སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༦། ཟས་སྐོམ་གྱི་ཚུལ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅུ་དྲུག་པ། ཟས་སྐོམ་གྱི་ཚུལ་བཤད་པ།

 དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །འཚོ་བ་ཟས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །འཚོ་བ་ཟས་ཀྱི་གནས་ལ་བསླབ་པ་ནི། །ཟས་སྐོམ་ལེགས་པར་སྤྱད་པས་ལུས་དང་སྲོག་འཚོ་ཞིང༌། དེ་ལས་དམན་པ་དང་ལྷག་པ་དང་ལོག་པར་གྱུར་ན་ནད་བསྐྱེད་ཅིང་འཕྲལ་དུ་སྲོག་འཇོམསཔར་བྱེད་པ །དེ་ཕྱིར་ཟས་དང་སྐོམ་གྱི་སྦྱོར་བ་མཁས་པ་གཅེསསོ །འདི་ལ་སྤྱི་སྡོམས་ཟས་ཚུལ་ཤེས་པ་དང༌། །ཟས་བསྡམ་པ་དང་ཟས་ཚོད་རན་པར་བཟའ་བ་གསུམ།

དང་པོ་ཟས་ཀྱི་ཚུལ་ཤེས་པ་ལ་ཟས་དང་སྐོམ་གཉིས། དང་པོ་ཟས་ལ་འབྲུ་ཤ་སྣུམ་ངད་གཡོས་སྦྱར་ལྔལས དང་པོ་འབྲུ་ལ་གཉིས་ཏེ་གྲ་མ་ཅན་དང་གང་བུ་ཅན།

དེ་ལ་དང་པོ་གྲ་མ་ཅན་གྱི་འབྲུ་ཡི་སྡེ། །འབྲས་དང་ཁྲེ་དང་ཁྲ་མ་དང་གྲོ་དང་ནས་དང་སོ་བ་དང༌། །སྲེ་ད་ཡུག་པོ་ལ་སོགས་རོ་དང་ཞུ་རྗེས་མངར། །རོ་ཙ་རླུང་འཇོམས་ལུས་སྟོབས་བད་ཀན་སྐྱེད། །དེ་ལ་འབྲས་ནི་སྣུམ་འཇམ་བསིལ་ལ་ཡང༌། །ཉེས་པ་གསུམ་སེལ་རོ་ཙ་འཁྲུ་སྐྱུག་གཅོད། །ཁྲེ་ནི་ལྕི་བསིལ་ལུས་བརྟས་པར་བྱེད་ཆག་གྲུགས་སྦྱོར། །ཁྲ་མ་བསིལ་ཡང་རྩུབ་ཅིང་ཡི་གར་འཕྲོད། །གྲོ་ནི་ལྕི་བསིལ་འཚོ་བྱེད་རླུང་མཁྲིས་སེལ། །ནས་ནི་ལྕི་བསིལ་བཤང་འཕེལ་སྟོབས་སྐྱེད་མཆོག །སོ་བ་སྲེ་ད་བསིལ་ཡང་བད་མཁྲིས་སེལ།

གཉིས་པ་གང་བུ་ཅན་འབྲུ་སྲན་མ་དང་མོན་སྲན་གཉིས། རོ་བསྐ་མངར་ནུས་པ་བསིལ་ཡང་ཡོན་ཏན་སྐྱ་ལ་རྩ་སྒོ་འགག །བད་ཀན་ཚ་བ་སེལ་ཞིང་འཁྲུ་བ་གཅོད། །སྣུམ་སེལ་ཁྲག་མཁྲིས་ཚིལ་ལ་བྱུགས་ན་ཕན། །རྒྱ་སྲན་བད་རླུང་ལུད་པ་དབུགས་མི་བདེ། །གཞང་འབྲུམ་ཁུ་བའི་རྡེ་འཇོམས་ཁྲག་མཁྲིས་སྐྱེད། །མ་ཤ་མོན་སྲན་རླུང་འཇོམས་བད་མཁྲིས་ཁུ་སྟོབས་འཕེལ། །སྲན་ཆུང་ བསྐ་མངར་ཉེས་པ་གསུམ་ག་སྐྱེད། སྲན་ཆུང་གི་སྐྱོ་མས་མེ་དབལ་དྲེག་ནད་ཁྲག་ནད་སེལ། །ཏིལ་དཀར་ནག་འབྲུ་ལྕི་དྲོ་རོ་ཙ་རླུང་ནད་འཇོམས། །ཟར་མ་མངར་ཁ་སྣུམ་འཇམ་རླུང་ལ་ཕན། གང་བུ་དང་གྲ་མ་མེད་པས་དེ་གཉིས་ཀར་མིང་གཏགས་བྲ་བོ་དཀར་སེར་ནག་གསུམ་བསིལ་ཡང་རྨ་འཇིག་ཉེས་གསུམ་སྐྱེད།

