སྨན་རྩིས་དྲ་བ། - ཆེད་རྩོམ།

ལུས་སེམས་སྲོག་གི་འབྲེལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.10.2017
ཆེད་རྩོམ། >>


ལུས་སེམས་སྲོག་གི་འབྲེལ་བ།

 

ནང་པའི་སེམས་ཁམས་རིག་པའི་གཞུང་ནས་བཤད་པའི་ལུས་སེམས་སྲོག་གི་འབྲེལ་བ།

- ས་སྐྱ་རྫོང་གསར་མཁན་པོ་ཆོས་དབྱིངས་རྡོ་རྗེ།
 

འདིའི་སྔོན་ལུས་སེམས་སྲོག་གི་ངོས་འཛིན་སྐོར་བཤད་ཟིན་པའི་ཁུལ་བྱས་ནས། ད་དེ་གསུམ་གྱི་འབྲེལ་བའི་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། དེ་ཡང་ཡོད་པ་རྒྱལ་བས་མ་གཟིགས་ཀྱང་། །འཁོར་འདས་ཀུན་གྱི་གཞིར་གྱུར་པ། །གསལ་ལ་རྒྱུན་ཆགས་མ་ངེས་པ། །སེམས་དང་སྲོག་ནི་དེ་ལ་བཏགས། །ཞེས་གོང་དུ་སེམས་དང་སྲོག་གི་གནས་ལུགས་དེ་གང་འདྲ་ཞིག་རེད་ཅེས་ཞུས་དུས་དེ་རྒྱལ་བས་མ་གཟིགས་པ་རེད་ཅེས་བཤད་པ་དེ་གང་འདྲ་ཞིག་རེད་ཅེ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ནི་རྫོགས་པའི་སངས་རྒྱས་ཀྱིས་རྩོད་པ་མཛད་པའི་ཆེད་དུ་གསུངས་ཡོད་པ་མ་རེད་དེ། སྟོང་ཉིད་སྐོར་བཤད་ཡོང་དུས་མེ་འབར་དུས་བུད་ཤིང་ཚིག་ཡོང་བ་བཞིན་ཡོད་འདོད་ཚུལ་མང་པོ་ཞིག་ཡོང་གི་རེད། དེ་བཞིན་དུ་དཔལ་ལྡན་ཟླ་བ་གྲགས་པས་ཀྱང་། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ཡིས། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པ་ལྟར། རྩ་བ་ཤེས་རབ་སོགས་ཀྱི་ནང་སེམས་དང་སྲོག་གི་རྣམ་གཞག་གནས་ལུགས་དེ་ཚོ་བཤད་ཡོང་དུས་ནང་པའི་གྲུབ་མཐའ་སྨྲ་བ་དང་། ཕྱི་རོལ་བ་ཚོས་བཤད་ཚུལ་མང་པོ་ཞིག་བཀོད་ཀྱི་ཡོད་པ་རེད་དེ། དེ་ཚོ་རྩོད་པ་རྩོད་པ་པོའི་ཕྱིར་དུ་བཤད་པ་མ་རེད། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ཆོས་རྣམས་ཀྱི་གནས་ལུགས་ཤེས་དགོས་པ་རེད། དེ་ཤེས་པ་ལ་བཤད་ཚུལ་མང་པོར་དཔྱད་བསྡུར་བྱེད་དགོས་ཀྱི་ཡོད་པའི་ཆ་ནས་བཤད་པ་རེད། དེ་ནང་བཞིན་སེམས་ཀྱི་གནས་ལུགས་དེ་རང་བཞིན་གྱིས་གྲུབ་ཡོད་མ་རེད་ཅེས་གློ་བུར་དུ་གོ་ཡོང་དུས་ཡ་མཚན་པོ་ཞིག་ཡོད་ཀྱི་རེད་དེ། ལུས་དང་། སེམས་དང་སྲོག་སོགས་རང་བཞིན་གྱིས་གྲུབ་པ་ཞིག་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས་ཀྱང་། ཐ་སྙད་དུ་དེ་ཚོས་ལས་ཀ་བྱེད་སྡོད་པ་ཡོད་དང་ཡོད་ཆོག་གི་རེད། དཔེར་ན། རས་གཞིའི་ངོས་ཀྱི་ཐུགས་རྗེ་ཆེ་ཞེས་པ་དེ་ལ་བརྟག་དཔྱད་གང་འདྲ་ཞིག་བྱས་པ་ཡིན་ན་ཡང་ལག་པས་རེག་རྒྱུ་དང་རྙེད་རྒྱུ་ཡོད་པ་མ་རེད་དེ་མ་རྙེད་བཞིན་དུ་ཅིག་འཆར་ཆོག་གི་ཡོད་རེད། མགོན་པོ་ཀླུ་སྒྲུབ་ཀྱིས། གང་ལ་སྟོང་བ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་བཞིན་ཆོས་རྣམས་རང་བཞིན་གྱིས་མེད་ནའང་ཐ་སྙད་དུ་ཡོད་རུང་བ་ཞིག་རེད། ད་གཙོ་བོ་བཤད་རྒྱུ་དེ། འཁོར་འདས་ཀུན་གྱི་གཞིར་གྱུར་ཅིང་། །ཞེས་སེམས་དེ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུ་ཙམ་དུ་མ་ཟད། འཁོར་བའི་རྒྱུ་ཡང་ཆགས་ཡོད་རེད། དེའི་ནང་ཀྱང་མིའི་ཚེ་སྲོག་ལྟ་བུ་ལ་དཔེ་བཞག་པ་ཡིན་ན། མིའི་ཚེ་སྲོག་དེ་ཡང་དང་པོ་འབྱུང་ཁུངས་འདྲ་བོ་སེམས་ལ་བརྟེན་ནས་བྱུང་བ་རེད། བར་དུ་གནས་པ་ཡང་སེམས་ལ་རག་ལུས་ཡོད་པ། མཐའ་མར་འཆི་བ་དེ་ཡང་སེམས་ལ་རག་ལུས་ཡོད་པ་རེད།
 

