ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.10.2015 |
ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ།
བཞུགས་སྒར་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་ལུས་སེམས་སྲོག་སྡེ་ཚན་ནས་གོ་སྒྲིག་ཞུས་པའི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་དང་། སེམས་ཁམས་བཅོས་ཐབས་ཀྱི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཐེངས་གསུམ་པ་དེ་བཞིན་དོན་སྙིང་ལྡན་ཞིང་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་རེད།
དེ་ཡང་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་ ༡༥-༡༧ བར་ཉིན་གསུམ་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་དང་བཅོས་ཐབས་ཀྱི་བརྗོད་གཞིའི་ཐོག་བོད་བརྒྱུད་ནང་བསྟན་རིག་པ་དང་། བོད་ཀྱི་གསོ་བ་རིག་པ། བོད་ཀྱི་སྐར་ནག་དབྱངས་རྩིས་རིག་པ། དེང་རབས་ནུབ་ཕྱོགས་སེམས་ཁམས་རིག་པ་བཅས་ལུགས་ཆེན་པོ་བཞིའི་དགོངས་ཚུལ་སྐོར་གསུང་བཤད་གནང་མཁན་གཉིས་རེ་བཅས་ཁྱོན་བསྡོམས་མཁས་དབང་བརྒྱད་ཐམ་པ་གདན་འཛོམས་ཐོག་བགྲོ་གླེང་གང་ལེགས་གནང་ཐུབ་པ་བྱུང་ཡོད།
ཟླ་འདིའི་ཕྱི་ཚེས་༡༥ ཉིན་བགྲོ་གླེང་ཚོགས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་མགྲོན་ལྷན་རྒྱས་དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན། ྋརྒྱལ་བའི་སྐུ་བཅར་སྨན་པ་རྣམ་པ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འགན་འཛིན། འདི་གའི་རིག་གཞུང་སྡེ་ཚན་ཁག་གི་འགའ་འཛིན་དང་སྨན་རྩིས་པ། སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་རྣམ་པ། སེ་ལ་ཀུའི་བོད་ཁྱིམ་སློབ་གཉེར་བ། རྒྱ་བལ་འབྲུག་གསུམ་དང་ཕྱི་གླིང་བ་ཚོགས་ཞུགས་གནང་མཁན་རྣམས་དང་། གསར་འགོད་པ་བཅས་ཁྱོན་མི་གྲངས་སུམ་བརྒྱ་ལྷག་ཙམ་ཕེབས་ཡོད།
