ལུས་སེམས་སྲོག་གི་བཅོས་ཐབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.10.2017 |
ལུས་སེམས་སྲོག་གི་བཅོས་ཐབས།
ནང་པའི་སེམས་ཁམས་རིག་པའི་གཞུང་ནས་བཤད་པའི་ལུས་སེམས་སྲོག་གི་བཅོས་ཐབས་སྐོར།
- ཝཱ་ཎ་སློབ་དཔོན་རམེཤ་ནེགཱི།
འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད།།
རྒྱུན་དུ་འབྲེལ་བས་ལུས་ཀུན་མ་ལུས་ཁྱབ།།
འདོད་དང་གཏི་མུག་ཁྲོ་བ་སེལ་བ་ཡི།།
སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ།།
ད་ནི་ལུས་དང་སེམས་དང་སྲོག་གི་ནད་བཅོས་པའི་སྐོར་སངས་རྒྱས་པའི་ནང་དོན་རིག་པ་ལྟར་མདོ་ཙམ་བཤད་པར་བྱའོ། །དེ་ཡང་འཇིག་རྟེན་འདིར་འགྲོ་བ་རིགས་དྲུག་གི་ཚུལ་དུ། མར་དམྱལ་བ་མནར་མེད་ནས་ཡར་སྲིད་རྩེའི་བར་གྱི་འཁོར་བའི་ཁྲོན་པ་ཆེན་པོར་རང་དབང་མེད་པར་སེམས་ཅན་རྣམས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བའི་རྒྱུ་ངོ་མ་ནི་ང་དང་ང་ཡིར་འཛིན་པའི་གདོན་ཆེན་པོ་འདི་ཉིད་ཡིན་ཏེ། སློབ་དཔོན་ཆེན་པོ་ཟླ་བས་མཛད་པའི་དབུ་མ་འཇུག་པར།
ཇི་སྐད་དུ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌།།
བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པ།།
ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི།།
འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད།།
ཞེས་གསུངས། ང་ཞེས་པ་རང་ཉིད་ཀྱི་རྟོག་པས་སྒྲུབ་པའི་འཇིག་པའི་ལྟ་བའི་རི་བོ་ཆེན་པོ་གང་ཡོད་པ་དག་གི་གཉེན་པོ་ནི་དམ་པའི་ཆོས་སམ། སངས་རྒྱས་ཀྱི་བསྟན་པའམ། སྟོང་པ་ཉིད་དམ། རྟེན་ཅིང་འབྲེལ་འབྱུང་ཁོ་ན་ཡིན་པས། དེ་ལ་བརྟེན་ན་འཇིག་ལྟའི་རི་བོ་ཉི་ཤུ་པོ་ཐམས་ཅད་ཞིག་པའི་སྐབས་ཡོད་ཀྱི། གཞན་དུ་ནི་འཇིག་པའི་གོ་ནམ་ཡང་སྐབས་ཡོད་པ་མ་ཡིན་ནོ།།
དེ་ཡང་གཉིས་སུ་འཛིན་པ་ལ་སོགས་པའི་ལོག་པའི་སྣང་བ་དེ་དག་དུས་གང་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གང་དག་ཡིན་པ་དེ་ཉིད་ཇི་ལྟ་བ་བཞིན་རྟོགས་སྐབས། དེ་མ་ཐག་ཏུ་དངོས་པོར་འཛིན་པའི་གདོན་ཆེན་པོ་གང་དག་ཡིན་པ་དེ་ཉིད་ཟློག་པར་འགྱུར་ཏེ།
ཇི་སྐད་དུ། དེ་བས་སྐལ་ལྡན་སྐྱེས་བུ་ནི།།
བདག་གཞན་གྲོལ་བ་དོན་གཉེར་བས།།
རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི།།
རིགས་པ་གང་ལ་གོམས་པ་ཡིས།།
དངོས་པོར་འཛིན་པ་བཟློག་པར་བྱ།།
