རྫོགས་རིམ་པའི་རྣམ་གཞག་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.01.2025 |
རྫོགས་རིམ་པའི་རྣམ་གཞག་བཤད་པ།
༈ གཉིས་པ་རྫོགས་པའི་རིམ་པའི་རྣམ་གཞག་བཤད་པ་ལ་གསུམ། དམིགས་པས་གང་ལ་གནད་དུ་བསྣུན་ས་རྡོ་རྗེ་ལུས་ཀྱི་གནས་ཚུལ་ཐུན་མོང་མ་ཡིན་པ་བཤད་པ་དང་། དེ་ལ་གནད་དུ་བསྣུན་བྱེད་ཡན་ལག་དྲུག་གི་ཐུན་མོང་གི་རྣམ་གཞག་བཤད་པ་དང་། སྦྱོར་བ་ཡན་ལག་དྲུག་པོ་སོ་སོའི་རྣམ་གཞག་བཤད་པའོ།།
གང་ལ་གནད་དུ་བསྣུས་སའི་ལུས་ཀྱི་གནས་ཚུལ།
༈ དང་པོ་ལ་གསུམ། གནས་པ་རྩའི་རྣམ་གཞག་བཤད་པ་དང་། གཡོ་བ་རླུང་གི་རྣམ་གཞག་བཤད་པ་དང་། བཀོད་པ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་གཞག་བཤད་པའོ།།
གནས་པ་རྩའི་རྣམ་གཞག་བཤད་པ།
དང་པོ་ལ་གསུམ། རྩ་ཆེན་དྲུག་དང་རྩ་འཁོར་དྲུག་གི་གནས་ཚུལ་བཤད་པ་དང་། དེ་རྣམས་དམིགས་པས་གནད་དུ་བསྣུན་པའི་གནས་སུ་བསྟན་པ་དང་། ཡན་ལག་དྲུག་གང་གི་སྐབས་སུ་དེ་རྣམས་གང་ལ་གནད་དུ་བསྣུན་པའི་ཚུལ་བསྟན་པའོ།།
དང་པོ་ནི། རོ་རྐྱང་དབུ་མ་གསུམ་པོ་མར་སྣ་རྟགས་ཀྱི་རྩེ་དང་བཤང་སྒོར་ཟུག་ནས་ལུས་ཀྱི་དབུས་ཀྱི་ཐད་དྲང་སྒལ་གཞུང་ཕྱོགས་ལ་ཅུང་ཟད་ཉེ་བ་ན་ཡར་གྱེན་དུ་ལངས་ནས་ཐོད་པའི་ནང་ལ་བརྒྱུད་དེ་འོངས་པའི་ཡར་སྣ་རྣམས་རོ་མ་སྣ་བུག་གཡས་དང་རྐྱང་མ་གཡོན་དང་སྣ་བུག་གཉིས་ཀྱི་དབུས་ཀྱི་ཀ་བའི་ཐད་སོར་དབུ་མ་ཟུག་ནས་གནས་སོ། །དེ་ཡང་ལྟེ་བ་ཡན་ཆད་ཀྱི་དབུ་མ་ལ་སྒྲ་གཅན་དང་གཉིས་སྤངས་དང་ཨ་ཝ་དྷཱུ་ཏཱི་ཞེས་བྱ་ཞིང་ཁ་དོག་ལྗང་གུ་ཁམས་ནམ་མཁའི་ཁམས་པ་དང་། ལྟེ་བ་ཡན་ཆད་ཀྱི་གཡས་ཀྱི་རྩ་དེ་ལ་རོ་མ་དང་ར་ས་ནཱ་དང་ཉི་མའི་རྩ་ཞེས་བྱ་ཞིང་ཁ་དོག་དམར་པོ་ཁམས་མེ་ཁམས་པ་དང་གཙོ་བོ་ཁྲག་འབབ་པའོ། །གཡོན་གྱི་ལྟེ་བ་ཡན་ཆད་ཀྱི་རྩ་དེ་ལ་རྐྱང་མ་དང་ལ་ལ་ནཱ་དང་ཟླ་བའི་རྩ་ཞེས་བྱ་ཞིང་ཁ་དོག་དཀར་པོ་ཁམས་ཆུའི་ཁམས་པ་གཙོ་བོར་ཁུ་བ་འབབ་པའོ། །དེ་ཡང་ལྟེ་བ་ཡན་ཆད་ཀྱི་རྩ་དེ་གསུམ་ལ་ནི་སྲོག་འཛིན་གྱི་རླུང་གིས་དབང་བྱེད་ཅིང་རྒྱུ་བ་ཡིན་ནོ། །ལྟེ་འོག་མན་ཆད་ཀྱི་དབུ་མའི་རྩ་རྒྱུན་དང་རོ་མའི་རྩ་རྒྱུན་གཉིས་ཀྱི་མར་སྣ་རྟགས་ཀྱི་རྩེ་མོར་ཟུག་ཅིང་། དབུ་མའི་རྩ་རྒྱུན་ལྟེ་བ་མན་ཆད་ལ་གནས་པ་ལ་དུང་ཅན་མ་དང་ཀུན་དར་མ་དང་དུས་མེའི་རྩ་ཞེས་བྱ་ཞིང་ཁ་དོག་སྔོན་པོ་ཁམས་ཡེ་ཤེས་ཀྱི་ཁམས་དང་གཙོ་བོར་ཁུ་བ་འབབ་པ་དང་། རོ་མའི་རྩ་རྒྱུན་ལ་ལུག་དང་གཅི་བའི་རྩ་ཞེས་བྱ་ཞིང་ཁ་དོག་ནག་པོ་ཁམས་རླུང་ཁམས་གཙོ་བོར་དྲི་ཆུ་འབབ་པ་དང་། རྐྱང་མའི་རྩ་རྒྱུན་གྱི་མར་སྣ་བཤང་སྒོར་ཟུག་ཅིང་། མིང་ནི་དམར་སེར་དང་བཤང་བའི་རྩ་ཞེས་བྱ་ཞིང་ཁ་དོག་སེར་པོ་ཁམས་སའི་ཁམས་པ་གཙོ་བོར་བཤང་བ་འབབ་པ་ཡིན་ལ། རྩ་དེ་གསུམ་ལ་ཐུར་སེལ་གྱིས་དབང་བྱེད་ཅིང་རྒྱུ་བ་ཡིན་ནོ། །དེ་ལྟར་ན་ལྟེ་བ་ཡན་ཆད་ཀྱི་རྩ་ཆེན་གསུམ་མན་ཆད་ཀྱི་རྩ་ཆེན་གསུམ་སྟེ་རྩ་ཆེན་དྲུག་གོ །
