རྩིས་རིག་སློབ་ཁང་གི་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016 |
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>
རྩིས་རིག་སློབ་ཁང་གི་སྐོར།
སྐབས་དེའི་གནས་བབས་སྤྱི།
སྐར་དཔྱད་རྩིས་རིག་སྡེ་ཚན་འདི་ནི་ཕྱི་ལོ་ ༡༩༦༠ ཙམ་ནས་གསར་འཛུགས་གནང་ཞིང་། དུས་དེ་ནས་བཟུང་ལོ་ངོ་བདུན་ཙམ་རིང་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གིས་རྩིས་རིག་དགེ་རྒན་ཆེན་མོ་དང་རྩིས་རིག་སྡེ་ཚན་དེའི་ཐུགས་འགན་གཙོ་བཞེས་གནང་ཞིང་། དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་བཞིན། རང་གཞུང་ཆོས་རིག་ལྷན་ཁང་ནས་སྐར་ནག་དབྱངས་གསུམ་རྩིས་ཀྱི་རིག་པ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་ཀ་སྦུག་ཁུལ་ནས་ཁོང་ངྷ་སར་ཆེད་འགུགས་གནང་སྟེ། གྷི་ལེན་མོར་ཞེས་བུ་ཁྱིམ་དུ་འགྲོ་སའི་ལམ་ཟུར་གྱི་ཤིང་ནགས་སུ་དེ་སྔོན་ཨིན་ཇིས་རྒྱ་གར་ལ་དབང་བསྒྱུར་སྐབས་བརྒྱབས་པའི་ཁང་བ་དམར་པོ་ཞིག་ཡོད་པ་དེར་རྩིས་ཁང་ཟུར་འཛུགས་ཀྱིས་དམ་པ་དེ་དགེ་རྒན་ཆེན་མོར་བསྐོ་བཞག་དང༌། བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང༌། འབྲས་བློ་གླིང་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་རྣམ་གཉིས་དགེ་ཕྲུག་ཏུ་ཆེད་འཛུགས་གནང་ནས་རྩིས་སློབ་ཁང་གི་རྨང་གཞི་ཐོག་མ་དེ་འཛུགས་ཐུབ་པ་བྱུང༌།
ཕྱི་ལོ་ ༡༩༦༡ ལོར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ནས་ྋགོང་ས་མཆོག་གི་སྐུའི་དགུང་ཀེག་ཀེག་རྩིས་བརྩི་རྒྱུ་སོགས་ཀྱིས་མཚོན་པའི་རྩིས་ཀྱི་ཞུ་སྒོ་ཁག་དང༌། དགེ་ཕྲུག་གཉིས་ལ་སློབ་འཁྲིད་གནང་ཞོར་ལོ་དེའི་ལོ་ཐོ་ཐོག་མར་འདོན་སྤེལ་གནང་བ་མ་ཟད། རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ནས་ས་སྤྲེལ་བར་གྱི་ལོ་ཐོ་འགྲེམས་སྤེལ་གྱི་ལས་གཞི་མགོ་འཛུགས་གནང༌། སྐབས་དེའི་རྩིས་སློབ་ཀྱི་དཔེ་འཁྲིད་ཁོངས་སུ། འབྱུང་རྩིས་ཟླ་ཟེར་དང༌། རིག་ལྡན་སྙིང་ཐིག ཀུན་གཟིགས་དབྱངས་འཆར་ཆེན་མོ་སོགས་དང༌། རིག་གནས། རྒྱལ་རབས་བཅས་བཞག་ཡོད་པ་རེད།