དུས་ཚོད་ཀྱི་དབང་གིས་ལུས་སེམས་སྲོག་གི་འབྲེལ་ལམ་སྐོར་དེ་ཙམ་ཞིག་ཞུས་པ་ཡིན་ན། མིའི་ཚེ་སྲོག་དེ་དང་པོ་མིའི་སེམས་ལ་རག་ལུས་ཡོད་ཚུལ་དེ་གང་འདྲ་རེད་ཅེ་ན། ནང་པའི་ལྟ་གྲུབ་གཞིར་བཞག་ནས་བཤད་ན། ཚེ་སྲོག་ལྡན་པའི་འགྲོ་བ་གང་འདྲ་ཞིག་ཡིན་ན་ཡང་སྐྱེ་བ་སྔ་མའི་ལས་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས། གློ་བུར་དུ་རྒྱུ་མེད་རྐྱེན་མེད་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་དེ་འདྲ་མ་རེད། ལས་ལ་བརྟེན་ནས་བྱུང་བ་ཡིན་དུས་ལས་གསོག་པ་པོ་དེ་གཙོ་བོ་སེམས་ཆགས་ཡོད་རེད། དེ་ཡང་ཇི་སྐད་དུ། སེམས་ནི་དགེ་དང་མི་དགེ་བའི། །
 

