རྡོར་གླིང་ལྕགས་པོ་རིའི་ལོ་རྒྱུས་སྙིང་བསྡུས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.09.2019 |
རྡོར་གླིང་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་ཁང་གི་ལོ་རྒྱུས་སྙིང་བསྡུས།
སྨན་པ་དམུ་དགེ་རབ་དགའ་དང་ལྷག་པ་ཆོས་རྒྱལ།
ལྕགས་པོ་རི་འཛིན་སྐྱོང་ཡིག་ཚང་།
༈ བསྐལ་བཟང་རྣམ་འདྲེན་བཞི་པ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་རྒྱལ་དབང་པད་དཀར་འཛིན་པའི་གདུལ་བྱའི་ཞིང་དུ་ལུང་བསྟན་པའི་ཡུལ། གངས་ལྗོངས་ཆོས་ལྡན་ཞིང་གི་རྒྱལ་ས་ལྷ་སའི་ནང་རྒྱལ་བ་རིགས་གསུམ་མགོན་པོའི་བླ་རི་སྟེ་དམར་པོ་རི་འཕགས་པ་ཐུགས་རྗེ་ཆེན་པོའི་བླ་རི། བོང་བ་རི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བླ་རི། ལྕགས་པོ་རི་གསང་བདག་ཕྱག་ན་རྡོ་རྗེའི་བླ་རི་ཞེས་དམར་བོང་ལྕགས་གསུམ་དུ་གྲགས་པའི་ཡ་གྱལ། གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་དུ་མའི་གཏེར་དུ་གྱུར་བས་ན་ལྕགས་པོ་རི་ཞེས་འབོད་པ་འདི་ནི། སྨན་རྒྱལ་བླ་མའི་གདན་ས། གངས་ལྗོངས་གསོ་རིག་བསྟན་པའི་འབྱུང་གནས། ཁྱད་པར་དུ་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། རི་བོ་དེའི་ངོས་གཉིས་ནས་སྨན་ཆུ་དང་དངོས་གྲུབ་རང་རྡོལ་དུ་འབབ་པས་ལྕགས་པོ་རིའི་སྨན་ཆུ་ཞེས་གྲགས།
དེ་ཡང་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་ཞལ་སྔ་ནས། གནམ་ལྕགས་ལྟ་བུ་སྲ་མཁྲེགས་བཙན་པོའི་རི། །རྒྱལ་དབང་པདྨས་རྗེས་བཟུང་ཐང་སྟོང་བས། །བཞེངས་པའི་སྐུ་དང་ནང་རྟེན་བྱིན་རླབས་ཀྱིས། །སྤྲིན་ཕུང་མཁའ་ལ་བསྙེགས་པའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་གྲུབ་ཆེན་དམ་པ་ཐང་སྟོང་རྒྱལ་པོ་དགུང་གྲངས་དྲུག་ཅུ་རེ་དགུ་བཞེས་པའི་བོད་རབ་བྱུང་བདུན་པའི་ལྕགས་བྱི་ (ཕྱི་ལོ་ ༡༤༣༠) ལོར། དམ་པ་གང་གིས་ཕྱག་ན་རྡོ་རྗེའི་བླ་རི་ལྕགས་པོ་རི་ལ་གྲུབ་ཐོབ་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད་དེ་ལྕགས་པོ་རི་ལ་སྨན་རྒྱལ་རི་ཞེས་མཚན་གསོལ། གནས་འདི་དམ་པ་གང་གིས་བྱིན་གྱིས་བརླབས་ཏེ་མ་འོངས་པར་གནས་འདི་ནས་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་རྒྱུ་ཚོགས་ངང་གིས་འགྲིགས་པར་གྲགས་པ་བཞིན། རབ་བྱུང་བཅུ་གཉིས་པའི་མེ་བྱི་ (ཕྱི་ལོ་ ༡༦༩༦) ལོར། སྡེ་སྲིད་རིན་པོ་ཆེའི་རང་གི་དག་པའི་གཟིགས་སྣང་། ྋརྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་དང་དགོངས་བཞེད། རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་སྒོས་སུ་གསོ་བ་རིག་པའི་ལུང་རྟོགས་ཀྱི་བསྟན་པ་དར་རྒྱས་གོང་འཕེལ་སོགས་དགོས་པ་ཁྱད་པར་ཅན་དུ་མར་གཟིགས་ཏེ། ཆོས་སྨན་གཉིས་གཙོ་བོར་གྱུར་བའི་རིག་གནས་མཐའ་དག་སློབ་གཉེར་བྱ་ཡུལ་སྨན་པའི་གྲྭ་ཚང་༼ལྕགས་པོ་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་༽ཞེས་ཡོངས་སུ་གྲགས་པ་འདི་ཉིད་གསར་འདེབས་མཛད།
དེ་ནས་བཟུང་བོད་གངས་ཅན་ལྗོངས་སུ་རྒྱུད་བཞི་བློ་འཛིན་རྒྱུགས་སྤྲོད་གནང་མཁན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྨན་པ་དུ་མར་བྱུང་སྟེ། གསོ་བ་རིག་པའི་བསྟན་པ་དར་རྒྱས་མཛད། ལྷག་པར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་ལོ་རྒྱུས་ཐོག་བྱས་རྗེས་དང་མཚན་སྙན་ཆེ་བའི་ལྕགས་རིའི་སྨན་པ་བླ་སྨན་མཁྱེན་རབ་ནོར་བུ་དང་། བླ་སྨན་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ། གྲ་ཕྱི་སྐལ་བཟང་ལེགས་བཤད། བློ་གསལ་བཟང་པོ། དཔལ་ལྡན་ཕུན་ཚོགས། ཡར་སྟོད་དར་རྒྱས་གླིང་ལྷུན་གྲུབ་གྲགས་པ། ངག་དབང་ཆོས་གྲགས་སོགས་མང་པོ་བྱུང་སྟེ་བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་དང་འཕྲོད་བསྟེན་ལས་དོན་ལ་ཕན་པ་རྒྱ་ཆེན་བྱུང་དང་འབྱུང་བཞིན་པའི་སྐབས། ཐོག་མར་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་གཞུང་ནས་བོད་ཡུལ་ལ་ཞི་དྲག་གི་ངན་ཇུས་སྣ་ཚོགས་བརྩམས་ཏེ་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་དང་ལྩགས་རིར་མེ་སྒྱོགས་བརྒྱབས་ཏེ། སྨན་པ་གྲྭ་ཚང་དེ་མིང་གི་ལྷག་མ་ཙམ་ཡང་མེད་པར་བཟོས་སྟབས། བོད་ཀྱི་བསྟན་འགྲོ་སྤྱི་དང་ཡང་སྒོས་གསོ་བ་རིག་པའི་བསྟན་པ་ལ་བློ་ལས་འདས་པའི་ཆག་འཇིག་དང་། བོད་ཀྱི་ལོ་རྒྱུས་ཐོག་ལྕགས་པོ་རི་འགྲོ་ཕན་རིག་བྱེད་གླིང་ཞེས་སྙན་པའི་མཚན་གྱི་བ་དན་མཐོན་པོར་བསྒྲེང་བ་དེ་ཉིད་མིང་ཙམ་ཡང་གཞི་མེད་དུ་འགྲོ་བའི་ཉེན་ཁར་གཟིགས་ཏེ། ྋསྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་ནས་མི་བཟོད་པའི་ཐུགས་ཚབས་དང་། ལྷག་དོན་སྐྱེ་འགྲོ་སྤྱི་དང་མགོན་མེད་ནད་པ་རྣམས་ཀྱི་ཚེ་སྲོག་གི་བདུད་རྩི་ཁོ་ནར་གྱུར་བ་གངས་ལྗོངས་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་ཡུན་གནས། ལྷག་པར་དུ་དེ་སྔ་ལྕགས་པོ་རི་འགྲོ་ཕན་རིག་བྱེད་གླིང་གི་སློབ་དཔོན་དང་ྋསྐུའི་བླ་སྨན་གཅིག་ལྕོགས་བྱམས་པ་ཐུབ་དབང་མཆོག་གིས་སྨན་གྱི་གཙོ་མོ་དཔལ་ལྡན་འཕྲེང་བ་དངོས་སུ་ཞལ་མཇལ་སྟེ་མཁའ་འགྲོའི་ཉེ་རྒྱུད་ཀྱི་གདམས་པ་དེ་ཉིད། དམ་པ་གང་གི་སྲས་ཀྱི་ཐུ་བོ་ནང་རོང་ཤག་ལྷ་རྗེ་རིག་འཛིན་ལྷུན་གྲུབ་དཔལ་འབྱོར་ལ་གནང་བ་དང་། ལྷ་རྗེ་ནང་རོང་ཤག་གིས་ཁོང་གི་ཉེ་བའི་ཐུགས་སྲས་ཁྲོ་དགའ་བོ་བསམ་འཕེལ་ནོར་བུ་རིན་པོ་ཆེ་ཉིད་ལ་གནང་བ་སོགས། ལྕགས་པོ་རི་དང་ཉེ་རྒྱུད་ཀྱི་གདམས་པ་གཅིག་ཏུ་འབྲེལ་བ་སོགས་དགོས་པ་ཁྱད་པར་ཅན་དུ་མར་གཟིགས་ཏེ། ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གསར་འཛུགས་གནང་རྒྱུའི་ཐུགས་གཏན་འཁེལ། ཆིག་དགུ་བདུན་ཅུའི་ནང་འབྲུག་ནས་སྨན་གྱི་སློབ་གྲྭ་འཛུགས་ཆེད་ས་ཆ་འབུལ་མཁན་དང་གསོལ་བ་འདེབས་མཁན་བྱུང་ན་ཡང་ཇི་བཞིན་མ་གྲུབ། ཆིག་དགུ་བརྒྱད་ཅུའི་ནང་བལ་ཡུལ་བུདྔྷ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དེང་སང་ཞེ་ཆེན་དགོན་པ་ཡོད་སར་ལྕགས་པོ་རི་འཛུགས་ཐབས་ལ་འབད་བརྩོན་དང་འགྲོ་གྲོན་གང་འཚམས་བཏང་ཡང་། ལྕགས་པོ་རི་ཞེས་པའི་མིང་དེ་འགྲིག་མིན་དང་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་ཇུས་སྲ་བརྟན་མེད་པའི་རྐྱེན་གྱིས་འཛུགས་ཐབས་མ་བྱུང་། དེ་རྗེས་རང་ཅག་བོད་ཁ་བ་གངས་ཅན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོར་ྋསྙན་གསེང་ཞུས་པ་སོགས་ཐོག་མའི་རྒྱུ་ཚོགས་སྔོན་དུ་བཏང་སྟེ། ཧི་མ་ལ་ཡི་ཉེ་འདབས་རྒྱ་གར་བྱང་ཤར་ཀ་རྡོར་འབྲས་གསུམ་དུ་གྲགས་པའི་ཡ་གྱལ། བྷངྒལའི་མངའ་སྡེའི་ཁོངས་སུ་གཏོགས་པ་གནས་མཆོག་རྡོ་རྗེ་གླིང་དུ་སློབ་ཕྲུག་གྲངས་བཅུ་བཞི་ཙམ་བསྡུས་བཞེས་དང་སྨན་དགེ་རི་ཞིང་བསྟན་འཛིན་གྲགས་པ་ལགས་བོད་གཞུང་སྨན་རྩིས་ཁང་ནས་ཞབས་གཡར་གྱིས་སྨན་གཞུང་འཆད་ཉན་གཙོ་བོ་དང་། རིན་པོ་ཆེ་ཉིད་ནས་གཞུང་བཤད་དང་ཉེ་བརྒྱུད་ཀྱི་མན་ངག་ཟུར་ཁྲིད། མ་ཟད་སློབ་ཕྲུག་ཚོའི་འབྲི་ཀློག་དང་བསམ་སྤྱོད་ཀྱི་གོ་རྟོགས་ཆེད་བརྡ་སྤྲོད་སྙན་སུམ་དང་ནང་ཆོས་སློབ་ཚན་ཟུར་དུ་སློབ་འཁྲིད་བཅས་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༣ ཉིན་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དབུ་འཛུགས་གནང་།
