སྨན་རྩིས་དྲ་བ། - ཆེད་རྩོམ།

རྒྱུད་བཞི་བཀའ་བསྟན་ལ་རོབ་ཙམ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.08.2013
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ།


རྒྱུད་བཞི་བཀའ་བསྟན་ལ་རོབ་ཙམ་དཔྱད་པ།

                                                                                                        སྨན་རམས་པ་ཆོས་ལོ་ཐར།


ཨོཾ་ཨཐ།

བློ་གྲོས་ལུས་སྟོབས་རྫོགས་པའི་སྟོབས་མངའ་བ། །ཕས་རྒོལ་རི་དྭགས་འཇོམས་པའི་མཆེ་བ་ཅན། །

    ཡོན་ཏན་གངས་ཀྱི་རི་བོའི་སྤོར་གནས་པ། །སྨྲ་བའི་སེང་གེ་བཤེས་རྣམས་རྒྱལ་གྱུར་ཅིག །

ཕུལ་བྱུང་ཚིག་སྦྱོར་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་བརྗོད་དོན་སྲོག་གི་ཀ་བ་བརྟན། །

དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །མཁས་ཀུན་དགའ་བྱེད་གསོ་བ་རིག་པ་ཡིན། །

རིགས་ལམ་ཡང་དག་མེ་ལོང་མི་ལྡན་ན། །གཞུང་དོན་སྙིང་བཅུད་བཞིན་རས་ག་ལ་མཐོང་། །

མིག་ཡངས་གཞུང་བཟང་ལྟད་མོ་མ་མཐོང་ན། །དགག་སྒྲུབ་རྣམ་བཞག་གཟིགས་མོ་ཇི་ལྟར་ཆེ། །

སྔར་གཞུང་ལེགས་བཤད་པད་མའི་དགའ་ཚལ་ལས། །རང་གིས་སྦྲང་རྩི་ཆ་ཙམ་མ་མྱངས་བར། །

དགག་སྒྲུབ་རོ་བཅུད་རྫོགས་པའི་བདུད་རྩི་ཡིས། །ཚིམས་པའི་གླུ་ལེན་འཕྱོན་མའི་བུ་མིན་ནམ། །

མཁས་པའི་གཞུང་བཟང་འོ་མའི་མཚོ་ཆེན་ལས། །བློ་གྲོས་རྣམ་དཔྱོད་བསྲུབ་ཤིང་གིས་བསྲུབས་པས། །

བསྲུབས་སྐྱེས་དྲི་ཞིམ་མར་གྱི་སྙིང་པོ་རུ། །རློམས་ཀྱང་དོན་ལ་རེག་པ་ཤིན་ཏུ་དཀའ། །

མཐའ་བཞི་གཞུང་ལུགས་འཐོར་ཞིང་རྟོགས་དཀའ་ལས། །གོ་བདེར་རྒྱས་བསྡུས་འཚམ་པར་ལེགས་བཤད་པས། །

ཕྱོགས་འདིར་གསོ་རིག་མིང་ཙམ་མ་ཉམས་པ། །ཡོན་ཏན་མགོན་པོའི་དྲིན་ཡིན་ད་དུང་སྐྱོངས། །

ལེགས་བཤད་ཐོས་ཚེ་འཕྲལ་དུ་དགའ་བསྐྱེད་ཅིང་། །དོན་ལ་དཔྱད་པའི་བློ་ལྡན་དོན་གཉེར་ཅན། །

སྐལ་ལྡན་གཟུར་གནས་ཀུན་ལ་དགའ་བསྐྱེད་པའི། །དཔྱད་གཞི་ཐོར་བུ་ཙམ་ཞིག་འགོད་པར་བྱ། །

                         

