སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༣། རྒྱུན་སྤྱོད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅུ་གསུམ་པ། རྒྱུན་སྤྱོད་བསྟན་པ།

 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །བྱ་བ་སྤྱོད་ལམ་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །བྱ་བ་སྤྱོད་ལམ་གནས་ལ་བསླབ་བྱ་ན། །རྒྱུན་སྤྱོད་དང་དུས་སྤྱོད་དང་གནས་སྐབས་སྤྱོད་ལམ་དང་གསུམལས །དེ་ལའང་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལས། །ཚེ་བརྐྱང་འཇིག་རྟེན་པ་དང་དམ་པའོ།

དང་པོ་ཚེ་བརྐྱང་པ་ཡི་སྤྱོད་ལམ་ནི། །རྟག་ཏུ་བདེ་བའི་གནས་འདོད་ཅིང་ཚེ་བསྲིང་བའི་ཕྱིར། ཨ་རུ་ར་རྣམ་པར་རྒྱལ་བ་དང་རིན་ཆེན་སྦྱར་བའི་དོན་ལ་སྨན་མཆོག་དང་རིན་ཆེན་བཻེཌཱུརྱ། པདྨ་རཱ་ག མརྒད། ཀེ་ཀེ་རུ། ས་ལེ་སྦྲམ། རྡོ་རྗེ་ཕ་ལམ་ས་སོགས་པའི་རིན་པོ་ཆེ་མཆོག་རྣམས་དང་དེ་དག་མ་རྙེད་ན་གསེར་དང་། དངུལ། ཟངས། ལྕགས། མཚོ་མོ། བྱུ་རུ། མུ་མེན། མུ་ཏིག་སྟེ་བརྒྱད་པོ་དར་གྱིས་དྲིལ་ལ་གཙུག་ཏུ་འཆང་བར་གྲངས་ཤིང་གྲུབ་པའི་ཡི་དམ་གྱི་གསང་སྔགས་བཅང༌།

ནད་སློང་རྐྱེན་ཟས་སྤྱོད་གཉིས་པོའམ་གནོད་རིགས་དྲན་པས་རྟག་ཏུ་སྤང༌། །ལུས་ངག་ཡིད་ཀྱི་ལས་ཉེས་པ་སྤང་པའི་སྤྱོད་ལམ་ཡང་དག་པར་བསྟེན། །ལྕེ་སོགས་དབང་པོ་ལྔ་པོ་མནར་བ་དང་ཉམས་པས་བདེར་བར་མིན་པ་དང་ །ཐེ་ཚོམ་ཅན་གྱི་གྲུ་འམ་རྟ་སོགས་མི་སྲུན་པའི་རིགས་བཞོན་པ་དང༌། གཞན་གྱིས་གསོད་པའི་ས་ཆ་དེར་དང་ཆུ་ཆེན་མོ་དང་མེ་ཡི་ཕུང་པོ་དང༌། །གད་པའི་སྟེང་དང་ཤིང་གི་རྩེར་དབྱར་དགུན་ཐམས་ཅད་དུ་འཛེག་པ་དང་འགྲོ་བ་སོགས་སྤང༌། དུས་ཐམས་ཅད་སྡོད་ན་ས་ལ་གནོན་པ་ཡོད་མིན་ས་བརྟག་པ་དང་འགྲོ་ནའང་ལམ་ལ་བརྟག་ཅིང༌། །མཚན་མོ་ལ་དོན་ཆེན་པོས་འགྲོ་དགོས་ན་དབྱུག་པ་ཐོགས་ཏེ་གྲོགས་དང་ལྡན་པར་བྱ།