ཀ མཐོ་སློབ་སྐོར།
ཐོག་མར་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༣ ཉིན་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་ཁང་དབུ་བརྙེས་སྐབས་འཛིན་ཁང་སོགས་མཐུན་རྐྱེན་འཛོམས་མིན་གྱི་དབང་གིས་གནས་སྐབས་ྋསྐྱབས་རྗེ་རིན་པོ་ཆེ་སྐུ་སྒེར་གཟིམ་ཤག་ཏུ་འཐུས་པར་བྱས། རིམ་གྱིས་དགེ་རྒན་དང་སློབ་མའི་གྲངས་ཀ་མང་དུ་སོང་སྟབས་ཁོར་ཡུག་ཆུང་དྲག་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༩༥ ཟླ་ ༡༢ ཚེས་ ༢༥ ཉིན་སྟག་བལྟ་ཞེས་པའི་ས་གནས་སུ་གནས་སྤོས་ཞུས། དགེ་ལས་སློབ་མ་ཡོངས་ཀྱི་ལྷག་བསམ་རྣམ་དག་གིས་དཀའ་ངལ་ལ་གདོང་ལེན་དང་ལྕགས་པོ་རིའི་དྲན་རྟེན་གསར་འཛུགས་བྱེད་དགོས་པའི་དོན་སྙིང་རིག་གནས་སྤྱི་དང་། ཡང་སྒོས་སྨན་གཞུང་འཆད་ཉན། རྒྱུད་གཞུང་བློ་འཛིན། ནད་བཅོས་ལག་ལེན། སྨན་རྫས་ངོས་འཛིན། སྦྱོར་རྡུང་འཐག་གསུམ་གྱི་ལས་སྣོན་གྱི་བྱ་བ་གང་ཅིར་འཐུས་ཤོར་མེད་པར་ཀུན་ནས་ཁུར་མཉམ་བཞེས་གནང་། འདི་གའི་སློབ་མ་རྣམས་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་ནང་པའི་མི་རིགས་ཆ་རྐྱེན་ཚང་བའི་རིགས་ལ་དབྱེ་མེད་སློབ་བཞེས་གནང་མུས་ཡིན།
སྨན་སློབ་སྐབས་དང་པོ་ནས་གསུམ་པ་བར་སློབ་མ་གསར་བསྡུ་དང་། དངོས་གཞིའི་སློབ་ཚན་གྱི་འགྲོ་སྟངས། ཟླ་གསུམ་དང་ཟླ་དྲུག་གི་ནང་རྒྱུགས་གཉིས་དང་། ལོ་འཁོར་རྒྱུགས་སྤྲོད་བཅས་ཀྱི་དྲི་ཤོག་བཟོ་བཤེར། ལྷག་པར་མཐའ་མའི་ཐོན་རྒྱུགས་ཆེན་མོའི་སྐབས་སུ་འདི་གའི་སློབ་ཕྲུག་ཚང་མ་རྡ་ས་དབུས་སྨན་རྩིས་ཁང་དུ་བཅར་ཏེ་སྨན་རྩིས་ཁང་གི་སློབ་ཕྲུག་ལྷན་དུ་ཡིག་རྒྱུགས་ཕུལ་ཏེ། བསླབ་པ་མཐར་སོན་པའི་ཕྱག་འཁྱེར་ཡང་དབུས་སྨན་རྩིས་ཁང་གི་སློབ་མ་དང་གཅིག་མཚུངས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་གཉིས་ནས་གནང་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༠༦ ལོའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་ལྟར་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁོངས་སུ་ (བོད་ཀྱི་གསོ་བ་རིག་པའི་སྨན་པ་བཀའ་བཅུ་པའི་སློབ་གཉེར་ཁང་།) ཚད་ལྡན་ཞིག་ཏུ་དེབ་སྐྱེལ་ངོས་ལེན་ཐོབ་པ་དང་། ཡིག་རྒྱུགས་ཁག་ཀྱང་དབུས་སྨན་རྩིས་ཁང་གི་ཁོངས་སུ་མ་ཡིན་པར་རང་ཁོངས་ནས་གཏང་རྒྱུའི་འགན་དབང་ཡོད་པར་འགྱུར། འོན་ཀྱང་སྨན་སློབ་ཀྱི་གྲུབ་འབྲས་སྤུས་ལེགས་ཡོང་ཐབས་དང་། དྲང་བདེན་ཡོང་བའི་སླད་དུ་ལོ་འཁོར་ཡིག་རྒྱུགས་ཀྱི་དྲི་ཤོག་བཟོ་བཤེར་རྣམས་དབུས་སྨན་རྩིས་ཁང་དང་། མཁས་དབང་སྨན་པ་ཁག་ལ་རེ་བསྐུལ་གྱིས་ཡིག་རྒྱུགས་གཏོང་མུས་ཡིན།
ཕྱི་ལོ་ ༡༩༩༢ ནས་ ༢༠༠༥ ལོའི་ཕྱི་ཟླ་ ༥ བར་ྋསྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ལྕགས་པོ་རི་མཐོ་སློབ་ཀྱི་ངེས་སྟོན་པ་དང་འཛིན་སྐྱོང་འགན་འཛིན་ལྷན་ཚོགས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་གནང་སྟེ་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེར་བླ་ན་མེད་པའི་སྲི་ཞུ་གནང་སྟེ་འཕགས་ཡུལ་ལྕགས་པོ་རིའི་དབུ་འཛིན་ཐོག་མ་དེ་ཆགས་ཡོད།
༢༠༠༥ ཟླ་ ༥ ཚེས་ ༡༡ ཉིན་ྋསྐྱབས་རྗེ་རིན་པོ་ཆེ་མཆོག་རེ་ཞིག་གདུལ་བྱའི་སྣང་ངོར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བཞེས་ཏེ་ལྕགས་རིའི་འབྲེལ་ཡོད་དགེ་ལས་སློབ་ཕྲུག་དང་བཅས་པ་བྱི་ཕྲུག་ཐང་ལུས་ཀྱི་དཔེ་བཞིན་གྱུར་ཏེ་ཅི་བྱ་གཏོལ་མེད་ངང་ལུས་པའི་སྐབས། འཛིན་སྐྱོང་འགན་འཛིན་ཚོགས་མི་དང་། དགེ་ལས་སོགས་བཀའ་བསྡུར་རིམ་ཞུས་ཀྱིས་མཐའ་དོན་དུ། ཁྲོ་དགའ་བོ་འཕྲིན་ལས་དཔལ་བཟང་ལགས་རིང་མོ་ནས་ྋསྐྱབས་རྗེ་རིན་པོ་ཆེ་དང་ཐུགས་འདྲིས་ཆེ་ལ། མི་གཤིས་བཟང་བ་དང་། གནའ་དེང་གི་ཤེས་ཡོན་གཉིས་ལྡན། ྋསྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་ཉིད་ཀྱི་ཚ་བོ་དང་དམ་པ་གང་གི་གདམས་པ་ཉེ་རྒྱུད་ཀྱི་ཐུགས་སྲས་གཙོ་བོ་སོགས་གང་ཅིའི་ཐད་སྐྱབས་རྗེ་རིན་པོ་ཆེའི་གདུང་ཚབ་ཏུ་བསྐོ་བཞག་གནང་རྒྱུར་འོས་བབ་གཟིགས་ཏེ་མང་མོས་ཐུགས་མཐུན་བྱུང་བ་བཞིན། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༤ ཉིན་ལྕགས་པོ་རིའི་དྲན་རྟེན་བོད་སྨན་མཐོ་སློབ་ཁང་གི་ངེས་སྟོན་པ་དང་འཛིན་སྐྱོང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་སུ་ངེས་ཏེ་འཕགས་ཡུལ་ལྕགས་པོ་རིའི་དབུ་འཛིན་གྱི་མཚན་གནས་བཞེས་མཁན་གཉིས་པ་དེ་ཡིན། ད་ལྟའི་འཆར་ལྕགས་པོ་རིའི་དྲན་རྟེན་བོད་སྨན་མཐོ་སློབ་ནང་སྨན་སློབ་སྐབས་བརྒྱད་པ་བར་སློབ་འཇུག་ཞུས་ཏེ་སྨན་པ་གྲངས་ ༥༨ སློབ་ཐོན་ཟིན་པ་དང་། ད་ལྟ་སློབ་མ་གྲངས་ ༢༢ སློབ་འཁྲིད་འགྲོ་མུས་ཡིན།