འབྲུ་ཀུན་ནི་གསར་ཐོག་རློན་པ་ལྕི་བ་སྟེ། །སྨིན་པར་གྱུར་བའི་སྐམས་དང་རྙིང་པ་ལོ་ལོན་མ་རུལ་བ་ཡང་བ་ཡིན། །རྗེན་པ་བཙོས་དང་གཡོས་སུ་བྱས་པ་ཀུན། གོང་རིམ་བཞིན་དུ་ཡང་ཞིང་འཇུ་སླ་འཕྲོད་པར་འགྱུར།

གཉིས་པ་ཤ་ནི་སྡེ་ཚན་བརྒྱད་དང་སྐམ་གཤེར་ཐུན་མོང་གནས། །རྨ་བྱ་གོང་སྲེག་སྐྱུང་ག་བྱ་ནག་དང༌། །རི་བྱ་རྣམས་ནི་ཁྲོན་གྱིས་ཞེས་པ་མཆུ་རྐང་གཉིས་ཀས་འབྲད་ཅིང་རྐོ་བའི་སྡེཚན །ནེ་ཙོ་ཁུ་བྱུག་ཐི་བ་སྐྱ་ག་དང༌། འཇོལ་མོ་བྱེ་འུ་མཆུ་ཡིས་རྐོ་བའི་སྡེཚན །ཤ་བ་གླ་དགོ་གཉན་དང་རི་བོང་དང༌། །གཙོད་ཀྱི་ཤ་རྣམས་རི་དྭགས་སྡེ་ཚན་ཡིན། །རྒྱ་དང་ཁ་ཤ་ར་རྒོད་ཕག་རྒོད་དང༌། །མ་ཧེ་བསེ་རུ་སྨུག་མ་ཧེ་རྐྱང་དང་གཡག་རྒོད་འབྲོང་དང༌། །མཛོ་རྒོད་ལ་སོགས་རི་དྭགས་ཆེ་བའི་སྡེ། །སྟག་གཟིག་དོམ་དྲེད་གསའ་དང་སྤྱང་ཀི་གཡི། །ཝ་དང་འཕར་བ་སྤྲེ་སོགས་གཅན་གཟན་སྡེ། །བྱ་རྒོད་ཁྭ་རླག་ནེ་ལེ་བྱ་རོག་དང༌། །འུག་པ་བྱེའུ་ཁྲ་རང་གི་རྩལ་གྱིས་མཐུས་ཤ་ཟ་བའི་སྡེ། །མཛོ་གཡག་རྔ་མོ་རྟ་བོང་བ་ལང་དང༌། སྐོམ་པོ་ར་ལུག་ཁྱི་དང་ཕག་པ་ཁྱིམ་བྱ། །བྱི་ལ་ལ་སོགས་མི་ཡིས་བདག་བྱེད་སྡེ། །འཕྱི་བ་བྱི་ཐུར་སྦལ་པ་དང་སྦལ་པ་སྤྱིར་ཁུང་དུ་མི་གནས་པས་ནགས་ཀྱི་སྦལ་པ་ལ་དགོངས་ལ་སྦྲུལ་དང་གྲུམ་པ་དང༌། །རྨིགས་པ་རྩངས་པ་སྡིག་པ་ཁུང་གནས་སྡེ། །ཁྲུང་ཁྲུང་ངང་བ་དཀར་པོ་ངུར་སེར་པོ་སོ་བྱ་སྐྱར་མོ་ཤ་ཟན་དང༌། །སྲམ་དང་ཉ་སོགས་ཁོངས་སྦལ་པ་ལྕོང་མོ་ལ་སོགས་ཐམས་ཅད་གོ་ལ་དེ་རྣམས་རླན་ལ་གནས་པའི་སྡེ།

