སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༢། ནད་ཀྱི་དབྱེ་བ་དང་སོ་སོའི་དོན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅུ་གཉིས་པ།  ནད་ཀྱི་དབྱེ་བ་དང་སོ་སོའི་དོན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དྲུག་པ་ནད་ཀྱི་དབྱེ་བ་ལ་ནི་རྒྱུ་ཡི་དབྱེ་བ་དང༌། །རྟེན་དང་རྣམ་པའི་སྒོ་ནས་དབྱེ་བ་གསུམ།

དང་པོ་རྒྱུ་ཡི་སྒོ་ནས་དབྱེ་བ་ནི། །ཚེ་འདིའི་ཉེས་པ་དང་སྐྱེ་བ་སྔོན་གྱི་ལས་ལས་བྱུང༌བ་དང་ །དེ་གཉིས་འདྲེས་པ་ལས་བྱུང་བ་དང་རྣམ་པ་གསུམམོ

དང་པོ་རྒྱུ་རྐྱེན་འཛོམ་ལས་འབྱུང་བ་སྟེ། གཉིས་པ་སྔོན་གྱི་ལས་ལས་སྐྱེས་པ་ནི་རྒྱུ་མེད་པ་ལ་ནད་གཞི་དཀྱེལ་ཆེ་བཡིན་ནོ གསུམ་པ་རྒྱུ་ཆུང་བ་ལས་ནད་གཞི་དཀྱེལ་ཆེ་བ་སྟེ་ཚེ་འདི་ལ་ཉེས་པ་དང་སྔོན་ལས་གཉིས་ཀ་འདྲེས་པ་ཡིན།

དང་པོ་ཚེ་འདིའི་ཉེས་པ་རྣམ་གཉིས་ཏེ། །རང་བཞིན་གནས་པ་ཁོང་གི་ཉེས་པ་དང༌། །ཕྱི་རྐྱེན་ལས་བྱུང་བའི་གློ་བུར་ཉེས་པ་གཉིས། དེ་ཡང་དང་པོ་ནི་རླུང་མཁྲིས་བད་ཀན་གསུམ་ཡིན་ཏེ། །གཉིས་པ་ཕྱི་རྐྱེན་ལས་བྱུང་བའི་དུག་མཚོན་གདོན་དང་རྣམ་པ་གསུམ།

རྟེན་གྱི་སྒོ་ནས་དབྱེ་ན་སྐྱེས་པ་དང༌། །བུད་མེད་དང་བྱིས་པ་དང་རྒས་པའི་ནད་རིགས་བཞི། །ཀུན་ཁྱབ་ཐུན་མོང་བ་དང་རྣམ་པ་ལྔ།

དང་པོ་ལ་སྐྱེས་པའི་ནད་ལ་ཁུ་བ་ཟད་རླུགས་གཉིས། །རླིག་རླུགས་ཕོ་མཚན་གྱི་ནད་དྲུག་དང་ཕོ་མཚན་གྱི་ནད་ལའང་དགུ་དེ་དག་སྒྲིལ་བས་ནད་བཅུ་བདུན་དུ་བཤད།

གཉིས་པ་བུད་མེད་ནད་ལ་མངལ་ལྔ་མངལ་སྐྲན་དགུ། མངལ་གྱི་སྲིན་བུ་ལངས་པ་དང་ཁྲོས་པ་རྣམ་པ་གཉིས། །རྩ་ནད་བཅུ་དྲུག་སུམ་ཅུ་རྩ་གཉིས་སོ། འདིའི་སྐབས་རྩ་ནད་བཅུ་དྲུག་གོ་ཞེས་པ་དག་ཅིང་། གཞུང་འགའ་ཞིག་ཏུ། ཕལ་བའི་ནད་བརྒྱད་སུམ་ཅུ་རྩ་ལྔའོ་ཞེས་འབྱུང་བ་མ་དག་སྟེ། མན་ངག་རྒྱུད་དུ། མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང་། སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང་། ཕལ་བའི་ནད་བརྒྱད་བཞི་བཅུ་ཐམས་པར་འགྱུར། ཞེས་པ་དང་། དབྱེ་བ་མངལ་ནད་རླུང་མཁྲིས་བད་ཀན་ཁྲག འདུས་པ་རྣམ་ལྔ་གསང་བའི་སྐབས་སུ་བཤད། ཅེས་མངལ་ནད་ལྔ་ལོགས་སུ་ཕྱེ་བའི་ལྷགས་མ་སོ་ལྔ་ཡིན་པའི་ཕྱིར་རོ། །

གསུམ་པ་བྱིས་པའི་ནད་ལ་ཕྲ་རགས་ཞིབ་ཚེགས་བརྒྱད། བཞི་པ་རྒས་ནད་ནི་འབྱུང་བའི་ལུས་སྟོབས་འགྲིབས་པ་ཡིན། །