རྩ་འཁོར་དྲུག་ནི་ནང་འཆད་པའི་སྐབས་སུ་བཤད་ཟིན་པ་ལྟར། གཙུག་ཏོར་གྱི་རྩ་འཁོར་རྩ་འདབ་བཞི་པ་དང་། དཔྲལ་བའི་རྩ་འཁོར་རྩ་འདབ་བཅུ་དྲུག་པ་དང་། མགྲིན་པའི་རྩ་འཁོར་རྩ་འདབ་གཉིས་པ་དང་། སྙིང་གའི་རྩ་འཁོར་རྩ་འདབ་བརྒྱད་པ་དང་། ལྟེ་བའི་རྩ་འཁོར་རྩ་འདབ་རེ་བཞི་པ་དང་། གསང་གནས་ཀྱི་རྩ་འཁོར་རྩ་འདབ་སོ་གཉིས་པ་རྣམས་སོ། །དེ་ཡང་རྩ་འཁོར་དྲུག་པ་དེ་གར་ཡོད་སར་རོ་མ་དང་རོ་མའི་རྩ་རྒྱུན་གྱིས་དབུ་མ་ལ་འཁྱུད་ཅིང་། རྐྱང་མ་དང་རྐྱང་མའི་རྩ་རྒྱུན་གྱིས་དབུ་མ་ལ་འཁྱུད་དེ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་མདུད་ཉིས་སྦྲག་རེ་ཡོད་ལ། རྩ་མདུད་རྣམས་ཀྱི་ཐད་སོར་རྩ་མདུད་རང་རང་གི་ཐད་ཀྱི་རྩ་འདབ་གཡས་ན་ཡོད་པ་རྣམས་རོ་མ་དང་དབུ་མ་སྦྲགས་པ་ལ་ཟུག་པ་དང་། གཡོན་གྱི་རྩ་འདབ་རྣམས་ཀྱང་རྐྱང་མ་དང་དབུ་མ་སྦྲགས་པ་ལ་ཟུག་ནས་གནས་སོ།།
དེ་ཡང་གཙུག་ཏོར་ནས་དཔྲལ་བ་དེ་ནས་མགྲིན་པ། དེ་ནས་སྙིང་ག །དེ་ནས་ལྟེ་བ། དེ་ནས་གསང་གནས་ཀྱི་རྩ་འཁོར་གྱི་བར་ལ་དབུ་མ་དབུས་དང་། རོ་རྐྱང་དང་དེ་གཉིས་ཀྱི་རྩ་རྒྱུན་གཅི་བ་དང་བཤང་བའི་རྩ་གཉིས་རིམ་པ་བཞིན་གཡས་གཡོན་དུ་གནས་པའི་སྒོ་ནས་ལམ་གསུམ་གསུམ་བྱས་ཏེ་གནས་ཤིང་། གསང་གནས་ནས་བཤང་བའི་རྩ་དབུས་སུ་བྱས་ནས་བཤང་ལམ་བར་དུ་འགྲོ་བ་དང་གཅི་བའི་རྩ་གཡོན་དང་དུང་ཅན་མ་གཡས་སུ་བྱས་ནས་རྟགས་སམ་བྷ་གའི་རྩེ་བར་དུ་འགྲོ་སྟེ། དེ་རྣམས་ཀྱི་ཤེས་བྱེད་ནི་ཡེ་ཤེས་ལེའུའི་བརྒྱ་ཉི་ཤུ་པའི་འགྲེལ་ཆེན་ལས། བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ཞེས་པ་ལ་བདུད་རྩིའི་གནས་ན་དཔྲལ་བའོ། །དེར་སོན་པ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའོ། །དེ་རྣམས་ཀྱང་ལུ་གུ་རྒྱུད་དུ་བཅིངས་པས་ལྟེ་བ་དང་སྙིང་གའི་བར་དུ་ལམ་གསུམ་བྱས་ནས་སླར་ཡང་ཨ་ཝ་དྷཱུ་ཏཱི་ནི་དབུས་སུ་སྙིང་གའི་ལྟེ་བ་ཕུག་ནས་འགྲོའོ། །ལ་ལ་ནཱ་དང་ར་ས་ནཱ་ནི་གཡོན་དང་གཡས་ཀྱི་འདབ་མར་རབ་ཏུ་རྒྱུ་བས་སོ། །དེ་ནས་སྙིང་ག་དང་མགྲིན་པའི་བར་དུ་སླར་ཡང་ལམ་གསུམ་བྱས་ནས་འགྲོའོ། །དེ་བཞིན་དུ་མགྲིན་པ་དང་དཔྲལ་བའི་བར་དུ་ལམ་གསུམ་དང་དཔྲལ་བ་དང་གཙུག་ཏོར་གྱི་བར་དུ་ལམ་གསུམ་སྟེ་དེ་ལྟར་ལམ་གསུམ་བཞི་བྱས་ནས་ལ་ལ་ནཱ་ནི་སྣ་གཡོན་པའི་བུག་ནས་གཞན་གྱི་གནས་བཅུ་གཉིས་མཐའ་དང་ཆའི་མཐར་འགྲོ་སྟེ་ནང་གི་ལེའུ་ལས་གསུངས་སོ། །ར་ས་ནཱ་ནི་གཡས་ནས་སོ། །ཨ་ཝ་དྷཱུ་ཏཱི་ནི་ཅིག་ཅར་སྣ་བུག་གཉིས་ནས་འགྲོའོ།།
དེ་བཞིན་དུ་འོག་ཏུ་ལྟེ་བ་དང་གསང་བའི་བར་དུ་ལམ་གསུམ་བྱས་ནས་བཤང་བ་དང་གཅི་བའི་རྩ་ནི་གཡོན་དང་གཡས་ནས་སོང་སྟེ་གསང་བའི་པདྨ་ལ་དབུས་སུ་དུང་ཅན་མའོ། །གསང་བའི་པདྨའི་འོག་ཏུ་དྲི་ཆེན་གྱི་རྩ་དབུས་ནས་འགྲོ་སྟེ་རྟགས་སམ་བྷ་ག་ལ་གཡོན་ནས་གཅི་བའི་རྩ་འགྲོ་ཞིང་གཡས་ནས་ཁུ་བའི་རྩ་འགྲོའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ལས་གཞན་དུ་ལྟེ་འོག་མན་ཆད་དུ་དབུ་མ་གཡས་སུ་འཁྱོགས་ནས་གནས་པ་དང་གཡོན་གྱི་རྩ་རྐྱང་མའི་རྩ་རྒྱུན་དབུས་སུ་འཁྱོགས་ནས་གནས་པ་དང་། གཡས་མ་རོ་མའི་རྩ་རྒྱུན་གཡོན་དུ་འཁྱོགས་པར་གསུངས་པ་རྣམས་ནི་འགྲེལ་ཚིག་འདི་རྣམས་དང་འགལ་བར་ཤེས་པར་བྱའོ།།