སྡེ་བརྒྱད་ཤ་རྣམས་རོ་དང་ཞུ་རྗེས་མངར། །ཐོག་མ་ཁྲོན་གྱིས་བརྐོ་བ་ནས་རི་དྭགས་ཆེ་བ་ཡན་དང་མཐའ་མ་ཁུང་གནས་དང་རླན་གནས་བར་མ་གཅན་གཟན་དང་རྩལ་མཐུས་ཟ་བའི་བར་སྐམ་གཤེར་ཐུན་མོང་གནས། །སྐམ་སའི་སོགས་རྣམས་སྤྱིར་བསྟ་པ་ཤ་རྣམས་བསིལ་ཞིང་ཡང་ལ་རྩུབ། །རླུང་དང་བད་ཀན་ལྡན་པའི་ཚ་བ་སེལ། །རླན་གནས་ཤ་རྣམས་སྣུམ་ཞིང་ལྕི་ལ་དྲོ། །ཕོ་བ་མཁལ་རྐེད་གྲང་རླུང་ནད་ལ་ཕན། སྐམ་རློན་གཉིས་ཀ་ཐུན་མོང་དུ་གནས་པའི་ཤ་ནི་ནུས་པ་གཉིས་ཀར་དང་ལྡན

བྱ་གཅན་རྩལ་མཐུས་ཤ་རློན་ཟ་བ་རྣམས། །རྩུབ་ཡང་རྣོ་བས་ཕོ་བའི་མེ་དྲོད་སྐྱེད། །སྐྲན་བཤིག་ཤ་འཕེལ་གྲང་བའི་ནད་ཀུན་སེལ། སོ་སོའི་ནུས་པ་བསྟན་པ་སྟེ་ལུག་ཤ་སྣུམ་དྲོ་སྟོབས་འཕེལ་ལུས་ཟུངས་སྐྱེད། །རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད། །ར་ཤ་ལྕི་བསིལ་ཉེས་པ་གསུམ་སློང་ཞིང༌། །བསེ་དུག་འབྲུམ་ནག་མེས་འཚིག་རྨ་ལ་ཕན། །བ་ལང་བསིལ་སྣུམ་རླུང་ལྡན་ཚ་བ་སེལ། །རྟ་རྐྱང་བོང་བུ་ལ་སོགས་བཤུལ་ཤ་རྣམས། །རྣག་གཅོད་མཁལ་རྐེད་གྲང་བ་ཆུ་སེར་སེལ། །ཕག་ཤ་བསིལ་ཡང་རྨ་འཇིག་སྨུག་པོ་སེལ། །མ་ཧེའི་ཤ་ཡིས་གཉིད་དང་ཤ་འཕེལ་བྱེད། །གཡག་ཤ་སྣུམ་དྲོ་གྲང་སེལ་ཁྲག་མཁྲིས་སྐྱེད། །ཁྱིམ་བྱ་བྱེའུ་ཁུ་འཕེལ་རྨ་ལ་ཕན། །རྨ་བྱ་མིག་ནད་སྐད་འགགས་རྒས་སྲ་ཕན། །གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་སྐྱེད། །རི་དྭགས་བསིལ་ཡང་ལྡན་ཚད་སེལ་བར་བྱེད། །རི་བོང་ཤ་རྩུབ་དྲོད་སྐྱེད་འཁྲུ་བ་གཅོད། །འཕྱི་བ་སྣུམ་ལྕི་དྲོ་ཞིང་འབྲས་ལ་ཕན། །གྲང་རླུང་ཕོ་བ་མཁལ་རྐེད་མགོ་ནད་སེལ། །སྲམ་ཤ་རོ་ཙ་མཁལ་རྐེད་གྲང་བ་སེལ། །ཉ་ཤ་ཕོ་བའི་ནད་སེལ་དང་ག་འབྱེད། །མིག་གསལ་རྨ་འབྲས་བད་ཀན་བཤིག་པར་བྱེད།

ཤ་ཀུན་ཕོ་མོའི་སྟོད་སྨད་ཕྱེད་ལྕི་སྟེ། །སྦྲུམ་མ་ལུས་སྟོད་སྨད་ཀུན་ལྕི་རྐང་བཞི་མོ་ཡི་ཤ་ཡང༌། །བྱ་རྣམས་ཀུན་ནི་ཕོ་ཡི་ཡང་བ་ཡིན། ཁྱད་པར་དུ་ཤ་ཐམས་ཅད་ཀྱི་མགོ་དང་རོ་སྟོད་བྲང་རྒྱབ་དཔྱི་རྐེད་ལྕི། །ལུས་ཟུངས་བདུན་པོ་སྔ་མ་ལྔ་མ་ལས་ཕྱི་མ་ཕྱི་མ་ལྕི། །ཤ་གསར་བསིལ་ཞིང་ཤ་རྙིང་དྲོ་ལ་བཅུད། ལོ་ལོན་པའི་ཤ་ཁྱད་པར་དུ་རླུང་གནོན་མེ་དྲོད་སྐྱེད། མ་བཙོས་པ་རློན་པ་བཙོས་ནས་འཁྱགས་པོ་བསྲེགས་པ་འཇུ་དཀའ་ལྕི། །སྐམ་དང་བཙོས་དྲོད་སོང་པ་ཡང་ཞིང་འཇུ་བ་སླ།

