སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢། ལུས་ཀྱི་ཆགས་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་གཉིས་པ། ལུས་ཀྱི་ཆགས་ཚུལ་བསྟན་པ། 

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གྲུབ་པ་ལུས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དང་པོ་གང་གི་དོན་དུ་གསོ་བ་ལུས། །གྲུབ་པ་ལུས་གནས་བསྟན་པ་འདི་ལྟ་སྟེ། ལུས་འདི་ལྟར་ཆགས་ཚུལ་དང་གཅིག འདྲ་དཔེ་དང་གཉིས། གནས་ལུགས་དང་གསུམ། མཚན་ཉིད་དང༌བཞི །དབྱེ་བ་དང་ལྔ། ལས་དང་དྲུག འཇིག་ལྟས་དང་བདུན་དུ་བཤད།

དེ་ལ་དང་པོ་ཆགས་པའི་ཚུལ་བསྟན་པནི །ཆགས་པའི་རྒྱུ་དང་འཕེལ་རྐྱེན་དང་བཙའ་བའི་རྟགསདང་རྣམ་པ་གསུམལས །དང་པོ་ཆགས་པའི་རྒྱུ་ནི་ཕ་མའི་ཁུ་ཁྲག་སྐྱོན་མེད་པདང་ བར་དོའི་རྣམ་ཤེས་འཁྱམ་པོ་དང་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་བ་ལྔ་ཚོགས་པའི་ནི་མངལ་དུ་ཆགས་པའི་རྒྱུསྟེ །དཔེར་ན་གཙུབས་ཤིང་དང་གཙུབས་རྟེན་འདྲ་བ་སྐྱེས་བུས་རྩོལ་བ་དག་ལས་མེ་འབྱུང་བ་དང་མཚུངས། ཕའི་ཁུ་བ་དང་མའི་ཁྲག་སྐྱོན་ཅན་ནི་རླུང་གིས་རྩུབ་ཅིང་ནག་ལ་རོ་བསྐ་ལསླ །མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་མནམ། །བད་ཀན་སྐྱ་ཞིང་འབྱར་བག་ཅན་རོ་མངར་ཡོན་ཏན་བསིལ་བ་སྟེ། །ཁྲག་གིས་རུལ་ཏེ་བད་རླུང་གིས་དུམ་བུར་ཆད། །ཁྲག་མཁྲིས་ལས་རྣག་འདྲ་བད་མཁྲིས་མདུད་པ་ཅནགོང་བུར་འདྲིལ་པ །རླུང་མཁྲིས་ལས་སྐམ་ཞིང་འདུས་པ་ལས་བཤང་གཅི་འདྲ། །འདི་དག་རྣམས་ཀྱི་སྐྱོན་རེས་བུས་ས་བོན་བྱེད་མི་ནུས།

སྔོན་གྱི་ལས་མ་འཛོམ་འང་་རྣམ་ཤེས་མི་འཇུག་སྟེ། །ས་རླུང་མེད་ན་མི་འགྲུབ་ཆུ་རླུང་མེད་སྡུད་མི་ནུས། །མེ་རླུང་མེད་ན་མི་སྨིནརླུང་གི་རླུང་མེད་ན་འཕེལ་མི་འགྱུར། །ནམ་མཁའ་ཡི་རླུང་མེད་པར་འཕེལ་བའི་གོ་སྐབས་མི་ཕྱེད།

ཕའི་ཁུ་བ་སྐྱོན་མེད་ནི་དཀར་ཞིང་ལྕི་ལ་རོ་མངར་ལ་མང་བ་དང༌། མའི་ཟླ་མཚན་དེ་ཚོས་ཀྱི་ཁུ་བ་དང་རི་བོང་གི་ཁྲག་འདྲ་བ། །བཀྲུས་ན་དག་པར་འགྱུར་བ་ནི་སྐྱོན་མེད་པ་སྟེ་མངལ་ཆགས་པར་བྱེད་དོ

