས། །ཡང་ན་མི་ཐུབ་འཆི་བའི་དུས་ཚིགས་བོར། གཉིས་པ་སྤོ་དར་འཕྱར་བ་བཞིན་ཀུན་གྱིས་གོ་བར་སྨྲ། གསུམ་པ་རྟ་རྒོད་དཀྱུས་འཛུད་ཀྱིས་བཅོས་ཚུལ་ཏེ་གཉེན་པོ་ནད་ཐོག་ཏུ་མི་འབབ་ལམ་གཞུག་དཀའབ་ནི་འདི་ལྟ་སྟེ །མ་སྨིན་ཚ་བའི་གཉེན་པོ་བསིལ་ན་གྲོགས་བད་རླུང་ཐོག་ཏུ་འབབ། དེས་གྲོགས་བྱས་ནས་རླུང་འཕེལ་བས་ནི་ཚ་བ་ཉིད་འཕེལ་བར་བྱེདདོ །དེ་ཕྱིར་བད་རླུང་གྲོགས་དེ་མ་ནུ་བཞི་ཐང་གིས་དབྱེ། །ནད་ཁྲག་དང་ཟུངས་ཁྲག་གཉིས་འོ་མ་དང་ཆུ་འདྲེས་པ་འདྲསྟེ །འབྲས་བུ་ཨ་བར་སྐྱུར་གསུམ་གྱིས་ཐང་བཏང་པ་དང་ཁྲག་ངན་བཅུད་དང་སྙིགས་མ་ཕྱེ་བ་བཞིན་ཕྱེ་ལ་གཏར། །དེ་ལྟར་མ་ཕྱེད་ན་ནད་ལུས་ལ་ཟུངས་ཁྲག་ཟད་ལ་གནོད། །བད་ཀན་སྨུག་པོའི་དུག་ཚད་བྱེར་བ་སྡུད་ཐང་གིས་བསྡུས་ལ་བསད། །མ་འདུས་ན་རི་དྭགས་ཐང་དེད་ལྟར་གཉེན་པོས་མི་གསོད་སླར་ལུས་ལ་འགྲམས་པར་འགྱུརརོ །གབ་པའི་ཚདཔ་ནི་གྲང་བའི་མགོ་ཕུར་སྟེ་གཡོག་ལྟ་བུ་དེ་དྲོད་ཀྱིས་བཤུ། །ཅི་ཕྱིར་ཞེ་ན་གྲང་བས་སྨན་དཔྱད་གཉེན་པོ་ལེན་མི་འགྱུར། །མ་ཞུབས་བསྐྱེད་པའི་ནད་ཀུན་ཐོག་མར་སྨིན་པ་དང་དྲོད་སྐྱེད་པའི་སྨནསེ་འབྲུ་སོགས་ཀྱི་སྦྱོར་བ་བསྟེན མ་ཞུའི་ནད་དེ་རྩེ་བཅིལ་རྟགས་ཐོབ་ནས་གཅོང་ནད་དེ་སྟོད་སྨད་གང་ཉེའི་ལམ་ནས་བཤལ་སྐྱུག་གང་འོས་ཀྱིས་སྦྱང༌། །བཤལ་གྱི་སྔོན་འགྲོ་སྨན་གྱིས་གབ་པ་སློང་བ་དང་བྱེར་བ་བསྡུས་པ་དང་འདྲེལ་བ་བཤིག་ལ་ནད་དེ་ལས་མ་ལྡོག་པའི་ཟས་སྨན་གྱིས་ནད་ཀུན་སློང༌། །ནད་དེ་མ་ལྷོངས་པར་བཤལ་ན་འཁྱག་རོམ་ཐོག་ཏུ་ཆུ་འབེབས་པ་དང་འདྲསྟེ་ནད་མི་དག་པའི་སྟེང་དུ་ནད་ལྡང་ངོ་

བཞི་པ་སྨན་པ་གཞན་གྱིས་སྔར་བཅོས་པའི་ནད་ལ་ཕན་པ་མ་བྱུང་བས་ནད་དེ་ལ། སྨན་པ་སྔ་མ་དེས་གཉེན་པོ་དམན་ནམ་ལོག་གམ་ལྷག་གམ་ལེགས་པར་བརྟགས་་བྱ་སྐྱར་མོས་ཉ་ལེན་པ་ལྟ་བུར་བཅོས གཉེན་པོ་དམན་པས་ནད་མ་ཞི་བ་ཡིན་འདུག་ན་སླར་ཡང་གཉེན་པོ་བོང་ཆེར་བསྐྱེད། གཉེན་པོ་ལོག་ནས་སླར་ཡང་ནད་སྟོབས་སྐྱེས་ན་གཉེན་པོའི་སྦྱོར་བ་གཞན་དུ་ཁ་བསྒྱུར། གཉེན་པོ་མི་དགོས་པར་ལྷག་ནས་ནད་གཞན་ལངས་པ་ཡིན་ན་གང་ལངས་པ་དེ་འགོ་མནན།