མཛད་སྒོ་དབུ་ཚུགས་གོང་སྐུ་མགྲོན་གཙོ་བོ་མཆོག་གིས་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མ་རིག་མུན་པ་སེལ་བའི་རྟེན་འབྲེལ་མཚོན་ཆེད་སྣང་གསལ་སྒྲོན་མེ་ཞལ་འབྱེད་མཛད་ནས་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་ཆབ་སྲིད་ཀྱི་བདེན་དོན་མངོན་པར་གསལ་བའི་སླད་འདས་པའི་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་སྤྱི་དང་། ཡང་སྒོས་ཉེ་བའི་ལོ་རབས་ནས་བཟུང་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་བསྲེགས་མཛད་མཁན་རྣམས་ཀྱི་སྙིང་སྟོབས་ལ་ཡི་རང་དང་། མཛད་རྗེས་ལ་རྗེས་དྲན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་བ་རེད། དེ་ནས་སྲོལ་རྒྱུན་འགྲོ་ལུགས་ལྟར་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས། གསོལ་ཇ་འབྲས་སིལ་འདེགས་འབུལ་གྲུབ་རྗེས།
ལུས་སེམས་སྲོག་གི་སྡེ་འགན་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་ནང་དུ། འདས་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་དང་པོ་དང་གཉིས་པའི་སྐབས་ཀྱི་བརྗོད་གཞི་ཁག་དང་། དམིགས་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་ཞིག་དང་། དམིགས་ཡུལ་གཞིར་བཟུང་འདོད་དོན་ཆ་ཚང་བསྒྲུབས་ཐུབ་མེད་པའི་དགོངས་ཚོར་སོགས་ཀྱི་སྐོར་གསལ་འདོན་གནང་། གཞན་ཡང་དགེ་བཤེས་ལགས་ཀྱིས། "བོད་བརྒྱུད་ནང་བསྟན་ནས་གསུངས་པའི་ཟབ་ཅིང་རྒྱ་ཆེའི་སེམས་ཁམས་ཕྲ་རགས་ཀྱི་རྣམ་གཞག་དེ་ཉིད་ལས་ལྷག་པའི་སེམས་ཁམས་རིག་པའི་རྣམ་གཞག་ཅིག་རིག་གཞུང་གང་དུའང་མ་མཐོང་། དེ་ཡང་སེམས་ཁམས་སྤྱི་དང་བྱེ་བྲག་གི་ངོ་བོ་དང་དབྱེ་བ། རྒྱུ་རྐྱེན་དང་འབྲེལ་ཚུལ། འཁྲུག་ཚུལ་དང་བཅོས་ཐབས་སོགས་གསལ་ཞིང་རྒྱས་པ་ཡོད།" ཅེས་གཙོ་བོར་བཟུང་ནས་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུངས་དོན། "་ཁྱེད་ཚོའི་ཚོགས་ཆེན་འཚོགས་དགོས་པའི་དམིགས་ཡུལ་དེ་ཀློག་སྐབས་རྗེས་སུ་ཡི་རང་བྱེད་དགོས་པ་རེད་འདུག གཙོ་བོ་ྋགོང་ས་མཆོག་གིས་བཀའ་སློབ་རབ་དང་རིམ་པ་མང་པོ་ཕེབས་པ་རྣམས་སྙིང་ལ་བཅང་ནས་ཕྱི་ལོ་༢༠༡༣ ནས་དབུ་འཛུགས་ཞུས་ནས་ལོ་བསྟུད་མར་བགྲོ་གླེང་ཚོགས་ཆེན་གོ་སྒྲིག་ཞུས་པ་འདི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པ་དང་འདིས་མང་པོ་ཞིག་ལ་ངེས་པར་དུ་ཕན་ཐོགས་ཡོང་རྒྱུ་ཡིན་པ་དྲན་གྱི་ཡོད།" ཅེས་གསུངས་ནས་རང་གི་མི་ཚེའི་མྱོང་བ་དང་སྦྱར་ནས་བསམ་པའི་འཁྱེར་སོ་ཡང་དག་པ་དངོས་ཡོད་གནས་ཚུལ་ལ་བསྟུན་དགོས་པ་དེ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་གནང་ཡོད། གཞན་ཡང་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོ་སོགས་ཀྱི་ལས་ཁུར་ཞུས་བའི་བརྒྱུད་རིམ་ནང་དུ་གང་ཟག་ཕན་ཚུན་བར་གྱི་མཐུན་ལམ་བཟང་པོ་དགོས་པ་དང་། གཞན་དང་འབྲེལ་བ་ཡག་པོ་ཡོང་བར་གང་ཟག་དེའི་གཤིས་རྒྱུད་དང་བསམ་པ་སོགས་ཤེས་དགོས་པ་གལ་ཆེན་པོ་ཡིན་ཚུལ་སྐོར་རྒྱས་པར་གསུངས་གནང་སོང་།
དེ་ནས་དངོས་གཞི་བགྲོ་གླེང་ཚོགས་ཆེན་ནང་དུ་། དང་པོ་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་དང་། གཉིས་པ་སེམས་ཁམས་འཁྲུགས་པའི་བཅོས་ཐབས་སྐོར་རིམ་བཞིན་ལུགས་སོ་སོའི་ཐོག་ནས་གསུང་བཤད་གནང་མཁན་ཁོངས་སུ། བོད་བརྒྱུད་ནང་བསྟན་རིག་པའི་ལུགས་ལ། དོལ་པོ་སྤྲུལ་སྐུ་ཨྱོན་ཆོས་དབྱིངས་ཡེ་ཤེས་མཆོག་དང་། དཔལ་ལྡན་རྒྱུ་སྟོད་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག བོད་ཀྱི་གསོ་བ་རིག་པའི་ལུགས་ལ། སྨན་རམས་པ་བསོད་ནམས་ལྷ་མོ་ལགས། སྨན་རམས་པ་གནས་ཤར་རྡོ་རྗེ་རབ་བརྟན་ལགས། བོད་རྩིས་རིག་པའི་ལུགས་ལ། རྩིས་དགེ་བསོད་ནམས་དཔལ་མོ་ལགས། སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས། དེང་རབས་ཚན་རིག་ལུགས་ལ། སེམས་ཁམས་ཚན་རིག་སྨན་པ་ཊེརི་ཨི་གྷན་ལགས། འབུམ་རམས་པ་སོན་ནི་ཌི་ཝི་ཌན་ལགས་བཅས་ཡིན་ལ་ཁོང་རྣམས་ཀྱིས་གསུང་བཤད་དུས་ཡུན་སྐར་མ་༤༥ དང་དེ་རྗེས་སུ་དྲི་བ་དྲི་ལན་ལའང་དུས་ཡུན་སྐར་མ་༤༥ བཅས་བཞག་གནང་ཡོད་པས་བགྲོ་གླེང་ཚགས་ཚུད་བྱུང་བ་མ་ཟད་ཚོགས་བཅར་བ་མང་པོ་ཞིག་གིས་ད་དུང་ཡང་དུས་ཡུན་ཉུང་དྲགས་པའི་དགོངས་ཚོར་བཏོན་གནང་མཁན་བྱུང་ཡོད།
ཉིན་གསུམ་པའི་ཉིན་རྒྱབ་མཇུག་སྡོམ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕེབས་ཡོད། སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་མཁན་མཁས་དབང་རྣམས་ལ་ཕྱག་འཁྱེར་གསོལ་བསྩལ་གནང་བ་དང་། དེ་བཞིན་མཁས་དབང་རྣམ་པའི་གཏམ་བཤད་སྒྱུར་གནང་མཁན་གསུམ་དང་། རྒྱ་བལ་འབྲུག་དང་ཕྱི་གླིང་བའི་ཚོགས་བཅར་བ་རྣམས་ལ་ལག་འཁྱེར་ཕུལ་ཡོད། གཞན་ཡང་མཉམ་ཞུགས་གནང་མཁན་གསུམ་ནས་རང་གི་མྱོང་ཚོར་ལེགས་ཉེས་གང་བྱུང་བ་སྲོང་བོར་བརྗོད་ཐུབ་པ་བྱུང་ཡོད།