ཞེས་ཚིགས་སུ་བཅད་པའི་མེ་ཏོག་གི་ཕྲེང་བས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ལ། སྤྱིར་གསོ་བ་རིག་པ་ནི་མིའི་རིགས་ལ་ཕན་པ་འབའ་ཞིག་སྒྲུབ་པའི་རིག་པ་ཡིན་སྟབས་དམིགས་བསལ་གང་ཡང་མེད་པར་མི་ཚང་མས་ནད་བཅོས་སྲོག་སྐྱོབ་ཆེད་དུ་གསོ་རིག་དང་སྨན་རིག་ལ་བརྟེན་དགོས་ཀྱི་ཡོད་པ་རེད། དེར་བརྟེན་རྒྱལ་ཁབ་དང་། མི་རིགས། ས་ཁུལ་སོ་སོར་གསོ་རིག་གཞུང་ལག་ལེན་དང་བཅས་པ་ཚད་གཞི་མི་འདྲ་བའི་སྒོ་ནས་དར་ཁྱབ་བྱུང་ཡོད་པའི་ནང་། བོད་ཀྱི་གསོ་བ་རིག་པ་འདི་ནི་རང་ཅག་ཚོའི་ཕུལ་དུ་བྱུང་བའི་སྙིང་སྟོབས་དང་བློ་གྲོས་ལྡན་པའི་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་གསར་གཏོད་དང་དར་སྤེལ་མཛད་ནས་ད་བར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་རེད། རྨང་གཞི་དེའི་སྟེང་རྒྱལ་ཁབ་ཁག་དང་། མི་རིགས་ཁག་གི་གསོ་རིག་གི་སྙིང་བཅུད་བསྡུ་ལེན་གྱིས་བོད་རང་གི་གནམ་གཤིས་དང་། ས་ཁམས་ཆགས་ཚུལ། མིའི་ལུས་ཁམས་ཆགས་ཚུལ་སོགས་རང་བྱུང་ཁམས་ཀྱི་ཁྱད་ཆོས་དང་མཐུན་པར་ལེགས་སྒྲིག་བྱས་ཏེ་རིམ་པར་བརྒྱུད་པའི་ལོ་རྒྱུས་སྟེང་གི་རྒྱུན་སྲོལ་གྱི་ཆུ་བོ་ཆེ་པོ་གསུམ་ཞེས་ནུབ་ཕྱོགས་ནས་བྱུང་བའི་ཨེ་ཤེ་ཡ་དཀྱིལ་མའི་གསོ་རིག་དང་དེར་གཏོགས་བྱང་ཕྱོགས་འབྲོག་པའི་གསོ་རིག ལྷོ་ཕྱོགས་ནས་བྱུང་བའི་རྒྱ་གར་གྱི་གསོ་རིག ཤར་ཕྱོགས་ནས་བྱུང་བའི་མཧཱ་ཙི་ནའི་གསོ་རིག་སྟེ་དེ་གསུམ་ཕྱོགས་གཅིག་དུ་འདུས་པའི་གསོ་རིག་གི་སྨན་རིགས་རྒྱ་མཚོ་ཆེན་པོ་འདི་ལོ་རྒྱུས་ཀྱི་དོན་དངོས་དུ་མ་ལས་རྦ་རླབས་གོང་འཕྱུར་བཞིན་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་ཁྱབ་ནས་མུ་མཐུད་གོང་འཕེལ་དང་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ་ད་ལྟ་ང་ཚོས་བདག་གཉེར་དང་ལག་ལེན་བྱེད་བཞིན་པའི་དཔལ་ལྡན་《རྒྱུད་བཞི་》འདི་གྲུབ་པ་ཡིན། འདི་ནི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་རིན་ཐང་བྲལ་བའི་ལག་ལེན་གྱི་ཉམས་མྱོང་ལྡན་པའི་ནོར་མཛོད་ཆེན་པོ་སྤྱད་ན་འཛད་མཐའ་མེད་པ་ཞིག་ཡིན་སྟབས། རིག་གཞུང་དང་ལག་ལེན་ཟུང་དུ་འབྲེལ་བར་བྱེད་པའི་རྩ་བའི་གཞུང་ལུགས་ཤིག་ཡིན་པའི་ཕྱིར་སློབ་སྦྱོང་དང་ཉམས་ཞིབ་གཏིང་ཟབ་ཏུ་སྤེལ་བར་བྱེད་དགོས་པ་ཞིག་ཡིན། བོད་ཀྱི་གསོ་བ་རིག་པ་འདི་མིའི་རིགས་ཀྱི་གཟུགས་པོ་བདེ་ཐང་ཡོང་ཐབས་ཀྱི་ནད་བཅོས་སྨན་སྦྱིན་བྱེད་པའི་རིག་པ་ཞིག་ཡིན་པ་མ་ཟད། གསོ་རིག་གཞན་དང་མི་འདྲ་བར་མིའི་སེམས་ཁམས་ཀྱི་ཐོག་ལ་ཞི་བདེའི་སློབ་གསོ་གཏོང་བའི་རིག་པ་ཞིག་ཀྱང་ཡིན་པས། བོད་ཀྱི་ཚིག་བཅུག་དགོས། གསོ་བ་རིག་པ་འདི་ཡང་འཛམ་གླིང་འདི་ཐོག་གི་ལོ་རྒྱུས་རིང་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རིག་གནས་གཞན་དང་འདྲ་བར་ཨེ་ཤེ་ཡའི་རིག་གནས་ཆེ་བ་གསུམ་ནས་སྙིང་བཅུད་བསྡུ་ལེན་གཞི་རྒྱ་ཆེན་པོ་བྱས་པ་ལས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་དེ་བོད་ཀྱི་རིག་གནས་ཁོ་ན་མ་ཡིན་པར་ཞང་ཞུང་བོན་གྱི་རིག་གནས་དང་། རྒྱ་དཀར་ནག་གི་གསོ་རིག་འཕེལ་རིམ་དང་བཅས་ལ་ཉམས་ཞིབ་གཏིང་ཟབ་པ་ཞིག་བྱེད་དགོས་པའང་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སྙམ།

                            དེས་ན་བོད་ཀྱི་གསོ་བ་རིག་པའི་སྙིང་པོ་དཔལ་ལྡན་《རྒྱུད་བཞི་》ཐོག་མའི་བྱུང་ཚུལ་ལ། ཁ་ཅིག་གིས་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཡིན་པར་བཞེད་པ་དང་། ཁ་ཅིག་གིས་གཏེར་མ་ཡིན་པར་བཞེད་པ། ཁ་ཅིག་གིས་བོད་མཁས་པས་བརྩམས་པའི་བསྟན་བཅོས་དངོས་ཡིན་པར་འདོད་པ་བཅས་ཞལ་འཆམ་བྱུང་མེད་པ་དེར། བདག་ལྟ་བུ་ལ་མཚོན་ན་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པའི་ཁར་དཔྱད་གཞི་ཡིག་ཆ་ཁུངས་དག་མང་པོ་ཞིག་མཇལ་རྒྱུ་མ་བྱུང་བ་དང་། ཆེད་རྩོམ་གྱི་འབྲི་རྩལ་ཞན་པ་སོགས་ཆ་རྐྱེན་གྱི་དབུལ་ནའང་རང་ཉིད་ཀྱི་ཀུན་སློང་རྣམ་པར་དག་པར་གཞི་བཅོལ་ཏེ་རང་བློ་རྨོངས་ཚོད་ཀྱིས་གནད་དོན་དེར་རྒྱུ་མཚན་གསུམ་གྱི་གླེང་བར་འདོད་པས་རྣམ་དཔྱོད་དང་ལྡན་པའི་གྲོགས་པོ་དག་གིས་རིན་ཐང་བྲལ་བའི་དགོངས་འཆར་ལྷུག་སྩོལ་གནང་བར་བཅོས་མ་མིན་པའི་རེ་འདུན་ཞུ།


 