མཚན་མོ་གཉིད་མ་ལོག་ན་ལུས་རྩུབ་པས་ཅི་བདེར་གཉིད་ལོག གལ་ཏེ་མཚན་གཉིད་མ་ལོག་ན་ནང་པར་སྨྱུང་བྱ་ཟས་མི་ཟ་གཉིད་ཆག་པའི་ཡུན་དེའི་ཕྱེད་ཙམ་གཉིད་ལོག ཆང་གིས་ར་རོ་བ་དང་སྟོབས་ཟད་པ་མྱ་ངན་དང་རྩོལ་བས་དུབཔ་དང་ །སྨྲ་བ་མང་བ་དང་རྒས་དང་འཇིགས་ཤིང་སྐྲག་པའི་མི་རྣམས་ལ། །སོ་གའི་དུས་རྣམས་རྩུབ་ཅིང་མཚན་མོ་ཐུང་བས་ན། །ལུས་ཀྱི་སྟོབས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར། །ཉིན་ཕྱེད་པར་གཉིད་ལོག་ནའང་ལུས་སྣུམ་ལྕིར་འགྱུར་བས་ཕནནོ དེ་བཞིན་གཞན་དུ་ཉིན་གཉིད་ལོག་པ་ན་བད་ཀན་སྐྱེད་ཅིང་ལུས་སྐྲངས། སེམས་རྨོངས་བག་དང་མགོ་ན་བ་དངསྒྱིད་པ་སྐྱུར་བ་དང་རིམས་ནད་ཀྱིས་འདེབས་པར་འགྱུར། །གཉིད་འཕེལ་དྲགས་ན་སྐྱུགས་དང་སྨྱུང་བར་བྱ་བུད་མེད་བསྟེན། །གཉིད་མེད་པར་ཡེར་ན་འོ་མ་དང་ཞོ་དང་ཆང་དང་ཤ་ཁུ་བཏུང༌། སྣུམ་མགོ་བོ་ལ་བསྐུ་ཞིང་རྣ་བ་སྣུམ་གྱིས་དགང༌།

ཉལ་པོ་སྤྱོད་པའི་ཡུལ་དུད་འགྲོ་ལྟ་བུ་སྐྱེ་གནས་མི་མཐུན་པ་དང་གཞན་གྱིས་བདག་པོ་ཅནདང་ གཟུགས་མི་སྡུག་པ་དང་སྦྲུམ་མ་དང་ནད་པ་སོགས་ཤུགས་ཞན་པ་དང་སྡུག་གྱིས་ཉེན་པ་དང༌། ཁྱད་པར་དུ་ཟླ་མཚན་ལྡན་དུས་བུད་མེད་བཀན་པར་མི་བྱེད་ཅིང་འཁྲིག་པ་སྤང༌ངོ་ གཞན་དུ་དགུན་གྱི་དུས་རོ་ཙས་དྲེགས་པའི་ཚེ་བུད་མེད་ལ་ཞུགས་པར་བཀག་པ་མེད། །སྟོན་ཀ་དང་དཔྱིད་ཀྱི་དུས་ཞག་གཉིསརེའི་དུས་རེ་དབྱར་སོས་ཟླ་ཕྱེད་རེའི་བར་ལ་རེ་སྤྱད། དེ་མ་ཡིན་པའི་དུས་གཞན་དུ་བུད་མེད་ལ་ཞུགསན་དབང་པོ་ཉམསཤིང་ །མགོ་འཁོར་བ་དང་དུས་མིན་འཆི་བར་བྱེད་པ་ཡིན།

དུས་རྟག་ཏུ་བསྐུ་མཉེ་དང་བྱུག་པ་སྤྱོད་པར་བྱེད་ཅིང་རྒས་པ་དང་ངལ་བ་དང་རླུང༌ནད་ཀྱང་ །འཇོམས་པར་བྱེད་པ་དེའང་་མགོ་དང་རྐང་པ་དང་རྣ་བ་ལ་བསྟེན་པར་བྱ། དེ་ནི་ལུས་ཡང་པ་དང་ཚིལ་འབྲི་བྱ་བ་སྐབས་ཕྱེད་ཅིང་མེ་དྲོད་སྐྱེད། གཞན་ཡང་ལུས་མཁྲེགས་པ་དང་ལས་ཀྱང་ནུས་པ་ཡང་དག་པའི་རྩོལ་བ་སྤྱད་ནུས་པའང་འབྱུང༌། །བསྐུ་བྱུག་ཐལ་དྲགས་ན་ལོག་པས་ཕན་ཡོན་དེ་ལསགོ་ལོག་ན་མ་རུངས་པར་འགྱུར། །རྒན་པོ་དང་བྱིས་པ་དང་རླུང་མཁྲིས་ལྡན་པའི་ནད་ཅན་ལ་སྐུ་བྱུག་དེ་སྤང་བྱ། སྟོབས་དང་ལྡན་པས་སྣུམ་ཟ་དགུན་དང་དཔྱིད་དུས་དང༌། །བད་ཀན་ཅན་གྱིས་ལུས་རྩོལ་བས་བཅག་པ་བསྟེན་པར་བྱ།

