སྨན་རྩིས་དྲ་བ། - ཆེད་རྩོམ།

རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.10.2017
ཆེད་རྩོམ། >>


༄༅། །གསོ་རིག་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་ཀྱི་ཚིག་ཅུང་དཀའ་བ་འགའ་ཞིག་བཤད་པ།

- མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན།

 

            གསོ་རིག་རྒྱུད་བཞིའི་བླ་བརྒྱུད་གསོ་འདེབས་ཀྱི་ཚིག་ཅུང་དཀའ་བ་འགའ་ཞིག་བཤད་ན། དང་པོ་གསོལ་འདེབས་སྐབས། དཔལ་ལྡན་སྟོབས་བཅུ་མངའ་བ་མ་ལུས་པ། །ཞེས་པའི་སྟོབས་བཅུ་མངའ་བ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཏེ།
 

དེ་ལ་སྟོབས་བཅུ་ནི། དགེ་བ་ལས་བདེ་བ་འབྱུང་བ་གནས་ཡིན་ཞིང་། སྡུག་བསྔལ་འབྱུང་བ་གནས་མིན་པ་ལྟ་བུས་མཚོན་ཏེ། ཕྱོགས་དུས་ཀྱིས་བསྡུས་པའི་ཤེས་བྱའི་ཁོངས་ན་གང་ཞིག་གནས་ཡིན་པ་དང་། གང་ཞིག་གནས་མ་ཡིན་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ཆགས་ཐོགས་མེད་པར་སྐད་ཅིག་ལ་མཁྱེན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སོ། །དེ་བཞིན་དུ་དགེ་མི་དགེ་ཟག་བཅས་ཟག་མེད་ཀྱིས་བསྡུས་པའི་ལས་ཐམས་ཅད་དང་། དེ་དག་གི་རྣམ་སྨིན་ཅི་ལྟ་བུ་ཡིན་པ་མཁྱེན་པ་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། གདུལ་བྱའི་རིགས་ཀྱི་ཁམས་དང་ཁམས་བཅོ་བརྒྱད་སོགས་ཁམས་ཇི་སྙེད་པ་སྣ་ཚོགས་མཁྱེན་པ་དང་། འགྲོ་བ་རྣམས་ཀྱི་མོས་པ་སྣ་ཚོགས་པ་ཐམས་ཅད་མཁྱེན་པ་དང་། དབང་པོ་རྣོན་པོ་དང་རྟུལ་པོ་སྣ་ཚོགས་པ་མཁྱེན་པ་དང་། ཟག་བཅས་ཟག་མེད་ཀྱི་བསྡུས་པ་མཐོ་རིས་དང་ངན་སོང་། ཐར་པ་དང་ཐམས་ཅད་མཁྱེན་པར་ཀུན་ཏུ་འགྲོ་བའི་ལམ་སྣ་ཚོགས་མཁྱེན་པ་དང་། ཟག་བཅས་ཟག་མེད་ཀྱིས་བསྡུས་པའི་བསམ་གཏན་གྱི་བཀོད་པ་སྣ་ཚོགས་མཁྱེན་པ་དང་། རང་གཞན་གྱི་སྔོན་གྱི་གནས་སྣ་ཚོགས་པ་མཁྱེན་པ་དང་། ལྷའི་མིག་གིས་འགྲོ་བ་རྣམས་འཆི་འཕོ་བ་དང་། མ་འོངས་པའི་སྐྱེ་བ་མཁྱེན་པ་དང་། ཟག་པ་ཐམས་ཅད་ཟད་པ་ཉིད་དུ་གྱུར་པའི་ལམ་དང་འབྲས་བུ་མཁྱེན་པའི་སྟོབས་རྣམས་སོ།།
 