མཐའ་སྡོམ་སུ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་མཆོག་ནས་མཇུག་སྡོམ་དང་འབྲེལ་བའི་གསུང་བཤད་གནང་དོན་ནང་དུ་འདས་པའི་བགྲོ་གླེང་ཚོགས་ཆེན་གཉིས་པའི་སྐབས་བྱུང་བའི་ཉམས་མྱོང་སྤྱི་བསྡོམས་ཤིག་གསུངས་པར། "སྤྱིར་བཏང་ཉིན་གསུམ་གྱི་བགྲོ་གླེང་ཚོགས་ཆེན་དེ་ཡག་པོ་བྱུང་སོང་། བགྲོ་གླེང་ཚོགས་ཆེན་གཉིས་པའི་སྐབས་ང་ཚོས། ཨྰཡུརྦེད། ཡུནྰནི། སིདྡྷ། རྒྱ་ནག་སྨན་ལུགས་བཅས་ལ་བརྗོད་གཞི་དེ་ཚོའི་སྟེང་ལ་གསུང་བཤད་གནང་རྒྱུའི་གོ་སྐབས་ཕུལ་ཡོད་པ་རེད། ཚོགས་ས་དེ་སྨན་རྩིས་ཁང་ཡིན་དུས་སྨན་རྩིས་རིག་པ་གཉིས་ཀྱི་ཐོག་ལ་གསུང་བཤད་གནང་མཁན་མ་བཞག་པ་དེ་ཕྲན་བུ་ཆ་མ་ཚང་བའི་ཚོར་སྣང་ཞིག་བྱུང་ཡོད། དེ་དུས་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པ་གཉིས་ལ་གོ་སྐབས་མ་ཕུལ་བའི་རྒྱུ་མཚན་ནི་སྨན་པ་དང་རྩིས་པ་ནི་ང་རང་ཚོའི་ནང་གི་མི་ཡིན་ཙང་འདིར་ག་དུས་གསུངས་ཆོག་ལ་གསུང་སའི་ཚོགས་ཁང་ཡང་ཡོད་ལ་ཉན་མཁན་སློབ་ཕྲུག་བརྒྱ་དང་ལྔ། སྨན་རྩིས་པ་སོགས་མང་དག་ཅིག་ཡོད་པ་ཡིན། བགྲོ་གླེང་ཚོགས་ཆེན་གཉིས་པའི་སྐབས་སུ་གོང་གི་སྨན་ལུགས་དེ་ཚོའི་བརྗོད་གཞི་དེ་ཚོའི་སྟེང་ལ་གསུང་བཤད་གནང་མཁན། དཔེར་ན་རྒྱ་གར་ཨྰཡུརྦེད་གསུང་བཤད་གནང་མཁན་ཁོང་རྒྱ་གར་ནང་གང་འཚམ་སྐད་གྲགས་ཡོད་པ་རེད་ཀྱང་། སྨན་ལུགས་དེ་ཚོས་སོ་སོའི་སྨན་གྱི་ངོ་སྤྲོད་དང་ཕན་ཐོགས་ཡོད་ཚུལ་ཙམ་གསུངས་པ་ལས་གཞན་བྱུང་མ་སོང་། དེ་ཡིན་དུས་བགྲོ་གླེང་ཚོགས་ཆེན་གཉིས་པ་ནས་ཁོང་ཚོར་གོ་སྐབས་སམ། ང་ཚོས་ལེགས་ཆ་ལེན་རྒྱུ་དེ་མཇུག་རྫོགས་པ་རེད། ནུབ་ཕྱོགས་ཚན་རིག་དེ་གང་ལྟར་ཐག་བཅད་མཁན་དེ་ཡིན་དུས་ནང་དོན་རིག་པ་དང་ཚན་རིག་དེ་ང་ཚོར་རྒྱུན་དུ་དགོས་ཀྱི་འདུག" གཞན་ཡང་མུ་མཐུད། "སྨན་པ་གཙོ་བོ་དབུ་ཞུགས་ཐོག