ཀུན་ཁྱབ་ཐུན་མོང་ནད་ལ་ཉེས་པ་དང༌། །གཙོ་བོ་དང་གནས་དང་རིགས་ཀྱིས་དབྱེ་བ་བཞིའོ །ཉེས་པས་དབྱེ་བ་རླུང་མཁྲིས་བད་ཀན་གསུམ། །རླུང་གི་ནད་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལའང་་རིགས་དང་གནས་ཀྱིས་དབྱེ་བ་གཉིས། དང་པོ་རིགས་ཀྱིས་དབྱེ་ན་རླུང་ནད་ཨ་ཝར་ཏ་སོགས་ཉི་ཤུ་སྟེ། གཉིས་པ་གནས་ཀྱིས་དབྱེ་ན་པགས་ལ་གྲམ་པ་སོགས་འཇུག་སྒོ་རྣམ་པ་དྲུག །དབང་པོ་ལྔ་ལ་མེ་ཏོག་ཤར་དང་བདུན།

གཉིས་པ་བྱེ་བྲག་སྲོག་འཛིན་ལ་སོགས་རྣམ་གྱུར་དང་ལྔདེ་དག །བད་ཀན་དང་མཁྲིས་པར་འདྲེས་པས་བཅུ་རུ་འདོད། སྤྱིའི་དབྱེ་བ་བཞི་བཅུ་རྩ་གཉིས་རླུང་གི་ནད།

མཁྲིས་པའི་ནད་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས། དང་པོ་རིགས་ཀྱི་དབྱེ་བ་ཚད་པ་ཐང་ལ་ལྷགས་པ་དང༌། གཉིས་པ་གནས་གྱུར་ཁ་ལུད་རྩ་རྒྱུག་རྣམ་པ་གསུམ། གཉིས་པ་གནས་ཀྱིས་དབྱེ་ན་འཇུག་སྒོ་དྲུག་དང་དབང་པོའི་མེ་ཏོག་དང་བདུན། གཉིས་པ་བྱེ་བྲག་འཇུ་བྱེད་ལ་སོགས་རྣམ་གྱུར་དང་ལྔདེ་དག་ནད ནད་རླུང་དང་བད་ཀན་འདྲེས་པས་བཅུ་རུ་འདོད། སྤྱིར་དབྱེ་བ་ཉི་ཤུ་རྩ་དྲུག་མཁྲིས་པའི་ནད།

བད་ཀན་ནད་ལ་རང་རྒྱུད་ནད་གཞན་མ་འདྲེས་པའི་རྐྱང་པ་དང་ནད་འདྲེས་པར་གཞན་རྒྱུད་ཅན་གཉིས། དང་པོ་རང་རྒྱུད་ཅན་ལཡང་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱི་ལའང་རིགས་དང་གནས་ཀྱིས་དབྱེ་བ་གཉིས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་ན་ལྷེན་སོགས་དྲུག གཉིས་པ་གནས་ཀྱིས་དབྱེ་ན་སྒོ་དྲུག་དང་དབང་པོ་མེ་ཏོག་དང་བདུན།

གཉིས་པ་བྱེ་བྲག་རྟེན་བྱེད་ལ་སོགས་རྣམ་གྱུར་ལྔདེ་དག་དང་ རླུང་དང་མཁྲིས་པར་འདྲེས་པས་བཅུ་རུ་འདོད།

གཉིས་པ་གཞན་རྒྱུད་ཅན་ལ་གཞན་རྒྱུད་དེ་ནད་འདྲེས་པའམ་ནད་གཞན་གྱིས་དབང་དུ་སོང་བའི་དོན་དང་དེལའང་སེར་པོ་སྨུག་པོ་གཉིས། སྨུག་པོ་བྱེར་རྒྱས་རྡོལ་དང་འགྱིངས་པ་བཞི། །འདིར་རྡོར་དང་འགྱིངས་བ་ཞེས་པ་མ་དག་སྟེ། མན་ངག་རྒྱུད་དུ། སྨུག་པོའི་རིགས་ལ་བྱེར་རྒྱས་འགྱིངས་འདྲིལ་བཞི། ཞེས་དང་རྡོལ་བ་ནི་རྒྱས་པའི་ཁོངས་སུ་འདུས་ཏེ། སྨྱུག་པོ་རྒྱས་པར་རྡོལ་དང་མ་རྡོལ་གཉིས། ཞེས་གསུངས་པའི་ཕྱིར་རོ། སྤྱིར་དབྱེ་བ་སུམ་ཅུ་རྩ་གསུམ་བད་ཀན་ནད། བསྡོམས་པས་བརྒྱ་དང་རྩ་གཅིག་ཉེས་པའི་དབྱེ་བར་འདོད།