            དང་པོ་སྟོབས་ལ་བཅུ་ཡོད་པ་དེ་ལ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། རྒྱུ་འབྲས་ཀྱི་རབ་དབྱེ་མ་ལུས་པ་མཁྱེན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི། ཟག་བཅས་ཀྱི་ལས། རྣམ་སྨིན་གྱི་འབྲས་བུ་མ་ལུས་པ་མཁྱེན་པ་དང་། མོས་པ་སྣ་ཆོགས་མཁྱེན་པའི་སྟོབས་ནི། སེམས་ཅན་རྣམས་ཀྱི་བསམ་སྦྱོར་འཇུག་པའི་ཚུལ་མ་ལུས་པ་མཁྱེན་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་མཁྱེན་པའི་སྟོབས་ནི། འཇིག་རྟེན་གྱི་འཇིག་ཆགས་དང་། རིགས་ལ་སོགས་པ་མ་ལུས་པ་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི། དབང་པོ་རྣོ་རྟུལ་སོགས་ཀྱི་རབ་དབྱེ་མ་ལུས་པ་མཁྱེན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། བྱང་ཆུབ་གསུམ་དུ་བགྲོད་པའི་ལམ་མ་ལུས་པ་མཁྱེན་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི། བསམ་གཏན་དང་སྙོམས་འཇུག་གི་རབ་དབྱེ་མ་ལུས་པ་མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི། ཚེ་རབས་སྔ་མ་རྣམས་ཀྱི་གནས་ཚུལ་མ་ལུས་པ་མཁྱེན་པ་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱེ་འཆིའི་ཚུལ་མ་ལུས་པ་མཁྱེན་པ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། ཟག་པ་ཟད་པའི་ངོ་བོ་དང་ཐབས་མ་ལུས་པ་མཁྱེན་པའོ། །དེ་ལ་སྟོབས་དང་པོ་གཉིས་ཀྱིས་ནི་མངོན་པར་མཐོ་བའི་ལམ་སྟོན་ཏེ། རྒྱུ་ལ་ལོག་པར་སྨྲ་བ་དང་། རྣམ་སྨིན་ལ་ལོག་པར་སྨྲ་བ་བསལ་ནས་བདེ་འགྲོའི་ལམ་སྟོན་པའི་ཕྱིར་རོ། །ལྷག་མ་རྣམས་ཀྱིས་ངེས་པར་ལེགས་པའི་ལམ་སྟོན་ཏེ། གདུལ་བྱའི་ཁམས་དང་བག་ལ་ཉལ་དང་། བསམ་པ་དང་རྗེས་སུ་མཐུན་པར་ཐར་པའི་ལམ་སྟོན་པར་མཛད་པའི་ཕྱིར་རོ།།
 