ཞེས་གསུངས། འཁོར་བའི་རྒྱ་མཚོ་ཆེན་པོར་འགྲོ་བ་རིགས་དྲུག་དག་ཏུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞེས་པ་འདི་ནི་ཤིན་ཏུ་ནས་ཀྱང་རྙེད་པར་དཀའ་བ་སྨོས་ཅི་དགོས། སློབ་དཔོན་ཞི་བ་ལྷ་ཡིས་སྤྱོད་འཇུག་ཏུ།
དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།།
སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ།།
གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།།
ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །
ཞེས་གསུངས་པ་དང༌། སྐལ་ལྡན་གང་དག་ཡོན་ཏན་དེ་དག་དང་ལྡན་པ་ནི་རང་གཞན་ཐམས་ཅད་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ལས་གྲོལ་བའི་དོན་གཉེར་ཆེན་པོའི་ངང་ཚུལ་ཅན་དུ་གནས་ཡོད་པའི་རྒྱུ་མཚན་གྱིས། དངོས་འཛིན་གྱི་གདོན་ཆེན་པོ་དེ་ཉིད་བཟློག་པའི་ཆེད་དུ་དམ་པའི་ཆོས་ལ་ཉིན་དང་མཚན་དུ་གོམས་པར་བྱའོ།།
སངས་རྒྱས་ཀྱི་བསྟན་པའམ། དམ་པའི་ཆོས་སམ། སྟོང་པ་ཉིད་དམ། ཐེག་པ་ཞེས་པ་སོགས་ཀྱི་དོན་ནི་ཆོས་ཀྱི་ཚིགས་དུ་བཅད་པ་ལས།
སྡིག་པ་ཅི་ཡང་མི་བྱ་ཞིང༌།།
དགེ་བ་ཕུན་སུམ་ཚོགས་པར་བྱ།།
རང་གི་སེམས་ནི་ཡོངས་སུ་འདུལ།།
འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་གསུངས།
འདི་ལྟ་བུའི་གནད་འདི་ཉིད་ནི་རང་ཉིད་ཀྱི་རྒྱུད་དུ་ཡོད་པའི་འཁྲུགས་པའི་རྐྱེན་ཐམས་ཅད་ཞི་བར་བྱེད་པའི་ཐབས་ཁྱད་པར་ཅན་སྨན་དཀར་པོ་ཆིག་ཐུབ་ཏུ་འདུག་པས། སྡུག་བསྔལ་དང་བྲལ་འདོད་ཀྱི་བསམ་པ་ཅན་ཡོད་དོ་ཅོག་གིས་དེ་ཡི་ཉམས་ལེན་ལ་ངེས་པར་དུ་འབུངས་དགོས་པ་ནི་སྨོས་ཅི་དགོས། དེ་ཡང་མར་པ་ལོ་ཙཱའི་རྣམ་ཐར་དུ།
ཇི་སྐད་དུ། ང་ད་ལན་དེ་ལྟར་འོང་བ་ངའི་སྔོན་ལས་ཡིན་དགོངས། ཐུགས་འབྱུང་ཞིང་སྐྱོ་བའི་ཉམས་ཆེན་པོ་ཡོད་པའི་ཚེ། མནལ་ལྟས་ངན་པ་ཡང་བྱུང༌། དེ་དང་མཐུན་པར་སྐུ་ལ་རྒྱ་ཚད་ཀྱི་བྲོ་འཚལ་བས། འགྲོངས་ལ་ཁད་པ་བཅུ་གསུམ་དང༌། རླུང་གིས་ཁྱེར་ཏེ་འགྲོངས་ཐེངས་ཡང་གསུམ་བྱུང་བའི་བར་ལ། དཔལ་ནཱ་རོ་པའི་ཞལ་ནས། སྙན་བརྒྱུད་ཀྱི་ཆོས་འདི་བཀའ་གཉན་པས། བདུད་ཀྱི་བར་ཆད་ཀྱི་རྣམ་པར་འདུག་སྟེ། ཁྱོད་ང་དང་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་པས། ངས་ཀྱང་དཀོན་མཆོག་ལ་གསོལ་བ་འདེབས། ཁྱོད་ལ་བདུད་གནོད་པ་ཙམ་ཞིག་དཀོན་མཆོག་ཀྱང་སྐྱོབ་པ་ལ་བརྩོན་པར་མཛད་པས་ཚེ་ལ་བར་ཆད་མི་འོང་བའི་ཁག་ངས་ཐེག