གཉིས་པ་གཙོ་བོས་དབྱེ་ན་རང་རྒྱུད་གཞན་རྒྱུད་ཅན། །རང་རྒྱུད་ཅན་ནི་རྐྱང་པ་རང་རྟགས་སྟོནཔ་རླུང་ལྟ་བུ དེ་ཡང་རྟགས་གསུམ་འཕེལ་བ་ཙམ་དང་རྟགས་གསུ་རབ་ཏུ་འཕེལ་བ་དང་རྟགས་རྣམས་ཚང་བར་བྱུང་ན་མཆོག་འཕེལ་དེ་བཞིན་དུ་ཟད་པར་སྦྱརབས་བཅོ་བརྒྱད་དོ

གཞན་རྒྱུད་ཅན་ལ་ནད་གཉིས་ཚོགས་པར་ལྡན་པ་དང་ནད་གསུམ་ཚོགས་པར་འདུས་པ་དང་ནད་གཞན་ཞིག་སྣོན་པ་ལ་བླ་གཉནཅན་དང་གསུམལས །ལྡན་པ་མཉམ་གསུམ་ཅིག་རབ་ལྷག་པ་དྲུག ལྡན་པ་མཉམ་གསུམ་ཞེས་རླུང་མཁྲིས་གཉིས་ཆ་མཉམ་དུ་འཕེལ་བ་དང་། བད་མཁྲིས་གཉིས་ཆ་མཉམ་དུ་འཕེལ་བ། བད་རླུང་གཉིས་ཆ་མཉམ་དུ་འཕེལ་བ་བཅས་གསུམ་དང་། གཅིག་རབ་ལྷག་པ་དྲུག་ཅེས་པ་དཔེར་ན་རླུང་རབ་ཏུ་འཕེལ་མཁྲིས་པ་ལྷག་པར་འཕེལ་བ་དང་། རླུང་རབ་ཏུ་འཕེལ་བད་ཀན་ལྷག་པར་འཕེལ་བ་སྟེ། དེ་བད་མཁྲིས་གཉིས་ལའང་སྦྱར་བའི་དྲུག་བཅས་བསྒྲིལ་བས་འཕེལ་བ་དགུ། ཟད་པར་ཡང་རླུང་མཁྲིས་གཉིས་ཆ་མཉམ་དུ་ཟད་པ་དང་། བད་མཁྲིས་གཉིས་ཆ་མཉམ་དུ་ཟད་པ། བད་རླུང་གཉིས་ཆ་མཉམ་དུ་ཟད་པ་བཅས་གསུམ་དང་། དེ་བཞིན་རླུང་རབ་ཏུ་ཟད། མཁྲིས་པ་ལྷག་པར་དུ་ཟད། རླུང་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་ལྟ་བུ་དེ་ལྟར་བད་མཁྲིས་གཉིས་ལའང་སྦྱར་བའི་དྲུག་སྟེ་བསྒྲིལ་བས་ཟད་པ་དགུ་བཅས་ལྡན་པའི་འཕེལ་ཟད་བཅོ་བརྒྱད་དོ།