            གཉིས་པ་ཁྱད་པར་གྱི་འདོད་དོན་གསལ་བ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། མི་མཐུན་འདུ་བ་འཁྲུགས་པའི་སོགས་ཚིགས་བཅད་གཅིག་ (མི་མཐུན་འདུ་བ་འཁྲུགས་པའི་ལས་དབང་གིས། །ཉམ་ཐག་ནད་ཀྱིས་གཙེས་པའི་སྐྱེ་བོ་ཀུན། །ལུས་སེམས་བདེ་བ་བསྐྱེད་པའི་བདུད་རྩི་ལ། །མི་ཟད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས།།) སྟེ་དེའི་དོན་ནི། གོང་དུ། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ཞེས་འདོད་དོན་སྤྱིར་གསོལ་ནས། འདིར་གཞན་ཕན་དེ་ཅི་ལྟ་བུའི་ཚུལ་གྱིས་ཞེ་ན། སྤྱིར་རྒྱལ་བའི་སྲས་པོ་རྣམས་ཀྱིས་གཞན་ཕན་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ཁྱད་པར་དུ་གསོ་བ་རིག་པའི་སྒོ་ནས་ཉམ་ཐག་ནད་པ་རྗེས་སུ་གཟུང་བའི་གཞན་ཕན་འབྱུང་བར་གསོལ་བ་སྟེ། དེ་ཡང་ཚེ་རབས་སྔོན་མ་རྣམས་སུ་རང་ཉིད་ཀྱིས་སེམས་ཅན་གཞན་ལ་བརྟེན་ནས། བསད་པས་ཚེ་ཐུང་བ་དང་། བརྒྱབ་པས་ནད་མང་བ་སོགས་འབྱུང་བའི་ལས་ངན་བསགས་པ་ལས། ཚེ་འདིར་གདོས་བཅས་ཀྱི་ལུས་བླངས་ནས་ཕན་ཚུན་མཚན་ཉིད་དང་། བྱེད་ལས་མི་མཐུན་པའི་ལུས་ཀྱི་འབྱུང་བའི་འདུ་བ་རྣམས་ཆ་མི་སྙོམས་པར་འཕེལ་བ་དང་། ཟད་པ་དང་། འཁྲུགས་པའི་སྡུག་བསྔལ་མྱོང་བའི་ལས་ངན་གྱི་འབྲས་བུ་བྱེད་པ་པོ་རང་ལ་དུས་སུ་སྨིན་པའི་དབང་གིས་རྒྱུད་ལས། རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། །ལུས་དང་སྲོག་ལ་གནོད་ཅིང་གདུང་བས་སོ། །ཞེས་པ་ལྟར་ལུས་ཀྱི་ཟུངས་དང་འཚོ་བའི་སྲོག་ལ་རྒོལ་བས་ཉམ་ཐག་པའི་ནད་ཀྱི་ཟུག་རྔུ་དང་གནོད་བྱེད་ཀྱི་གདོན་དྲག་པོ་རྣམས་ཀྱིས་མནར་ཞིང་གཙེས་པའི་སྐྱེ་བོ་ཀུན། ལུས་བཟོད་དཀའི་ནད་ལས་གྲོལ་ཏེ། ནད་མེད་ལང་ཚོ་ལྡན་པའི་ལུས་སྟོབས་བདེ་ཐང་དང་། སེམས་ན་བའི་སྡུག་བསྔལ་དང་། གདོན་གྱིས་གཙེས་དོགས། འཆི་བའི་འཇིགས་སྐྲག་གང་ཡང་མེད་པ་བག་ཕེབས་བདེ་བ་བསྐྱེད་པའི་ཚིམ་བྱེད་ཡིད་འོང་གི་བདུད་རྩི་ལ། དུས་ནམ་ཡང་མི་ཟད་པར་ལོངས་སུ་སྤྱོད་ནུས་པར་བྱིན་གྱིས་རློབས། ཞེས་པའོ།།
 

            གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཕྱི་སྡེབས་སྦྱོར་སྨན་གྱིས་འདུ་འཁྲུགས་ཀྱི་ནད་ཞི་བ། ནང་རྟེན་འབྲེལ་སྨན་གྱིས་དུག་གསུམ་གྱི་ནད་ཞི་བ། གསང་བ་ལྟ་བའི་སྨན་གྱིས་འཁྲུལ་རྟོག་གི་ནད་ཞི་བར་གསོལ་བའོ། །དང་པོ་ནི་རོ་ནུས་ཞུ་རྗེས་སོགས་ཚིགས་བཅད་གཅིག་ (རོ་ནུས་ཞུ་རྗེས་མཁས་པའི་ཕྱག་ལེན་ལྟར། །མཐུན་པར་བསྡེབས་པས་ཚ་གྲང་འདུས་པ་ཡི། །ནད་ཀྱི་གཡུལ་ལས་རྒྱལ་བའི་བ་དན་ཆེ། །སྲིད་པསི་རྩེ་མོར་བསྒྲེངས་པར་བྱིན་གྱིས་རློབས།།) སྟེ་དེའི་དོན་ནི་སྙིགས་དུས་འགྲོ་བའི་མགོན་པོ་སྨན་རྒྱལ་གུཎ་ནྰཐ་ལ་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བས་དངོས་སུ་བསྩལ་བའི་རྡོ་རྗེའི་གསང་ཚིག་སྙིང་ཐིག་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཚང་ལ་མ་ནོར་བའི་མཛོད་དེ་ཉིད། ལམ་གྱི་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པས་ཉམས་སུ་བསྟར་བས། འབྲས་བུ་རྒྱུ་རྐྱེན་གང་གིས་ཀྱང་མ་བཅོས་པ་རང་གི་སེམས་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་རང་བྱུང་གི་ཡེ་ཤེས། བདེ་ཆེན་ཆོས་ཀྱི་འཁོར་ལོར་ངོ་འཕྲོད་ནས་ནད་ཐམས་ཅད་ཀྱི་རིང་རྒྱུ་མ་རིག་དུག་ལྔའི་ལོག་རྟོག ནད་གདོན་སྡུག་བསྔལ་དུ་འཛིན་པའི་འཁྲུལ་སྣང་གི་རྟོག་ཚོགས་ཐམས་ཅད་བདེ་ཆེན་སྐྱེ་མེད་ཀྱི་ཀློང་དུ་རང་སར་ཞི་བས། ཕྱི་དུས་སྐྱེ་བ་གཞན་དུ་མི་རེ་བར་ཚེ་ལུས་འདི་ཉིད་ལ་གདོད་མའི་དབྱིངས་སུ་བྱང་ཆུབ་སྟེ་གྲོལ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ།།
 

            ཞུ་རྗེས་ཞེས་པ་ལུས་ཆགས་ཤིང་གནས་པའི་རླུང་མཁྲིས་བད་ཀན་རེ་རེ་ལ་ལྔ་རེ་ཡོད་པའི་ནང་ནས། རེ་རེ་ཕོ་བ་ལ་གནས་པ་དེ་གསུམ་འཇུ་བྱེད་ཀྱི་མེ་དྲོད་ཡིན་པས་རོ་དྲུག་གི་ཟས་སྨན་གང་ཡང་། དེ་ལྟ་བུ་བད་མཁྲིས་རླུང་གསུམ་གྱིས་རིམ་པར་མྱགས་བཞུ་དྭངས་སྙིགས་ཕྱེས་པ་དེའི་སྐབས་སུ། སྔ་མ་ལས་གནས་འགྱུར་ཏེ། རོ་གསུམ་གང་རུང་དུ་ལྡང་བ་ནི་ཞུ་རྗེས་གསུམ་ཞེས་བྱ། དེ་འགྱུར་ཚུལ་སྤྱིར་བཏང་རྒྱུད་ལས། མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །སྐྱུར་བ་རོ་མཚུངས་ཁ་ཚ་སྐ་གསུམ་ཁ། །ཞེས་གསུངས་པ་ལྟར་ཕལ་ཆེར་མངར་དང་ལན་ཚྭའི་ཞུ་རྗེས་མངར་བ། སྐྱུར་བའི་ཞུ་རྗེས་སྐྱུར། ཁ་ཚ་སྐ་གསུམ་གྱི་ཞུ་རྗེས་ཁ་བ་འབྱུང་ཞིང་། དེ་ལྟ་བུའི་ཞུ་རྗེས་དེ་གསུམ་གྱི་རོ་རེ་རེས་ཉེས་པ་གསུམ་པོ་སེལ་ཚུལ། རྒྱུད་ཚིག་དེའི་འཕྲོར། ཉེས་པ་གསུམ་པོ་གཉིས་གཉིས་རེ་རེས་སེལ། །ཞེས་གསུངས་པ་ལྟར། མངར་བས་རླུང་མཁྲིས་གཉིས་སེལ། སྐ་བས་བད་རླུང་གཉིས་སེལ། ཁ་བས་བད་མཁྲིས་གཉིས་སེལ་བར་བྱེད་ཅིང་། དམིགས་བསལ་འགའ་ཞིག་ལ་སྤྱི་དང་མི་མཐུན་པའི་ཞུ་རྗེས་ཀྱི་རོ་ཡོད་པ་དང་། རོ་དང་ཞུ་རྗེས་ཀྱི་ནུས་པ་དེ་ཡང་འདྲ་ལ་མི་མཚུངས་པ་དང་། སྟོབས་ཆེ་ཆུང་སོགས་མི་འདྲ་བ། དངོས་པོའི་སྟོབས་ཞུགས་དེ་དག་དྲང་སྲོང་མཁས་པའི་གཞུང་ལས་བཤད་པ་ལྟར་དང་།
 