དྲིལ་ཕྱིས་བྱེད་པ་བད་ཀན་སེལ་ཞིང་ཚིལ་འཇུ་བྱེད། །ལྤགས་གསལ་ཡན་ལག་མི་འཁྲུལ་བར་བརྟན་པར་བྱེད་པའི་མཆོག ཆུ་གྲང་གི་ཁྲུས་ནི་རོ་ཙ་བ་དང་དྲོད་དང་སྟོབས་དང་ཚེ་མདངས་སྐྱེདཔ་དང་ ལུས་གཡའ་བ་དང་རྔུལ་བ་དང་དྲི་ང་བ་དང་ལུས་སྙོམ་པ་དང་ཁ་སྐོམ་པ་དང་ལུས་ཚ་བ་སོགས་སེལ། རང་བྱུང་ཆུ་ཚན་གྱི་ཆུ་དྲོན་མོ་མགོ་བཀྲུས་ན་སྐྲ་དང་མིག་གི་སྟོབས་འཕྲོག་པ་ཡིན། །ཚད་པས་འཁྲུ་བ་དང་ལྟོ་བ་སྦོས་པ་དང་ཆམ་པ་དང་མ་ཞུ་བ་དང༌། །སྣ་དང་མིག་ནད་ཅན་རྣམས་ཀྱིས་ཆུ་མཚན་གྱི་ཁྲུས་དང་ཟས་ཟོས་མ་ཐོག་ལའང་སྤང༌ངོ་ །མིག་ནི་མཁྲིས་པ་མཐོང་བྱེད་ཀྱི་མེ་ཡི་རང་བཞིན་ལ་ཆུ་ཡི་རང་བཞིན་ཅན་གྱི་བད་ཀན་འཇིགཔ་སྟེ། འཁྲུད་པའི་ཆེད་དུ་མཆི་མ་འཛག་པའི་ཕྱིར་མིག་སྨན་སྐྱེར་པའི་ཁཎྜ། དུས་རྟག་ཏུ་ཞག་བདུན་རེ་ལོན་ཚེ་ཉིན་རེ་བླུགཔར་བྱ།

གློ་བུར་གྱི་ནད་ལྔའི་དགྲ་ལ་རླུང་གི་གཉེན་པོ་སྔགས་སྨན་གྱི་སྐྱེལ་མ་བསྟེན། གག་པ་དང་ལྷོག་པ་དང་ཕོ་ལོག་དང་ཉྭ་ལོག་དང་སྣ་ཁྲག་མང་ངུ་ཤོར་བ་ལྔ་སྟེ། རྗེ་གཡུ་ཐོག་བས་ཀྱི་རྒྱུད་ཆུང་བར། བློ་བུར་ནད་ལྔ་གག་ལྷོག་ཕོ་ལྷོག །ཉྭ་ལོག་རྣ་ཁྲག་སྐྱེལ་མ་བསྟེན། ཞེས་གསུངས་སོ། །འབུ་ནག་སོགས་སུ། ཆུ་འགག་སྲིན་ནད་གཟའ་གསུམ་འདྲེན་པ་དང་། ཁ་གཅིག་ཡན་ལག་བརྒྱད་པར། འབྱུང་པོ་རླུང་དང་དུག་དང་མེ། །མཚོན་རྨ་ཆག་གྲུམ་ལ་སོགས་འབྱུང་། འདོད་ཆགས་ཞེ་སྡང་འཇིགས་མེ་ནད། འདི་དག་གློ་བུར་ནད་ཅེས་བྱ། །ཞེས་སོགས་འདོད་པའི་རྣམ་པར་འཁྱམ་ཞིང་དེ་དག་སྐྱེལ་མ་སྤང་བསྟན་དུ་འདོད་པའི་ཕྱིར་གཞུང་འདིའི་དགོངས་དོན་མིན་ནོ། དེ་ལྟར་སྤྱོད་པ་ཐམས་ཅད་དུས་རྟག་ཏུ་གཅིག་ལ་མ་ཡིན་པར་ཀུན་ལ་སྙོམས་ཤིང་སྤྱདདགོས་སོ