གསུམ་པ་སྣུམ་ནི་མར་དང་ཏིལ་མར་རྐང་མར་ཚིལ། །རོ་མངར་མར་ལས་ཏིལ་མར་སོགས་སྔ་མ་ལས་ཕྱི་མ་རིམ་པ་ལྟར་ལྕི་བསིལ་ཁོང་འཁྲུ་སྣུམ། ཡོན་ཏན་རྟུལ་དང་ཕྲ་ལ་མཉེན་ཞིང་རླན་པ་ཡིན། །རྒས་བྱིས་སྟོབས་ཆུང་སྦེག་ལུས་ངན་པགས་པ་རྩུབ་ཁུ་ཁྲག་ཟད། ནད་དང་ངལ་དུབ་སོགས་ཀྱིས་གདུང་ན་སྦྱང་བྱས་པ་དང་སེམས་ལས་མང་བ་རླུང་ནད་གིས་ཉེན་པ་ལ་བསྔགསཔ་ཡིན་ནོ

དེ་ལ་མར་གསར་བསིལ་ཞིང་རོ་ཙ་ལ། །མདོག་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ་རྨ་འཚོ། མར་ཁུ་ཞུན་མའི་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་ཕྲག་ཀྱང་བྱེད། གུད་ལ་བཞར་ཚེར་ཕྲུམ་རློན་གསར་པ་སྤྲི་དང་ཕྱུར་བ་ལ་སོགས་པ། སོགས་ཁོང་རྒྱ་ཕྲུམ་སྟེ་སྙིང་པོ་བཏོན་པའི་འོ་མ་སྐྱུར་ཅུང་ཟད་བཏབ་པར་གདུས་པའི་གོང་བུའོ། ཕྲུམ་གསར་འོ་མ་དང་དར་བའམ་སྐྱུར་ཅུང་ཟད་བསྲེས་པ་ལས་བྱུང་བ་ཡིན་ལ། སྤྲི་ནི་བེའུ་སྐྱེས་མ་ཐག་པའི་འོ་མ་ལས་གདུས་པ། འགའ་ཞིག་གིས་ཕྲུམ་གསར་ཆུར་བར་འདོད་པ་རྣམས་ནི་འཁྲུལ་ལོ། དང་ག་ལེན་ཞིང་རྟུག་སྐམས་བད་ཀན་སེལ། །ཟོ་མར་ཟར་ཤའམ་ཟོ་རྩི་བད་རླུང་སེལ་ཞིང་མེ་དྲོད་སྐྱེད། །འབྲི་དང་ལུག་མར་དེ་བཞིན་གྲང་རླུང་སེལ། །མཛོ་སྙོམས་བ་ར་བསིལ་བས་རླུང་ཚད་སེལ། །ཏིལ་མར་ཚ་རྣོ་སྐེམ་པོ་ཤ་སྐྱེད་ཅིང༌། །སྦོམ་པོ་འབྲི་ལ་མཁྲེགས་ཏེ་བད་རླུང་སེལ། །ཡུངས་མར་རླུང་གནོན་བད་མཁྲིས་སྐྱེད་པ་ཡིན། །རྐང་མར་རླུང་འཇོམས་ཁུ་སྟོབས་བད་ཀན་སྐྱེད། །ཚིལ་གྱིས་རུས་ཚིགས་ན་དང་མེས་འཚིག་དང༌། །རླུང་དང་རྣ་བ་དང་ཀླད་པ་དང་མངལ་ནད་སེལ་བར་བྱེད།

སྐྱེས་བུ་སྣུམ་ལ་བརྟེན་པར་བྱེད་པ་རྣམས། །ནང་གི་མེ་དྲོད་འབར་ཁོང་པའི་བད་སྣབས་སོགས་དག་པ་དང༌། །ལུས་ཟུངས་འཕྲལ་བརྟས་སྟོབས་དང་མདོག་བཟང་ལྡན། །དབང་བརྟན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤད།