འདུས་ལ་མཚུངས་ཅིག་རབ་འབྲིང་གསུམ་སྦྱར་དྲུག །འདུས་ལ་མཚུངས་གཅིག་ཅེས་པ་རླུང་མཁྲིས་བད་ཀན་གསུམ་ག་སྟོབས་མཚུངས་པར་འཕེལ་བ་གཅིག་དང་། རབ་འབྲིང་གསུམ་སྦྱར་དྲུག་ཅེས་པ་རླུང་རབ་ཏུ་འཕེལ་ཞིང་མཁྲིས་པ་འབྲིང་དུ་འཕེལ་བད་ཀན་ཐ་མར་འཕེལ་བ་དང་། རླུང་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་མཁྲིས་པ་ཐ་མར་འཕེལ་བ་སྟེ་དེ་ལྟར་བད་མཁྲིས་གཉིས་ལའང་སྦྱར་བ་དྲུག་དང་། །གཉིས་གཅིག་ལྷག་པ་ལ་དྲུག་ཅེས་པ་རླུང་འཕེལ་ཞིང་བད་མཁྲིས་གཉིས་ལྷག་པར་དུ་འཕེལ་བ་དང་། མཁྲིས་པ་འཕེལ་ཞིང་བད་རླུང་གཉིས་ལྷག་པར་དུ་འཕེལ་བ་དང་། བད་ཀན་འཕེལ་ཞིང་རླུང་མཁྲིས་གཉིས་ལྷག་པར་དུ་འཕེལ་བ་སྟེ་གཉིས་ལྷག་པར་འཕེལ་བ་གསུམ་དང་། རླུང་མཁྲིས་གཉིས་འཕེལ་ཞིང་བད་ཀན་ལྷག་པར་དུ་འཕེལ་བ་དང་། བད་མཁྲིས་གཉིས་འཕེལ་ཞིང་རླུང་ལྷག་པར་དུ་འཕེལ་བ་དང་། བད་རླུང་གཉིས་འཕེལ་ཞིང་མཁྲིས་པ་ལྷག་པར་དུ་འཕེལ་བ་བཅས་གཅིག་ལྷག་པར་དུ་འཕེལ་བ་གསུམ་སྟེ་དྲུག་བཅས་བསྒྲིལ་བས་འཕེལ་བ་བཅུ་གསུམ་དང་གོ་ལྡོག་ཟདཅེས་པ་གོང་ལས་གོ་ལྡོག་སྟེ་ཉེས་པ་གསུམ་པོ་སྟོབས་མཚུངས་པར་ཟད་པ་དང་གཅིག་དང་། སྟོབས་མི་མཚུངས་པར་རབ་འབྲིང་ཐ་གསུམ་དུ་ཟད་པ་རླུང་རབ་ཏུ་ཟད་ཅིང་མཁྲིས་པ་འབྲིང་དུ་ཟད་བད་ཀན་ཐ་མར་ཟད་པ་དང་། རླུང་རབ་ཏུ་ཟད་བད་ཀན་འབྲིང་དུ་ཟད་མཁྲིས་པ་ཐ་མར་ཟད་པ་དེ་ལྟར་བད་མཁྲིས་གཉིས་ལའང་སྦྱར་བས་དྲུག་དང་། རླུང་ཟད་ཅིང་བད་མཁྲིས་གཉིས་ལྷག་པར་དུ་ཟད་པ་དང་། མཁྲིས་པ་ཟད་ཅིང་བད་རླུང་གཉིས་ལྷག་པར་དུ་ཟད་པ་དང་། བད་ཀན་ཟད་ཅིང་བད་རླུང་གཉིས་ལྷག་པར་དུ་ཟད་པ་སྟེ་གཉིས་ལྷག་པར་ཟད་པ་གསུམ་དང་། རླུང་མཁྲིས་གཉིས་ཟད་ཅིང་བད་ཀན་ལྷག་པར་ཟད་པ་དང་། བད་མཁྲིས་གཉིས་ཟད་ཅིང་རླུང་ལྷག་པར་དུ་ཟད་པ། བད་རླུང་གཉིས་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ་བཅས་གཅིག་ལྷག་པར་དུ་ཟད་པ་གསུམ་སྟེ་དྲུག་བཅས་ཟད་པ་བཅུ་གསུམ་ཏེ་བསྒྲིལ་བ་འདུས་པའི་འཕེལ་ཟད་ཉེར་དྲུག་གོ །འཕེལ་ཟད་འདྲེས་ལ་མཉམ་འཕེལ་ཟད་སྦྱར་དྲུགཅེས་པ་རླུང་ཕལ་ཆེར་མཉམ་ཞིང་མཁྲིས་པ་འཕེལ་བད་ཀན་ཟད་པ་དང་། རླུང་མཉམ་ཞིང་བད་ཀན་འཕེལ་མཁྲིས་པ་ཟད་པ་དང་ལྟ་བུ་སྟེ། དེ་ལྟར་བད་མཁྲིས་གཉིས་ལ་སྦྱར་བས་དྲུག་དང་།  །གཅིག་ཟད་གཉིས་འཕེལ་ནི་རླུང་ཟད་ཅིང་བད་མཁྲིས་གཉིས་འཕེལ་བ། མཁྲིས་པ་ཟས་ཅིང་བད་རླུང་གཉིས་འཕེལ་བ་དང་། བད་ཀན་ཟད་ཅིང་རླུང་མཁྲིས་གཉིས་འཕེལ་བ་སྟེ་གསུམ་དང་གོ་ལྡོག་ནི་རླུང་མཁྲིས་གཉིས་ཟད་ཅིང་བད་ཀན་འཕེལ་བ་དང་། བད་མཁྲིས་གཉིས་ཟད་ཅིང་རླུང་འཕེལ་བ་དང་། བད་རླུང་གཉིས་ཟད་ཅིང་མཁྲིས་པ་འཕེལ་བ་སྟེ་གསུམ་བཅས་པ་དྲུགབསྒྲིལ་བས་འདྲེས་པའི་འཕེལ་ཟད་བཅུ་གཉིས་སོ། དེ་ལྟ་བསྟན་པ་ལྟར་འཕེལ་ཟད་དབྱེ་བ་བདུན་ཅུ་རྩ་བཞིའོ།

བླ་གཉན་བརྡ་རྙིང་རྣོན་པ་ནད་ཀྱི་སྔ་མའི་སྟེང་དུ་ནད་གཞན་གང་ཞིག །བྱུང་བ་དེ་ཡང་དབྱེ་བ་གསུམ་འགྱུར་ཏེ། །ཞུགས་དང་ལོག་དང་འདོམ་པ་ཞེས་སུ་བཤད།

དེའང་གཅིག་གི་གནས་སུ་ནད་གཞན་ཞུགས་པ་རླུང་གི་གནས་སུ་མཁྲིས་པ་དང་བད་ཀན་རེ་རེ་དང་ནད་གཉིས་ཀ་བཞུགས་པ་སྦྱར་བ་དགུ་དང༌། ནད་དེ་རང་མ་ཞི་བར་གཞན་དུ་རླུང་མ་ཞི་བར་བད་ཀན་དང་མཁྲིས་པ་རེ་རེར་བཟློག་པ་དང་གཉིས་ཀར་བཟློག་པ་དགུ་རུ་ལོག་པ་དང༌། །ནད་སྣ་གཉིས་སུ་འཐབ་པས་དགུ་ཚན་གསུམབླ་གཉན་ཉེར་བདུན་ནོ། །གོང་གི་འདོམ་དང་འདིར་འཐབ་ཞེས་པ་འདྲ། རླུང་གིས་མཁྲིས་ཡུལ་བཟུང་ནས་བད་ཀན་འཕེལ་བ་སོགས་སོ། བརྒྱ་དང་རྩ་གཅིག་འཕེལ་ཟད་བདུན་ཅུ་རྩ་བཞིའི་སྟེང་བླ་གཉན་ཉེར་བདུན་བསྣན་པ་གཙོ་བོའི་དབྱེ་བར་འདོད།

གཉིས་པ་གནས་ཀྱི་སྒོ་ནས་དབྱེ་ན་ལུས་དང་སེམསགཉིས །སེམས་ལ་གནས་པ་སྨྱོ་བྱེད་བརྗེད་བྱེད་གཉིས། །ལུས་ལ་གནས་པ་སྟོད་སྨད་ཕྱི་ནང་བཞི། །ཕྱི་ནང་ཀུན་ཁྱབ་ནད་དང་རྣམ་པ་ལྔ།

ལུས་སྟོད་དབང་པོ་མགོ་ལ་གནས་པ་ནི། །མགོ་མིག་རྣ་བ་སྣ་དང་མཆུ་སོ་ལྕེ། །རྐན་དང་ལྦ་བ་གྲེ་བ་ནམ་ཚོང་ལྐོག་མ་ནད། །གྲེ་བར་གནས་པ་ལ་གྲེ་ནད་དང་གག་པ་དང༌། །མགུལ་འགགས་ནད་དང་སྐད་འགགས་རྣམ་པ་བཞི། །ནམ་ཚོང་སྤྱིར་གནས་སྐོམ་དད་སྐྱིགས་བུ་དང༌། །དབུགས་མི་བདེ་བ་དང་ཡིད་ག་འཆུས་པ་དང་ཆམ་པ་ལྔ། དེ་རྣམས་སྤྱི་རུ་སྡོམས་པས་དབྱེ་བ་བཅོ་བརྒྱད་བཤད།

དོན་སྣོད་ནང་ལ་གནས་པའི་ནད་བསྟན་པནི །སྙིང་དང་གློ་བ་མཆིན་མཆེར་མཁལ་མ་དང༌། །ཕོ་བ་མཁྲིས་པ་རྒྱུ་ལོང་ལྒང་པ་དང༌། །བསམ་སེའི་ནད་དང་རྣམ་པ་བཅུ་གཅིག་གོ །དོན་སྣོད་ཀྱི་སྤྱིར་གནས་མ་ཞུ་གླང་ཐབས་སྐྲན། །སུར་ཡ་ཚད་འཁྲུ་རྒྱུ་གཟེར་རྣམ་པ་དྲུག །སྣོད་སྤྱིར་གནས་པ་འཁྲུ་སྐྱུག་རྣམ་པ་གཉིས། དེ་རྣམས་སྤྱི་རུ་སྡོམས་པས་ནད་རིགས་བཅུ་དགུའོ།