དེ་ཡང་བུད་མེད་ལོ་བཅུ་གཉིས་ལོན་ནས་ལྔ་བཅུའི་བ་དུ །དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག བུ་སྣོད་ཀྱི་རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོར་འབྱིན་ཞག་མ་སུམ་དུ་འཛགཔར།

དེ་རྟགས་ཉམ་ཆུང་བཞིན་རས་ངན་པ་དང༌། །ནུ་མ་རྐེད་པ་འགུལ་བ་མིག་དཀུ་དཔྱིའི་ནང་དུ་གཡོ། །ཟླ་མཚན་ལྡན་པ་སྐྱེས་པ་འདོད་པའི་རྟགས། །མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར། ཟླ་མཚན་འབབ་དུས་དང་པོའི་ཞག་གསུམ་དང་བཅུ་གཅིག་ཡར་ལ་བུ་མི་ལེནནོ

ཟླ་མཚན་ལྡན་པའི་ཞག་གསུམ་ཐེམས་པའི་ཕྱི་ནང་ནས་རྩིས་པའི་ཞག་གཅིག་དང་གསུམ་དང་ལྔ་དང་བདུན་དང་དགུ་ལ་བུར་འགྱུར་ཏེ། ཞག་གཉིས་དང་བཞི་དང་དྲུག་དང་བརྒྱད་པ་བུ་མོར་འགྱུར། །ཉི་མ་ནུབ་པས་པད་མའི་ཁ་ཟུམ་པ་བཞིནདུ ཞག་བཅུ་གཉིས་འདས་ནས་ཁུ་བ་མངལ་གྱི་ནང་མི་སྡོདཔས་རིགས་བརྒྱུད་མི་འབྱུང་ངོ་

ཁུ་བ་མང་བ་བུ་རུ་སྐྱེ་འགྱུར་གྱི། །ཟླ་མཚན་མང་བ་བུ་མོར་སྐྱེ་བར་འགྱུར། །ཆ་མཉམ་མ་ནིང་རླུང་གིས་དུམ་བུ་གཉིས་སུམ་བྱེ་ལས་མཚེ་མར་སྐྱེ། །སྐྱེ་གནས་མི་མཐུན་པ་མི་ལ་དུད་འགྲོ་སོགས་དང་གཟུགས་མི་སྡུགཞ་ལོང་འོན་སོགས །འདི་དག་གནོད་པའི་དྲི་མས་སྐྱེ་བར་འགྱུར།

མངལ་ཆགས་མཚན་མས་ས་བོན་འཛིན་པ་དང༌། །འདོད་པ་ངོམས་ཤིང་ལུས་སྙོམ་ལྕི་བ་ཡིན།

ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། །མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། རང་གི་སེམས་ལས་དབང་པོའི་རྣམ་ཤེས་འབྱུང༌། །ས་ཁམས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ཁམས་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ཁམས་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ཁམས་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། ནམ་མཁཁམས་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། ལས་དང་བག་ཆགས་གོམས་པས་བྱ་བ་ལ་འཇུག་སྣང་བ་མཆེདས་བོན་ལ་སོགས་རིམ་གྱི་སྐྱེད །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལུས་སུ་འགྲུབ།

དེ་ལྟར་ཆགས་ནས་འཕེལ་བའི་ཚུལ་བསྟན་པ། །མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་སྟེ། །བུ་སྣོད་གཡས་གཡོན་རྩ་གཉིས་དང་ལྟེ་བ་འབྲེལ། བུ་སྣོད་རྩ་གཉིས་བསམ་སེ་བཅུད་ཀྱི་རྟེན་དང་འབྲེལ། །དེ་ཕྱིར་མ་ཡི་ཁ་ཟས་དྭངས་མ་ཡིས། །རིམ་གྱིས་མངལ་དུ་ཆགས་པའི་ལུས་ཅན་དེ་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། །དཔེར་ན་རྫིང་ཡུར་ཆུ་ཡིས་ཞིང་སྐྱེད་འདྲ།