            སྤྱིར་སྐྱེས་ཚད་མཐོང་ཚད་སྨན་དུ་བཀོལ་ཤེས་ན། ས་སྟེང་འདི་ན་སྨན་དུ་མི་འགྱུར་བ་གཅིག་ཀྱང་མེད་མོད། འོན་ཀྱང་ནད་ཡིན་པའི་ཕྱིར། སྨན་ཡིན་པའི་ཕྱིར་ཞེས་གང་བྱུང་བྱུང་བཏང་ན་མི་འཕྲོད་པ་དང་འཕྲད་དེ་དམན་ལྷག་ལོག་པའི་ཉེས་པར་འགྱུར་བ་དེས་ན། རྒྱུད་ལས། རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར། །ཞེས་གསུངས་པ་ལྟར་རོ་ནུས་ཞུ་རྗེས་བསྡེབས་ཏེ་ནད་ཀྱི་གཉེན་པོར་གཏོང་དགོས་ལ་དེ་ལ་རོ་བསྡེབས་ནས་སྦྱར་ཚུལ། རྟེན་འབྱུང་བ་ལྔ་ལས་སྐྱེས་པའི་རོ་དྲུག་པོ་དེ་ས་ཆུ་མེ་ས་སོགས་འབྱུང་བ་གཉིས་གཉིས་ཤས་ཆེ་བས་བསྐྱེད་པའི་རོ་མངར་བ། སྐྱུར་བ་སོགས་རྐྱང་པ་དང་། ལྡན་པ་དང་། འདུས་པ་དང་། ཚོགས་པའི་ཆ་ཡི་དབྱེ་བས་ནང་གསེས་བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་ལྔ་བཅུ་ང་དྲུག་སོགས་ཤིན་ཏུ་ཕྲ་བའི་དབྱེ་བ་སྨན་གྱི་དྲང་སྲོང་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་རྣམས། བྱིས་པ་སོ་སོའི་སྐྱེ་བོས་ཇི་བཞིན་དབྱེ་བར་མི་ནུས་ཀྱང་མདོ་དོན་རགས་པར་རོ་དེ་དག་གི་བྱེད་ལས།
 

            སོགས་རྐྱང་པ་དང་། ལྡན་པ་དང་། འདུས་པ་དང་། ཚོགས་པའི་དབྱེ་བས་ནང་གསེས་མི་འདྲ་བ་ཤིན་ཏུ་ཕྲ་བ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཇི་བཞིན་དབྱེ་བར་མི་ནུས་པ་ཡོད་ཀྱང་། སྨན་གྱི་དྲང་སྲོང་མངོན་ཤེས་དང་ཐུགས་རྗེ་ཚད་མེད་པ་མངའ་བ་རྣམས་ཀྱིས་རོ་དེ་དག་གི་བྱེད་ལས་རགས་པར་བསྡེབས་པའི་ཚུལ་གསུངས་པ།
 