དེ་ལྟར་བདག་ནི་ཉིན་མཚན་ཐམས་ཅད་དུ་གནས་ཐམས་ཅད་ལ་དོན་གཞན་དུ་འགྲོ་ཡང་བག་དང་ལྡན་དགོས་ཞེས། །རྟག་ཏུ་སེམས་ལ་དྲན་པ་ཉེར་བར་འཇོག་པ་ནི་སྡུག་བསྔལ་ཡུན་རིང་པོ་འབྱུང་བར་བསྲུང་ཐབས་བསྲིང༌བར་བྱའོ

འཇིག་རྟེན་མི་ཆོས་སྤྱོད་པ་ཡོན་ཏན་ཀུན་གྱི་གཞི། འདི་བྱ་འདི་བྱེད་ཀྱི་འཆད་དོན་གང་ཡིན་བཙན་པར་བྱ་ཞིང་ཚིག་རྗེས་ནོན་པར་དོན་གྱིས་བསབ། །ངན་ལས་བྱེད་པར་ཆད་ཀྱང་མི་བྱེད་པར་བཟློག་ཅིང་བཟང་ལས་མི་བྱེད་པར་བཤོལ་བཏབ་ཡང་འབད་པས་བརྩམ། བྱ་བ་གང་ཡིན་གཞིག་པ་སྟེ་མནོ་བསམ་སྔོན་ལ་བཏང་ཞིང་གནས་སྐབས་ཙམ་མ་ཡིན་པར་ཕྱིས་ཀྱི་ལེགས་འཕེན་གྱི་བྱ་བར་དམ་བཅའ། གཞན་གྱིས་ཟེར་དགུ་བདེན་པར་མི་བཟུང་ལེགས་པར་བརྟགས་ཤིང་དཔྱད་ནས་བཟུང༌། ངག་གི་སྨྲ་དགུ་ཐམས་ཅད་སྔོན་དུ་བསམ་གཞིག་བཏང་ལ་སྨྲ་ཞིང་རང་གི་མདོ་དོན་བསྒྲིམས་ཤིང་བསྡམ། །བུད་མེད་རྣམས་ཀྱི་ངག་ལ་མི་ཉན་སྦད་ཁ་ཏེ་ངག་བྱ་ལྕི་བར་བྱ། རང་ལ་བྱམས་ལྟོས་མི་ལ་ཚིག་དྲོན་ཏེ་བརྫུན་བསླད་མི་གཞུག་ལྷུག་པར་སྨྲ། །ཅམ་ལ་བརླིང་ཞིང་དལ་ཞིང་རླིང་བ་འཕྲལ་གཞན་དག་ལ་འགྲོགས་པ་བདེ་བར་བྱ། །དགྲ་བོ་ཡན་པར་མི་བཏང་འདམ་རིང་སྟེ་ངང་རིང་དང་ཐབས་མཁས་ཀྱིས་འདུལ། ཉེ་འཁོར་ཤ་ཚས་བསྐྱང་ཞིང་སྔར་དྲིན་ཆེ་བ་ཕྱི་མིག་གི་རིང་དུ་བལྟ། །སློབ་དཔོན་དང་ཕ་དང་ཨ་ཁུ་ལ་སོགས་རྒན་རིགས་ཕུད་དུ་ཁུར། །ཡུལ་མི་མཛའ་བཤེས་འགྲོགས་དགོས་རྣམས་དང་བློ་སེམས་བསྟུན། །སོ་ནམ་ཞིབ་མོར་བྱ་ཞིང་དགོས་དུས་སེར་སྣ་མེད་པར་རྩིང་པོར་སྤྱད། རང་མི་བདེན་པའང་འཕམ་ངོས་བླང་ཞིང་རྒྱལ་ན་ཚོད་ཟིན་བྱ། རང་ལ་ཡོན་ཏན་སོགས་མཁས་འང་ང་རྒྱལ་དང་དྲེགས་པ་སྐྱུང་ཞིང་ཕྱུག་ན་འདོད་ཆུང་ཆོག་ཤེས་ཡོད་པར་བྱ། །མི་བྲན་ཡིན་ཀྱང་ཁྱད་དུ་མི་བསད་རང་ལས་མཐོ་ལ་ཕྲག་དོག་སྤང༌། གྲོགས་དང་འཁོར་དུ་མི་ངན་བསྟེན་པ་དང་རྫི་བར་མི་བྱ་ཞིང་བན་བོན་དགྲར་མི་བསླང༌། །གཞན་གྱི་ནོར་ལ་མི་འབགས་ལ་ཡོགས་དང་མནའ་ལ་འཛེམ། །མི་འགྱོད་པའི་བྱ་བ་ལ་རྡོག་གཏད་བྱ་ཞིང་མི་ངན་ལ་དབང་མི་བསྐུར། སེམས་ཀྱི་སྟོབས་དྲང་པོར་ངང་རིང་བློ་ཁོག་ཡངས་ཤིང་གཞི་བསྐྱེད་ལ། །ལས་རྣམས་ཕལ་ཆེར་ཟླ་བའི་ཚོད་དུས་སུ་བླང་བ་གཅེས།