དེ་ཡང་ལུས་ཟུངས་བདུན་ཡོད་པའི་དབང་གིས་ཞག་བདུན་བདུན་ལ་འགྱུར་འགྲོ་བ་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་པ་ལྟར་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིབདུན་ཕྲག་སོ་བརྒྱད་ལ་ཞག་གྲངས་ཟླ་བ་བརྒྱད་དང་ཞག་ཉེར་དྲུག་ལས་མེད་པས་ཟླ་བ་དགུ་མ་ལོན་པ་ནི་ཁྱིམ་ཞག་ཡིན་ལ །རླུང་གིས་བསྒྱུར་ནས་ཟླ་དགུར་འཕེལ་འགྱུར་ཏེཚེས་ཞག་ཉིན་བརྒྱ་དོན་བཞི་ལྷག་ཙམ་འགྲོ་བ་ལ་ཟླ་དགུར་འཕེལ་ཞེས་པ་རྣམས་མི་འགལ་བ་ཡིན་ནོ །ཟླ་བ་དང་པོ་བདུན་ཕྲག་དང་པོའི་དུས། ཀུན་གཞི་རྣམ་པར་ཤེས་པ་ལས་སྲོག་གི་རླུང་ཞེས་བྱ་བ་ཐོག་མར་འཕྲོས་ཏེ་དེའི་བྱེད་ལས་འོ་མར་རུ་མ་བླུག་འདྲ་ཁུ་ཁྲག་འདྲེས། །བདུན་ཕྲག་གཉིས་པ་རླུང་ཀུན་བསྡུད་ཀྱིས་ནུར་ནུར་པོ་རུ་འགྱུར། །བདུན་ཕྲག་གསུམ་པ་རླུང་མཛོ་ཀས་ཞོ་ཆགས་ལྟ་བུར་སྣང༌།

སྐྱེས་བུ་འདོད་པས་དུས་འདིར་ལྟེ་བར་བསྒྱུར་བའི་ཐབས་བསྟེན་ཏེ། །མཚན་མ་གསལ་བར་མ་གྱུར་གོང་དུ་བྱ། །འདི་སྟོབས་ལྡན་པས་ལས་ཀྱང་ཟིལ་གནོན་ནུས།

སྐར་མ་རྒྱལ་ལ་བབས་པའི་དུསསྐྱེས་པ་བུ་ཡི་གཟུགསཆག་གང་པ །ལྕགས་སྣ་ཁ་ཡར་ལས་བརྡུངས་ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་སོལ་མེ་ལ། །མདོག་འགྱུར་བསྲེགས་པ་ེའུ་ཕོ་ཡོད་པའི་བ་ཡི་འོ་མའི་ནང༌། །གོང་གི་ལྕགས་སྣ་དུ་ཡོད་པའི་གྲངས་གསུརབའི་ཁུ་བ་སྙིམ་གང་ཁ་ལ་བླུད།

ཉི་མ་ཟླ་བའི་དྭངས་མ་གྲོང་པའི་ཆོས་ཀྱི་མ་གོས་པའི་བུ་དང་བུ་མོའི་ཁམས་དཀར་དམར་ཆ་མཉམ་བུ་རམ་བསྲེས་ནས་བཟའ་བ་དང༌། ལུག་ཐུག་བཅུ་བདུན་གྱི་སོག་པ་གཡས་པའི་བལ་གྱི་སྲད་བུ་སུམ་བསྒྲིལ་ལ་ལུག་ཐུག་གི་གྲངས་དང་མཉམ་པའི་མདུད་པ་བྱས་ལ་མའི་རྐེད་པར་བཅིངས་དང་གོང་གི་ཀུད་པ་སྣེ་ཅན་ལྟེ་བའི་འོག་གུ་འཕྱངས་པ་ལ་གོང་གི་བུ་གཟུགས་དེ་ཉིད་ལུ་གུ་ཕོ་ཡི་པགས་པར་དྲིལ་ནས་མགོ་འཇུག་མ་ལོག་པར་གདགས་པའི་རྟེན་འབྲེལ་བསྟེན་པར་བྱ།།