སྟོབས་ཀྱིས་ལས་ལ་བཟང་ངན་འབྱུང་། །

བཟང་ངན་དེ་ལས་བདེ་སྡུག་འབྱུང་། །

དེ་དག་བླང་དོར་བྱེད་པ་ཡི། །

ཐབས་ནི་སྡོམ་པའི་ཚུལ་ཁྲིམས་ཡིན། །
 

ཞེས་གསུངས་པ་བཞིན་ལས་དགེ་མི་དགེ་ལ་བརྟེན་ནས་འབྲས་བུ་བདེ་སྡུག་བཟང་ངན་ཡོང་གི་ཡོད་པ་རེད། ལས་དགེ་བ་ལ་བརྟེན་ནས་ལྷ་མིའི་མངོན་མཐོ་ཐོབ་ཡོང་གི་རེད། མི་དགེ་བ་ལ་བརྟེན་ནས་ངན་སོང་དུ་སྐྱེ་འགྲོ་ཡི་ཡོད་རེད། དེ་འདྲའི་རིགས་དྲུག་གི་ཚེ་སྲོག་གང་འདྲ་ཞིག་ཡིན་ན་དེ་ལས་ལ་རག་ལུས་པ་རེད། ལས་དེ་སེམས་ལ་རག་ལུས་སྡོད་ཡོད་པ་རེད། སེམས་དེ་དགེ་མི་དགེ་ལ་རག་ལུས་སྡོད་ཡོད་དུས། ཆགས་མེད་སྡང་མེད་གཏི་མུག་མེད་པ་གསུམ་གྱི་སྒོ་ནས་ལས་གང་བྱས་པ་ལ་དགེ་བ་ཟེར་གྱི་ཡོད་ཅིང་། དེ་གསུམ་གྱིས་ཀུན་ནས་བསླངས་པ་ཡིན་ན་ཕྱི་ཚུལ་ལ་མི་དགེ་བ་འདྲ་བོ་ཡོད་ནའང་དགེ་བ་ཡིན་པ་རེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་སྒོ་ནས་ལས་གང་བྱས་པ་ལ་མི་དགེ་བ་ཟེར་གྱི་ཡོད་རེད། དེ་གསུམ་གྱིས་ཀུན་ནས་བསླངས་པའི་ལས་གང་བྱས་པ་ཕྱི་ཚུལ་ལ་དགེ་བ་འདྲ་བོ་ཞིག་སྣང་ན་ཡང་དོན་ལ་མི་དགེ་བ་ཡིན་པ་རེད། དེ་འདྲ་ཡིན་དུས་མིའི་ཚེ་སྲོག་ཞིག་འགྲུབ་པ་ལ་མི་དགེ་བཅུ་སྤང་དང་དགེ་བ་བཅུའི་ཉམས་ལེན་དགོས་ཀྱི་ཡོད་རེད། དེ་འདྲའི་སྐད་ཆ་བཤད་ཡོང་དུས་སྐྱེ་བ་སྔ་མ་དེ་ཡང་སེམས་ལ་རག་ལུས་ཡོད་པ་དང་། སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་ཡིན་ན་མིའི་ཚེ་སྲོག་དེ་ལས་ལ་བརྟེན་ནས་ཡོང་བ་རེད་ཅེས་བཤད་ས་མེད་པ་རེད། ཡིན་ན་ཡང་སེམས་དེ་གློ་བུར་ཡིན་དུས་དེ་རྒྱུ་ལ་བརྟེན་ནས་ཡོང་གི་ཡོད་པ་རིགས་པས་གྲུབ་ཡོད།
 

