རྒྱུད་བཞི་བོད་ཀྱི་བསྟན་བཅོས་ཡིན་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2021 |
ས་བཅད་གཉིས་པ། རྒྱུད་བཞི་བོད་ཀྱི་བསྟན་བཅོས་ཡིན་པའི་སྐོར།
བྱམས་པ་འཕྲིན་ལས།
ཡང་དཔལ་ལྡན་རྒྱུད་བཞི་འདི་ཉིད་བཀའ་དང་བསྟན་བཅོས་གང་ཡིན་སྐོར་ལ་དཔྱད་པའི་གསུང་དུམ་མང་དག་ཡོད་པ་དེ་དག་ལས་ <<རྒྱུད་བཞི་>> བཀའ་འགྲུབ་ཀྱིས་ལུང་འདྲེན་གཙོ་བོ་སྟོན་པ་ཐུབ་པའི་དབང་པོ་མཆོག་རྒྱ་གར་སྨན་གྱི་ནགས་སུ་ལོ་བཞི་བཞུགས་སྐབས་གསོ་དཔྱད་ཀྱི་སྐོར་གསུངས་པའི་སྐོར་ནས་འཕྲོས་ཏེ་ལུང་འདྲེན་མཛད་པ་དང་། བཀའ་ལའང་ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་རླབས་པའི་བཀའ་རྣམ་པ་གསུམ་དུ་དབྱེ་བའི་སྐོར་གོང་སྨན་དཀོན་མཆོག་འཕན་དར་གྱིས་ <<གསོ་རིག་དགོས་འདོད་ཀུན་འབྱུང་>> ལས། སྨན་གྱི་ལུང་དང་གཅེར་མཐོང་རིག་པ་དང་། །ཤེལ་གྱི་མེ་ལོང་ལ་སོགས་ཞལ་གསུངས་བཀའ། །རིགས་གསུམ་མགོན་པོས་མཛད་པ་རྗེས་གནང་བཀའ། །གསོ་དཔྱད་བུམ་པ་རྒྱུད་བཞི་བྱིན་རླབས་བཀའ། །ཞེས་གསུངས་པ་ལྟར་རྒྱུད་བཞི་འདི་ཉིད་བྱིན་གྱིས་རླབས་པའི་བཀའ་ཡིན་ཚུལ་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོའི་གསུང་ <<རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེའི་>>ནང་། འོ་ན་རྒྱུད་བཞིའི་བཞུགས་ཚུལ་ལ་སངས་རྒྱས་ཀྱི་བཀའ་ཡིན་པ་གཞིར་བཞག་བྱས་འདུག་པས་སྐྱོན་ཡོང་བ་ཨེ་ཡིན་ཟེར་ན། བཤད་པར་བྱ་སྟེ། དེ་ཡང་བཀའ་ཡིན་པ་ལྟར་མ་བྱས་ན་བོད་ཀྱི་མཁས་བླུན་བར་མ་དང་བཅས་པ་རྣམས་ཡིད་ཆེས་པར་དཀའ་བ་ཡིན་ཞིང་། དོན་ལ་མི་དཔྱོད་ཚིག་ལ་རྟོགས་པ་རྣམས་ཀྱི་ངོར་བཀའ་ཡིན་པ་ལྟར་མ་བྱས་ན་མ་འཐུས་པ་ཡིན། གཞན་དུ་ཇ་དང་དཀར་ཡོལ། རྩ་ཆུ་བརྟག་པའི་སྐབས་སུ་ནག་རྩིས་ཀྱི་གཞུང་། ཁུ་བྱུག་གི་སྐད་འདོན་ཞེས་པ་སོགས་བོད་ཀྱི་བསྟན་བཅོས་ཡིན་པ་ཤིན་ཏུ་གསལ་ལོ་ཞེས་གསུངས་པ་དང་། གཡུ་ཐོག་གསར་མའི་དངོས་སློབ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད་པའི་ <<ལོ་རྒྱུས་དགེ་བའི་ལྕགས་ཀྱུ་>>ཞེས་པ་སྡེ་དགེའི་ཤིང་པར་ཤོག་གྲངས་ ༧ བ-༤ པར་རྒྱུད་བཞི་གཡུ་ཐོག་གསར་མས་མཛད་པར་གསུངས་ཤིང་། དེའི་ནང་འཁོད་དོན། རྣམ་པ་གཅིག་ཏུ་སིརྡི་རྣམ་གཉིས་ལུས་ཐོག་འདིར་ཐོབ། ཡི་དམ་རྣམས་ཀྱིས་ལུང་བསྟན་རྗེས་སུ་གནང་བ་བྱིན་པ་ལ་བརྟེན་ནས་གསང་སྔགས་བླ་མེད་ཀྱི་རྒྱུད་དང་བྱིན་རླབས་ཁྱད་པར་ཅུང་ཟད་མེད་པའི་གསོ་དཔྱད་ཀྱི་བསྟན་བཅོས་བརྩམས་ཞེས་གསུངས་པ་དང་། སྡེ་དགེའི་ཤིང་པར་ <<ཕྱི་མ་རྒྱུད་>> ཅེས་པའི་ཤོག་གྲངས་ ༦༢ ན་ ༣ པར་དེ་ལ་འདིར་ཤེས་བྱ་རིག་པའི་གནས་ལྔའི་ནང་ཚན་ལས་གཞན་རྗེས་སུ་འཛིན་པ་ལ་ཕྱིའི་རིག་གནས་ཀྱི་གཙོ་བོར་གྱུར་པ་གསོ་བ་རིག་པ་འདི་ལ་འཕགས་བོད་རྒྱ་ནག་ལ་སོགས་པའི་ཡུལ་དུ་དྲང་སྲོང་དང་། པཎྜིཏ་ལ་སོགས་པས་བརྩམས་པའི་བསྟན་བཅོས་མང་དུ་བྱུང་བ་ལས་རང་ཅག་ཁ་བ་ཅན་པ་ཉིད་དང་ཉེ་བར་འཚམ་པའི་གསོ་རིག་གི་གཞུང་ཁྱད་དུ་འཕགས་པ། དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཆོས་རྗེ་རང་བྱུང་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། དུས་ཕྱིས་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས། གཡུ་ཐོག་པ་ཉིད་ཀྱིས་ <<ཡན་ལག་བརྒྱད་པ་>> སོགས་འཕགས་ཡུལ་གྱི་གཞུང་དང་། <<སོ་མ་རཱ་ཛ་>> སོགས་རྒྱ་ནག་ནས་བསྒྱུར་བའི་གཞུང་དང་། <<འཁོར་ལོ་རྒྱལ་པོའི་བེ་བུམ་>> སོགས་ཞང་ཞུང་ནས་བསྒྱུར་བའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་པར་བཞེད་པ་དང་ཞེས་གསུངས།
ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ <<རྒྱུད་བཞིའི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་>> ཞེས་པ་བྲིས་མའི་ཤོག་གྲངས་ ༦ བ་ ༥ པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། བོད་སྨན་མཁས་པས་བྱས་པའི་རྒྱུད་བཞི་བསླབ། ཅེས་འཁོད་ཡོད་པ་དང་། ཡང་དེར་པཎ་ཆེན་ཤཱཀྱ་མཆོག་པས་ཀྱང་དེ་གཉིས་དང་མཐུན་པར་བཤད་པས། བོད་པས་བརྩམས་པའི་བསྟན་བཅོས་རྣམ་དག་ཡིན་པ་ལུང་དེ་རྣམས་ཀྱིས་གྲུབ་བོ། །ཞེས་གསུངས།
སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བརྩམས་པའི་ <<རིག་གནས་ཀུན་ཤེས་>> དགའ་ལྡན་ཕུན་ཚོགས་གླིང་གི་ཤིང་པར་ཤོག་གྲངས་ ༤ བ་ ༡ པོར། དེ་ནས་ལེགས་བརྒྱུད་ལོ་ཆེན་སྐྱེས་བུ་མཆོག །རིན་ཆེན་བཟང་པོས་བསྒྱུར་བཤད་གཏན་ལ་ཕབ། །མཁས་པ་དུ་མར་འཕེལ་ནས་བོད་ཡུལ་དུ། །གཡུ་ཐོག་སོགས་ཀྱིས་རྒྱུད་བཞིར་གྲགས་པ་སྤེལ། །ཞེས་དང་། མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གིས་མཛད་པའི་ <<གསོ་རིག་ཆོས་འབྱུང་བདུད་རྩི་ཆུ་རྒྱུན་>> ནོར་བུ་གླིང་ཁའི་དཔེ་མཛོད་ཁང་དུ་བྲིས་མ་ཡོད་པ་དེའི་ཤོག་གྲངས་ ༤ བ་ ༥ བར། རྒྱུད་བཞི་འདི་ཡང་དགོས་པའི་དབང་གིས་ཁ་འཕངས་པ་ཡིན་ཏེ། དོན་ལ་གཡུ་ཐོག་མགོན་པོས་མཛད་པ་ཡིན་མོད། དེང་སང་ས་སྐྱ་སྨན་གྲོང་པ། དྭགས་པོ་པཎྜིཏ། ཀོང་སྨན་བསོད་ནམས་བཀྲ་ཤིས་སོགས་མཁས་པ་རྣམས་བསྟན་བཅོས་ཡིན་པར་མཐུན་མོད། བླུན་པོ་གྲགས་པའི་རྗེས་སུ་འབྲངས་པའི་ཕྱིར་བཀའ་ཡིན་ཟེར་བ་ལ་རྒྱུ་མཚན་ཅི་ཡང་མེད་པས་གྲུབ་བྱེད་ཆུང་ཡང་། བྲང་ཏི་དཔལ་ལྡན་འཚོ་བྱེད་དང་། བདག་ཆེན་རྣམ་རྒྱལ་གྲགས་བཟང་པ་གཉིས་དེ་ལྟར་གསུངས་པ་མི་རིགས་མོད་དེ་མཁས་པ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་དག་གི་རྒྱུ་མཚན་རྒྱས་པ་ནི་ཁོ་བོས་བྱས་པའི་རྒྱུད་ཀྱི་རྣམ་བཤད་དྲང་ངེས་རྣམ་བཤད་དམ་ <<གངྒའི་ཆུ་རྒྱུན་>> དུ་བལྟ་བར་བྱའོ། །ཞེས་གསུངས།
སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་སློབ་མ་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་ <<རྩིས་གཞུང་ཉེར་མཁོ་བུམ་བཟང་>> སྡེ་དགེའི་པར་མའི་ཤོག་གྲངས་ ༤༨ པའི་ཡིག་ཕྲེང་ ༤ པའི་ནང་། གཞན་ཡང་མཁས་གྲུབ་གཡུ་ཐོག་པས། །འཕགས་ཡུལ་རྒྱ་ནག་ཆུ་བཞིན་ཉུལ། །ཀུན་གྱི་བཅུད་བསྡུས་རྒྱུད་བཞིན་བརྩམས། །ཁྱད་པར་ཕྱི་རྒྱུད་རྩ་ཆུའི་སྐབས། །ཚོན་ཀན་ཆག་གི་མིང་སོགས་དང་། །མ་བུ་དགྲ་གྲོགས་སྐོར་འགོ་དང་། །ཆུ་ནི་སྲིད་པའི་རུས་སྦལ་སོགས། །རྒྱ་ནག་ལུགས་ཉིད་སོར་བཞག་ནས། །དུས་བརྒྱད་གཟེར་བཞིའི་གཏན་ཚིགས་བཀོད། །འདི་ལ་རྒོལ་དུ་གཞན་མ་ནུས། །གསོ་དཔྱད་ལོ་འགོ་ཞེས་ཏེ་བཅུག །ཞེས་གསུངས་འདུག
དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ <<ཆོས་འབྱུང་མཁས་པའི་དགའ་སྟོན་>> ཞེས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་བཀྲམ་པའི་དེབ་སྨད་ཆ་ལྕགས་པར་མའི་ཤོག་གྲངས་ ༡༥༢༢ པར། འདི་ནི་མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་། ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང་། ལྷོ་ན་སྔོ་སྨན་ཚ་བ་སྐྱེས། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་། ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང་། ཀུན་རྟོག་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང་། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོན། ཞེས་རྗེ་འཕྲིན་ལས་ཞབས་གསུངས་ལ། ཞེས་འཁོད་འདུག ཡང་དེའི་ཤོག་གྲངས་ ༡༥༢༢ པར་ཐུན་མོང་གི་སྣང་བ་དེ་ཉིད་ལ་སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞི་ཇི་ལྟར་བཤད་པ་ལྟར་སྣང་བ་ཡང་མི་འགལ་ལོ་ཞེས་བདག་གིས་སེམས་སོ། །འོ་ན་གླེང་གཞིར་བཀའ་ལྟར་བཅོས་པ་ནོངས་སོ་ཞེ་ན། སངས་རྒྱས་ཀྱི་མཐུས་བྱིན་གྱིས་བརླབས་ཏེ་སྤྲུལ་པའི་སྐུ་དེའི་ཐུགས་ལ་རང་བཞིན་དུ་ཤར་བ་ཡིན་པས་ཆེས་ངོ་མཚར་ཏེ། ཁ་ཅིག་སངས་རྒྱས་སྨན་བླ་ཉིད་ཀྱི་བཀར་འདོད་པ་དང་། རི་རབ་ཀྱི་རྩེར་རྣམ་སྣང་དུ་སྤྲུལ་ནས་རྣལ་འབྱོར་རྒྱུད་གསུངས་པ་ལྟར་ཤཱཀྱའི་དབང་པོ་ཉིད་ཀྱི་སྤྲུལ་བཤད་དུ་འདོད་པ་དང་། གཏེར་མར་འདོད་པ་དང་རྒྱུད་བཞི་ཆུང་ངུ་ཞིག་ཡོད་པ་ལ་འདི་རྒྱས་པར་མཛད་པར་འདོད་པ་སོགས་མང་ནའང་མཛད་པ་པོ་དེ་སྤྲུལ་པའི་སྐུར་འབྲས་བུའི་རྟགས་ཀྱིས་ངེས་ལ། རེག་པ་རྩ་དང་། མཐོང་བ་ཆུ་ལ་བརྟག་པ་ནི་གཞུང་གཞན་ན་མེད་པས་འཛམ་གླིང་ན་སྨན་དཔྱད་ཀྱི་གཞུང་ལ་རྒྱུད་བཞི་ལས་མཆོག་ཏུ་གྱུར་པ་མི་སྲིད་པར་འདུག་ཅིང་། ཁྱད་པར་བོད་ཀྱི་ཡུལ་དུས་དང་འཚམ་པ་འདི་ནི་བཀའ་དྲིན་གཞལ་དུ་མེད་པས་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ངོ་། །ཞེས་གསུངས་སོ།།
ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ <<རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་>> ཞེས་པའི་ཤོག་གྲངས་ ༧ ན་ ༣ པར། འོ་ན་རྒྱུད་བཞི་རྩོམ་མཁན་བོད་ཀྱི་གང་ཟག་ཇི་ལྟ་བུ་ཡིན་ཞེ་ན། བོད་དུ་མཁས་པ་མི་དགུ་ཞེས་གྲགས་པ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མི་དགུ། ཞང་རི་བོང་གཟི་བརྗིད་འབར་གྱི་སློབ་དཔོན་དུ་གྱུར་པའི་མཁས་པ་མི་དགུ། ཨ་ཙ་ར་ཕྱག་རྡུམ་གྱི་སློབ་མར་གྱུར་པའི་མཁས་པ་མི་དགུའི་ནང་ནས་གཡུ་ཐོག་རྒྱ་གར་བཛྲ་ཡི་བུ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་དེ་ཉིད་ཡིན་ནོ། །ཞེས་གསུངས།
མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་དངོས་སློབ་སྡེ་སྣོད་འཛིན་པ་ཆོས་རྣམ་རྒྱལ་གྱིས་བརྩམས་པའི་ <<བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་>> ཞེས་པའི་ཤོག་གྲངས་ ༧༣ ན་ ༣ པར། ད་ལྟ་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་ནི། གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པ་ཡིན་ལ་རྒྱ་གར་ནས་འོངས་པའི་བཀའ་དང་བསྟན་བཅོས་སོགས་གང་ཡང་མ་ཡིན་མོད་བོད་བླུན་ལོག་རྟོག་ཅན་གྱིས་སྒྲོ་སྐུར་གྱི་གཞིར་ཡོང་བར་དོགས་རྒྱ་གར་ནས་བྱུང་བ་དང་། རྫ་ཡེ་ཤེས་གཟུངས་ལ་ཆིག་བརྒྱུད་དུ་གནང་བའི་ཁུལ་མཛད་པ་ཡིན། དེ་ལྟ་ནའང་གཡུ་ཐོག་མགོན་པོ་ནི་སྨན་བླ་ཉིད་ཀྱི་སྤྲུལ་པ་ཡིན་པར་གྲགས་ཤིང་། མཁས་ཤིང་གྲུབ་པ་བརྙེས་པས་འཁྲུལ་པའི་དྲི་མ་བསངས་པ་ཞིག་ཡིན་པས་འདི་དག་ཀྱང་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་རྒྱལ་བའི་བཀའ་དང་འདྲ་བས་ཚད་མ་ཡིན་པ་མཁས་པ་རྣམས་ལ་གྲགས་སོ། །ཞེས་གསུངས།
རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་དེབ་ཐེར་ <<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>> ལྕགས་དཔར་ཤོག་གྲངས་ ༡༡༥ ན་ ༢ བར། འཇིག་རྟེན་མེས་པོའི་གཙུག་ལག་མི་མཐུན་པའི་ནད་ཀྱི་རྩ་བ་དྲུངས་ནས་དབྱུང་བར་བྱེད་པའི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཡང་སྙིང་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་རིང་ལུགས་གསལ་བར་བྱེད་པའི་བསྟན་བཅོས་ཞེས་གསུངས་པ་དང་། གཞན་ཡང་། རྣམ་གླིང་པཎ་ཆེན་དང་། དར་མོ་སྨན་རམས་པ། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། སི་ཏུ་ཆོས་ཀྱི་འབྱུང་གནས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱལ་མཚོ་སོགས་འགྲན་ཟླ་བྲལ་བའི་མཁས་དབང་རྣམས་ཀྱིས་ <<དཔལ་ལྡན་རྒྱུད་བཞི་>> འདི་ཉིད་ནི་བོད་ཀྱི་བསྟན་བཅོས་ཡིན་པ་དང་དེའི་རྩོམ་པ་པོ་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཉིད་ཡིན་པར་མགྲིན་གཅིག་ཏུ་ཞལ་བཞེས་མཛད་ཡོད། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། རབ་བྱུང་ ༡༡ མེ་ཁྱི་ (སྤྱི་ལོ ༡༦༤༦)ལོར་འཁྲུངས། རྣམ་གླིང་པཎ་ཆེན་ཁོང་རང་དང་དར་མོ་སྨན་རམས་པ་ཟུང་དུ་སྦྲེལ་བས་བརྩམས་པའི་ <<ཕྱི་རྒྱུད་མེས་པོའི་ཞལ་ལུང་དཀའ་གནད་རྡོ་རྗེའི་མདུད་གྲོལ་>>ཞེས་པའི་ཤོག་ ༢༡༢ བ་ ༤ དང་། ཁྱད་པར་དུ་ཡང་རང་རེའི་གསོ་བ་རིག་པའི་རྒྱུད་ཆེན་ཉིད་ལ་ཐོས་བསམ་བྱས་པའི་ཕན་ཡོན། བླ་སྒྲུབ་ཀྱི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་དགེ་བའི་ལྕགས་ཀྱུར། རྗེ་གཡུ་ཐོག་པས་རྣམ་པ་གཅིག་ཏུ་སི་དིའི་རྣམ་པ་གཉིས་ལུས་ཐོག་འདིར་ཐོབ། ཡི་དམ་ལྷ་རྣམས་ཀྱིས་ལུང་བསྟན་དང་རྗེས་སུ་གནང་བ་ཐོབ་པ་ལ་བརྟེན་ནས་གསང་སྔགས་བླ་མེད་ཀྱི་རྒྱུད་དང་བྱིན་རླབས་ཁྱད་པར་ཅུང་ཟད་ཀྱང་མེད་པའི་གསོ་དཔྱད་ཀྱི་བསྟན་བཅོས་བརྩམས་ཚར་བའི་རྗེས་སུ་རིགས་གསུམ་མགོན་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བསྐོར་བ་ལ་ལྷ་དཔག་ཏུ་མེད་པས་མཆོད་པ་འབུལ་བ་དང་མདུན་གྱི་ནམ་མཁར་བྱོན་ནས་རིགས་ཀྱི་བུ་ཨ་ལ་ལ། བསྟན་བཅོས་ཆེན་པོ་འདི་མ་འོངས་པ་ན་ལུས་ཅན་ཐམས་ཅད་ཀྱི་སྐྱབས་བླ་ན་མེད་པ་གོང་ན་མེད་པ་ཕུལ་དུ་བྱུང་བར་འགྱུར་ཞིང་། འདི་ཉིད་བཞུགས་པའི་ས་ཕྱོགས་ཐམས་ཅད་ཀྱང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར། འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཉན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་པ་དེ་དག་ཀྱང་རྒྱལ་སྲས་ཐམས་ཅད་ཀྱི་ཐུ་བོར་འགྱུར། སྐྱེ་བ་འདི་ལ་མི་གནས་པའི་གོ་འཕངས་བླ་ན་མེད་པ་ཐོབ་པར་འགྱུར། ཐ་ན་གཞུང་འདིའི་ཚིག་བཅད་ཙམ་བློ་ལ་ཟིན་པ་དེ་དག་ཀྱང་སླར་འཁོར་བར་ལྟུང་བར་མི་འགྱུར་ཞིང་། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་བྱང་བར་འགྱུར། དེ་ལྟ་ནའང་སྤེལ་བའི་དུས་ལ་བབ་པ་ན་སྣོད་ལྡན་གྱི་སློབ་མར་ལུང་སྟོན་པར་འགྱུར་གྱི་དེ་མ་བྱུང་གི་བར་དུ་སུ་ལའང་བསྟན་པར་མི་བྱའོ། །ཞེས་དང་། <<གཡའ་སེལ་>> ཞེས་པའི་ཤོག་གྲངས་ ༤༩༣ ཡོད་པའི་ནང་རྣམ་གླིང་པཎ་ཆེན་གྱི་ཕྱི་རྒྱུད་འགྲེལ་པ་ <<དཀའ་གནད་རྡོ་རྗེ་མདུད་གྲོལ་>>དུ་བསྟན་བཅོས་ཤ་སྟག་ཏུ་བཟུང་བ་ནི་སྟག་ལོ་སོགས་ཀྱི་རྗེས་འབྲངས་བ་ཡིན། ཞེས་གསུངས་སོ།།
ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། རབ་བྱུང་ ༡༢ ས་ཕག་(སྤྱི་ལོ་ ༡༧༡༩) ལོར་འཁྲུངས། ཁོ་རང་གིས་བརྩམས་པའི་ <<བཟོ་དང་གསོ་བ་སྐར་རྩིས་ལས་བྱུང་བའི་མིང་གི་རྣམ་གྲངས་>> པོ་ཏ་ལའི་ཤིང་པར་ཤོག་གྲངས་ ༡༣ བ་ ༢ པར། བོད་ཀྱི་སྨན་གཞུང་ནི། གཡུ་ཐོག་གསར་རྙིང་གཉིས་བྱུང་བའི་རྙིང་མ་ནི་སྟོད་ལུང་སྐྱིད་སྣར་སྐུ་འཁྲུངས་ཤིང་། བདེ་བཤེགས་སྨན་པའི་རྒྱལ་པོའི་སྤྲུལ་པར་གྲགས། བསམ་ཡས་ན་ཆོས་རྒྱལ་གྱི་སྨན་པ་ཡང་མཛད་པ་དེས་སྨན་གྱི་རྒྱུད་བཞི་མཛད་ཅིང་། བསམ་ཡས་དབུ་རྩེར་གཏེར་དུ་སྦས། ཕྱིས་སུ་གྲྭ་ཐང་པ་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཏོན་པ་ཡིན་ཡང་ཟེར་རོ། །ཞེས་གསུངས་སོ།།
སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། རབ་བྱུང་ ༡༢ ཤིང་སྤྲེལ (སྤྱི་ལོ་ ༡༧༠༤) ལོར་འཁྲུངས། ཁོང་གིས་མཛད་པའི་ <<ཆོས་འབྱུང་དཔག་བསམ་ལྗོན་བཟང་>>གྱི་ཤིང་པར་ཤོག་གྲངས་ ༩༠ བ་ ༥ པར། གསོ་རིག་ནི་སྨན་བླ། ཀླུ་སྒྲུབ། དཔའ་བོ། ཟླ་བ་མངོན་དགའ་ནས་བོད་དུ་བཻ་རོ་ཙ་ན། རྒྱལ་པོ་ཁྲི་སྲོང་སོགས་བརྒྱུད་ཟེར། ཡང་བོད་དུ་དར་བའི་རྒྱུད་བཞི་ནི། སྟོན་པ་སྨན་བླ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས། ཡིད་ལས་སྐྱེས་ལ་གསུངས་ཏེ་དེ་ནས་རིམ་པར་འཚོ་བྱེད་གཞོན་ནུ། ཀླུ་སྒྲུབ་སོགས་ལ་བརྒྱུད་ཟེར། བོད་མ་ཡིན་ཏེ་དེ་ཡང་གཡུ་ཐོག་ཡོན་ཏན་མགོན་པོ་ལས་རིམ་པར་བརྒྱུད་དོ། །ཞེས་དང་། ཡང་། <<གསོ་དཔྱད་བདུད་རྩི་ཆུ་རྒྱུན་གྱི་ཆ་ལག་གི་ནང་ཚན་སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་>> ཞེས་བྱ་བ་ལས། རྒྱལ་བས་རྒྱ་གར་དུ་ <<འདུལ་བ་ལུང་>> དང་ <<སྡུད་རྒྱུད་>> སོགས་ལས་གསུངས་པའི་གསོ་རིག་སྐོར་དང་། འཇལ་དཔལ་གྱིས་རི་བོ་རྩེ་ལྔར་གསུངས་པར་གྲགས་པའི་ <<སོ་མ་རཱ་ཛ་>> ལེའུ་ ༡༢༠ དང་། ཀླུ་སྒྲུབ་ཀྱི་ <<སྦྱོར་བ་བརྒྱ་པ།>> སོགས་དང་། དཔའ་བོའི་ <<ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ>> ལེའུ་ ༡༢༠ འགྲེལ་པ་ཅན་དང་། དེའི་རྒྱ་ཆེར་འགྲེལ་པ་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་ <<ཟླ་ཟེར་>> སོགས་རྒྱ་གཞུང་བདུན་སོགས་ཀྱི་གནད་རྣམས་བསྡུས་པའི་བོད་གཞུང་གཡུ་ཐོག་པས་བསྡུས་པར་སྙིང་ཐིག་ལས་ཤེས་སླ། <<རྒྱུད་བཞི་>> གྲགས་པ་མང་ཉུང་འཚམ་ལ། ཞེས་གསུངས།