ཁྱོད་རང་མྱོང་འགྱུར་གྱི་ལས་ངན་འཛད་པའི་ཐབས་སུ། ནད་དཀོན་མཆོག་གི་ཐུགས་རྗེར་ཤེས་པ་གྱིས་ལ། སེམས་ཅན་ལ་བྱམས་སྙིང་རྗེ་དང་ཉམས་ལེན་གྱི་དྲན་པ་མ་བྲལ་བ་གྱིས་གསུངས་པས། ཐུགས་བརྩེ་བའི་གསུངས་ཐུགས་རྗེས་གཟུང༌། བདག་ལ་ཤི་རུང་གསོན་རུང་དཀོན་མཆོག་གི་ཐུགས་རྗེར་ཤེས་པ་ལས་གཞན་མ་མཆིས་པས། འགྲོ་བ་ཀུན་ལ་བདག་ལྟར་ཐུགས་རྗེས་གཟུང་དུ་གསོལ་ཞེས་ཞུས་པས་ནཱ་རོ་པ་མཉེས་སོ། །ཞེས་གསུངས་པ་ལྟར་ཡིན། དམ་པའི་ཆོས་ཞེས་པ་དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དང༌། སྟོང་པ་དེ་ཉིད་སངས་རྒྱས་བསྟན་པའི་སྙིང་པོ་ཡིན། དེ་ཡང་གང་ཡིན་ཟེར་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་གནད་ཁོ་ན་ཡིན་པས། ཤཱ་རིའི་བུས་རྟ་ཐུལ་ལ།
ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང༌།།
དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།།
རྒྱུ་ལས་འགོག་པ་གང་ཡིན་པ།།
དགེ་སྦྱོང་ཆེན་པོ་དེ་ལྟར་སྨྲ།།
ཞེས་གསུངས་པ་དང༌། དེ་བས་འདི་ཉིད་ཐེག་པ་ཐམས་ཅད་དུ་རྟེན་འབྲེལ་སྔགས་ཞེས་གྲགས་པ་ཡིན་ནོ།།
རྒྱུ་རྐྱེན་ལས་འགྲུབ་པས་ན་ཆོས་ཐམས་ཅད་ནི་སྟོང་པའི་རང་བཞིན་ཅན་སྒྱུ་མ་ལྟ་བུ་ཡིན་ལ། ཕྱི་དང་ནང་གི་ཆོས་ཐམས་ཅད་ནི་གཞི་མ་འགྲུབ་པའི་རྒྱུ་མཚན་གྱིས་མཚན་མ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་ནོ།།
ཇི་སྐད་དུ། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །མཚན་མ་ཐམས་ཅད་དང་བྲལ་བའི། །ནམ་མཁའ་ལྟ་བུར་ཤེས་བྱས་ལ། །ཞེས་གསུངས། འཇིག་རྟེན་ཐམས་ཅད་ནི་སྒྱུ་མ་ལྟ་བུའི་ཆོས་ལ་དངོས་པོའི་ཚུལ་དུ་འཛིན་པས་སྡུག་བསྔལ་དཔག་ཏུ་མེད་པས་མནར་བ་ཡིན་ལ། དེ་ལྟ་བུ་སྡུག་བསྔལ་གྱི་རྒྱ་མཚོ་དེ་སྐེམ་པར་བྱེད་པའི་ཆོས་ནི་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་པས། རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ཉིད་འབད་བརྩོན་ཆེན་པོས་བསྐྱེད་པར་བྱའོ།།
དེ་ཡང་ཇི་སྐད་དུ། དངོས་འཛིན་གདོན་གྱིས་བརླམས་པ་ཡི། །འགྲོ་ཀུན་ཡུལ་དུ་བྱས་ནས་ནི། །སྡུག་བསྔལ་རྒྱ་མཚོ་སྐེམ་བྱེད་པ། །སྙིང་རྗེ་ཆེན་པོ་སྔོན་འགྲོ་བས། །བདག་གཞན་དོན་ཀུན་འབྱུང་བ་ཡི། །རིན་ཆེན་བྱང་ཆུབ་སེམས་བསྐྱེད་བྱ། །བྱང་ཆུབ་ཀྱི་སེམས་བསྐྱེད་ན། དེ་དང་འབྲེལ་བའི་སྤྱོད་པ་རྣམས་རང་བཞིན་གྱིས་འབྱུང་བ་དང༌། ཡང༌། ཕར་ཕྱིན་དྲུག་དེ་ཉིད་རྒྱུ་བསམ་གཏན་དང་དེ་ཡི་འབྲས་བུ་ལྷག་མཐོང་གྱིས་འཛིན་ན་ནི་ཕར་ཕྱིན་གྱི་མ་འཐོབ་ལ། དེ་ལྟ་བུ་མི་འབྱུང་ན་ནི་བྱང་ཆུབ་ཀྱི་རྒྱུ་རུ་མི་འགྲོ་བ་ཁོ་ན་ཡིན། དེ་ལྟ་བུའི་སྙིང་པོའི་རྩིས་ཀྱིས་རླན་པ་ནི་ལམ་ཐམས་ཅད་དོན་དང་ལྡན་པ་འགྱུར་པས་མཐར་ཚོགས་གཉིས་མཐར་ཕྱིན་ཏེ་སྐུ་གསུམ་ལྡན་པའི་སངས་རྒྱས་སུ་འགྱུར་རོ།།