རྒྱུ་ལ་མ་བརྟེན་པ་ཡིན་ན་རྟག་ཏུ་ཡོད་དགོས་པ་དང་། ཡང་ན་གཏན་མེད་ཡིན་དགོས། སེམས་དེ་རྒྱུ་ལ་བརྟེན་ནས་གྲུབ་ཡོང་དུས། རྣམ་ཤེས་མིན་པས་རྣམ་ཤེས་ཀྱི། །ཉེར་ལེན་མིན་པས་ཅི་ཡང་འགྲུབ། །ཅེས་གསུངས་པ་བཞིན་ང་ཚོ་སྐྱེ་མ་ཐག་པའི་རིག་པ་དེ་ལ་སྐྱེ་བྱེད་ཀྱི་རྒྱུ་ཞིག་སྔོན་དུ་འགྲོ་དགོས་པས་རྒྱུ་དེ་རང་གི་རིགས་མཐུན་པའི་རིག་པ་ཞིག་དགོས་པ་ལས་བེམ་པོ་ལ་སོགས་པ་རིགས་མི་མཐུན་པ་ཞིག་ལས་སྐྱེ་བར་ཚད་མ་གང་གིས་ཀྱང་མ་རྙེད་གསུངས་ཡོད་རེད། ཚད་མ་གང་གིས་ཀྱང་མ་གྲུབ་པར་བརྟེན་སྐྱེས་མ་ཐག་པའི་རིག་པའི་རྒྱུན་སྐྱེ་བ་སྔ་མའི་རིག་པ་ཞིག་ལ་གཏུགས་དགོས་པ་ཡིན་པ་རེད། དཔེར་ན། ནས་ཀྱི་ཉེར་ལེན་ནས་ལ་བརྟེན་པ་མ་གཏོགས་གྲོ་ལ་མི་བརྟེན་པ་དེ་བཞིན་དུ་ཚེ་འདིའི་ཤེས་པ་དེ་ཡང་རང་གི་ཉེར་ལེན་སྐྱེ་བ་སྔ་མའི་ཤེས་པ་ལ་བརྟེན་ནས་སྐྱེས་པ་ཡིན་པས་ཆ་ནས་སྐྱེ་བ་སྔ་མའི་རིག་པ་ཡོད་པ་དེ་འདྲ་ཞིག་གི་ཐོག་ནས་སྒྲུབ་ཀྱི་ཡོད་རེད། དེ་དག་མདོར་བསྡུས་པ་ཡིན་ན་སུ་ཞིག་གི་ཚེ་སྲོག་གི་ངོ་བོ་དེ་ཡང་ཐོག་མ་སེམས་ལ་རག་ལུས་ཡོད་པ། མིའི་ལུས་རྟེན་འདི་རིང་པོ་གནས་མི་གནས་དེ་ཡང་ནང་པའི་ལུགས་གཞིར་བཞག་བྱས་ན་སྔ་མའི་ལས་ལ་རག་ལུས་པ། དཔེར་ན། སྐྱེ་བ་སྔ་མ་དེར་གཞན་གྱི་ཚེ་སྲོག་ལ་ཕན་བྱས་པ། ཚེ་བསྲིངས་པ་སོགས་བྱས་ཡོད་ན་རྒྱུ་མཐུན་གྱི་འབྲས་བུ་དེ་ཡང་ཚེ་འདིར་ཚེ་རིང་པོ་དང་། ལུས་པོ་ཡང་བདེ་ཐང་ཡོང་གི་ཡོད། གཟུགས་པོ་མཛེས་པོ་སོགས་མཐོ་རིས་ཀྱི་ཡོན་ཏན་རྣམས་ཀྱང་སྔ་མའི་ལས་ལ་རག་ལུས་པ། དེ་དག་ཀྱང་སྔ་མའི་སེམས་ལ་རག་ལུས་ཡོད་པ་རེད། སྦྱིན་པས་ལོངས་སྤྱོད། ཚུལ་ཁྲིམས་ཀྱིས་བདེ་བ། བཟོད་པས་མདངས་བཟང་བ་སོགས་ཡོང་གི་ཡོད་པ་དེ་དག་ཀྱང་སྔ་མའི་ལས་ལ་རག་ལུས་ཡོད་པ་རེད། དེའི་སྐོར་དེ་རིང་ཞོགས་པ་ྋགོང་ས་མཆོག་གིས་ནང་པའི་ལྟ་གྲུབ་གཞིར་བཟུང་གིས་ཟབ་རྒྱས་གསུངས་སོང་བ་དེ་རང་རེད། ཚེ་འདིའི་དབང་དུ་བཏང་ན་ཡང་ང་རྒྱལ་དང་ཁོང་ཁྲོ་ཆེན་པོ་ཅན་དེ་ཚོ་ཚེ་ཐུང་དུ་འགྲོ་ཡི་ཡོད་པ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ངོས་འཛིན་བྱེད་ཀྱིན་ཡོད་པ་བཤད་སྡོད་ཀྱི་འདུག་ག  དེ་ཡིན་དུས་ཚེ་འདིར་ལུས་བདེ་བོ་དང་ཚེ་རིང་པོ་ཡོང་མིན་དེ་ཡང་སེམས་ལ་རག་ལུས་ཡོད་པ་རེད། སེམས་སྟེང་གི་ན་ཚ་ཟེར་ན་རེད་འདོད་ཆགས་ཞེ་སྡང་གཏི་མུག  ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་དེ་ཚོ་ཤུགས་ཆུང་པའམ་ཉུང་པ་ཡོད་པ་ཡིན་ན་ལུས་པོ་བདེ་ཐང་དང་ལྷོད་པོ་ཡོང་གི་ཡོད་རེད། སེམས་ཞི་བདེ་དང་ལྷོད་པོ་ཡོད་ན་ལུས་ལ་ན་ཚ་བྱུང་བ་ཡིན་ན་ཡང་དེས་ལུས་ལ་གནོད་ཤུགས་ཆེན་པོ་ཡོང་གི་མ་རེད་ཅེས་ྋགོང་ས་མཆོག་གིས་གསུངས་ཡོད་རེད།
 

