ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.08.2016 |
ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་གསལ་བསྒྲགས།
ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་ (4th Conference on Body, Mind & Life) དེ་འདི་ལོའི་ཟླ་༡༠ ཚེས་༡༢ - ༡༤ སྟེ་ཉིན་གསུམ་རིང་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་དུ་གོ་སྒྲིག་ཞུ་རྒྱུ་ལགས་ན་རྒྱ་ཆེ་དོན་གཉེར་ལྡན་པ་རྣམས་ནས་གཤམ་གསལ་གནད་དོན་དག་ལ་ཐུགས་སྣང་ཡོང་བར་ཞུ།
ལུས་སེམས་སྲོག་གི་སྡེ་ཚན་གྱིས་ཕྱི་ལོ་༢༠༡༣ ནས་བཟུང་ལོ་སྟར་ཆགས་སུ་ལུས་སེམས་སྲོག་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་ཚོགས་ཆེན་རིམ་པ་གོ་སྒྲིག་ཞུས་ཡོད་ལ། འདི་ལོའི་བགྲོ་གླེང་གི་བརྗོད་གཞི་ནི་སེམས་ངལ་ (Depression) སྐོར་འདེམས་གནང་ཡོད། དེ་ནི་དེང་སང་འཛམ་གླིང་ཀུན་ལ་ལོ་རེ་ནས་ལོ་རེར་སེམས་ངལ་ཕོག་པའི་གང་ཟག་མང་དུ་འགྲོ་བཞིན་པ་དང་། དཀའ་ངལ་འདི་ནི་ནང་སེམས་དང་བསམ་བློའི་འཆར་སྒོ་དང་དངོས་སུ་འབྲེལ་བ་ཡོད་པས་ཕྱི་ནས་སྨན་དཔྱད་བསྟེན་པ་ཙམ་གྱིས་ཕན་རླབས་དེ་ཙམ་དབེན་པས་མང་པོ་ཞིག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཡོད། དེ་ལ་ྋརྒྱལ་བའི་ཐུགས་དགོངས་བཞིན། བོད་ཀྱི་ཐུན་མོང་མིན་པའི་རིག་པའི་གཞུང་ལུགས་ནས་ལེགས་སྐྱེས་སམ་བློ་སྐྱེད་ཇི་ལྟར་སྐྲུན་ཐུབ་པའི་སྐོར་ཤེས་རྟོགས་བྱ་རྒྱུ་གཙོ་འདོན་དུ་བཟུང་ནས་། བོད་ཀྱི་ནང་པ་སངས་རྒྱས་པའི་ལུགས། བོད་ཀྱི་གསོ་བ་རིག་པའི་ལུགས། བོད་ཀྱི་སྐར་རྩིས་རིག་པའི་ལུགས། དེང་རབས་སེམས་ཁམས་རིག་པའི་ལུགས་བཅས་ལུགས་ཆེན་པོ་བཞིའི་སྒོ་ནས་སེམས་ངལ་གྱི་རྒྱུ་དང་། རྐྱེན། བཅོས་ཐབས་བཅས་གསུམ་གྱི་སྟེང་ལ་མཁས་པའི་བགྲོ་གླེང་གནང་རྒྱུ་རེད།
སེམས་ངལ་གྱི་རྒྱུ་རྐྱེན་དང་། བཅོས་ཐབས་ཀྱི་བརྗོད་གཞི་ཐོག་ལུགས་སོ་སོའི་གསུང་བཤད་གནང་མཁན་གཉིས་རེ་ཡོད་པས་ཁྱོན་གསུང་བཤད་གནང་མཁན་བརྒྱད་གདན་འདྲེན་ཞུས་ཡོད། གཞན་ཡང་བགྲོ་གླེང་ཚོགས་ཆེན་གྱི་ངོ་སྤྲོད་དང་། དུས་ཚོད་རེའུ་མིག གསུང་བཤད་གནང་མཁན་མི་སྣའི་ངོ་སྤྲོད། ཚོགས་འདུ་འདིར་ཐོ་འགོད་དང་དོད་འབུལ་སྟངས་སོགས་ཀྱི་སྐོར་རྒྱས་པ་གཤམ་གྱི་འབྲེལ་མཐུད་སོ་སོར་ནོན་ནས་གཟིགས་གནང་ཡོང་བར་ཞུ།
འདིར་ནོན། ཐོ་འགོད་འགེང་ཤོག་དང་ཚོགས་དོད་འབུལ་སྟངས། ཚོགས་ཆེན་ངོ་སྤྲོད་དང་རེའུ་མིག བོད་ཡིག
འདིར་ནོན། ཐོ་འགོད་འགེང་ཤོག་དང་ཚོགས་དོད་འབུལ་སྟངས། ཚོགས་ཆེན་ངོ་སྤྲོད་དང་རེའུ་མིག ཨིན་ཡིག
འདིར་ནོན། གསུང་བཤད་གནང་མཁན་མཁས་དབང་ཁག་གི་ངོ་སྤྲོད་སྙིང་བསྡུས།
མཐའ་མའི་འདོན་ཐེངས་།: 19.08.2016 ཉིན། 3:24 PM
<< སྔ་མ།