ལྔ་པ་ཚ་བ་རྐྱང་པ་སྟོབས་ཅན་ནད་ལ་སྨན་དཔྱད་ཟས་སྤྱོད་ཀྱི་ཆུ་བཞི་དབབ། །ག་བུར་བཏང་བ་དང་རྩེ་ཆུང་གཏར་བ་གཉིས་སྨན་དང་དཔྱད་ཀྱི་ཆུ། བཅུད་མེད་བསིལ་བའི་ཁ་ཟས་ལས་གཞན་སྤང་པ་ཡེན་ལ་གཏད་པ་ཟས་ཀྱི་ཆུ། གནས་བསིལ་སར་སྡོད་པ་སྤྱོད་ལམ་ཆུ་ཡིས་བཅོས། །གྲང་བ་རྐྱང་པ་སྟོབས་ཅན་ནད་ལ་སྨན་དཔྱད་ཟས་སྤྱོད་ཀྱི་མེ་བཞི་སྤོར། །དྲོད་དགུ་དྲོད་སྨན་རིགས་ཡོད་དོ་ཅོག་སྦྱར་བ་སྨན་གྱི་མེ་ཡིན་ཏེ། །མེ་བཙའ་དཔྱད་ཀྱི་མེ་དང་ཁ་ཟས་དྲོད་བཅུད་ཟས་ཀྱི་མེ། །གནས་གོས་དྲོ་བ་སྤྱོད་ལམ་མེ་ཡིས་བཅོས། །དེ་ལྟར་མ་བཅོས་ན་ནད་མྱུར་དུ་རྒྱས་ཏེ་ཚེ་སྲོག་ལ་གཏོདཔར་བྱེད་པས་ན་མི་ཤ་འཕྲང་ཕྲད་ལྟ་བུ་བཅོས་དགོས་སོ

དྲུག་པ་སྟོབས་ཆུང་ནད་ལ་སྐས་གདང་མས་འཛེག་གིས་དང་པོ་སྤྱོད་ལམ་གཟབ། །དེས་མ་ཞི་ན་ཕན་ཟས་བསྟེན་གནོད་ཟས་སྤང་ནས་ཟས་ཀྱིས་བཅོས། །དེས་མ་ཞི་ན་ཚ་བ་ལ་བསིལ་སྨན་དང་གྲང་བ་ལ་དྲོད་སྨན་གྱིས་བཅོས། །གསུམ་གས་མ་ནོན་ན་ཚ་བའི་ནད་གཏར་བ་དང་གྲང་ནད་སྲེག་པ་དཔྱད་ཀྱིས་ནད་ཡུལ་དབྱུང༌ངོ་