དེ་ཡང་རྩ་འདབ་རྣམས་ཀྱི་གྲངས་དང་ཁམས་དང་གནས་ཚུལ་རྣམས་ནི་ནང་གི་ལེའུ་རྩ་འགྲེལ་རྣམས་ཀྱིས་གསལ་བར་བསྟན་པ་ནང་འཆད་པའི་སྐབས་སུ་བཤད་ཟིན་ཅིང་ཤེས་བྱེད་ཀྱང་ནང་ལེ་རྩ་འགྲེལ་རྣམས་ཡིན་ལ། འདིར་རྩ་ཆེན་དྲུག་གི་གནས་ཚུལ་སྟོན་པ་ཡེ་ཤེས་ལེའུ་རྩ་འགྲེལ་རྣམས་ཤེས་བྱེད་དུ་བཀོད་པ་ཡིན་ནོ། །དེ་ཡང་རྩ་འདབ་རྣམས་རོ་རྐྱང་དང་དབུ་མ་སྦྲགས་པ་ལ་ཟུག་པའི་གཡོན་གྱི་རྩ་འདབ་རྣམས་ལ་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་རྒྱུས་ནས་རྩ་རྐྱང་མ་དང་སྣ་བུག་གཡོན་དང་། གཡས་ཀྱི་རྩ་འདབ་རྣམས་ལ་ས་ཆུ་མེ་རླུང་ནམ་མཁའི་རིམ་པས་རྒྱུས་ནས་རྩ་རོ་མ་དང་སྣ་བུག་གཡས་ལ་རྒྱུ་ཞིང་། ནང་དུ་ས་རླུང་ལྟེ་བ་བར་དང་། ཆུ་ཁམས་པ་ལྟེ་བའི་སོར་གཅིག་གི་འོག་དང་། མེ་ཁམས་པ་སོར་གཉིས་ཀྱི་འོག་དང་། རླུང་ཁམས་པ་སོར་གསུམ་གྱི་འོག་དང་། ནམ་མཁའི་ཁམས་པ་སོར་བཞིའི་འོག་ཚུན་ཆད་དུ་རྒྱུའོ། །དེ་བཞིན་དུ་དབུ་མའི་ཡར་སྣ་ལ་འཕོ་ཆེན་བཅུ་གཉིས་ཀྱི་འཕོ་འཚམས་རེར་དབུགས་ང་དྲུག་རྐང་བཅས་རེ་རྒྱུ་བ་དང་། རྩ་འཁོར་གང་ཡོད་ཀྱི་སར་རླུང་དབུ་མར་འཇུག་པའི་སྒོ་རེ་ཡོད་པ་འདི་པའི་ལུགས་སོ།།
གཉིས་པ་དམིགས་ས་དེ་རྣམས་དམིགས་པས་གནད་དུ་བསྣུན་པའི་གནས་སུ་བསྟན་པ་ནི། གནད་དུ་བསྣུན་པ་ཞེས་པ་ནི་རྩ་འཁོར་སོགས་ལུས་ཀྱི་གནད་གང་དུ་དམིགས་པ་བཟུང་ན་ཡི་ཤེས་སྐྱེ་བའི་ལུས་ཀྱི་གནད་ཆེ་སར་དམིགས་པས་བསྣུན་པར་བྱེད་པ་ལ་ལུས་ལ་གནད་དུ་བསྣུན་པ་ཞེས་ཟེར་ལ། ལུས་ཀྱི་གནད་ཆེ་ས་ཡང་སྔར་བཤད་པའི་རྩ་འཁོར་གྱི་དབུས་ཀྱི་དབུ་མའི་ནང་དང་དབུ་མའི་ཡར་སྣ་དང་མར་སྣ་རྣམས་ཡིན་ལ། དེ་རྣམས་སུ་གནད་དུ་བསྣུན་ནས་བསྒོམས་པས་མྱོང་བ་སྐྱེ་ཚུལ་ཡང་མི་འདྲ་བ་སོ་སོར་འབྱུང་ངོ་།།
གསུམ་པ་ཡན་ལག་དྲུག་གང་གི་སྐབས་སུ་དེ་རྣམས་གང་ལ་གནད་དུ་བསྣུན་པའི་ཚུལ་བསྟན་པ་ནི། སོར་བསམ་གྱི་སྐབས་སུ་དབུ་མའི་ཡར་སྣར་གནད་དུ་བསྣུན་པ་དང་། སྲོག་རྩོལ་དང་རྗེས་དྲན་གྱི་སྐབས་སུ་ལྟེ་བའི་རྩ་འཁོར་གྱི་དབུས་དང་།
འཛིན་པའི་སྐབས་སུ་རྩ་འཁོར་དྲུག་གའི་དབུས་ཀྱི་དབུ་མའི་ནང་དང་། ཏིང་ངེ་འཛིན་གྱི་སྐབས་སུ་དབུ་མའི་མར་སྣ་ནས་བརྩམས་ཡར་སྣ་ལ་ཐུག་གི་བར་དུ་གནད་དུ་བསྣུན་པ་ཡིན་ནོ།།
གཡོ་བ་རླུང་གི་རྣམ་གཞག་བཤད་པ།
གཉིས་པ་གཡོ་བ་རླུང་གི་རྣམ་གཞག་བཤད་པ་ནི། སྔར་ནང་འཆད་པའི་སྐབས་སུ་བཤད་པ་བཞིན་རླུང་བཅུ་སྟེ་སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད། ཀླུ། རུས་སྦལ། རྩངས་པ། ལྷས་བྱིན། ནོར་ལས་རྒྱལ་རྣམས་སོ། །རླུང་དེ་རྣམས་དང་པོ་གང་ནས་སྐྱེ་བའི་གནས་དང་བར་དུ་གང་དུ་གནས་པའི་གནས་ནི་སྙིང་གའི་རྩ་འཁོར་གྱི་རྩ་འདབ་བཅུ་ཡིན་ཏེ། དེ་ཡང་རྩ་འཁོར་དེའི་རྩ་མདུད་ཀྱི་སྟེང་གི་དྷཱུ་ཏཱིའི་སྦུབས་ནི་སྲོག་འཛིན་དང་པོར་སྐྱེ་བ་དང་བར་དུ་གནས་པའི་གནས་དང་། འོག་གི་དྷཱུ་ཏཱིའི་སྦུབས་ནི་ཐུར་སེལ་གྱི་སྐྱེ་བ་དང་གནས་པའི་གནས་ཡིན་ཞིང་། སྲོག་འཛིན་དང་ཐུར་སེལ་ལ་གང་རྒྱུ་བ་ནི་རིམ་པ་བཞིན་སྟེང་གི་རྩ་ཆེན་གསུམ་དང་། འོག་གི་གསུམ་ལ་ཅི་རིགས་པར་རྒྱུའོ།།