དེ་འདྲ་གཅིག་པུར་སྐྱེས་ཀྱང་གཞན་ལ་དབང་མི་འཆོར། །བྲན་གྱི་ལུས་སུ་གྱུར་ཀྱང་སྐྱེ་བོ་མང་པོའི་དཔོན་དུ་འགྱུར།

དེ་ནས་དམ་པ་ལྷ་ཆོས་སྤྱད་པ་ནི། །སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་རྩོམ་པ་ཀུན་ལ་འཇུག་པར་བྱེད་ཀྱང་སྙིང་པོའི་ཆོས་མེད་ན། །བདེ་བའི་ཐབས་ཉིད་སྡུག་བསྔལ་རྒྱུ་འགྲོ་བའི་ཕྱིར་ཆོས་ལ་འབད་དགོས་སོ རང་ཡང་མོས་པས་དགེ་བའི་བཤེས་གཉེན་བསྟེན་ཅིང་སྡིག་གྲོགས་ཅིག་ཤོས་རིང་དུ་སྤང༌།

ལུས་ཀྱི་སྲོག་གཅོད་རྐུ་དང་ལོག་པར་གཡེམ་པ་དང༌། ངག་གིས་རྫུན་དང་ངག་འཁྱལ་ཚིག་རྩུབ་དབྱེན་སྦྱོར་དང༌། ཡིད་ཀྱི་བརྣབས་སེམས་གནོད་སེམས་ལྟ་བ་ཕྱིན་ཅི་ལོག་པ་སྟེ། མི་དགེ་བ་སྡིག་པའི་ལས་བཅུ་པོ་ལུས་ངག་ཡིད་ཀྱིས་སྤང༌།

མྱ་ངན་ཅན་དང་ནད་པ་དང་ཟས་ནོར་ཕོངས་པ་དང་སྡུག་བསྔལ་ཅན་ལ་རང་ལ་ནུས་པ་གང་ཡོད་ཀྱིས་ཕན་གདགསཔར་བྱ ཐ་ནའང་འབུ་སྲིན་ཕྲ་མོ་སོགས་ཀུན་ལའང་རྟག་ཏུ་རང་དང་འདྲར་བར་བལྟ། །གཞན་དག་བསླུ་བའི་སེམས་མེད་ཅིང་འཁོར་རྒྱ་ཆེ་བ་དེས་པས་འཛུམ་ཞིང་དྲང་པོར་སྨྲ། བདག་ཉིད་ལ་གནོད་པ་བརྩོན་པའི་དགྲ་ལའང་ཕན་གདགས་གཙོར་བྱས་ཏེ། །བྱམས་པས་བྱང་ཆུབ་མཆོག་གི་སེམས་སྨོན་འཇུག་གཉིས་བསྐྱེད།

ལུས་ངག་ཡིད་དུལ་རྒྱུ་ནོར་ལ་ཕངས་མེད་པའི་གཏོང་སེམས་ལྡན་པར་བྱའོ །གཞན་གྱི་དོན་ལའང་རང་གི་དོན་དང་འདྲར་སེམས་པརྣམས་ནི །དེ་དག་སྐྱེ་བུ་དམ་པའི་སྤྱོད་པ་མཐར་ཐུག་གོ། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།