བཞི་པ་སྔོ་ངད་སྒོག་བཙོང་ལ་སོགས་ཚ་བ་དང༌། །ཁུར་མངས་རྒྱ་ཁུར་ལ་སོགས་ཁ་བ་དང༌། །སྐམ་དང་གཤེར་བའི་གནས་སུ་སྐྱེས་པ་དང༌། །སྐམ་དང་རློན་པ་གཡོས་བྱས་རྗེན་པ་རྣམས། །སྒོག་བཙོང་རྣམས་ལ་གཡོས་བྱས་དྲོ་ལ་ཡང་བ་དང་གཤེར་བའི་བ་དང་རློན་པའམ་རྗེན་པ་རྣམ་བསིལ་ཞིང་ལྕི་བ་བཅས་སྔ་མས་གྲང་བ་སེལ་བ་དང་ཕྱི་མས་ཚད་ནད་སེལལོ

བཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །སྒོག་སྐྱ་ལྕི་བསིལ་སྲིན་ནད་ཚད་རླུང་སེལ། སྐར་མ་གདོང་མ་ཤར་ཚུན་ལ་ཕུག་གཞོན་ནུ་ཡང་དྲོ་མེ་དྲོད་སྐྱེད། རི་ཥི་ཤར་ཟིན་ནས་ནར་སོན་ལྕི་བསིལ་བད་ཀན་སྐྱེད་པར་བྱེད། །ཉུང་མ་དེ་བཞིན་དུག་ནད་མ་ལུས་བསྲུང༌། །རི་སྒོག་ཐམས་ཅད་འཇུ་དཀའ་ཟས་ལེན་ལྕི། །ལྕུམ་དང་ཆུ་ལོས་བད་ཀན་དང་ག་འབྱེད། །སྔོ་ཀུན་རྩ་སྒོ་འགག་ཅིང་སྨན་ནུས་འཇོམས།

ལྔ་པ་དེ་ལ་གཡོས་སུ་བྱས་པའི་ཟས་སྡེ་ལ། །འབྲས་ཐུག་འབྲས་རྔོས་བཏགས་པའི་ཐུགས་པ་སླ་དང་སྐ་དང་གར་བ་དང༌། འབྲས་ཆན་རྣམས་ནི་སྔ་མ་སྔ་མ་ཡང༌། །སླ་བ་སྐོམ་པ་དང་རྨྱ་ལུས་ཁམས་ཉོབ་པ་དང་ཉེས་པརློན་ཁྲུས་སོགས་བཏང་བའི་འཇུག་གི་ལྷག་མ་འཇོམས། དེ་ཉིད་འཇུ་སླ་ཞིང་ཟུངས་སྙོམས་དྲོད་སྐྱེད་རྩ་སྦུབས་མཉེན། །སྐ་བ་དྲོད་སྐྱེད་བཀྲེས་པ་དང་སྐོམ་པ་དང་ཉམ་ཆུང་རྨྱཁམས་ཤུགས་མེད་པར་བསྐྱེད །ནད་འཇུ་བྱེད་ཅིང་དྲི་མ་འགགས་པ་སེལ། འབྲས་ཐུག་གར་པོས་འཁྲུ་བ་གཅོད་ཅིང་ཡིད་དུ་འོང་བ་སྟེ་བརྟན་པོ་སྐོམ་པའང་སེལ། །དེ་ཕྱིར་སླ་བ་ནས་གར་བའི་རིམ་པས་ཉམ་ཆུང་ཁྲུས་བཤལ་བའི་རྗེས་བསྔགས། །འབྲས་ཆན་ལེགས་བཙོས་ཚ་བའི་སྨན་དང་བསྐོལ། ཡང་ཞིང་འཇུ་སླ་ཤ་ཁུ་འོ་བསྐོལ་ལྕི། །འབྲས་ཡོས་འཁྲུ་བ་གཅོད་དང་རུས་ཆག་སྦྱོར། །སྲུས་ཐུག་དང་ནས་ཐུག་ཆག་ཚེ་ཡིས་དྲི་ཆེན་གྱི་རྒྱུན་འགག་མེ་དྲོད་འཇོམས། །ཡོས་དྲལ་བའི་ཐུག་པ་ཡང་ཞིང་འཇམ་དྲོ་ཕོ་བར་འཕྲོད། །རྩམ་པ་ཆུ་གྲང་མོ་ལ་བཏབས་ཏེ་བསྐོལ་བས་སྟོབས་སྐྱེད་ལྕི་བ་ཡིན། །བཙོས་ཟན་ཡང་ལ་འཇམ་པས་འཇུ་བ་སླ། ཟན་ཁེངས་པོ་རེངས་པ་ཐམས་ཅད་ཕོ་བའི་མེ་དྲོད་འཇོམས། །ཨ་སྦྱར་བཙོས་ཟན་སྣུམ་ཅན་སླ་མོ་འཇུ་སླ་སྟོབས་འཕྲོག་པའི་ཉེས་པ་ཀུན་སེལ། །ཟན་ཆང་རླུང་སེལ་ཁོང་པའི་དྲོད་ལ་ཕན། ཉུང་མ་དང་ལ་ཕུག་བཏུབ་ཏེ་སྲན་ཕྱེ་སྦྱར་བས་སྐྱུར་པོ་ཟས་ལེན་ཉེས་པ་སེལ་ལ་སྙིགས་མ་དང་ཞབས་ཀྱི་བཙག་མ་བཅད་པ་ངན་པའམ་དམད། །ཤ་ཁུ་ཉམས་བརྟས་ཚིམ་པར་བྱེད་ཅིང་རླུང་ལ་ཕན། །ཟན་སྐམ་ཚོད་མ་རླུང་ལ་མཆོག་ཏུ་བསྔགས།