དེ་བཞིན་དུ་སྙིང་གའི་རྩ་འདབ་ཤར་མ་མདུན་ཕྱོགས་ཀྱི་རྩ་འདབ་ནས་བྱང་ཤར་གྱི་རྩ་འདབ་ཀྱི་བར་རྣམས་ནི་རིམ་པ་བཞིན་མཉམ་གནས་དང་། རུས་སྦལ་དང་། གྱེན་རྒྱུ་དང་། རྩངས་པ་དང་། ཀླུ་དང་། ནོར་ལས་རྒྱལ་དང་། ཁྱབ་བྱེད་དང་།
ལྷས་བྱིན་རྣམས་དང་པོ་སྐྱེ་བ་དང་བར་དུ་གནས་པའི་གནས་ཡིན་ནོ། །རླུང་དེ་རྣམས་རྒྱུ་བའི་ལམ་ནི་དཔེར་ན་ཡུར་པོ་ཆེ་རེ་རེ་ནས་འབབ་པའི་ཆུ་ཡུར་ཕྲན་དུ་མ་ལ་གྱེས་ནས་འབབ་པ་བཞིན་དུ་རྩ་འདབ་བཅུ་པོ་དེ་རྣམས་ན་གནས་པའི་རླུང་བཅུ་པོ་རེ་རེ་ཡང་དུ་མར་གྱེས་ནས་རྩ་ཕྲན་དུ་མར་རྒྱུ་བའི་ཚུལ་གྱིས་ལུས་ཀྱི་རྩ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ།།
བཀོད་པ་བྱང་སེམས་ཐིག་ལེའི་རྣམ་གཞག་བཤད་པ།
གསུམ་པ་བཀོད་པ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་གཞག་བཤད་པ་ནི། ལུས་ལ་ཐིག་ལེ་དཀར་དམར་སྤྱིའི་གནས་ཚུལ་སོགས་ནང་འཆད་པའི་སྐབས་སུ་བཤད་ཟིན་པ་ལྟར་ཡིན་ཞིང་། འདིར་སྐབས་སུ་བབ་པ་ནི་གནས་སྐབས་རིགས་བཞི་སྐྱེད་པའི་ཐིག་ལེ་ཡིན་པས་དེ་བཤད་ན། ལུས་ངག་སེམས་ཡེ་ཤེས་ཀྱི་ཐིག་ལེ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ། གནས་སྐབས་རིགས་བཞི་སྐྱེད་པའི་ཐིག་ལེ་ཞེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་རྣམས་ཀྱི་གནས་གང་ཡིན་པ་ནི་དཔྲལ་བའི་རྩ་འཁོར་གྱི་དབུས་ན་སད་པའི་གནས་སྐབས་སྐྱེད་པར་བྱེད་པ་སྐུ་འམ་ལུས་ཀྱི་ཐིག་ལེ་གནས། དེ་བཞིན་དུ་མགྲིན་པའི་རྩ་འཁོར་གྱི་དབུས་ན་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་གསུང་ངམ་ངག་གི་ཐིག་ལེ་གནས། སྙིང་གའི་རྩ་འཁོར་གྱི་དབུས་ན་གཉིད་མཐུག་གི་གནས་སྐབས་སྐྱེད་པར་བྱེད་པ་ཐུགས་སམ་སེམས་ཀྱི་ཐིག་ལེ་གནས། ལྟེ་བའི་རྩ་འཁོར་གྱི་དབུས་ན་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ཡེ་ཤེས་ཀྱི་ཐིག་ལེ་གནས་སོ། །དེ་བཞིན་དུ་སླར་ཡང་ལྟེ་བ་དང་གསང་གནས་དང་ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་ཀྱི་དབུས་དང་། ནོར་བུའི་རྩེ། དབུ་མའི་མར་སྣ་རྣམས་ན་སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་སོགས་རིམ་པ་བཞིན་གནས་སོ། །དེ་ཡང་ལྟེ་བ་དང་ནོར་བུའི་རྩེར་བཞི་པའི་གནས་སྐབས་འཇོག་པའི་རྒྱུ་མཚན་ནི་འདོད་པ་སྤྱད་པ་སོགས་ཀྱི་མཐུས་གནས་དེ་གཉིས་སུ་ཁམས་ཞུ་བ་སླེབ་པ་ན་གནས་གཞན་དུ་སླེབ་པ་བས་བདེ་བའི་འགྱུར་བ་ཆེ་བ་རེ་གཞི་དུས་སུ་འབྱུང་བ་ཡིན་ལ། དེ་ལྟར་འབྱུང་བ་ཡང་གནས་དེ་གཉིས་ན་བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ།།