སྨད་ནད་གཞང་འབྲུམ་མཚན་བར་རྡོལ་བ་དང༌། །རྟུག་འགགས་གཅིན་འགགས་གཅིན་སྙི་རྣམ་པ་ལྔ།

ཕྱིར་གནས་པའི་ནད་པགས་པ་ཤ་དང་རྩ་རུས་ཏེ། །པགས་པའི་ནད་ལ་ཤ་བཀྲ་བས་ལྡགས་དང༌། །གཡན་པ་གླང་ཤུ་ཟ་རྐོང་ཤུ་བ་དང༌། །རེག་པའི་དུག་དང་མཛེར་པ་ངོ་ཁབ་དང༌། །ནད་གཞན་ལྤགས་ལ་གྲམ་དང་བཅུ་རུ་བཤད། །ཤ་ཡི་ནད་ལ་ལྦ་བ་རྨེན་བུ་གཉིས། །ནད་གཞན་ཤ་ལ་རྒྱས་དང་རྣམ་པ་གསུམ། རྩ་ཡི་ནད་ལ་རྩ་དཀར་རྩ་ནག་གཉིས། །ནད་གཞན་རྩ་རུ་རྒྱུག་དང་རྣམ་པ་གསུམ། །རུས་པའི་ནད་ལ་དྲེག་དང་རྐང་བམ་གཉིས། །ནད་གཞན་རུས་ལ་ཞེན་དང་རྣམ་པ་གསུམ། །ཤ་རུས་ཀུན་ལ་གནས་པ་གྲུམ་བུའི་ནད། དེ་རྣམས་སྤྱི་རུ་སྡོམས་པས་ཉི་ཤུ་ཐམ་པའོ།

ཕྱི་ནང་ཀུན་ཏུ་ཁྱབ་པའི་ནད་རིགས་ལ། །མཁྲིས་པ་སྨུག་པོ་དམུ་འོར་སྐྱ་རྦབ་གཅོང༌། །ཚ་བམ་སྨིན་རྒྱས་སྟོང་གབ་རྙིང་རྙོགསསྡེ་དྲུག་འགྲམས་འཁྲུགས་རིམས་ནད་དང༌། །འབྲུམ་བུ་ལྷོག་པ་སྦྱར་དུག་རྫི་ཟེར་དུག །རླངས་དུག་ཤ་དུག་མི་འཕྲོད་པ་ཡི་དུག །བཙན་དུག་ཁྱི་དུག་སྲིན་བུ་སྦྲུལ་གྱི་དུག །འབྱུང་པོ་གཟའ་དང་མཛེ་འབྲས་མེ་དབལ་སྲིན། །མགོ་དང་བྱང་ཁོག་ཡན་ལག་སྐེ་ཡི་རྨ། དེ་རྣམས་སྤྱི་རུ་སྡོམས་པས་སུམ་ཅུ་རྩ་བདུན་ཏེ། །བརྒྱ་དང་རྩ་གཅིག་གནས་ཀྱི་དབྱེ་བར་འདོད།

གསུམ་པ་རིགས་ཀྱི་སྒོ་ནས་དབྱེ་ན་ཁོང་ནད་དང༌། རྨ་དང་ཚད་པ་ཐོར་བུའི་ནདཀྱི་རིགས་དང་བཞིའོ །དང་པོ་ཁོང་ནད་སྒོ་ནས་དབྱེ་བ་ལ། །མ་ཞུ་རྒྱུ་དང་འབྲས་བུ་གཅོང་ནད་གཉིས། །མ་ཞུ་ངོ་བོ་རིགས་གྲོགས་དུས་ཀྱིས་བཞི། །འབྲས་བུ་གཅོང་ནད་དབྱེ་བ་གསར་རྙིང་གཉིས། །གསར་པ་བད་ཀན་སྐྱ་བོ་སྨུག་པོ་དང༌། །མཁྲིས་པའི་ནད་དང་དུག་གཅོང་རྣམ་པ་བཞི། བད་ཀན་ནད་ལ་སྐྱ་བོ་ལྷེན་དང་ལྕགས་དྲེག་མེ་ཉམས་དང༌། །མགུལ་འགགས་གྲུམ་བུ་དཀར་པོ་འཇུ་སྐེམས་དང་དྲུགཡིན། །སྨུག་པོ་ལ་བྱེར་རྒྱས་རྡོལ་རལ་འགྱིངས་དང་འདྲིལ། །གབ་འཐབ་འོར་ལྷུང་གྲང་བ་ལྷིང་ཆད་པ་དང་བཅུ། །མཁྲིས་པ་ནད་ལ་ཁ་ལུད་རྩ་རྒྱུག་གནས་གྱུར་གསུམ། །དུག་གི་གཅོང་ལ་ཚ་སྦྱོར་གྲང་སྦྱོར་གཉིསརྣམས་སོ །རྙིང་པ་ལ་སྐྲན་དང་དམུ་འོར་སྐྱ་རྦབ་བཞི། །གཅོང་ཆེན་ཟད་བྱེད་ནད་དང་རྣམ་པ་ལྔའོ །སྐྲན་ལ་ཁྲག་མཁྲིས་ལྷེན་དང་རྡོ་ཡི་སྐྲན། །རླུང་སྲིན་རྩ་ཆུའི་སྐྲན་དང་བརྒྱད་དུ་བཤད། །དམུ་ཆུ་ལ་བྱེར་ཟགས་འཁྱིམས་ཆུ་རྡོལ་ཆུ་བཞི། །འོར་ལ་ཚ་འོར་གྲང་འོར་རྣམ་པ་གཉིས། །སྐྱ་རྦབ་གློ་སྙིང་མཆིན་མཆེར་ཆུ་སེར་ལྔ། གཅོང་ཅན་ཟད་བྱེད་ལ་རླུངམཁྲིས་བད་ཀན་བླ་གཉན་བཞི། དེ་ལྟར་ཁོང་ནད་སྤྱིར་སྡོམས་པས་བཞི་བཅུ་རྩ་བརྒྱད་དོ།