ཉལ་པོ་རྩོལ་དྲག་མཚན་མོ་གཉིད་མི་ལོག །ཉིན་གཉིད་ཤུགས་བཀག་ཚ་རྣོ་ལྕི་བ་དང༌། །བཤང་དགག་ཟས་དང་རློན་ཁྲུས་མས་བཏང་དང༌། །གཏར་ག་ལ་སོགས་ཟླ་བརྒྱད་བར་དུ་སྤང༌། །ཅི་ཕྱིར་མངལ་འཇིག་འཆི་འམ་དཀུ་སྐམས་འགྱུར།

བདུན་ཕྲག་བཞི་པརླུང་རབ་འབྱེད་ཀྱི་ཕོ་ལ་གོར་གོར་མོ་ལ་མེར་མེར་མ་ནིང་ལ་ནར་ནར་པོ། །དེ་ལས་ཕོ་མོ་མ་ནིང་རིམ་པར་འགྱུར། །དེ་རྟགས་དཀུ་ལྕི་ལུས་རིད་ཡི་ག་འགག །གཡལ་རྨྱང་སྒྱིད་སྐྱུར་ནུ་མ་སྐྱེ་བ་དང༌། །སྐྱུར་ལ་དགའ་ཞིང་སྙིང་ལ་སྣ་ཚོགས་འདོད། །དེ་རྣམས་བཀག་ན་མངལ་འཇིག་གཟུགས་མི་སྡུག་པར་འགྱུར། །དེ་བས་གནོད་པའང་ཕན་པ་དང་བསྲེས་ན་ཅུང་ཟད་རེ་བྱིནནོ

ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ། །མངལ་གནས་ཡང་དག་པར་སྡུད་པའི་རླུང་གིས་ལུས་ཀྱི་དང་པོ་ལྟེ་བ་ཆགས། བདུན་ཕྲག་དྲུག་པ་ལྟེ་བ་ལ་བརྟེན་རྒྱ་ཆེན་པོའི་རླུང་གིས་སྲོག་རྩ་ཆགས། །བདུནཕྲག་བདུན་པར་འཁྱིལ་བར་བྱེད་པའི་རླུང་གིས་མིག་གི་དབང་པོ་གཟུགས་སུ་དོད། བདུན་ཕྲག་བརྒྱད་པ་ཟློག་ཅིང་བསྒྱུར་བའི་རླུང་གིས་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས། བདུན་ཕྲག་དགུ་པར་རྣམ་པར་བྱེད་པའི་རླུང་གིས་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས།

ཟླ་བ་གསུམ་པ་བདུན་ཕྲག་བཅུ་པ་ལ། ཕྲ་བར་བྱེད་པའི་རླུང་གིས་དཔུང་པ་གཉིས་དང་དཔྱི་གཉིས་འབུར་དུ་དོད། བདུན་ཕྲག་བཅུ་གཅིག་བུ་ག་སྣང་བ་ཞེས་པའི་རླུང་གིས་དབང་པོ་དགུ་ཡི་གཟུགས་དབྱིབས་དོད། བདུན་ཕྲག་བཅུ་གཉིས་པ་ལ་རླུང་ཡོན་པོའི་སྒོ་ཞེས་པས་དོན་ལྔའི་གཟུགས་དབྱིབས་དོད། །བདུན་ཕྲག་བཅུ་གསུམ་པ་ལ་རླུང་སྤུར་རྒྱུ་པ་ཞེས་པས་སྣོད་དྲུག་གཟུགས་དབྱིབས་དོད།