ཁ། སྨན་སྦྱོར་སྡེ་ཚན་སྐོར།
༡༩༩༢ ལོར་ལྕགས་པོ་རིའི་དྲན་རྟེན་དབུ་བརྙེས་པ་ནས་བཟུང་སྟེ། ྋསྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོ་བོར་བཞེས་པའི་ཐོག་ལྕགས་པོ་རི་མཐོ་སློབ་ཁང་རང་ནས་སྨན་རྫས་སྦྱོར་བཟོའི་ལས་གཞི་གསར་འཛུགས་གནང་ཡོད། སྤྱིར་ྋསྐྱབས་རྗེ་རིན་པོ་ཆེས་བོད་ལུགས་སྨན་རྫས་སྦྱོར་བཟོའི་ལག་ལེན་ཁུངས་གཏུགས་ས་དེ། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་སྨན་སྦྱོར་བདུད་རྩི་བུམ་བཟང་འདི་ཉིད་རང་ལུགས་ཚད་མར་འཛིན་གྱི་ཡོད། བླ་སྨན་མཁྱེན་རབ་ནོར་བུ་ནི་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་ནས་ཐོན་པའི་ཚད་ལྡན་གྱི་སྨན་པ་གྲགས་ཅན་ཞིག་ཡིན་པ་དང་། སྐུ་ཉིད་ཀྱིས་བརྩམས་པའི་སྨན་སྦྱོར་བདུད་རྩི་བུམ་བཟང་དེ་ཡང་ལྕགས་པོ་རིའི་སྨན་པ་མཁས་པ་སྤྱི་དང་ཁྱད་པར་དུ་བྱང་ཟུར་སློབ་དཔོན་རྣམ་གཉིས་ཀྱི་གདམས་པ་ཟབ་མོ་ཆིག་སྒྲིལ་ཐོག་མཁས་པ་གཞན་གྱི་ལེགས་བཤད་དང་མན་ངག་གིས་ཟུར་བརྒྱན་པའི་གཞུང་ལུགས་ཚད་ལྡན་ཞིག་ཡིན། ྋསྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་ནི་སྨན་སྦྱོར་ལས་སྣོན་གྱི་ལས་རིགས་ཐད་ཕྱི་མ་རྒྱུད་དུ་ཇི་ལྟར་གསུངས་པ་ལྟར་སྨན་རྫས་ངོས་འཛིན། ཉར་ཚགས། བརྡུང་བཏགས་ཀྱི་ཞིབ་ཚད། ནད་པར་གཏོང་ལུགས་དང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་རྒྱུན་མ་ཆད་པའི་སྨན་གྱི་ཕབ་རྟ་དང་། བླ་མ་སྐྱེས་ཆེན་རྣམས་ཀྱིས་བྱིན་གྱིས་རླབས་པའི་བྱིན་རྫས་ཁྱད་པར་དུ་མས་ཕབ་རྟར་བེད་སྤྱོད་གནང་བ། དེང་དུས་ཀྱི་ནད་གཞི་སྣ་ཚོགས་ལ་བབས་པའི་སྨན་སྦྱོར་དང་ཁ་ཚར་འདེབས་སྲོལ་སོགས་རིན་པོ་ཆེའི་རྣམ་དཔྱོད་ཀྱི་རྩལ་དང་དམ་པ་གང་གི་དགེ་བའི་བཤེས་གཉེན་ཆེན་པོ་ནང་རོང་ཤག་ལྷ་རྗེ་རིག་འཛིན་ལྷུན་འགྲུབ་དཔལ་འབྱོར་གྱི་ཕྱག་རྒྱུན་ལས་ཐོན་པའི་ལག་ལེན་ཚད་མ་དུ་མ་ཞིག་ཡོད། དཔེར་ན། མགོ་ནད་སྤྱི་འཇོམས། ས་འཛིན་ཉེར་ལྔ་སོགས་སྦྱོར་བ་དམིགས་བསལ་དང་། རུ་རྟ་དྲུག་པ། ཟླ་ཤེལ་བདུད་རྩི་མ། བདུད་རྩི་གསུམ་སྦྱོར་སོགས་ཁ་ཚར་འདེབས་སྲོལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ཡོད།