གལ་ཆེའི་ལས་གཞི།
ཕྱི་ལོ་ ༡༩༦༢ ལོར་རྩིས་དགེ་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གི་སློབ་སྟོན་འོག་བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་མཆོག་ནས་སྐར་ནག་དབྱངས་གསུམ་རྩིས་ལ་སྦྱངས་འབྲས་ཐོན་པའི་རྒྱུགས་འབུལ་དུ་ལོ་དེའི་ལོ་ཐོ་འདོན་སྤེལ་ཞུས་པས་དེ་ནི་བཙན་བྱོལ་ནང་རྩིས་རིག་སློབ་ཐོན་ཐོག་མ་ཡིན་ཞེས་བཤད་ཆོག
ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་རྩིས་པ་ཁག་ཅིག་གིས་བཏོན་པའི་རྩིས་འབྲས་ནང་དུ་ལོ་དེའི་ཟླ་ ༢ ཚེས་ ༥ ཉིན་གཟའ་སྐར་བརྒྱད་ཙམ་དུས་གཅིག་ཏུ་འཛོམས་པའི་དབང་གིས་འབྱུང་བའི་གནོད་པ་ཡོང་ངེས་ཡིན་པར་ཡོངས་བསྒྲགས་བྱས་པར་བརྟེན་སྐུ་སྒེར་ཡིག་ཚང་ནས་ཆོས་དོན་ལྷན་ཁང་བརྒྱུད་རང་རེའི་བོད་པའི་རྩིས་གཞུང་དུ་གསལ་ཆ་ཅི་ཡོད་བརྟག་པ་བྱ་རྒྱུའི་སྐོར་ཕེབས་དོན་ལྟར་ཆོས་དོན་ལྷན་ཁང་ནས་འདི་ག་རྩིས་ཁང་དུ་རྩད་ཞིབ་གནང་བ་བཞིན་རྩིས་འབྲས་བསྐོར་བའི་ནང་དུ་དེ་ལྟར་ཡོང་ཉེན་མེད་པའི་གནས་ཚུལ་ཕུལ་ཡང་རྒྱ་གར་མཁས་པའི་རྩིས་འབྲས་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་སྟབས་ཆོས་དོན་ལས་ཁུངས་ནས་རྩིས་འབྲས་དེ་ལོ་གཅིག་རིང་གསང་རྒྱ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག དེ་ཡང་གནད་དོན་དེའི་སྐོར་བཀའ་ཤག་ངེས་མེད་ཀྱི་ཡིག་ཚགས་ཁང་དུ་ཡོད་པའི་ཡིག་ཆ་རྙིང་པ་ཞིག་ཏུ་འཁོད་དོན། རྒྱ་གར་བའི་རྩིས་རིག་ལ་མཁས་པ་རྣམས་ནས་ཕྱི་ལོ་ ༡༩༦༢ ཕྱི་ཟླ་ ༢ ཚེས་ ༥ ཉིན། ཉི་འཛིན། རྒྱུ་སྐར་བརྒྱད་དུས་གཅིག་ཏུ་ཚོགས་པས། འཛམ་གླིང་དུ་འཁྲུག་ཆེན་དང་། ཡང་ན་མེ་དང་ཆུ་ས་གཡོས་སོགས་ཀྱི་འཇིགས་པ་འབྱུང་ཞེས་བཤད་སྐོར། ངྷ་རམ་ས་ལའི་བཞུགས་སྒར་དུ་རྩིས་པ་ཨ་མདོ་བཀྲ་ཤིས་འཁྱིལ་གྱི་མཆོད་དཔོན་བློ་གྲོས་རྒྱ་མཚོས་བོད་རྩིས་དབྱངས་འཆར་གནས་མལ་བཅུ་གཉིས་འཁོར་ལོ་ལ་ཞིབ་བརྟགས་ཞུས་པའི་འབྲས་བཤད་ནི། ཕྱི་ལོ་ ༡༩༦༢ ནང་སྤྱི་ཟླ་༢ ཚེས་ ༥ བོད་རབ་ལོ་ ༩༣༥ ནང་ཚན། རབ་རྒྱལ་ནག་རྩིས་ཆུ་ཕོ་སྟག་གི་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉིན། ཐོག་མའི་ཏཏྐལ་ལ་ཆུ་སྲིན་ཤར་བ་ན། གཡོན་སྐོར་དུ་རིམ་བཞིན་དགུ་པའི་སྟེང་དུ། བུ་མོའི་ཁྱིམ་ནང་གཟའ་བདུན་འཛོམས་པས། ༡ དྲག་གཟའ་ཉི་མ་དང་། ༣ མིག་དམར། ༠ སྤེན་པ། སྒྲ་གཅན་མཇུག་མ་རྣམས་ཤར་བའི་འབྲས་བུར། འཛམ་གླིང་ཆོས་ལྡན་རྒྱལ་ཁབ་རྣམས་ལ་དགྲ་སྡེས་ལག་པ་བརྐྱང་བའི་ཉེན་ཡོད། ཞེས་ངན་འབྲས་ཤར་ཡང་། དེའི་སྟེང་ལ་ཞི་གཟའ་ ༢ ཟླ་བ་དང་། ༤ ལྷག་པ། ༦ པ་སངས། གསུམ་ཤར་བའི་ནུས་པས་ཆོས་ལྡན་རྒྱལ་ཁབ་རྣམས་ཀྱི་རྒྱལ་ས་དར་ཞིང་གནས་པ་དང་། ཆོས་གྲྭ་ཚུགས་ཤིང་། སྐྱེ་དགུའི་བདེ་སྐྱིད་མགྲོན་དུ་འགུགས་པ། བདུད་ཀྱི་དམག་བཟློག་པ། བདུད་ཆེན་འཇིགས་པ། དགྲ་བརྒྱའི་མགོ་བོ་ལྕུག་མ་གཅིག་གི་བཅིངས་བར་ཤར་བས། དེ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་བུ་མོའི་དུས་སྦྱོར་སྟེང་ལ་དྲང་སྲོང་བདུན་སྤྱོད་ཀྱང་། ཞི་གཟའ་གསུམ་གྱི་ནུས་སྟོབས་གོང་ལྟར་ཆེས་ཆེར་རྒྱས་པའི་མཐུས་དྲག་བཞིའི་ངན་པའི་བྱེད་ལས་དབང་མེད་དུ་འཇོམས་པའི་དགེ་མཚན་ཤར། ལྕགས་གླང་ཟླ་བ་བཅུ་གཉིས་མཚན་ཕྱེད་ཡོལ་ནས་གླང་གི་དུས་སུ་ཤར་གླིང་དབུས་མའི་ཚངས་ཐིག་ལ་ཉེ་བའི་ཉི་འཛིན་ཤར་ཡང་། འབྲས་བུ་ཉི་འཛིན་སྤྱི་འབྲས་བཤད་པ་ལས། ལྷག་ལས་བདེ་སྡུག་འབྲས་བུ་གང་ཡང་མེད་པའི་བཏང་སྙོམས་ཀྱི་མཚན་མ་འཆར་བ་ལགས། ཞེས་འཁོད་པ་ལྟར་ལོ་དེར་འབྱུང་བའི་གནོད་པ་གང་ཡང་མ་བྱུང་ཞིང་། གཞན་ཡང་ཉེ་ཆར་སྣྲོན་ཟླའི་གནམ་སྟོང་ཉིན་འཛམ་གླིང་ཧྲིལ་བོའི་བྱང་གླིང་གི་མཁའ་དབྱིངས་སུ་ཉི་མ་ཧྲིལ་བོ་སྒྲ་གཅན་གྱིས་སྒྲིབ་པ་བྱུང་འདུག་ན། རང་རེའི་རྩིས་རིག་གཞུང་དུ་གསལ་ཆ་ཇི་ཡོད་བརྟག་དཔྱད་དགོས་རྒྱུ་སྤྱི་ཕེབས་སྐོར། འཆར་ཅན་བྱེད་རྩིས་གཞིར་བཟུང་གིས་འཛིན་དུས་དང་འཛིན་ཆ་སོགས་ཆུ་ཡོས་ཀྱི་ལོ་ཐོར་བཀོད་པ་ལྟར་ལགས་ཤིང་། སྒྲུབ་རྩིས་ལྟར་ན་རྩིས་གཞུང་རིགས་ལྡན་སྙིང་ཐིག་བཞིན་བཟུང་ཚེས་དེའི་མཚན་གྱི་ཕྱེད་ཡོལ་གླང་གི་དབྱུག་༠ ༢༩ སྲང་འདས་མཚམས་ལྷོ་གླིང་ནུབ་མའི་ནུབ་ལ་ཉེ་ཕྱོགས་ནས་སྒྲ་གཅན་གདོང་གིས་ཉི་མའི་དཀྱིལ་འཁོར་བཅུ་གཉིས་ཆའི་ཆ་བརྒྱད་དང་། ཆ་གཅིག་གི་སུམ་གཅིག་བསྒྲིབས་ནས་ཁ་དོག་དམར་ནག་དང་། རྩིས་གཞུང་རྣམ་གསལ་འོད་ཐིག་ལྟར་ན། ཚེས་དེའི་མཚན་མོའི་ཕྱེད་ཡོལ་གླང་གི་དབྱུག་ ༡ ༢༩ ལྷག་འདས་མཚམས་བྱང་གླིང་དབུས་མའི་ནུབ་སྣེའི་ཕྱོགས་ནས་སྒྲ་གཅན་གདོང་གི་ཆ་ཅན་དབང་པོའི་ཆ་བདུན་ལྷག་ཙམ་སྒྲིབ་པའི་ཁ་དོག་སྔོ་ནག་འཆར་ཞིང་། སྟོན་གྱི་དུས་སུ་རིལ་འཛིན་གྱི་གསལ་ཁ་ནི་མ་མཐོང་ལགས།
ཞེས་གསལ་བ་བཞིན་ལོ་དེར་འབྱུང་བའི་གནོད་པ་གང་ཡང་མ་བྱུང་བ་བཅས་ནི་བོད་ཀྱི་རྩིས་རིག་ལ་ཡིད་ཆེས་བྱེད་ཆོག་པའི་དཔང་རྟགས་མངོན་གསལ་ཞིག་ཡིན་ནོ།།
ཆུ་ཡོས་ཕྱི་ལོ་ ༡༩༦༣ ལོར་བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་མཆོག་དགོངས་ཞུ་གནང་བ་དང༌། དུས་མཚུངས་རྣམ་གྲྭ་ཡེ་ཤེས་སྦྱིན་པ་ལགས་བཀའ་འབྲེལ་རྩིས་སློབ་ཁོངས་གཏོང་གནང་མཛད། ལོ་དེའི་ལོ་ཐོ་སྔར་ལམ་བཞིན་དཀར་ནག་དབྱངས་གསུམ་རྩིས་ལ་སྦྱངས་འབྲས་ཐོན་པའི་རྒྱུགས་འབུལ་དུ་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་མཆོག་ནས་འདོན་སྤེལ་གནང་འདུག
ཕྱི་ལོ་ ༡༩༦༤ ལོར། རྩིས་སློབ་དཀོན་པའི་གནད་དོན་ཐག་གཅོད་ཡོང་ཕྱིར་རྣམ་རྒྱལ་གྲྭ་ཚང་ནས་གྲྭ་གཞོན་བློ་རིག་བཀྲ་བ་འདེམས་སྒྲུག་བྱས་ཏེ་ཡང་བསྐྱར་བསྟན་འཛིན་འཕྲིན་ལས་རྩིས་སློབ་ཏུ་གཏོང་གནང་མཛད་པ་དང་། དེའི་རྗེས་ཡེ་ཤེས་སྦྱིན་པ་དང༌། བསྟན་འཛིན་འཕྲིན་ལས་གཉིས་ཀྱིས་ཀྱང་སོ་སོས་སྐར་ནག་དབྱངས་གསུམ་རྩིས་ལ་སློབ་སྦྱོང་ཐོན་པའི་སྦྱངས་འབྲས་སུ་ཤིང་སྦྲུལ་ཕྱི་ལོ་ ༡༩༦༥ ནས་མེ་ལུག་ཕྱི་ལོ་ ༡༩༦༧ བར་གྱི་ལོ་ཐོ་རྩིས་དགེ་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གི་སློབ་སྟོན་འོག་འདོན་སྤེལ་ཞུས་ཡོད་པ་རེད།
༡༩༦༥ ཟླ་ ༦ ཚེས་ ༦ ཉིན་རྩིས་རིག་སློབ་ཁང་ནས་ཆོས་དོན་ལྷན་ཁང་དུ་རྩིས་རིག་སློབ་ཁང་གསར་རྒྱག་དང་སློབ་ཐུན་སོ་སོའི་སློབ་ཁྲིད་རེའུ་མིག་བཅས་སྙན་འབུལ་ཞུས་ཤིང་། དེ་ཡང་སྙན་ཞུའི་ནང་སློབ་ཚན་སྐར་རྩིས་ནག་རྩིས་། རྒྱ་རྩིས། ལོ་ཐོ་སོགས་རྩིས་ཀྱི་ལས་དོན་དང་། སྙན་ངག་དང་སུམ་རྟགས། དབུ་མེད་དང་ལཛྙ། ཝར་སྟི་སོགས་ཡིག་གཟུགས་བཅས་ལ་སློབ་ཁྲིད་བྱ་རྒྱུ། དེ་བཞིན་དུ་ཟླ་རེའི་ནང་རྩིས་རྒྱུགས་དགེ་རྒན་སར་འབུལ་རྒྱུ་དང་ཟླ་དྲུག་མཚམས་ནས་ཆོས་དོན་ལས་ཁུངས་སུ་འབུལ་རྒྱུ་བཅས་ཀྱི་ལས་འཆར་བཀོད།