            སྟོབས་བཅུ་ནི། གནས་དང་གནས་མིན་མཁྱེན་པའི་སྟོབས། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དམན་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན། རྣམ་ཐར། ཏིང་འཛིན། སྙོམས་འཇུག་སོགས་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་ཟད་མཁྱེན་པའི་སྟོབས་སོ། །དེ་ལྟ་བུའི་སྟོབས་བཅུ་མངའ་བ་ནི་སངས་རྒྱས་སོ། །ངེས་དོན་མངོན་གྱུར་ནི། ཡུལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་འགག་སོགས་སྤྲོས་པ་དང་བྲལ་བའི་དོན་ཟབ་མོ་སྟོང་པ་ཉིད་དང་། ཡུལ་ཅན་སེམས་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་ཞིང་སྨྲ་བསམ་བརྗོད་བྲལ་གྱི་དོན་མངོན་དུ་གྱུར་པའོ། །ཤིང་རྟའི་སྲོལ་འབྱེད་ཅེས་པ་ལམ་སྲོལ་ཆེན་པོ་སྔར་མེད་གསར་དུ་བཏོད་པ་པོ་དེ་ལ་ཤིང་རྟའི་སྲོལ་འབྱེད་ཟེར། འཕགས་ཡུལ་དུ་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀྱི་སྲོལ་ཐོག་མར་ཕྱེ་བར་མཛད་པ་ཀླུ་ཐོག་གཉིས་ལ་ཤིང་རྟའི་སྲོལ་འབྱེད་གཉིས་ཞེས་གྲགས་པའི་ཡ་གྱལ་རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས་སྦྱོར་བ་བརྒྱ་པ་མཛད་པ་པོ་ཡིན་ནོ།།
 

            ཚོགས་དྲུག་རང་གྲོལ་ཞེས་པ་ནི། ཚོགས་དྲུག་ནི་རྣམ་ཤེས་ཚོགས་དྲུག་སྟེ། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་ཤེས་པ་རྣམས་ཐ་མལ་སྣང་ཞེན་གྱི་དབང་དུ་མ་སོང་བར། ཚོགས་དྲུག་གི་སྣང་བ་བཟང་ངན་ལེགས་ཉེས་གང་ཤར་ཡང་ཐ་མལ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར། སྣང་གྲག་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རིག་གདངས་སུ་གྲོལ་བའོ།།
 

            ནུས་པ་བསྡེབས་ཏེ་སྦྱོར་བ་ནི། ནུས་པའི་དབྱེ་བ་རྒྱུད་ལས། ནུས་པ་ལྕི་སྣུམ་བསིལ་དང་རྟུལ་བ་དང་། །ཡང་རྩུབ་ཚ་དང་རྣོ་བ་རྣམ་པ་བརྒྱད། །ཅེས་གསུངས་པ་ལྟར་བརྒྱད་ཡོད་ཅིང་དེ་དག་ཀྱང་འབྱུང་བ་ལྔ་ལས་བྱུང་བ་སྟེ། རྒྱུད་ལས། རོ་ནི་ས་སོགས་རྣམས་ལ་བརྟེན་པའི་ཕྱིར། །ལྕི་སྣུམ་ལ་སོགས་དེ་ལས་བྱུང་བ་ཡིན། །ཞེས་གསུངས་པས་ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱི་ཁྱབ་ཏུ་བཏང་ནས། ས་རླུང་གཉིས་ཀྱི་སྨན་ལ་ནུས་པ་དྲུག་ཏེ། མེ་ཆུ་གཉིས་ཀྱི་སྨན་ལ་ནུས་པ་བདུན་རེ་ཡོད་དེ་རྒྱུད་ལས། ས་སྨན་ལྕི་བརྟན་བརྟུལ་འཇམ་སྣུམ་ལ་སྐམ། །ཆུ་སྨན་སླ་བསིལ་ལྕི་བརྟུལ་རྣུམ་འཇམ་བརྟན། །མེ་སྨན་ཚ་རྣི་སྐམ་རྩུབ་ཡང་སྣུམ་གཡོ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །ཞེས་གསུངས་ལ། དེ་དག་གི་བྱེད་ལས་ཀྱང་རྒྱུད་ལས། དང་པི་བཞི་ཡིས་རླུང་དང་མཁྲིས་པ་སེལ། །འོག་མ་བཞི་ཡིས་བད་ཀན་སེལ་བར་བྱེད། །ཅེས་གསུངས་པ་ལྟར་ལྕི་སྣུམ་གཉིས་ཀྱིས་རླུང་སེལ། བསིལ་བརྟུལ་གཉིས་ཀྱིས་མཁྲིས་པ་སེལ། ཡང་རྩུབ་ཚ་རྣོ་བཞིས་བད་ཀན་སེལ་ཞིང་། དེ་ཡང་ནུས་པ་རིགས་མཐུན་ན་སྟོབས་ཆེ་ཞིང་། མི་མཐུན་ན་གོང་མ་སྟོབས་ཆེ་བས་འོག་མ་བཅོམ་པར་འགྱུར་ཚུལ་ཤེས་པས། ཡོན་ཏན་བཅུ་བདུན་དང་ལྡན་པའི་སྨན་གྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པ། ཁྲག་དང་མཁྲིས་པ་ཚ་བ། རླུང་དང་བད་ཀན་གྲང་བ། སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་བའི་གཞི་སྟེ། དེ་རྣམས་རྐྱང་པ་དང་འདུས་པ་ཡི། །ནད་ཀྱི་གཡུལ་ངོ་ལས་རྣམ་པར་རྒྱལ་བའི་རྒྱལ་རྟགས་ཀྱི་བ་དན་ཆེ་བརྗིད་ལྡན་པ་དེ་ཉིད་ཕུལ་བྱུང་གི་རྒྱན་གྱིས་འཇིག་རྟེན་གསུམ་གྱི་ཡང་རྩེ་སྲིད་པའི་རྩེ་མོར་བསྒྲེང་བར་བྱིན་གྱིས་རློབས་ཤིག་ཅེས་པའོ།།
 