ཕྱི་ལོ་ ༢༠༠༠ ཙམ་ནས་སྨན་པ་བསྟན་འཛིན་འཕེལ་རྒྱས་ལགས་སྨན་སྦྱོར་འགན་འཛིན་དུ་བསྐོས་བཞག་གནང་། ཁོང་ནི་ལྕགས་རིའི་སྐབས་དང་པོའི་སྨན་སློབ་ཁོངས་སྨན་པ་བཀའ་བཅུ་པ་ཐོན་པ་དང་། དེ་རྗེས་སྨན་རྩིས་ཁང་དང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱི་དྲུང་ནས་ལོ་གཅིག་དང་ཕྱེད་རིང་སྨན་སྦྱོར་ཉམས་གསོག། ལ་དྭགས་བྱང་ཐང་དུ་ྋསྐྱབས་རྗེ་རིན་པོ་ཆེས་དངུལ་ཆུ་བཙོ་ཐལ་ཆེན་མོའི་དམར་ཁྲིད་གནང་སྐབས་དམ་པ་གང་གི་བཀའ་དྲིན་འོག་དངུལ་ཆུ་ལག་ལེན་གྱི་མཐོང་ཆོས་བཀའ་དྲིན་ཐོབ་པ་ཞིག་དང་། ཕྱི་ལོ་ ༢༠༠༩ ལོར་སྨན་པའི་ཉམས་མྱོང་དང་ཡིག་རྒྱུགས་ལམ་ནས་སྨན་རམས་པའི་མཚན་གནས་བཞེས་ཏེ་ད་ལྟ་ལྕགས་པོ་རིིའི་སྨན་སྦྱོར་འགན་འཛིན་མུ་མཐུད་གནང་བཞིན་མཆིས། སྨན་སྦྱོར་ཁོངས་སྔོ་སྦྱོར་ཐོན་རྫས་སྡེ་ཚན་ཞིག་ཡོད་པས་བྱུག་སྣུམ་དང་། གཟེར་འཇོམས། མིག་སྨན་ཟླ་ཞུན། རྩ་བྱུག རླུང་སྤོས་ལ་སོགས་པའི་སྔོ་སྦྱོར་ཐོན་རྫས་མི་འདྲ་བ་བཅུ་གྲངས་ཤིག་བཟོ་འདོན་གནང་གི་ཡོད།
དེ་ལྟར་ལྕགས་པོ་རིའི་སྨན་སྦྱོར་ཁང་གི་ལས་བྱེད་ཚང་མས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་དང་། ཡང་སྒོས་བྱང་ཟུར་ལུགས་གཉིས་ཀྱི་ཆུ་བོ་ཆེན་པོ་གཅིག་ཏུ་སྒྲིལ་བའི་ལྕགས་པོ་རིའི་ཕྱག་རྒྱུན་ཟབ་མོ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སླད། ྋསྐྱབས་རྗེ་རིན་པོ་ཆེའི་བཀའ་ལུང་གསེར་གྱི་མེ་ཏོག་ཀུན་གྱིས་སྤྱི་བོར་བཞེས་ཏེ་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ནུབ་དར་རྒྱས་ཡོང་བའི་ཞབས་འདེགས་དང་སྨོན་ལམ་གཅིག་ཏུ་འདེབས་ཀྱི་ཡོད།
ལྕགས་རིའི་སྨན་སྦྱོར་གསར་པ་དེ་ནུབ་བྷང་གྷལ་གྱི་ས་གནས་ས་ལུ་གྷ་རར་ཆགས་ཡོད། དེའི་ཨར་ལས་ཀྱི་སྦྱིན་བདག་སླད་ཧོ་ལན་ཌི་རྒྱབ་སྐྱོར་ཚོགས་པ་ནས་ཐུགས་འགན་གཙོ་བཞེས་ཀྱིས་བྷེབ་ཨེ་ཊིན་ཐེབ་རྩ་ནས་སྦྱིན་བདག་དང་། དེ་སྔོན་ྋསྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་མཆོག་ནས་མ་རྩ་ཞིག་འཇར་མ་ནི་རྒྱབ་སྐྱོར་ཚོགས་པའི་ཁོངས་གསོག་འཇོག་ཞུས་པ་དེ་ཉིད་ཁྲིམས་མཐུན་གྱི་མ་རྩར་བཟོ་འཇོག་གི་