ཟླ་བ་བཞི་པ་བདུན་ཕྲག་བཅུ་བཞི་ལ། རླུང་སྐུད་པའི་སྒོ་ཞེས་པས་དཔུང་རྐང་བརླ་རྐང་བཞི་པོའི་གཟུགས་དབྱིབས་དོད། བདུན་ཕྲག་བཅོ་ལྔ་པ་ལ་རླུང་པདྨ་ཞེས་པས་རྐང་ལག་རྗེ་ངར་དོད། བདུན་ཕྲག་བཅུ་དྲུག་པ་ལ་རླུང་བདུད་རྩི་འགྲོ་བ་ཞེས་པས་སོར་མོ་ཉི་ཤུ་དོད། བདུན་ཕྲག་བཅུ་བདུན་པ་ལ་རླུང་འབྲི་གདོང་ཞེས་པས་ཕྱི་ནང་འབྲེལ་བའི་རྩ་རྣམས་ཆགས།

ཟླ་ལྔ་བདུན་ཕྲག་བཅོ་བརྒྱད་པ་ལ་རླུང་དྲི་མ་མེད་པས་ཤ་ཚིལ་ཆགས། བདུན་ཕྲག་བཅུ་དགུ་པ་ལ་རླུང་ཤིན་ཏུ་ཕྲ་བས་ཆུ་བ་རྒྱུས་པ་ཆགས། བདུན་ཕྲག་ཉི་ཤུ་པ་ལ་རླུང་ཤིན་ཏུ་བརྟན་པས་རུས་དང་རྐང་མར་ཆགས། བདུན་ཕྲག་ཉི་ཤུ་རྩ་གཅིག་པ་ལ་རླུང་ཡང་དག་པ་ཟེར་བས་ཕྱི་ཡི་པགས་པ་གཡོགས།

དེ་ནས་ཟླ་བ་དྲུག་པ་བདུན་ཕྲག་རྩ་གཉིས་ལ། རླུང་ཀུན་ཏུ་རྒྱལ་བས་དབང་པོ་མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། འོག་སྒོ་གཉིས། མཚན་མ་བཅས་སྒོ་དགུའི་བུ་ག་རྣམ་པར་བྱེ། བདུན་ཕྲག་རྩ་གསུམ་པ་ལ་རླུང་ཡོངས་སུ་དག་པར་འཛིན་པས་སྐྲ་དང་བ་སྤུ་སེན་མོ་སྐྱེ། བདུན་ཕྲག་རྩ་བཞི་པ་ལ་རླུང་ཀུན་ཏུ་འཕྱོ་བས་དོན་སྣོད་གསལ་བར་སྨིན། །དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར། བདུན་ཕྲག་རྩ་ལྔ་པ་ལ་རླུང་གྲོང་ཁྱེར་འཛིན་གྱིས་རླུང་གི་རྒྱུ་བ་འབྱུང༌། བདུན་ཕྲག་རྩ་དྲུག་པ་ལ་རླུང་སྐྱེ་བ་མངོན་འགྲུབ་ཀྱིས་སེམས་ཀྱི་དྲན་པ་གསལ། །དེ་ནས་ཟླ་བ་བདུན་པ་བདུན་ཕྲག་རྩ་བདུན་ནས། བདུན་ཕྲག་སུམ་ཅུའི་བར་གྱིས་ཐམས་ཅད་གསལ་རྫོགས་འགྱུར། བདུན་ཕྲག་ཉེར་བདུན་པ་ལ་རླུང་སྨན་ཡོན་ཆེན་པོ་དང་། ཉེར་བརྒྱད་པ་ལ་རླུང་མེ་ཏོག་འཛིན་པ་དང་། ཉེར་དགུ་པ་ལ་རླུང་མེ་ཏོག་ཕྲེང་བ་དང་། སུམ་ཅུ་པ་ལ་རླུང་རྟགས་ཀྱི་སྒོ་རྣམས་སོ།  ཟླ་བ་བརྒྱད་པ་བདུན་ཕྲག་སོ་གཅིག་ནས། །སོ་ལྔའི་བར་དུ་རླུང་མེ་ཏོག་བསྡུད་པ་གཅིག་པུས་ཐམས་ཅད་ཆེར་འཕེལ་བྱེད། དེའི་དུས་མ་དང་བུ་གཉིས་ཐང་རེ་ལུས་སྐྱེད་དང་ཟས་བཅུད་ཆེ་ཆུང་གི་ཕྱིའི་ལུས་ཀྱང་གཟི་མདངས་འཕོ།