དེ་ཡང་ཁམས་དཀར་དམར་གྱི་གནས་ནི་དཔྲལ་བ་དང་ནོར་བུའི་རྩ་འཁོར་གྱི་དབུས་དང་ནོར་བུའི་རྩེའི་དབུ་མའི་མར་སྣ་རྣམས་ན་ཁམས་དཀར་པོ་གཙོ་བོར་གནས་ཤིང་དམར་པོ་ཡང་ཅུང་ཟད་གནས་ལ། དཀར་ཆ་འཕེལ་བར་བྱེད་པའི་གཞིའི་ཁམས་དཀར་པོ་དངོས་གཞི་ནི་དཔྲལ་བའི་རྩ་འཁོར་ལ་གནས་སོ། །ལྟེ་བ་དང་མགྲིན་པ་དང་གསང་གནས་ཀྱི་རྩ་འཁོར་རྣམས་ཀྱི་དབུས་ན་གཙོ་བོར་ཁམས་དམར་པོ་གནས་ཤིང་དཀར་པོ་ཡང་ཅུང་ཟད་རེ་གནས་པ་དང༌། སྙིང་གའི་རྩ་འཁོར་གྱི་དབུས་སུ་ནི་ཁམས་དཀར་དམར་ཆ་མཉམ་དུ་གནས་པ་ཡིན་ནོ། །གནས་དེ་རྣམས་ན་གནས་པའི་ཐིག་ལེ་དེ་རྣམས་ཀྱི་ངོ་བོ་ནི་ཁམས་དཀར་དམར་བསྲེས་པ་གོང་བུ་ཆེ་ཆུང་ཡོངས་འབྲུ་ཙམ་རེ་ཡོད་དེ་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་དེ་ལྟར་གསུངས་པས་ཤེས་ནུས་སོ་ཞེས་སྦྱོར་དྲུག་འདི་པའི་ལུགས་ཀྱི་བླ་མ་གོང་མ་དག་གསུང་ངོ་།།
གཞན་ཡང་རྒྱུད་འགྲེལ་འདི་དག་གི་ལུགས་ལ་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་གནས་སྐབས་རིགས་བཞིའི་སྒྲིབ་པ་ཡིན་པ་དང་། སྒྲིབ་པ་དེ་དག་གི་མཚན་གཞིར་སད་པའི་གནས་སྐབས་སྐྱེད་པ་སོགས་ཀྱི་ཐིག་ལེ་དེ་རྣམས་བཤད་བྱུང་བ་ཇི་ལྟར་ཡིན་སྙམ་ན། མཁས་པའི་དབང་པོ་དག་གིས་ནི་ཐིག་ལེ་འདི་རྣམས་བེམ་པོར་ཞལ་གྱིས་བཞེས་ནས། ཐོག་མེད་ནས་ཞུགས་པའི་སྒྲིབ་པའི་མཚན་གཞིར་བེམ་པོ་དང་དེའི་ནང་ནས་ཀྱང་ཚེ་འདིར་གསར་དུ་གྲུབ་པའི་བེམ་པོ་འཇོག་པར་མི་རུང་སྙམ་དུ་དགོངས་ནས། ཐིག་ལེ་དེ་རྣམས་ལ་སིམ་པའི་རྣམ་པར་གནས་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་རེ་ཡོད་ཅིང་། རླུང་དེ་རྣམས་ལ་སྒྲིབ་པའི་བག་ཆགས་བསྒོས་ནས་གནས་ལ། དེ་ལས་ཉོན་སྒྲིབ། དེ་ལས་ཤེས་སྒྲིབ་སོགས་སྐྱེ་བར་འགྱུར་རོ་ཞེས་གསུང་ངོ༌། །གནས་དེ་རྣམས་ལ་ཐིག་ལེ་བཞི་ཡོད་ཚུལ་ནི་ཡེ་ཤེས་ལེའུའི་བརྒྱ་ཉི་ཤུ་པའི་འགྲེལ་ཆེན་ལས། ནཱ་ད་ནི་སྙིང་གར་ཐུགས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །ཐིག་ལེ་ཞེས་པ་ནི་དཔྲལ་བར་སྐུའི་ཐིག་ལེ་སད་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །ཆ་ཞེས་པ་ནི་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་སྐྱེད་པར་བྱེད་པའོ། །ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཐིག་ལེ་བཞི་པོ་དེ་གཉིད་མཐུག་གི་གནས་སྐབས་སྐྱེད་པ་སོགས་སུ་འཇོག་པའི་རྒྱུ་མཚན་ནི་གཞི་དུས་སུ་རླུང་རགས་པ་འགའ་ཞིག་ནོར་བུའི་དབུས་དང་སྙིང་གར་འདུས་པ་ཤས་ཆེ་བའི་རྨི་ལམ་མེད་པའི་གཉིད་མཐུག་པོ་འོང་བ་དང་། རླུང་གནས་དེ་གཉིས་ནས་གྱེས་ཏེ་གསང་གནས་དང་མགྲིན་པར་གནས་པའི་ཚེ་རྨི་ལམ་ཡུན་རིང་དུ་ཤས་ཆེར་ འཆར་བ་དང་། གནས་དེ་གཉིས་ནས་གྱེས་ཏེ་ལྟེ་བ་དང་དཔྲལ་བར་སླེབ་པའི་ཚེ་གཉིད་སད་ནས་ཡུལ་སྣང་སྣ་ཚོགས་འཆར་བ་དང་། བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེར་འཇོག་པའི་རྒྱུ་མཚན་ནི་བཤད་མ་ཐག་པ་ལྟར་རོ།།