སེམས་དེ་ལུས་པོའི་བདེ་ཐང་ལ་རག་ལུས་ཡོད་པ་དཔེར་ན། ཁ་ཚ་ (སི་པན།) ལ་དགའ་བོ་ཡོད་མཁན་དེའི་ཁ་ཚ་བོ་དེ་ཡང་ཚ་བོ་ཚོར་གྱི་མ་རེད་སེམས་དེ་ལ་དགའ་བའི་དབང་གིས་ཞིམ་པོ་ཚོར་གྱི་ཡོད་རེད། དེ་བཞིན་ཟ་མ་ལྟ་བུ་ཡིན་ན་ཡང་རང་གི་ངོས་ནས་ཞིམ་པོ་ཟེར་བ་ཞིག་ཡོད་པ་མ་རེད་སེམས་རང་ལ་རག་ལུས་ཡོད་པ་དཔེར་ན། བོད་ནས་གསར་དུ་འབྱོར་མཁན་དྰལ་(Daal)ཟ་མ་མྱོང་མཁན་ཞིག་ཡིན་ན་མདོག་མཐོང་བ་ཙམ་གྱིས་ཞེན་ཁ་ལོག་ཡོང་བ་དེ་འདྲ་ཡོང་གི་ཡོད། དྰལ་(Daal)ལ་གོམས་འདྲིས་ཡོད་ན་དེ་མེད་ན་ཟ་མ་ལ་བྲོ་བ་མེད་པ་དང་སྡོད་མི་ཐུབ་པ་ཡོང་གི་ཡོད་པ་དེ་ཚོ་ཚང་མ་སེམས་ལ་རག་ལུས་ཡོད་པ་གསལ་པོ་རེད། དེ་རིང་ཞོགས་པ་སློབ་ཕྲུག་ཞིག་གིས་ྋགོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་ལན་གསུངས་པ་བཞིན་རེད། ཚེ་བསྲིང་བ་ཞེས་པ་དེ་གཙོ་བོ་སེམས་ལ་རག་ལུས་ཡོད་པ་རེད། ནང་པའི་གཞུང་དུ་འཆི་བ་ཟེར་བ་དེ་སྐྱེ་བ་སྔ་མའི་ལས་ཀྱི་འཕེན་པ་དང་བསོད་ནམས་ཟད་ནས་འཆི་བ་ཞིག་དང་། ལས་ཟད་ལ་བསོད་ནམས་མ་ཟད་ནས་འཆི་བ་ཞིག་དང་། ལས་མ་ཟད་པར་བསོད་ནམས་ཟད་ནས་འཆི་བ་སོགས་ཡོད་པ་དེ་ཚོ་ཡང་སེམས་ལ་རག་ལུས་ཡོད་པ་རེད། ང་ཚོས་ཚེ་འདིར་དམར་ཟོས་སྤངས་པ་དང་སྲོག་གཅོག་སྤང་པ་ཡིན་ན་སེམས་ཅན་དེ་ཚོ་ཚེ་ཐར་བཏང་བ་ཆགས་ཡོད་པས་ཚེ་འདིའི་ལུས་ཁམས་བདེ་ཐང་ཡོང་གི་ཡོད་པ་དང་། ཚེ་རིང་དུ་བསྲིང་གི་ཡོད་པ་ཚན་རིག་པ་ཚོས་ཀྱང་བཤད་ཀྱི་འདུག་ག  དེ་ཡང་སེམས་ལ་རག་ལུས་ཡོད་རེད། དེ་བཞིན་དུ་བསོད་ནམས་ཟད་ནས་ཚེ་རྫོགས་ཀྱི་ཡོད་ན་ཡང་ནང་པའི་གཞུང་ནས་བསོད་ནམས་གསོག་པའི་རྒྱུ་མང་པོ་ཡོད་པ་དཔེར་ན། གཞན་ལ་བསམ་པ་བཟང་པོའི་སྒོ་ནས་སྦྱིན་པ་གཏོང་བ། ཚུལ་ཁྲིམས་སྲུང་པ། བཟོད་པ་སྒོམ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་དགེ་བ་བསགས་པ་ཡིན་ན་རང་གཞན་ཀུན་ལ་ཕན་པའི་བསོད་ནམས་བསགས་ཀྱི་ཡོད་པས་ཚེ་སྲིང་ཐུབ་ཀྱི་ཡོད་རེད། དེ་འདྲའི་ཚེ་འདིའི་ལུས་པོའི་བདེ་ཐང་དང་། ཚེ་རིང་མི་རིང་དེ་ཚོ་ཡང་སེམས་ལ་རག་ལུས་ཡོད་པ་རེད། དེ་བཞིན་དུ་འཆི་བ་ཟེར་བ་དེ་ཡང་སེམས་ལ་རག་ལུས་ཡོད་པ། སེམས་ལུས་དང་བྲལ་ཡོང་དུས་ཤི་བ་ཟེར་གྱི་ཡོད།
 