ཕྱི་ལོ་ ༡༩༦༥ ཟླ་ ༥ ཚེས་ ༦ ཉིན་རྩིས་དགེ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ནས་ཆོས་དོན་ལྷན་ཁང་དུ་་སྙན་ཞུ་ཞིག་ཕུལ་བའི་ནང་རྩིས་སློབ་ཤག་སྐོར་མཁན་སྤྲུལ་དང་ཡིག་འབྲི་བ་བྱམས་ཆོས་གཉིས་ཀྱིས་རྩ་དགོངས་ཞུས་པར་བརྟེན་ཁོང་གི་ལས་རོགས་སུ་རྣམ་གྲྭ་བསྟན་འཛིན་འཕྲིན་ལས་དང་། ཡེ་ཤེས་སྦྱིན་པ་རྣམ་གཉིས་གྲྭ་ཚང་གི་ཚོགས་ཆོས་སུ་འགྲོ་མ་དགོས་པར་རྩིས་རིག་བསྟན་པའི་ལས་དོན་ཁོ་ནར་ཤུགས་སྣོན་རྒྱག་རྒྱུའི་བཀའ་ཁྲོལ་ཞུས་པ་བཞིན་བཀའ་ཁྲོལ་ཐོབ་སྟེ་རྩིས་རིག་རྒྱུན་འཛིན་ལ་ཤུགས་སྣོན་གང་འཚམས་ཐེབས། ཡང་ལོ་དེའི་ཟླ་ ༤ ཚེས་ ༨ ཉིན་རྩིས་སློབ་ཁང་གི་སྒྲིག་འཛུགས་གཏན་འཁེལ་ཡོང་ཐབས་དང་། སློབ་མའི་ཁ་གྲངས་ལྔ་ནས་བཅུ་བར་གསར་བཅུག་ཡོང་པའི་སྙན་ཞུ་དང་། སློབ་ཐུན་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར་དང་། ཕྱི་དྲོ་ ༢ ནས ༥ བར་འཚོག་རྒྱུ་བཅས་ཀྱི་ལས་འཆར་ཕུལ། གཞན་ཡང་མེ་ལུག་ཕྱི་ལོ་ ༡༩༦༧ ལོར་སྐར་རྩིས་སྐོར་སྔར་ཡོད་དགེ་སློབ་གསུམ་གྱི་སྟེང༌། བྲག་མཐོན་བྱམས་པ་རྒྱལ་མཚན་ཡང་འབྲུག་ནས་འབྱོར་བ་བཅས་ལ་བརྟེན་རྩིས་རིག་སྐར་ནག་དབྱངས་གསུམ་གྱི་ནམ་རྒྱུན་ཞུ་སྒོ་ཁག་རྒྱུན་འཁྱོངས་ཀྱི་གཞི་རྩ་བརྟན་པོར་བཙུགས་ཐུབ་པ་བྱུང་འདུག།དེ་ལྟར་དངོས་བྱུང་ལོ་རྒྱུས་ཡིག་ཆ་ཁག་གཞི་རྩར་བཟུང་སྟེ་སྨན་རྩིས་གཉིས་སོ་སོ་གནས་པའི་རིང་གི་ལོ་རྒྱུས་རགས་བསྡུས་ཙམ་བཀོད་པའོ།།
སླར་སྨས་པ།
གང་གི་ལམ་སྟོན་སྤྱི་བོའི་རྒྱན་དུ་བཟུང་།།
ལྷག་བསམ་སྙིང་སྟོབས་གོ་ཆ་ཕྲག་བགོས་ཏེ།།
བླང་དོར་ལེགས་སྟོན་ནད་གདོན་གཉེན་པོ་མཆོག།།
སྨན་རྩིས་བསྟན་པའི་མེ་རོ་སླར་གསོ་མཛད།།
ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་དེ་ངལ་གསོ་བའོ།། །།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:08 AM
<< སྔ་མ།