སི་ཏུ་བསྟན་པའི་ཉིན་བྱེད་དམ་ཆོས་ཀྱི་འབྱུང་གནས། རབ་བྱུང་ ༡༢ ལྕགས་འབྲུག་ (སྤྱི་ལོ་ ༡༧༠༠) ལོར་འཁྲུངས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ <<ཤེས་བྱ་ཀུན་ཁྱབ་>> པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་སྟོད་ཆའི་ཤོག་གྲངས་ ༥༩༣ པར། དེ་ལྟར་ <<རྒྱུད་བཞི་>> ལ་བཀའ་དང་བསྟན་བཅོས་གང་རུང་དུ་འདོད་པ་དང་། གཉིས་ཀར་འདོད་པ། བསྟན་བཅོས་ལའང་འདོད་ལུགས་མི་གཅིག་པ་དུ་མ་བྱུང་ཡང་ཕྱི་ལྟར་རྒྱལ་བའི་བཀའ། ནང་ལྟར་གཏེར་མ། གསང་བ་ལྟར་ན་གཡུ་ཐོག་པ་ཉིད་ཀྱི་གསུང་དུ་འདོད་པ་ཉིད་ལེགས་པའི་ཕྱོགས་སུ་རྗེ་བསྟན་པའི་ཉིན་བྱེད་ཡབ་སྲས་སོགས་ཀྱི་བཞེད་པ་ཡིན་ཏེ་ཞེས་གསུངས་སོ།།
འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རབ་བྱུང་ ༡༤ ལྕགས་འབྲུག་ (སྤྱི་ལོ ༡༨༢༠) ལོར་འཁྲུངས། ཁོང་གིས་བརྩམས་པའི་ <<མཁྱེན་བཀའ་འབུམ་>> ཞེས་པའི་ཤིང་པར་གྱི་ཤོག་གྲངས་ ༨༥ ན་ ༡ པོར། གསོ་བ་རིག་པའི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་ <<སྦྱོར་བ་བརྒྱ་པ་>> དང་། མཁས་མཆོག་དཔའ་བོའི་ <<ཡན་ལག་བརྒྱད་པ་>> རྩ་འགྲེལ་སོགས་འཕགས་ཡུལ་གྱི་གཞུང་ཆེན་མོ་རྣམས་ནི་དེང་སང་འཆད་སྙན་ནུབ་པ་ལྟར་གྱུར་ནའང་བློ་གྲོས་དང་བརྩོན་པ་ལྡན་པ་རྣམས་གྱིས་རང་སྟོབས་ལ་བརྟེན་ནས་ཤེས་རབ་ཀྱི་མིག་བསྒྲུབ་པར་བྱ་བའི་འོས་ཡིན་ལ། ཁྱད་པར་སྤྲུལ་པའི་སྐྱེས་མཆོག་མ་ཧཱ་གུ་ནའི་གཞུང་ངམ་རྒྱ་མཚོའི་སྙིང་པོ་དཔལ་ལྡན་ <<རྒྱུད་བཞི་>> འདི་ཉིད་དེང་དུས་ཚེ་རིག་འཛིན་པ་རྣམས་ཀྱི་སྙིང་ནོར་གཅིག་པུར་གྱུར་པས་འཆད་ཉན་ལ་འཇུག་པ་བྱུང་ན་ཤིན་ཏུ་འབྲེལ་ཆགས་ཞེས་གསུངས།
-མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་བརྩམས་པའི་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་ཞེས་པའི་དེབ་ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 30.11.2021 ཉིན། 4:00 PM
<< སྔ་མ།