            གཞན་ལ་ཕན་པར་འདོད་པའི་ཐེག་ཆེན་གྱི་ལྷག་བསམ་བཅོས་མ་མ་ཡིན་པ་རྣམ་པར་དཀར་བ་ཁ་བའི་རྡུལ་བརྩེགས་ཏེ་གངས་ཀྱི་རི་བོ་ལས་འོངས་ཤིང་བབས་པ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ལུས་སེམས་ཀྱི་ནད་ཐམས་ཅད་རྩད་ནས་འཇོམས་པའི། རླབས་ཆེན་གྱི་སྨོན་ལམ་ཚིགས་སུ་བཅད་པ་བཞི། མདོར་བསྟན་དང་རྒྱས་བཤད་ཀྱི་ཚུལ་དུ་བསྟན་པའི་མ་དྲོས་རྒྱ་མཚོ་ལས་བྱུང་བའི་ཁ་འབབ་རྣམ་བཞིའི་ཀླུང་ཆེན་གྱིས། གསོ་བ་རིག་པའི་བསྟན་པའི་ནོར་འཛིན་ཏེ་ས་གཞི་ཀུན་ཁྱབ་ནས། སྲིད་མཐའི་བར་དུ་རྒྱ་མཚོར་འཁྱིལ་བ་ལས། འགྲོ་བ་ཀུན་ལ་གནས་སྐབས་ཚེ་རིང་ཆོས་ནོར་བདེ་བ་བསྒྲུབ་པ་དང་། མཐར་ཐུག་དུག་གསུམ་རྒྱུ་འབྲས་ཀྱི་ནད་སེལ་བ་བླ་མེད་སྨན་པའི་རྒྱལ་པོའི་གོ་འཕང་ལ་འགོད་པའི་གཞན་ཕན་འདོད་རྒྱུའི་རེ་བ་སྐོང་བའི་ཡིད་བཞིན་ཀྱི་ནོར་བུའི་གཏེར་ཆེན་བདོ་བའི་དགའ་སྟོན་རྟག་ཏུ་རྒྱས་པར་ཤོག །ཅེས་མཐའ་དག་གཟུགས་ཅན་གྱི་རྒྱན་ལས་དྲངས་པའི་ཚིགས་སུ་བཅད་པས་སྨོན་ལམ་གྱིས་མཇུག་བསྡུས་པའོ།།
 