ཟྭ་ཚོད་རླུང་འཇོམས་དྲོད་སྐྱེད་བད་མཁྲིས་སློང༌། །ལྕམ་པ་བེ་ཁུར་དྲོད་སྐྱེད་འཁྲུ་བ་གཅོད། །དྭ་བའི་ཚོད་མས་རླུང་འཇོམས་རྨ་སྐེམ་བད་མཁྲིས་སྐྱེད། བོད་སྣེ་ཚོད་མས་མིག་ལ་གནོད་ཅིང་རྟུག་སྐམ་སེལ། །མོན་སྣེ་དང་རྒྱ་སྣེ་དམར་པོས་ཉེས་པ་གསུམ་ག་སེལ། རྒྱ་ཁུར་སྐྱབས་དང་ཁུར་དཀར་ཚོད་མ་བསིལ་ཏེ་ཚ་བ་སེལ། །སྔོ་སྒའི་སྲིབས་སུ་སྐྱེ་བ་ལོ་མ་ཤ་བའི་རྣ་བ་ལྟ་བུ་མེ་ཏོག་སེར་ལ་རོ་ཁ་ཚ་ཡོད་པ་གོ་དོན་ལ་ལྷོ་དུག་ནག་པོ་ཤ་ལ་ཡུ་རིང་གཡལ་སྒ་བྱེ་སྒ་གསུམ་མོ། ཚ་བ་དང་མཁྲིས་ཚད་དང་མགོ་ནད་སེལ། །སྲན་ཚོད་ཁ་ཟས་ལེན་ཞིང་བད་རླུང་སྐྱེད། །ལུས་ཀྱི་སྣུམ་འདོན་འབྲུ་མར་མ་ཞུ་སེལ། །ལོ་གསར་སྙོམས་ཤིང་བཤུར་སྙིང་པལམ་འགའ་ཞིག་ནི་ལོ་འདབ་བཞུར་བའི་རྐང་དེ་ཡིན་པའང་འདོད་ཀྱང་བཤུར་བ་ཞེས་པ་ནི་རད་པའམ་རྙིང་པའི་བརྡ་ཡིན་ནོ། །ནུས་བས་བད་རླུང་སྐྱེད། །ཡུངས་ཀར་ལོ་མ་བད་མཁྲིས་འཁྲུག་པར་བྱེད། །ལྕ་བ་ར་མཉེའི་ཚོད་མས་བད་རླུང་སེལ། །ལ་ཕུག་ཚ་བ་དྲོད་སྐྱེད་འཁྲུ་བ་གཅོད། །སྒོག་སྐྱ་སྒོག་སྔོན་ཚ་བ་རླུང་ལ་ཕན།

ལན་ཚྭས་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད། །དྲོད་སྐྱེད་འཇུ་བ་སླ་ཞིང་བཤང་བ་འབྱིན། །གཡེར་མས་རྩ་སྒོ་འབྱེད་ཅིང་བད་རླུང་སྐྱེད། །སྒ་ཡིས་དྲོད་སྐྱེད་ཤིང་ཀུན་རླུང་ནད་འཇོམས། །སྤོད་ཀུན་ཟས་ཀྱི་བྲོ་སྐྱེད་ཡི་གར་འོང༌།

བཏུང་བ་འོ་མས་རླུང་ཆུ་ཡིས་མཁྲིས་པ་དང་ཆང་གིས་བད་ཀན་ལ་སོགས། །རིམ་བཞིན་ནད་སེལ་ལ་དེ་ལྡོག་ཆང་མཁྲིས་པ་དང་ཆུ་རླུང་ནད་དང་ལོ་མ་བད་ཀན་བཅས་ལྡོག་པས་དེ་རབ་སྐྱེད།