གཉིས་པ་རྨ་ལ་ལྷན་ཅིག་ལས་སྐྱེས་པ་དང་གློ་བུར་བགཉིས་ལས །ལྷན་སྐྱེས་རྨ་ལ་འབྲས་དང་རྨེན་བུ་སུར་ཡ་དང༌། །མེ་དབལ་གཞང་འབྲུམ་རྐང་བམ་མཚན་བར་རྡོལ་བ་རྣམས་སོ །གློ་བུར་བའི་རྨ་ལ་གནས་དང་རིགས་ཀྱིས་དབྱེབ་གཉིས་ལས །གནས་ནི་མགོ་སྐེ་བྱང་ཁོག་ཡན་ལག་ལ། །རྨ་རིགས་ནི་པགས་བཤུས་པ་དང་ཤ་བཅད་ནས་རུལ་བ་ཤས་ཆེར་རྣམ་པར་བཅད་པ་དང༌། ཤ་ལྷུག་པོར་འཕྱང་བ་མཐུར་དུ་ལྷུང་བ་དང་ཐལ་བྱུང་སུ་ཕུག་པ་དུམ་བུར་གཤགས་པ་གྲུམས་པ་དང་རྣམ་པ་བརྒྱད། དེ་རྣམས་སྤྱི་རུ་སྡོམས་པས་དབྱེ་བ་བཅོ་ལྔའོ།

གསུམ་པ་ཚ་བ་མ་སྨིན་རྒྱས་སྟོངས་གབ་རྙིངས་རྙོགས། །འགྲམས་ཚད་འཁྲུགས་ཚད་རིམས་ནད་དང་དུག་ཚད་རྣམ་པ་བཞིལས །འགྲམས་ལ་དབྱེ་བ་ཕྱི་འགྲམས་ནང་འགྲམས་རྣམ་པ་གཉིས། །འཁྲུགས་ལ་དབྱེ་བ་རྒྱས་འཁྲུགས་སྟོང་འཁྲུགས་འཇམ་འཁྲུགས་གསུམ། རིམས་ནད་ལ་བལ་ནད་རྒྱུ་གཟེར་འབྲུམ་པ་དང༌། །གག་ལྷོག་ཆམ་པའི་ནད་དང་རྣམ་པ་ལྔ། །དུག་ནད་ལ་སྦྱར་དུག་གྱུར་པ་དངོས་དང་གསུམ།

ཐོར་བུའི་ནད་ལ་་སྐད་འགགས་སྐྱིགས་བུ་ཡི་ག་འཆུས། །སྐོམ་དད་དབུགས་མི་བདེ་དང་གླང་ཐབས་སྲིན། །འཁྲུ་སྐྱུག་དྲི་མ་གཅིན་འགགས་གཅིན་སྙི་དང༌། ཚད་འཁྲུ་དྲེག་གྲུམ་ཆུ་སེར་རྩ་དཀར་དང༌། །ལྤགས་ནད་ཕྲན་བུ་ཐོར་བུ་བཅུ་དགུའོ། དེ་རྣམས་བསྡོམས་པས་བརྒྱ་དང་རྩ་གཅིག་རིགས་ཀྱི་དབྱེ་བར་འདོད།