སྤྱིར་སྔགས་བླ་མེད་ཀྱི་དགོངས་པ་ནི་གཞི་ལ་རང་རྒྱུད་ལ་ཡོད་པའི་ཆོས་ཤིག་ཐབས་མཁས་ཀྱི་ལམ་གྱིས་སངས་རྒྱས་ཀྱི་ཡོན་ཏན་དུ་སྒྱུར་བར་བྱེད་པ་ཡིན་ལ། ཁྱད་པར་དུ་འགྲེལ་ཆེན་ལས། ཐིག་ལེ་བཞི་པོ་དེ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་ཞེས་གསུངས་པ་རྣམས་ཀྱིས་ནི་ཐིག་ལེ་བཞི་པོ་དེའི་སྟེང་ན་རིམ་པ་བཞིན་སྤྲུལ་སྐུ་སོགས་གཟུགས་ཀྱི་སྐུ་སྣ་ཚོགས་སྐྱེད་པའི་ནུས་པ་དང་། གསུང་རྣམ་པ་ཐམས་ཅད་པའི་ལོངས་སྐུ་ སྐྱེད་པའི་ནུས་པ་དང་། ཐུགས་རྣམ་པར་མི་རྟོག་པའི་ཆོས་སྐུ་སྐྱེད་པའི་ནུས་པ་དང་། བདེ་ཆེན་གྱི་སྐུ་ངོ་ཉིད་སྐུ་སྐྱེད་པའི་ནུས་པ་རྣམས་ཡོད་པར་བསྟན་ལ། དེ་ལྟར་ན་སད་རྨི་གཉིད་མཐུག་བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་བཞི་པོ་དེའི་སྟེང་ན་གཞི་དུས་སུ་རིམ་པ་བཞིན་མ་དག་པའི་ཡུལ་སྣང་སྣ་ཚོགས་སྐྱེད་པའི་ནུས་པ་དང་། འཁྲུལ་པའི་ངག་གི་སྨྲ་བརྗོད་སྣ་ཚོགས་སྐྱེད་པའི་ནུས་པ་དང་། གཉིད་མཐུག་ལྟ་བུ་སེམས་མི་གསལ་ཞིང་མི་རྟོག་པ་སྐྱེད་པའི་ནུས་པ་དང་། འཛག་བདེ་སྐྱེད་པའི་ནུས་པ་རྣམས་ཡོད་པ་ལས་ནུས་པ་དེ་རྣམས་ལམ་གྱིས་སྦྱངས་ནས། ཡུལ་སྣང་སྣ་ཚོགས་ཙམ་ཞིག་འཆར་བའི་ཆ་དང་། སྒྲ་སྣ་ཚོགས་འབྱུང་བའི་ཆ་དང་། མི་རྟོག་པར་གནས་པའི་ཆ་དང་། བདེ་བའི་ཆ་སྐྱེད་པའི་ནུས་པ་རྣམས་ལམ་དུ་ཁྱེར་བས་ལམ་དུས་སུ་རིམ་པ་བཞིན་སྟོང་གཟུགས་སྣ་ཚོགས་འཆར་བ་དང་།གཞོམ་མེད་ཀྱི་སྒྲ་དང་། མི་རྟོག་ཡེ་ཤེས་དང་། མི་འགྱུར་བའི་བདེ་བར་འགྱུར་ཞིང་། དེ་ལྟར་གྱུར་པ་རྣམས་སླར་ཡང་ལམ་གྱིས་སྦྱངས་པ་ལས་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པའི་སྒོ་ནས་འབྲས་དུས་སུ་རིམ་པ་བཞིན་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་སྣ་ཚོགས་དང་། གསུང་རྣམ་པ་ཐམས་ཅད་པ་ལོངས་སྐུ་དང་། ཐུགས་རྣམ་པར་མི་རྟོག་པའི་ཆོས་སྐུ་དང་། ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་སྐུར་འགྱུར་བ་ཡིན་ནོ། །དེ་ལྟར་བཤད་པ་བཞིན་དུ་སྤྱིར་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང་། ཁྱད་པར་དུ་ཡང་རྩ་ཐིག་རླུང་གསུམ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་ཤེས་དགོས་ཏེ། རྫོགས་རིམ་གྱི་ལམ་ཐམས་ཅད་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་རྣམ་འཕྲུལ་ཡིན་པའི་ཕྱིར་རོ།།
གནད་དུ་བསྣུན་བྱེད་ཡན་ལག་ཐུན་མོང་གི་རྣམ་གཞག
༈ གཉིས་པ་དེ་ལ་གནད་དུ་བསྣུན་བྱེད་ཡན་ལག་དྲུག་གི་ཐུན་མོང་གི་རྣམ་གཞག་བཤད་པ་ལ་གསུམ། རྫོགས་རིམ་ཡན་ལག་དྲུག་གི་སྤྱིའི་ཆིངས་དང་། ཡན་ལག་དྲུག་གི་གྲངས་དང་གོ་རིམ་ངེས་པའི་ཚུལ་དང་། ཡན་ལག་དྲུག་འཆད་བྱེད་ཀྱི་གཞུང་གང་ལ་བརྟེན་པའི་ཚུལ་ལོ།།
དང་པོ་ནི། སྦྱོར་བ་ཡན་ལག་དྲུག་པོ་འདི་ཡང་བསྡུས་ན་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་སྟེ་དག་པ་གསུམ་དང༌། རྡོ་རྗེ་བཞི་དང་། རྣལ་འབྱོར་བཞི་དང་། བསྙེན་སྒྲུབ་ཡན་ལག་བཞི་དང་། གཟུགས་སྒྲུབ་ཀྱི་ཡན་ལག་དང་སྲོག་སྒྲུབ་ཀྱི་ཡན་ལག་དང་བདེ་བ་སྒྲུབ་པའི་ ཡན་ལག་དང་བདེ་བ་གྲུབ་པའི་ཡན་ལག་སྟེ་ཡན་ལག་བཞི་རྣམས་སུ་འདུས་སོ། །འོ་ན་སྦྱོར་བ་ཡན་ལག་དྲུག་པོ་གང་གང་དུ་སྡུད་སྙམ་ན། སོར་བསམ་གཉིས་ནི་དང་པོར་དགེ་བ། སྐུ་རྡོ་རྗེ། དབྱིབས་ཀྱི་རྣལ་འབྱོར། བསྙེན་པ་དང་། གཟུགས་སྒྲུབ་ཀྱི་ཡན་ལག་གོ །སྲོག་འཛིན་གཉིས་ནི་བར་དུ་དགེ་བ། གསུང་རྡོ་རྗེ། སྔགས་ཀྱི་རྣལ་འབྱོར། ཉེར་སྒྲུབ་དང་། སྲོག་སྒྲུབ་ཀྱི་ཡན་ལག་གོ །རྗེས་དྲན་དང་འཛིན་པ་གཉིས་ནི་ཐ་མར་དགེ་བའི་རྣལ་འབྱོར་དང་། དེ་ཡང་རྗེས་དྲན་ནི་ཐུགས་རྡོ་རྗེ། ཆོས་ཀྱི་རྣལ་འབྱོར། སྒྲུབ་པ་དང་། བདེ་བ་སྒྲུབ་པའི་ཡན་ལག་གོ །ཏིང་ངེ་འཛིན་ནི་ཡེ་ཤེས་རྡོ་རྗེ། དག་པའི་རྣལ་འབྱོར། སྒྲུབ་ཆེན་དང་། བདེ་བ་སྒྲུབ་ཡའི་ཡམ་ལག་གོ །
གཉིས་པ་ཡན་ལག་དྲུག་གི་གྲངས་དང་གོ་རིམ་ངེས་པའི་ཚུལ་ནི། འདི་ཡང་འབྲས་བུ་མཐར་ཐུག་ལ་ལྟོས་པའི་གྲངས་དང་གོ་རིམ་ངེས་པའི་ཚུལ་ཡིན་ཏེ། སྐབས་འདིའི་ཐོབ་བྱ་མཐར་ཐུག་ནི་སངས་རྒྱས་པའི་གཉིས་སུ་མེད་པའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་དང་སྟོང་གཟུགས་ངོ་བོ་དབྱེར་མེད་ཀྱི་ཐབས་ཤེས་ཟུང་འཇུག་དེ་ཡིན་ལ། དེ་ཐོབ་པར་བྱེད་པའི་ཉེ་རྒྱུ་ལ་ཏིང་ངེ་འཛིན་གྱི་ཡན་ལག་དགོས་ཤིང་། ཏིང་ངེ་འཛིན་གྱི་ཡན་ལག་ལས་མ་གཏོགས་པའི་དེའི་གོང་ན་ལམ་གྱི་རིམ་པ་གཞན་སློབ་མི་དགོས་པ་ནི་རིམ་ལྔ་ལས། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་གསུངས་པ་ནི། འདིར་ཡང་ཏིང་འཛིན་ཡན་ལག་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ །ཞེས་བྱ་བར་འབྲེལ་ལོ། །ཏིང་ངེ་འཛིན་གྱི་ཡན་ལག་མི་འགྱུར་བའི་བདེ་བ་ཆེན་པོ་འདྲེན་པ་ལ་དེའི་སྔོན་དུ་ཕྱག་རྒྱ་གསུམ་ལ་བརྟེན་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དང་། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དངོས་གནས་ལ་གྲུབ་པའི་རྗེས་དྲན་ངེས་པར་འགྲོ་དགོས་ཏེ། སྟོང་གཟུགས་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་དངོས་གནས་ལ་མ་གྲུབ་ན་མི་འགྱུར་བའི་བདེ་བ་ཆེན་པོ་སྐྱེད་པའི་གཞི་སྟོར་བའི་ཕྱིར་རོ། ཕྱག་རྒྱ་གསུམ་ལ་བརྟེན་ནས་ཁམས་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་རྩ་འཁོར་རྣམས་སུ་འཆིང་བ་ལ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྗེས་དྲན་གྱི་སྔོན་དུ་རྩ་འཁོར་རྣམས་ཀྱི་ལྟེ་བའི་དབུས་སུ་རླུང་དང་ཐིག་ལེ་གཡོ་མེད་དུ་འཛིན་པའི་འཛིན་པ་འགྲོ་དགོས་ཤིང་། དེ་ལྟ་བུའི་འཛིན་པའི་སྔོན་དུ་ཡང་རོ་རྐྱང་གི་རླུང་གི་རྒྱུ་བ་བཀག་ནས་དབུ་མ་འབའ་ཞིག་ནས་རྒྱུ་བར་བྱེད་པའི་སྲོག་རྩོལ་འགྲོ་དགོས་སོ། །རོ་རྐྱང་གི་རླུང་གི་རྒྱུ་བ་བཀག་ནས་དབུ་མ་འབའ་ཞིག་ནས་རྒྱུ་བར་བྱེད་པ་ལ་ཐོག་མར་རླུང་དབུ་མར་བཅུག་ནས་དབུ་མ་སྦྱོང་བ་དང་། རྗེས་དྲན་གྱི་སྟོང་གཟུགས་ཀྱི་སྐུ་མཚན་ཉིད་པ་འགྲུབ་པ་ལ་ཐོག་མར་རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བའི་ནང་དུ་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བའི་སོར་སྡུད་ཐོབ་དགོས་ཤིང་བསམ་གཏན་གྱིས་སོར་སྡུད་ཀྱི་རྟགས་རྣམས་བརྟན་པར་བྱེད་པས་སོར་བསམ་གཉིས་ཐོག་མར་སྔོན་དུ་འགྲོ་དགོས་སོ། དེ་ལྟར་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའི་མི་འགྱུར་བའི་བདེ་བ་དང་སྟོང་གཟུགས་ཀྱི་སྐུ་ངོ་བོར་དབྱེར་མེད་འགྲུབ་པ་ལ་ཡན་ལག་དྲུག་པོ་འདི་སྔོན་དུ་ངེས་པར་འགྲོ་དགོས་ཤིང་། རྫོགས་རིམ་གྱི་ལམ་ལ་འདི་བས་མང་བ་མི་དགོས་པས་གྲངས་ངེས་འདོད་དགོས་ཤིང་། གོ་རིམ་ཡང་གོང་དུ་བཤད་མ་ཐག་པ་ལྟར་འདོད་དགོས་ཏེ། འདི་ལ་དགོངས་ནས་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་ཏུ་བསྒྲུབ་པར་བྱ། །གཞན་དག་གིས་ནི་བསྒྲུབས་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། ཞེས་ཡན་ལག་དྲུག་པོ་འདི་མ་ཚང་བ་མེད་པས་མ་བསྒྲུབས་ན་མཆོག་མི་འགྲུབ་ཅེས་དངོས་སུ་བསྟན་ནས་རྫོགས་རིམ་གྱི་ལམ་ལ་ཡན་ལག་དྲུག་པོ་འདི་ཚང་བ་ཉིད་ཀྱིས་མཆོག་འགྲུབ་བོ་ཞེས་ཤུགས་ལ་བསྟན་པས་གྲངས་ངེས་བསྟན་ཅིང་། སྔ་ཕྱི་རིམ་པར་བསྟན་པ་ཉིད་ཀྱིས་གོ་རིམ་ཡང་གོང་དུ་བཤད་པ་བཞིན་བསྟན་པ་ཡིན་ནོ།། འོ་ན་ཡན་ལག་དྲུག་པོ་གང་ཡིན་སྙམ་པ་ལ་དེའི་འཕྲོ་ཉིད་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་དང༌། སྦྱོར་བ་ཡན་ལག་དྲུག་ཏུ་འདོད།། ཅེས་གསུངས་པ་ཡིན།།
གསུམ་པ་ཡན་ལག་དྲུག་འཆད་བྱེད་ཀྱི་གཞུང་གང་ལ་བརྟེན་པའི་ཚུལ་ནི་རྗེ་ཐམས་ཅད་མཁྱེན་པས། སོ་སོར་སྡུད་དང་བསམ་གཏན་ཡན་ལག་གིས། །ཨ་ཝ་དྷཱུ་ཏཱི་ཡར་སྣར་སྲོག་སྡུད་ཤེས། །སྒྲ་གཅན་ལམ་ནས་རླུང་སྔགས་མི་ཕྱེད་པས། །ལྷུན་གྱིས་གྲུབ་པའི་ཟབ་མོའི་རྡོར་བཟླས་ཤེས། །བུམ་པ་ཅན་གྱིས་སྲོག་དང་ཐུར་སེལ་གཉིས། །དབུ་མའི་ནང་དུ་ཁ་སྦྱར་འཛིན་ཚུལ་ཤེས། །འཛིན་པས་ཐིག་ལེ་ལ་ནི་སྲོག་ཞུགས་པས། །དག་པའི་སྐུ་ལས་སྤྲོ་དང་བསྡུ་བ་ཤེས། །རྗེས་དྲན་སྟོང་གཟུགས་ཕྱག་རྒྱའི་ཆུ་སྐྱེས་ཀྱིས། །མི་འགྱུར་བདེ་བ་ཆེན་པོའི་འདྲེན་ཚུལ་ཤེས། །དེ་ཕྱིར་ལུགས་འདི་དུས་འཁོར་ཚུལ་སྨྲ་བ། །ལུགས་གཞན་དག་ལས་ཁྱད་པར་འཕགས་པ་སྟེ། །དེ་ལྟར་མི་ཤེས་དུས་འཁོར་ཚུལ་སྨྲ་བ། །དེ་དག་ཆུ་ནང་ཤར་བའི་ཟླ་གཟུགས་བཞིན། །ཞེས་གསུངས་པའི་རྗེའི་ཚིག་གི་དོན་རྗེ་ཉིད་ཀྱིས་གསུངས་པ་སྔ་མ་དག་གིས་ཟིན་བྲིས་སུ་མཛད་པ་ལ་གཞི་བྱས། དེ་དག་ཡེ་ཤེས་བྱེད་ཀྱི་ངེས་པ་སྐྱེད་པའི་ཡན་ལག་ཏུ་བསྡུས་རྒྱུད་སེམས་འགྲེལ་སྐོར་གསུམ། རང་གི་བའི་འདོད་པ་མདོར་བསྟན་པ། དོན་དམ་བསྙེན་པ། ནཱ་རོ་པས་མཛད་པའི་དབང་མདོར་བསྟན་གྱི་འགྲེལ་པ། གྲུབ་ཆེན་དཔེ་མེད་འཚོས་མཛད་པའི་སྦྱོར་དྲུག །དེའི་འགྲེལ་པ་ཉི་མ་དཔལ་གྱིས་མཛད་པ། དུས་ཞབས་པ་ཙི་ལུ་པ་ཤ་བ་རི་པ་རྣམས་ཀྱིས་མཛད་པའི་སྦྱོར་དྲུག །ཨ་ཝ་དྷཱུ་ཏཱི་པས་མཛད་པའི་རྒྱུད་ཀྱི་དཀའ་འགྲེལ་ལ་སོགས་པ་རྣམས་ཀྱི་ལེགས་པའི་ཆ་རྣམས་ཀྱི་གཞུང་ལ་བརྟེན་པར་འདོད་པ་ཡིན།། །།
ཁུངས་གཏུགས་ས། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན།
མཛད་པ་པོ། མཁས་གྲུབ་ནོར་བཟང་རྒྱ་མཚོ།
རྩོམ་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་།
མཐའ་མའི་འདོན་ཐེངས་།: 16.01.2025 ཉིན། 9:38 AM
<< སྔ་མ།