སྤྱིར་འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། ཕལ་ཆེར་ཞེས་པ་སྨྲ་སྒོ་ལས། ཕལ་ཆེར་ཞེས་པ་མ་ཚང་བའི་ཚིག །ཅེས་པས་རོ་དང་ཞུ་ཞེས་མངར་བ་ཁོ་ན་མ་ཡིན་པའི་འོ་མ་གཞན་ཡང་ཡོད་པར་སྟོན་པ་ཡིན་ཏེ་ཡན་ལག་བརྒྱད་པར། རྔ་མོ་འོ་མ་ཅུང་ལ་རྩུབ་པ་དང་རོ་ལན་ཚྭ་བྲོ་ཞིང་དྲོད་ཆེ། ཞེས་དང་། རྨིག་པ་ཅན་གྱི་འོ་མ་ཚ། ཡན་ལག་རླུང་སེལ་སྒྱུར་བཅོས་ཤིང་། །ལན་ཚྭ་བྲོ་ཞིང་རྨོངས་པར་བྱེད། །ཅེས་པ་སོགས། །སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་ལྡན་པ་སེལ། རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན།

བྱེ་བྲག་བ་ཡི་འོ་མ་གློ་རྡོལ་གཅོང་ལ་ཕན། །རིམས་རྙིང་གཅིན་སྙི་ཡིད་གཞུངས་འཚོ་བྱེད་ཡིན། །ར་ཡི་འོ་མས་དབུགས་མི་བདེ་བ་སེལ། །ལུག་གི་འོ་མས་རླུང་འཇོམས་སྙིང་ལ་གནོད། །འབྲི་ཡི་འོ་མ་བད་མཁྲིས་ནད་ལ་གནོད། །རྟ་བོང་འོ་མ་གློ་གསོ་ཞིང་སེམས་རྨོངས་པར་བྱེད། །འོ་རློན་བཞོས་ཐོག་གི་དྲོད་དང་བྲལ་བ་མེས་མ་བསྐོལ་བའི་གྲང་མོ་ལྕི་བསིལ་སྲིན་དང་བད་ཀན་སྐྱེད། །བསྐོལ་ན་ཡང་དྲོ་བསྡུས་ན་འཇུ་དཀའ་ལྕི། །བཞོས་ཐོག་འོ་མ་དྲོན་མོ་བདུད་རྩིར་མཚུངས།

འོ་མ་སྙིང་པོ་བཏོན་པའི་ཞོ་སྐྱ་ཡིསཤང་མ་ལས་བཅོས་པའི་དར་བའམ་ཞོ་རོ་ཞེས་པ་འདིའོ། ཕོ་བའི་མེ་དྲོད་མ་སྙོམས་པ་དང་རིམས་ཆམ་འགྲམས་འཁྲུགས་འཁྲུ་བ་སེལ། །ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །ཞོ་ཀུན་ཞེས་པ་གཞུང་རྙིང་དག་པར་འབྱུང་ལ་འགའ་ཞིག་གིས་ཞོ་རྨུན་ཞེས་འདོད་པར་ཤེས་བྱེད་མེད་ཅིང་ཡན་ལག་བརྒྱད་པར། ཞོ་ནི་རོ་དང་ཞུ་རྗེས་སྐྱུར་ཞེས་འབྱུང་ངོ་།  །རྟུག་སྐེམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། །དར་གསར་བསྐ་སྐྱུར་ཡང་ཞིང་མེ་དྲོད་སྐྱེད། །སྐྲན་མཆེར་གཞང་འབྲུམ་མར་མ་ཞུ་བ་སེལ། །ཞོ་ཁའི་ཆུ་འཁྲུ་བཤང་བ་སླ་རྩ་སྦུབས་སྦྱོང༌། །ཕྱུར་ཁུས་རླུང་མཁྲིས་མི་སྐྱེད་བད་ཀན་སེལ། །ཞོ་བསྐོས་ནས་བཙོས་པས་རྟུག་སྐེམ་ཚད་པས་འཁྲུ་བ་སེལ། ཞོ་འོ་སོགས་དཀར་རྣམས་ལུག་དང་འབྲི་ཡི་དྲོ་ལ་བཅུད། །བ་ར་བསིལ་ཡང་མཛོ་ཡི་སྙོམས་པ་ཡིན།