            ནད་ཀྱི་ཉེ་བའི་རྒྱུ་ནི་རླུང་མཁྲིས་བད་ཀན་ཉེས་གསུམ་ཡིན་ཏེ། རྒྱུད་ལས། ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ། །ཞེས་གསུངས་པ་ལྟར།

            ནད་ཀྱི་ཁྱད་པར་གྱི་རིང་རྒྱུ་ནི་ཉོན་མོངས་དུག་གསུམ་ཡིན་ཏེ། རྒྱུད་ལས། ཁྱད་པར་རྒྱུ་ནི་མ་རིག་ལས་བྱུང་བའི། །འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། །འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད། །ཅེས།
 

            ནད་ཐམས་ཅད་ཀྱི་སྤྱི་ཡི་རིང་རྒྱུ་མ་རིག་པ་ཡིན་ཏེ། རྒྱུད་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པས་མ་རིགས་ཅེས། །ཞེས་པ་ནས། མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད།།
 

            དེ་ལྟ་བུའི་རོ་ནུས་ཞུ་རྗེས་དེ་དག་རོ་ལས་གོ་ལྡོག་པའི་ནུས་པས་ལས་བྱེད་པ་དང་། རོ་དང་མི་མཐུན་པའི་ཞུ་རྗེས་ཀྱིས་ལས་བྱེད་པ་སོགས་དངོས་པོའི་སྟོབས་ཞུགས་ཀྱི་དོན་ཕལ་པའི་རིག་ཤེས་ཀྱིས་མི་ཆོད་པ་དེ་དག་དྲང་སྲོང་མཁས་པའི་གསུང་གྱི་དོན་གཞུང་དང་ལག་ལེན་མན་ངག་གི་གནད་ལ་མཁས་པའི་སློབ་དཔོན་གྱི་ཕྱག་ལེན་ལྟར། རང་རང་གི་ལa་བྱེད་པ་རྣམས་མཐུན་པར་བསྡེབས་པས།
 

            འཁོར་བ་དང་ངན་སོང་དུ་ལྷུང་བར་བྱེད་པ། ཟས་སྤྱོད་སྨན་དཔྱད་གང་གིས་ཀྱང་བཅོས་སུ་མེད་པར་དགར་བའི་ལུས་ཟུངས་འཇོམས་ཤིང་ཐར་པའི་སྲོག་འཕྲོག་པའི་དྲག་པོའི་ནད་བཅོས་དཀའ་བ། བདག་མེད་ཀྱི་གནས།
 

            སྔོན་འགྲོ་རྣམ་པ་བཞི་ལ་སོགས་པ་ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྤྱངས་ནས། རྒྱལ་བ་ཀུན་འདུས་བླ་མ་སྨན་པའི་རྒྱལ་པོའི་སྨིན་བྱེད་ཀྱི་དབང་རྫོགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ལ་གནས་པས་གྲོལ་བྱེད་ཀྱི་བསྐྱེད་རྫོགས་རིམ་གཉིས་ཆ་ལག་དང་བཅས་པ་གང་ཟག་སྐལ་པ་དང་ལྡན་པ་ཚེ་གཅིག་ལ་བྱང་ཆུབ་ཐོབ་པའི་གདམ་པ་ཚང་ལ་མ་ནོར་བའི་མཛཽད་ཆེན་པོ་དེ། དངོས་ནུ་ཉམས་སུ་བླས་ཤིང་ལག་ལེན་བསྟར་བས། །(བརྒྱུད་འདེབས་དངོས་མ་འབྱོར་ཞིང་ཕྱག་བྲིས་ལ་ཡང་འདི་ཙམ་ལས་མ་རྙེད་དོ། །)

མཐའ་མའི་འདོན་ཐེངས་།: 23.10.2017 ཉིན། 10:00 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།