ཐུགས་འགན་བཞེས་པ་སོགས་དང་། དེ་བཞིན་ལྕགས་རིའི་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་གཞན་སོགས་ནས་རོགས་རམ་གནང་སྟེ་ད་ལྟ་སྨན་སྦྱོར་སྡེ་ཚན་གྱི་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གོང་མཐོར་བསྐྱོད་དང་སྐྱོད་བཞིན་པ་མ་ཟད། ལྕགས་རིའི་ཡན་ལག་སྨན་ཁང་ཁག་ལ་དགོས་མཁོའི་སྨན་རྣམས་ཆད་མེད་བཟོ་འདོན་ཐུབ་པ་གནང་གི་ཡོད།
ག སྒོ་བསྟེན་སྨན་དཔྱད་ཁང་སྐོར།
ད་ལྟའི་འཆར་ཡན་ལག་སྨན་དཔྱད་ཁང་བཞི་ཡོད། དེ་ནི་རྡོར་གླིང་ཁྲོམ་གཞུང་དང་། སྟག་བལྟ། ཁར་གཞོང་ཁྲོམ་གཞུང་། ས་ལུ་གྷ་ར་བཅས་སུ་ཡོད་པ་མ་ཟད། སྨན་པ་རྣམས་ལྕགས་རི་ནས་ཐོན་པའི་སྨན་པ་ཁོ་ན་དང་། དེའང་བཙུན་མ་མང་བ་ཆགས་ཡོད། ཡན་ལག་སྨན་དཔྱད་ཁང་སོ་སོའི་ནང་གི་སྨན་རིན་ནི་སྨན་རྒྱུའི་རིན་འབབ་ཙམ་ལས་དེ་མིན་ཁེ་ཕན་ཡོད་པའི་རིགས་རྩ་བ་ནས་མེད་ཅིང་། ཉམ་ཐག་དངོས་འབྲེལ་རིགས་ལ་སྨན་སྦྱིན་དང་། ས་གནས་གྲོང་གསེབ་ཁག་ལ་སྨན་དཔྱད་སྐོར་སྐྱོད། ཡང་དུས་དུས་སུ་རིན་མེད་སྨན་སྦྱིན་གྱི་ལས་འགུལ་སོགས་སྤེལ་དང་སྤེལ་མུས་ཡིན།
ང་། མ་འོངས་ལས་འཆར།
ད་ལྟའི་འཆར་མཐོ་སློབ་དང་སྨན་སྦྱོར་ཁང་ཁ་འཐོར་གནས་སྟབས་མ་འོངས་པར་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སོགས་ཀྱི་ཆེད་དུ་སྟག་ལྟར་ཡོད་པའི་མཐོ་སློབ་དེ་ཉིད་སྨན་སྦྱོར་ཉེ་འདབས་སུ་སྤོ་གནང་རྒྱུ་དང་། སློབ་ཁང་འདི་ཉིད་རྒྱ་གར་གཞུང་གི་དབུས་སྨན་གྱི་ལྷན་ཚོགས་ཀྱི་སྤྱི་ཡོངས་ཁྲིམས་གཞི་འོག་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཀྱང་སྲོལ་རྒྱུན་དང་རང་བྱུང་སྨན་གྱི་ཁོངས་སུ་ངོས་ལེན། རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་སྒྲིག་གསལ་ལྟར། མཐོ་སློབ་ཀྱི་ཆ་རྐྱེན་སྐྲུན་ཐུབ་པ་དང་། ལས་འགན་འགྲུབ་ཐབས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བཀོད་སྒྲིག་ལམ་སྟོན་འོག་བསྐྱོད་ཐབས་ཞུ་རྒྱུ་ཡིན། རྩ་བའི་ལས་འགུལ་ཇི་ཞུས་ཀྱི་གནས་ཚུལ་ཞིབ་ཁྲ་འདི་གའི་དྲ་ཚིག་www.chagpori.org ནང་ཕེབས་ན་མཁྱེན་རྟོགས་ཡོང་རྒྱུ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།། །།
- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 27.09.2019 ཉིན། 4:45 PM
<< སྔ་མ།