བདུན་པ་རླུང་དང་མཁྲིས་པ་བད་ཀན་ནད་རྐྱང་པ་དཔལ་བོས་དགྲ་འདུལ་བ་བཞིན་དུ །དེ་ཉིད་ཞི་བར་བྱ་ཞིང་ནད་གཞན་མ་ལངས་པར་བཅོས། །དེ་ལྟར་མ་ཤེས་ན་ལྡོག་རྒྱུ་བཅུ་གཉིས་རླུང་མ་ཞི་བར་བད་མཁྲིས་གཉིས་ལ་ལྡོག་པ་སོགས་འགྱུརཏེ །ལོག་པས་སྔ་མའི་ནད་རང་མ་ཞི་བར་ནད་གཞན་སྐྱེད་དེ། །རླུང་གི་ནད་ལ་ཁ་བ་དང་འི་རོ་བསྟེན་ན། །རླུང་ནད་མ་ཞི་བར་ཁ་བས་བད་ཀན་དང་ཚ་བས་མཁྲིས་པར་ལྡོག །མཁྲིས་པའི་ནད་ལ་ལན་ཚྭ་དང་ཚ་བ་བསྟེན །མཁྲིས་པ་མ་ཞི་བར་ལན་ཚྭས་བད་ཀན་དང་ཚ་བས་རླུང་གཉིས་སུ་ལྡོག །བད་ཀན་ནད་ལ་ཁ་བ་དང་ལན་ཚྭ་བ་བསྟེན །བད་ཀན་མ་ཞི་བར་ཁ་བས་རླུང་ནད་དང་ལན་ཚྭས་མཁྲིས་པ་གཉིས་སུ་ལྡོགགོ། སྨན་དཔྱད་ཟས་སྤྱོད་མི་འཕྲོད་པ་བསྟེན་པ་དང་གདོན་རྐྱེན་གྱིས་ནད་རྐྱང་པ་དེ་དག་འདུས་པར་ལྡོག་འང་ཡོད། ནད་ཆུང་བར་གཉེན་པོ་ཆེ་བ་ལྷག་པས་ནད་དེ་ཞི་ནས་ཀྱང་སླར་ནད་གཞན་སློང་སྟེ། །མངར་བ་དང་ལན་ཚྭས་རླུང་ཞི་ནས་བད་ཀན་དང་མཁྲིས་པ་སྐྱེད། །ཚ་བ་དང་སྐྱུར་བས་བད་ཀན་ཞི་ནས་རླུང་དང་མཁྲིས་པ་སྐྱེད། །མངར་བ་དང་ཁས་བས་མཁྲིས་པ་ཞི་ནས་བད་ཀན་དང་རླུང་སྐྱེདདོ

བརྒྱད་པ་ལྡན་པ་དང་འདུས་པའི་ནད་ལ་འདུ་བ་ཆ་མཉམ་ས་གཙོ་བོས་དམེ་ཤོར་འཁྲུགས་ཟླུམས་ལྟར་བཅོས་པ་ནི །ཨ་རུ་དང་བྲག་ཞུན་གཉིས་ནི་འདུ་བ་སྤྱི་རུ་སྙོམས ནད་ཀྱི་གནས་དང་ནད་གཞི་སོ་སོའི་ཁ་འཛིན་གཉིས་ལས་དང་པོ་གནས་ནི། སྙིང་ལ་ཛཱ་ཏི་གློ་ལ་ཅུ་གང་སྟེ། །མཆིན་པར་གུར་ཀུམ་སྲོག་རྩར་ལི་ཤི་བཏང༌། མཁལ་མར་སུག་སྨེལ་མཆེར་པར་ཀ་ཀོ་ལ། །ཕོ་བའི་ཁ་འཛིན་སེ་འབྲུ་པི་པི་ལིང༌། ནད་གཞི་སོ་སོའི་ཁ་གནོན་ནི་མཁྲིས་པའི་ཁ་འཛིན་ཏིག་ཏ་གསེར་མེ་ཏོག །རླུང་ལ་ཛཱ་ཏི་སླེ་ཏྲེས་རུས་བཅུད་སྲེ་ལོང་སོག་གཞུག་ཆུང་གསུམ། །བད་ཀན་མ་ནུ་འུ་སུ་བསེ་ཡབ་བཏང༌། །ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་ཏེ། །ཆུ་སེར་སྤོས་དཀར་ཐལ་རྡོར་སོ་མ་ར། །གཉན་དང་གདོན་ལ་གླ་རྩི་གུ་གུལ་ནག །དེ་དག་ནད་གང་དང་གང་ཡིན་པ་ལ་དགོས་ནད་ཀྱི་རྟགས་དང་སྦྱརལ་བཏང་ ནད་རྟགས་ཐམས་ཅད་འདུས་ན་ནད་དེ་དག་ཀུན་ལ་ཁ་གནོན་བཏང༌ངོ

གཉིས་པ་ལྡན་པ་དང་འདུས་པའི་ནད་ལ་གཉེན་པོ་ཆ་མཉམ་ཞིང་འོན་ཀྱང་གང་ཤས་ཆེ་བ་ལ། །གཉེན་པོའང་དེ་དང་བསྟུན་ལ་གང་མཐོ་བའི་ནད་འགོ་མནན། །ཡང་ན་སྔ་ཕྱི་རེ་མོས་སུ་སྤེལ་ནས་བཅོས་པའམ། ཡང་ནཉིན་མཚན་སྔ་དགོང་ལྟག་པ་སྤྲད་ལ་དུས་གཅིག་ཏུ་ཐམས་ཅད་གཞོམདགོས །ཉིན་དགུང་དང་མཚན་དགུང་ལ་བབ་དུས་མཁྲིས་པའི་ཚ་བ་བསདཔའི་དུས་ཡིན་པས བསིལ་བའི་སྨན་དང་བསིལ་བའི་ཟས་ཚ་བའི་དུས་དེར་བསྟེན། །སྲོད་དང་སྔ་དྲོ་ལ་ཕོ་བའི་མེ་དྲོད་གསོ། །དྲོད་སྨན་དང་དྲོད་ཟས་ཀྱིས་བད་ཀན་གྲང་འི་ནད་གཞིལ། །དགོང་དང་ཐོ་རངས་སྐབས་སུ་རླུང་ལ་བརྔན་པ་སྦྱིནཏེ །དྲོད་བཅུད་དང་ལྡན་པའི་ཟས་སྨན་གྱིས་ཐོར་བུའི་རླུང་གི་སྣ་བསླན།

གསུམ་པ་གཉེན་པོ་ལྷག་ན་གང་ལྷག་ན་གང་ལྷག་ཆེན་པོ་དགྲར་ལྡང་ཕ་སྤུན་དང་འདྲ་སྟེ་སྙོམ་པར་མ་བྱས་ན་གང་ཕམ་པ་དེ་དགྲར་ལྟ་བ་ལྟ་བུའོ། གཉེན་པོ་ཆད་ན་གང་ཆད་པ་དེ་སྐྱོངདགོས་ལ་མ་སྐྱོང་ན་མོ་ངན་འདྲསྟེ་དཔེར་ན་སྐྱེས་པ་གཅིག་ལ་ནང་མི་གསུམ་ཡོད་ན་གཅིག་ཤོས་བསྐྱངས་ཏེ་གཞན་པ་གཉིས་དེ་མ་བསྐྱང་ན་ཁྱིམ་ཚང་སྟོང་འགྲོ་བའོ །དེས་ན་འདུ་བ་ལྷག་པ་དང་ཆད་པ་མེད་པར་གཉེན་པོ་མཉམཔར་སྦྱར །ལུས་ཟུངས་བཟོ་རྒྱུ་འདྲ་བས་ཆུད་མི་གསནལུས་ཟུངས་ནི་བཟོ་རྒྱུའི་རྒྱུ་རྩ་དང་འདྲ་སྟེ་རྒྱུ་ཆ་མེད་ན་གང་བཟོ་འདོད་ཀྱང་བསམ་པ་བཞིན་ཏུ་བཟོ་མི་བཏུབ་པས་ལུས་ཟུངས་གསོ །ཕོ་བ་ཞིང་ས་འདྲ་བས་མེ་དྲོད་ལུས་ཟུངས་གསོ་བ་ལ་ཕོ་བའི་མེ་དྲོད་མེད་ན་ཟས་སྨན་ཟོས་ཀྱང་མི་ཇུ་བས་ཞིང་ས་མེད་ན་ས་བོན་མེ་སྐྱེ་བ་དང་འདྲ་བས་གསོདགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན ཚུལ་དེ་ལྟར་ཤེས་ན་འཚོ་བྱེད་སྨན་པཚད་དང་ལྡན་པར་འགྱུརརོ

དགུ་པ་མཛོ་ཁལ་ལུག་ཁལ་ལྟ་བུར་མཚམས་པར་བཅོས་ཚུལ་ནི།གནོད་བྱ་ལུས་དང་ཡུལ་ཚ་གྲང་དང་ནམ་ཟླའི་དུས་དང་མི་རིགས་ཀྱི་རང་བཞིན་དང་ན་ཚོད་རྒན་དར་བྱིས་གསུམ་དང་ །ནད་ཁམས་ཚ་གྲང་དང་གནས་སྟོད་སྨད་བར་དང་མེ་དྲོད་ཆེ་ཆུང་དང་ཉམས་སྟོབས་བཟང་ངན་དང༌། ཟས་དང་སྤྱོད་ལམ་འདྲིས་ཤིང་གོམས་པ་འདི་བཅུས་ནད་ཚབས་པོ་ཆེ་ནས་བཟུང་ཕྲ་མོ་ཡན་ཆད་བརྟགཏེ། དེ་བཅུ་པོ་ཐམས་ཅད་མཚུངས་ན་གཉེན་པོས་ནོན་པར་བཏང༌། །དེ་མ་ཡིན་ན་རྟགས་བཅུ་པོ་ཤས་ཆེ་ཆུང་འཚམ་ཚད་ལ་དཔགས་ཏེ་གཉེན་པོ་སྟོབས་ཆེ་ཆུང་དཔྱད་ལ་བསྟེན་པར་བྱ། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།