ཟླ་བ་དགུ་པ་བདུན་ཕྲག་སོ་དྲུག་ནས། མའི་མངལ་ལ་མངོན་པར་མི་དགའ་བ་མི་གཙང་བཙོག་པ་དང་མུན་ནག་དང་དྲི་མི་ཞིམ་པ་ཡོངས་སུ་སྐྱོ་བའི་འདུ་ཤེས་འབྱུང༌། བདུན་ཕྲག་སོ་བདུན་པ་ལ་ལོག་པའི་བུ་ཡོད་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ་དང་། བུ་མོ་ཡིན་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་འདུ་ཤེས་སྐྱེ། བདུན་ཕྲག་སོ་བརྒྱད་པ་ལ་ཐོག་མའི་རྐྱེན་ཞེས་བྱ་བའི་རླུང་དང་ཁ་འཐུར་དུ་བལྟ་བའི་རླུང་གིས་མགོ་མཇུག་ལོག་སྟེ་མངལ་ནས་འབྱིན། །འོན་ཀྱང་ཁྲག་ཟགས་པ་ན་འཕེལ་མི་ནུས། །མངལ་གྱི་ཁ་རྒྱས་ཟླ་བ་ཚང་ཡང་བཙའ་བ་དཀའ། །རླུང་གིས་མའི་དཀུ་བཀག་ན་ཟླ་བ་གྲངས་ཚང་ཡང་བཙལ་བར་འགོར།

དེ་ལྟར་མངལ་དུ་འཕེལ་ཞིང་སྨིན་པའི་ཚེ། །ཟླ་དགུ་འདས་ནས་བཙའ་བའི་དུས་ཡིན་ཏེ། །དེ་ཡང་མ་ཡི་གཡས་ལོགས་ལ་བརྟེན་ན་མའི་དཀུ་གཡས་མཐོ། །ལུས་ཡང་རྨི་ལམ་དག་ན་སྐྱེས་པ་མཐོང༌། །ནུ་ཞོ་གཡས་པ་སྔར་འབྱུང་ཁྱེ་འུ་སྐྱེ། །སྐྱེས་པ་ཕྲད་འདོད་གླུ་གར་རྒྱན་ལ་དགའ། མ་ཡི་རྟགས་དེ་རྣམས་གོང་ལས་ལྡོག་པ་བུ་མོ་སྐྱེ་བའི་རྟགས། །དེ་དག་འདྲེས་ལས་མ་ནིང་འབྱུང་བ་སྟེ། ལྟེ་བ་དབུས་དམའ་མཐའ་གཉིས་མཐོ་ན་མཚེ་མར་སྐྱེ།

དེ་ནས་མྱུར་དུ་བཙའ་རྟགས་ལུས་སྙོམ་ཞིང༌། །དཀུ་ལྷོད་སྨད་ལྕི་ཚང་ར་རྐེད་པ་ན། །ལྟོ་བ་ཆུ་སོ་ན་ཞིང་ལྡང་དུབ་བྱེད། །མཚན་མ་བྱེ་ཞིང་གཅིན་མང་དབང་མེད་ན་ཟུག་ལྡང༌།

བུད་མེད་སྔར་བཙའ་མྱོང་བའི་གྲོགས་ཀྱིས་སྐོར་ནས་བཙའ་བར་བྱ། འདི་ཡི་དུས་ལ་སྲོག་འབྲལ་འདྲ་བའི་ནདའབྱུང་བས་མའི་ལུས་སོས་ཚས་ཀྱིས་གསོབར་བྱའོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལུས་ཀྱི་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།