དེ་ལྟར་ཉེས་པ་དང་གཙོ་བོ་དང་རིགས་དང་གནས་དང་བཞིའི། །དབྱེ་ས་ནད་རིགས་་བཞི་བརྒྱ་རྩ་བཞིའི་ནད་ཡོད་དེ། །དེ་ལ་གཞན་དབང་འཆི་བདག་དབང་དུ་ན་བ་ནི་བཅོས་ཀྱང་འཆི་བ་དང༌། རྟོག་པ་གཞན་དུ་སྒྲོ་ཀུན་བརྟགས་པ་གདོན་གྱི་ནད་རིམ་གྲོས་གྲོལ་བ་དང༌། ལུས་ལ་ཡོངས་སུ་གྲུབ་པའི་ནད་མ་བཅོས་འཆི་ལ་བཅོས་ན་འཚོ། །ལྟར་སྣང་ཐམས་ཅད་ནད་ནི་མ་བཅོས་རང་བཞིན་འཚོ་བ་བཞི། དེ་ཡང་གཅིག་ལའང་དེ་ལྟར་བཞི་སྦྱར་བས་བཞི་བརྒྱ་རྩ་བཞི་རེ་སྟེ། ཐམས་ཅད་སྡོམས་པས་སྟོང་དང་དྲུག་བརྒྱ་བཅུ་དྲུག་འགྱུར།

རྣམ་པའི་སྒོ་ནས་ནི་དཔག་ཏུ་མེད་པར་དབྱེབ་འགྱུར །ཉེས་པ་གནོད་བྱ་རྩ་བའི་རླུང་ལྔ། མཁྲིས་པ་ལྔ། བད་ཀན་ལྔ། ལུས་ཟུངས་བདུན། དྲི་མ་གསུམ་བཅས་ཉི་ཤུ་རྩ་ལྔ་ལ། །རྐྱང་པ་དང་ལྡན་པ་དང་འདུས་པ་དང་དུ་མའི་རིགས་འབྱུང་བས། དེ་རྣམས་ཀྱི་གྲངས་དང་མིང་གི་ངེས་བསྟན་ཚང་མར་ཡོད་མ་ཡིནནོ

འོན་ཀྱང་བསྡུ་ན་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལས་ནད་མི་འདའབ་ཡིན ལུས་ཟུངས་བདུན་དྲི་མ་གསུམ་གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའབ་ཡིན །དཔེར་ན་འདབ་ཆགས་བྱ་ཡིས་གར་འཕུར་ཡང༌། །ནམ་མཁའི་མཐོངས་ལས་འཕུར་ས་མེད་པ་བཞིནདུའོ །བད་རླུང་གཉིས་གྲང་ལ་ཁྲག་མཁྲིས་གཉིས་ཚ་བས་ན། །དུ་མར་ཕྱེ་ཡང་དོན་དུ་ཚ་གྲང་གཉིས་སུ་འདུས།

དེ་དག་སོ་སོའི་དོན་ལ་རྒྱུ་དང་སྔར་ཚུལ་དང༌། །ཚུལ་ཕྱེད་པ་དང་དཀྱེལ་དུ་གྱུར་པ་བཞིལས དེ་ཡང་རྒྱུ་ནི་རང་རང་སྐྱེད་པའི་རྐྱེན་ཡིན་ཏེ། །སྔར་ཚུལ་ཞེས་བྱ་བྱེ་བྲག་གསལ་མིན་པལུས་སྙོམ་པ་ལྟ་བུ །ནད་རྟགས་གསལ་བར་གྱུར་པ་ཚུལ་ཕྱེད་ཡིན། ནད་རང་གནས་སུ་མཐར་ཕྱིན་ཅིང་ཤུགས་རྫོགས་པ་ནི་དཀྱེལ་དུ་གྱུར་བ་ཟེར་རོ

དེ་ལ་རྣམ་གྲངས་དང་བརྟག་པ་དང་གཙོ་བོ་དང་སྟོབས་བཞི་ལས དང་པོ་རྣམ་གྲངས་ནད་རིགས་ནང་ཚེགས་དབྱེ་བ་སྟེ། གཉིས་པ་བརྟག་པ་དེ་རྣམས་མ་འདྲེས་ཕྱེད་པ་ཡིན། གསུམ་པ་གཙོ་བོ་རང་རྒྱུད་ཅན་དང་གཞན་རྒྱུད་ཅན། །དེ་ལ་སྔར་ནད་སྐྱེས་པར་ཕྱིས་བླ་གཉན་སྣོན་མ་བཅས་པའོ། བཞི་པ་ནད་སྟོབས་ཆེ་ཆུང་ནི་ངད་ཅན་གྲངས་སོགས་ཡུལ་དང་དབྱར་སོགས་དུས་དང་རང་བཞིན་རླུང་སོགས་ན་ཚོད་རྒས་པ་རྣམས་ནད་དང༌། རླུང་ལ་སོགས་ནད་ཁམས་བཅུད་མེད་སོགས་ཟས་དང་མྱ་ངན་སོགས་སྤྱོད་ལམ་དབང་གིས་ནད་སྟོབས་ཆེ་ཆུང་གཉིས་སུ་འགྱུར་རོ །ཞེས་གསུངས་སོ།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:42 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།