ང་ཚོ་གསོན་པའི་སྐབས་ལ་ལུས་ཀྱི་ཆ་ཤས་ཀུན་སེམས་དང་ཚོར་བས་ཟིན་ཡོད་པས་སེམས་ཀྱིས་ལུས་བཟུང་ནས་སྡོད་ཡོད་པ་རེད། སེམས་ཀྱིས་ལུས་རིམ་པས་བཏང་ཡོང་དུས་ལུས་ལ་དྲོད་མེད་པ་དང་ཚོར་བ་མེད་པ་དང་ནུས་པ་མེད་པ་ཆགས་ཡོང་གི་འདུག་ག དེ་ནས་སེམས་ཀྱིས་ལུས་ཡོངས་སུ་བཏང་ནས་བྲལ་བའི་ཚེ་ཤི་བ་རེད། དེ་དུས་ལུས་སེམས་ཀྱི་མཐའ་དེ་མཇུག་བསྒྲིལ་བ་རེད། སེམས་ཁོ་རང་སངས་མ་རྒྱས་བར་དུ་མུ་མཐུད་ནས་འགྲོ་སྡོད་པ་ལས་འཆི་བ་ཟེར་བ་ཞིག་ནང་པའི་ལུགས་ལ་མེད་པ་རེད། དེ་དག་ཐམས་ཅད་ཞིབ་ཏུ་ཞིབ་ཏུ་མདོར་བསྡུས་ནས་ཡོང་དུས་དེ་ངས་གོང་དུ་ཐ་སྙད་རིག་པ་ལ་དགོངས་ནས་ཆོས་རྣམས་སེམས་སུ་གསུངས་ཞེས་པ་དེ་ལ་རག་ལུས་ཡོད་པ་རེད། དེ་ཡང་དཔལ་ལྡན་ཆོས་གྲགས་ཀྱིས། སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་པ་དེ་གང་དྲན་ཞིག་གསུངས་པ་མ་རེད། དེས་ག་རེ་གསུང་གི་ཡོད་རེད་ཟེར་ན། སྔོན་པོ་དེ་སེམས་དང་རྫས་གཅིག་ཡིན་པ་དང་ཆོས་ཐམས་ཅད་ཡང་སེམས་ཀྱི་བདག་ཉིད་ཅན་ཡིན་པ་གསུངས་ཡོད། དཔལ་ལྡན་ཆོས་གྲགས་ཁོང་ནཱ་ལེནྜའི་རིགས་པའི་ཁྱུ་མཆོག་ཅིག་ཡིན་པ་རེད། སྣང་བ་སེམས་རེད་ཟེར་བ་དེ་ཡང་རང་གི་སྣང་བ་རང་གི་སེམས་རེད་ཟེར་བ་མ་གཏོགས་ཆོས་གཞན་དེ་ཚོ་ཡང་རང་གི་སེམས་རེད་ཅེས་བཤད་ཀྱི་ཡོད་པ་མ་རེད། དཔེར་ན། རླན་བཤེར་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་བལྟས་པའི་ཚེ་ན་ལྷ་ལ་བདུད་རྩི་དང་། མི་ལ་ཆུ་དང་། ཡི་དྭགས་ལ་རྣག་ཁྲག་སྣང་བ་དེ་ཚོ་སོ་སོའི་སེམས་དང་རྫས་གཅིག་ཡིན་པས་དེ་རང་གི་སྣང་བ་སེམས་ལ་རག་ལུས་པའི་རེད་མ་གཏོགས་ཅིག་ཤོས་ཀྱི་སྣང་བ་དེ་ཅིག་ཤོས་ཀྱི་སེམས་ཡིན་ཟེར་གྱི་ཡོད་པ་རེད། ཡི་དྭགས་ལ་སྣང་པའི་རྣག་ཁྲག་དེ་མི་ལ་གང་སྣང་གི་ཁོ་རང་མ་རེད། སོ་སོའི་སྣང་ཚུལ་ཐ་དད་རེད། དེ་འདྲ་ཡིན་དུས་སྨན་ཟོས་ནས་ཕན་དང་དུག་ཟོས་ནས་གནོད་པ་ཡོང་པའི་རྒྱུ་མཚན་གང་འདྲ་རེད་ཅེས་དོགས་པ་འདི་འདྲ་ཡོང་གི་ཡོད་རེད། དེ་ཡོང་མི་སྲིད་པ་ཞིག་རེད་བསམ་སྲིད་ཀྱི་རེད་དེ། ཁོ་རང་གི་གནས་ལུགས་ལ་མ་གྲུབ་པ་ཡིན་དུས་དཔེར་ན། རྨི་ལམ་གྱི་གནས་སྐབས་སུ་སྟག་ལ་སྐྲག་གི་རེད། ཕ་མ་ལ་སྐྲག་གི་མ་རེད། སྣང་པ་དེ་འདྲ་ཞིག་ཡོང་གི་ཡོད་ན་ཡང་དོན་ངོས་ནས་རྨི་ལམ་ནང་གི་སྟག་དང་ཕ་མ་མེད་པ་གཅིག་པ་རེད། ཡིན་ཡང་འཁྲུལ་སྣང་གི་དབང་གིས་རྨི་ལམ་ནང་གི་སྟག་དེས་ཁྱེད་ལ་འཇིགས་སྐྲག་སློང་གི་རེད། རྨི་ལམ་ནང་གི་ཕ་མས་དགའ་ཞེན་སོགས་སློང་གི་རེད། དེ་ལྟར་རང་བཞིན་གྱིས་མ་གྲུབ་ནའང་བསམ་བློའི་ནང་ལ་སྐྱེ་རྒྱུ་ཞིག་ཡོད་པ་རེད། དེ་བཞིན་དུ་ཆོས་ཐམས་ཅད་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་ཡོད་མ་རེད་དེ། གང་ལ་སྟོང་པ་ཉིད་རུང་པ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ལྟར་གང་སྣང་པ་དེའི་སྟེང་ནས་ཕན་གནོད་ཅིག་ཡོང་གི་ཡོད་པ་སྨན་གྱིས་ཕན་གྱི་ཡོད་པ་དང་དུག་གིས་གནོད་ཀྱི་ཡོད་པ་ལྟ་བུ་རེད། དེ་དག་ཐམས་ཅད་ཀྱང་གཙོ་བོ་སེམས་ཀྱི་སྟེང་ལ་རག་ལུས་ཡོད་པ་ནང་པ་སངས་རྒྱས་པའི་ལུགས་གཞི་བཞག་བྱས་ན་དེ་འདྲ་རེད། དེ་བཞིན་དུ་སྐྱེ་བ་ཕྱི་མ་ཟེར་བ་སོགས་ཐམས་ཅད་སེམས་ལ་རག་ལུས་ཡོད།།
 

- ཕྱི་ལོ་ ༢༠༡༧ བཞུགས་སྒར་སྨན་རྩིས་ཁང་ནས་དཔར་བསྐྲུན་ཞུས་པའི་དེབ་《ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་གསུང་བཤད་ཕྱོགས་སྒྲིག་》ཅེས་པ་ནས་ཟུར་འདོན་ཞུས། 



མཐའ་མའི་འདོན་ཐེངས་།: 30.10.2017 ཉིན། 9:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།