ལུས་སེམས་སྲོག་སྡེ་ཚན་གྱི་ལས་བྱེད་ཚོ་དང་། སྐར་རྩིས་སྡེ་ཚན་གྱི་འགན་འཛིན། མཐོ་སློབ་ནས་ལས་བྱེད་རྒན་པ་གཉིས་ཙམ་མཉམ་འཛོམས་ཐོག་བགྲོ་གླེང་ཚོགས་ཆེན་བཞི་པའི་སྐོར་བཀའ་བསྡུར་གནང་རོགས་ཞུ་རྒྱུ་ཡིན།" "ལུས་སེམས་སྲོག་སྡེ་ཚན་ནས་བགྲོ་གླེང་ཚོགས་ཆེན་ཞིག་ནུབ་ཕྱོགས་སུ་ཚོགས་འདོད་ཡོད་ཀྱང་འགན་འཛིན་ངོས་ནས་བལྟས་ན་ང་ཚོར་གྲ་སྒྲིག་མིན་འདུག་ཞུ་འདོད་བྱུང་། ང་རང་ཨ་རིའི་ནང་དུ་ལོ་བཅུ་བཞི་ཙམ་བསྡད་པའི་རིང་གི་ཉམས་མྱོང་ཐོག་ནས་བཤད་ན་དེ་ཚོའི་གྲས་ལས་སླ་པོ་མེད་པ་རེད།" "ཕྱི་ལོ་༢༠༡༧ ལོ་ནས་ཚོགས་འདུ་གཉིས་རེ་འཚོགས་ཀྱང་མ་འགྲིག་པ་མིན་འདུག གཅིག་པོ་དེ་རྒྱ་གར་ནང་དུ་དང་། གཞན་པ་དེ་ཡིན་ཅིག་ཨ་རི་ནང་ཡིན་དགོས་པ་གང་ཡང་མིན་འདུག་གཞན་དུ་འཚོགས་ཀྱང་འགྲིག" གཞན་ཡང་ཚོགས་ཆེན་བཞི་པ་དང་འབྲེལ་བའི་མྱོང་ཚོར་ཐོག་གསུངས་དོན། "འགའ་ཞིག་གིས་བརྗོད་གཞི་ཕུལ་བའི་སྟེང་མ་བསྡད་པར་གྱར་བ་དང་། བརྗོད་གཞི་སྟེང་ཏག་ཏག་མ་བྱུང་བ་དེར་ཏོག་ཙམ་བློ་ཕམ་བྱུང་། རྗེས་མ་སྡིངས་ཆ་ཆེན་པོའི་སྟེང་དུ་ང་ཚོའི་སྨན་པ་དང་། སྐར་རྩིས་པ་ཚོས་ཡག་པོ་ཅིག་མ་བྱུང་བ་ཡིན་ན་བཀའ་བསྐྱོན་ཕེབས་སྲིད་པ་རེད། དེར་བརྟེན་ང་ཚོས་གྲ་སྒྲིག་ཡག་པོ་ཞིག་གནང་དགོས་ཀྱི་འདུག" "དོལ་པོ་རིན་པོ་ཆེའི་དགོངས་འཆར་གལ་ཆེན་པོ་ཞིག་གསུངས་པ་དེར་ང་རང་ལའང་སྔོན་མ་ནས་བསམ་བློའི་ནང་ཡོད།" དེ་བཞིན་ཉིན་སྔ་མ་དོལ་པོ་རིན་པོ་ཆེའི་བཙན་བྱོལ་སྤྱི་ཚོགས་ནང་དུ་སྨྱོ་རྫས་ངན་གོམས་ལངས་ཤོར་རྣམས་ཀྱི་ཆེད་དུ་བོད་ཀྱི་སྨན་རྩིས་ཁང་ངོས་ནས་གཙོ་འགན་བཞེས་པའི་ཐོག་ནས་ལས་གཞི་སྤེལ་དགོས་པའི་དགོངས་འཆར་གནང་བར་འགན་འཛིན་མཆོག་ནས་དེ་ལས་གཞི་ཆེན་པོ་ཡིན་ལ་དེ་ཤེས་རིག་ལས་ཁུངས་དང་། འཕྲོད་བསྟེན་ལས་ཁུངས། བུད་མེད་ཚོགས་པ་དང་འབྲེལ་བ་ཡོད་པ་ཡིན། དེ་ལ་སྨན་རྩིས་ཁང་ངོས་ནས་གང་འཚམ་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་ཚུལ་གསུངས་དོན། "སྨན་རྩིས་ཁང་ངོས་ནས་དཔལ་འབྱོར་ཐོག་ལ་ཞབས་འདེགས་ཞུ་ཐུབ་རྒྱུ་ཡིན་པ་དང་། ལྷག་པར་ལས་ཀའི་ཐོག་ལ་སྨན་སྦྱོར་ཁང་དང་སྔོ་སྦྱོར་ཁང་བཅས་ལ་ཉ་ཉུང་མཉམ་བསྲེ་མ་བྱས་པའི་ཐོག་ནས། ཁོང་རང་ཚོའི་ཆེད་དུ་ཉལ་ཁང་ལོགས་སུ་བཞག་ནས་དེའི་སྐབས་སུ་ལས་ཀ་ཞིག་དང་དེ་ལ་བརྟེན་ནས་ཡོང་འབབ་ཞིག་ཡོད་པ། དེ་བཞིན་དུས་ནས་དུས་སུ་ཁོང་རང་ཚོར་ནང་ཆོས་དང་། དབྱིན་བོད་ཨང་རྩིས་སོགས་སློབ་གྲྭ་ལྟ་བུ་འཛུགས་ནས་མི་ཡག་པོ་ཞིག་བཟོ་ཐུབ་པའི་འབད་བརྩོན་གནང་ཆོག་པ་རེད"ཅེས་བོད་ཀྱི་སྨན་རྩིས་ཁང་ངོས་ནས་སྤྱི་ཚོགས་ཞབས་འདེགས་ཕྱོགས་ལ་དགོངས་པའི་གཏད་སོ་གསལ་པོ་བསྟན་གནང་ཡོད། གཞན་ཡང་དོལ་པོ་སྤྲུལ་སྐུ་མཆོག་ལ་བོད་ཀྱི་སྨན་རྩིས་ཁང་དུ་ Visiting Professor ངོ་བོའི་ཐོག་ཕེབས་རྒྱུའི་མགྲོན་འབོད་ཀྱང་གནང་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་མི་རྗེ་ཆོས་རིག་བཀའ་བློན་མཆོག་གིས་གསུངས་དོན། "སྔོན་མ་བོད་དུ་ད་ལྟ་ནང་བཞིན་ཞིབ་ཚགས་པོས་ཉམས་ཞིབ་གནང་རྗེས་གྲུབ་དོན་རྙེད་པ་དེ་བགྲོ་གླེང་བྱེད་རྒྱུ་ཕལ་ཆེར་མེད་པ་རེད། བར་ལམ་སྐྱབས་མགོན་རིན་པོ་ཆེ་ཡིས་ཐུགས་རྗེ་བཀའ་དྲིན་གྱིས་དེའི་ཐོག་ལ་བོད་པའི་སྤྱི་ཚོགས་ནང་དུ་ཚང་མས་དོ་སྣང་གནང་ས་ཞིག་དང་གལ་ཆེན་པོ་ཞིག་ཆགས་ཡོད། དེ་རིང་འདིར་ཁྱེད་རང་ཚོས་ལུས་སེམས་སྲོག་དང་འབྲེལ་བའི་བགྲོ་གླེང་ཚོགས་ཆེན་ཐེངས་མ་གསུམ་ཙམ་ཚོགས་ནས་དེའི་ཐོག་ཤེས་བྱ་ཡར་རྒྱས་གཏོང་བ་དེ་སྐབས་བབ་ཀྱི་ལས་འགན་ཞིག་ཆགས་ཡོད།" ཅེས་བཀའ་བློན་མཆོག་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་དེ་ཁྱད་པར་དུ་འཕགས་ཚུལ་སྐོར་གསུངས་ནས་མུ་མཐུད་གསུངས་དོན་"འདི་ལོ་སྨན་གྱི་ནོ་བེལ་བྱ་དགའ་བཞེས་མཁན་མི་རིགས་གསུམ་ཡོད་པ་བཞིན། ང་ཚོས་རེ་བ་རྒྱག་བཞིན་པ་ནི། རྗེས་མ་བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཀྱི་ཐོག་ནས་བོད་རིགས་མཁས་པ་ཞིག་ལ་སྨན་གྱི་ནོ་བེལ་གཟེངས་བསྟོད་བྱ་དགའ་ཐོབ་རྒྱུའི་རེ་བ་རྒྱག་བཞིན་ཡོད"ཅེས་དེར་ང་ཚོས་སློབ་སྦྱོང་དང་། ཉམས་ཞིབ་བྱེད་མ་བྱེད་ཅིག་རེད་མ་གཏོགས་འཁོར་ཡུག་ང་ཚོར་ལྡན་ཡོད་ཚུལ་སྐོར་གསུངས་གནང་སོང་།
ཐ་མ་ལུས་སེམས་སྲོག་སྡེ་ཚན་ནས་འབྲེལ་ཡོད་ཚང་མར་ཐུགས་རྗེ་བརྗོད་པ་དང་སྦྲགས་ཚོགས་བཅར་བ་རྣམས་ཀྱིས་སྨན་རྩིས་བསྟན་རྒྱས་སྨོན་ལམ་རྟ་དབྱངས་ལ་བསྐྱོན་རྗེས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དེ་རེ་ཞིག་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་རེད་དོ།།
མཐའ་མའི་འདོན་ཐེངས་།: 21.10.2015 ཉིན། 2:38 PM
<< སྔ་མ།