སློབ་དཔོན་ཆེན་པོ་ཨ་ཏི་ཤས།
བྱང་ཆུབ་སྤྱོད་པ་རླབས་ཆེན་པོས། །ཕ་རོལ་ཕྱིན་དྲུག་ལ་སོགས་ལ།།
མཉམ་གཞག་ལངས་པའི་སྦྱོར་བ་ཡིས། །ལམ་ལྔ་རིམ་གྱིས་བགྲོད་བྱས་ཏེ།།
སྒྲིབ་པ་རྣམ་པ་གཉིས་བསལ་ནས། །ཚོགས་གཉིས་ཡོངས་སུ་རྫོགས་པ་ལས།།
འབྲས་བུ་སྐུ་གསུམ་བསྒྲུབ་པར་བྱ། བྱང་ཆུབ་ཏུ་འབྱུང་བ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་གི་དམིགས་ཡུལ་ཁོ་ན་ཡིན། དེ་ཉིད་ནི་སྙིང་རྗེ་སྔོན་སོང་གི་བྱང་ཆུབ་ཀྱི་སེམས་མཆོག་ཏུ་གྱུར་པའི་ངང་ནས་ལམ་ལྔ་ས་བཅུ་བགྲོད་པའི་རྒྱུ་མཚན་གྱིས་སྐུ་གསུམ་ལྡན་པའི་སངས་རྒྱས་ཀྱི་སྐུ། གང་དག་འཁོར་བའི་སྐྱོན་གྱི་ཆ་ཅུང་ཟད་ཀྱང་མ་གོས་པ་དང༌། ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་དོན་གཉིས་ལྡན་པའི་སྐུ་འཐོབ་པར་འགྱུར་རོ། །དེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་ཉིད་སྒྲུབ་པའི་འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ནི།
ཇི་སྐད་དུ། སྐུ་གསུམ་འབྱུང་བའི་མཚན་ཉིད་ཀྱང༌།།
སྟོང་ཉིད་ནམ་མཁའ་ལྟ་བུ་ལས། །བརྩལ་མེད་ཐུགས་རྗེའི་སྤྲིན་འབྱུང་ཞིང༌།།
སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །ཁམས་གསུམ་ཐ་མའི་རྒྱུད་བརླན་ཏེ།།
བྱང་ཆུབ་སྙིང་པོའི་ས་བོན་ལས། །དགེ་བའི་ལོ་ཐོག་སྨིན་པར་འགྱུར།།ཞེས་གསུངས་སོ།།
དེ་ལྟར་སངས་རྒྱས་པའི་ནང་དོན་རིག་པ་ལྟར་ལུས་སེམས་སྲོག་འཁྲུགས་པའི་རྐྱེན་ནི་ཟག་བཅས་མི་དགེ་བའི་ཆོས་རྣམས་དང༌། དེ་དག་བཅོས་པའི་རྒྱུའམ་གཉེན་པོ་ནི་དམ་པའི་ཆོས་ཀྱི་ཉམས་ལེན་ཁོ་ན་ལགས་པས། བདག་ལེགས་པར་འདོད་པ་རྣམས་ཀྱིས་སྙིང་པོའི་དོན་ལ་བརྩོན་པར་གྱུར་ཅིག་གུ།
བསྔོ་སྨོན།
སེམས་ཅན་འགའ་ཡང་སྡུག་མ་གྱུར། །སྡིག་པར་མ་གྱུར་ན་མ་གྱུར།།
འཇིགས་དང་བརྙས་པར་མི་འགྱུར་ཞིང༌། །འགའ་ཡང་ཡིད་མི་བདེ་མ་གྱུར།།
ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ།།
དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས།།
བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག།
མཐའ་མའི་འདོན་ཐེངས་།: 30.10.2017 ཉིན། 10:33 AM
<< སྔ་མ།