ཆུ་རིགས་དབྱེ་བ་ནི་ཆར་པའི་ཆུ་དང་གངས་རི་ལས་འབབ་པའི་ཆུ་དང་ཆུ་ཀླུང་ཆེན་པོ་ཆུ། །ཆུ་མིག་གི་ཆུ་དང་ཁྲོན་པའི་ཆུ་དང་བ་ཚ་ཅན་གྱི་ཆུ་དང་ཤིང་གི་ཆུརྣམས་སོ །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན།

སྤྱིར་ཆུས་ནི་མཁྲིས་སེལ་བད་རླུང་སྐྱེད་པར་བྱེད་པ་དང་དེ་ཡང་མཁའ་ལས་འབབ་པ་རོ་མི་གསལ་ལ་ཞིམ་ཞེས་པ་དངོས་ནི་གངྒའི་ཆུ་ཡིན་ལ་དེ་དང་ཆ་མཚུངས་བར་སྣང་ལ་སྤྲིན་དཀྲིགས་ཏེ་མཁའ་ཡི་ཆར་ཆུ་དང་ཁ་བའི་ཆུའོ། །འཚོ་ངོམས་བསིལ་ལ་ཡང་བས་བདུད་རྩིར་མཚུངས། སྲིད་པའི་གངས་རི་ལས་འབབ་པའི་གངས་ཅན་མཁའ་ནས་འབབ་པ་ཁ་བ་ཡིན་ལ་གངས་ཞེས་པ་གཞི་ནས་ཡར་སྐྱེས་པ་ཡིན་དེ་ལས་བྱུང་བ་མཐུར་དུ་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མེ་དྲོད་ཡིས་ཐུབ་པར་དཀའ། །ཁ་ཆེ་པཎྜི་ཏ་ཟླ་བ་མངོན་དགས། ཡུལ་དུས་ཡང་དང་ལྕི་བ་ལས། བཞི་ཆ་སུམ་ཆ་ཕྱེད་དུ་གདུ། སྦུ་བ་སངས་བར་བསྐོལ་བ་ནི། ཤུགས་མེད་དྲི་མ་མེད་ཅིང་ཕན། ཞེས་གསུངས་སོ། དེའང་བརྟན་འཁྱིལ་བ་དང་གཡུང་དལ་བབ་གཉིས་ཀྱིས་སྲིན་བུ་རྐང་བམ་སྙིང་ནད་སྐྱེད། །ཆུ་གང་ཡང་་གཞི་གཙང་ཞིང་ཉི་འོད་དང་རླུང་གིས་ཕོག་པ་བཟང་། །འདམ་རྫབ་དང་སྔོ་སོགས་ཉ་ལྕིབས་སྔོ་ནལ་ནལ་པོ་རྩ་དང་ལོ་མ་དང་ཤིང་གྲིབ་ཕོགཔ་དང་། །བ་ཚ་སྲོག་ཆགས་ཀྱི་ཁུ་བས་ཉེས་ཀུན་སྐྱེད།

ཆུ་བསིལ་གྲང་མོ་བརྒྱལ་བ་དང་ངལ་ལས་དང་ཆང་གིས་ནད་མགོ་འཁོར་སྐྱུག །སྐོམ་དད་ལུས་ཚ་ཁྲག་མཁྲིས་དུག་ནད་སེལ། །ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམ་པ་རིམས་གསར་འཕྲལ་དུ་ཟློག་པར་བྱེད། །བསྐོལ་གྲང་བད་ཀན་མི་སྐྱེད་མཁྲིས་པ་སེལ། ཆུ་སྐོལ་ནས་ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་སྐྱེད།

སྤྱིར་ཆང་ནི་བད་རླུང་སེལ་ལ་མཁྲིས་པ་བསྐྱེད་རོ་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། ཁོང་པའི་ནང་དྲོད་འབར་སྦོབས་པ་སྐྱེད་གཉིད་འཕེལ་བད་རླུང་སེལ།

ཐལ་དྲགས་ན་སེམས་རྒྱུད་རང་ཚུགས་མི་ཐུབ་པར་བསྒྱུར་ཞིང་བག་མེད་ངོ་ཚ་འཇིག །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་པས་མཁྱེན་དཔྱོད་ཤེས་རིག་བཅོམ་ཞིང་སྨྱོན་པ་ལ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་འཁྱམ་ཆེ་བས་གླང་ཆེན་སྨྱོན་པ་ལྟརངོ་ཚ་བྱ་བ་གཅིག་ཀྱང་མེད་པར །ཁ་ན་མ་ཐོ་བ་དང་ཚུལ་ཁྲིམས་འཆལ་བའི་གནས། ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།