དང་པོ། བཀའ་བསྟན་ཀྱི་མཚན་ཉིད་དང་ཁྱད་པར།

ཆོས་ཐམས་ཅད་མདོར་བསྡུ་ན་བཀའ་དང་བསྟན་བཅོས་གཉིས་སུ་མ་འདུས་པ་ཅི་ཡང་མེད་པས་བོད་ཀྱི་གསོ་བ་རིག་པ་དེ་ལ་ཞིབ་འཇུག་མཐར་ཕྱིན་པ་ཞིག་ཡོང་བ་ལ་ཐོག་མར་བཀའ་དང་བསྟན་བཅོས་གཉིས་ཀྱི་མཚན་ཉིད་དང་དབྱེ་བ་གསལ་བོ་ཕྱེ་དགོས། དེ་ཡང་ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་བསྟན་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ལོ། །ཞེས་པ་ལྟར་རྒྱལ་བའི་བཀའ་ནི། བརྗོད་བྱ་བསླབ་པ་གསུམ་སྟོན་ཞིང་རྗོད་བྱེད་ངག་ཚིག་དྲི་མ་མེད་པའི་ཁར་སྒྲུབ་བྱེད་ཚད་མ་གསུམ་དང་ལྡན་ལ། འབྲས་བུ་ཐོག་མཐའ་བར་དུ་དགེ་བ་ཅན་ཏེ། རྗེ་བཙུན་བྱམས་པ་མགོན་པོས། བསླབ་པ་གསུམ་བརྗོད་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །དེ་ནི་ཆེན་པོས་གསུངས་པ་རྒྱལ་བའི་བཀའ། །བཟློག་པ་གཞན་གྱི་གཞུང་དུ་ཤེས་བར་བྱ། །ཞེས་དང་། 《རྒྱུད་བླ་མ་ལས།》 གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་གསུངས་པ་ལྟར་རོ། །

བསྟན་བཅོས་ནི། སྟོན་པ་དེ་བཞིན་གཤེགས་པའི་བཀའ་ལུང་འབའ་ཞིག་གི་དབང་དུ་བྱས་ཏེ། རྩོམ་པ་པོ་རྣམ་པར་གཡེང་བ་མེད་པའི་ཡིད་ཅན་གྱིས་བཤད་པའི་ངག་གང་ཞིག་འབྲས་བུ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་ཞིག་སྟེ། 《རྒྱུད་བླ་མ་ལས།》 གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མིད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་བཞིན་སྤྱི་བོས་བླང་། ཞེས་པའི་མཚན་ཉིད་གཉིས་ལ་གཞིགས་ཚེ་བཀའ་བསྟན་གཉིས་སུ་ཕྱེས་པའི་བཀའ་དང་བསྟན་བཅོས་གཉིས་ཀྱི་གཞི་མཐུན་མེད་པར་ཤེས་ཐུབ་སྟེ། བཀའ་དང་བསྟན་བཅོས་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་དུ། དེ་ནི་དྲང་སྲོང་གསུང་ཡིན་ཞེས་དང་། དེ་ཡང་དྲང་སྲོང་གསུངས་བཞིན་ཞེས་པས་སྔ་མ་སངས་རྒྱས་ཀྱི་བཀའ་དངོས་ཡིན་པར་བསྟན་ཞིང་། ཕྱི་མ་དེར་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་སྦྱར་བས་དེས་ཀྱང་གོ་བ་སྟེར་ཐུབ་ལ། བསྟན་བཅོས་ཀྱི་ངེས་ཚིག་དེ་ནི་སྟོན་པ་དེ་བཞིན་གཤེགས་པའི་བཀའ་ལ་ཡང་བཤད་དུ་ཡོད་དེ་འཆོས་པ་དང་། སྐྱོབ་པར་བྱེད་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།།

དེ་བས་རྒྱལ་བའི་བཀའ་ནི་དོན་དམ་པའི་བསྟན་བཅོས་ཡིན་པའང་ཤེས་པར་བྱའོ། དང་པོ། བཀའ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་བཅས་གསུམ་ཡོད། དང་པོ་ནི། མདོ་སྡུད་པ་ལྟ་བུ། གཉིས་པ། བྱིན་གྱིས་བརླབས་པའི་བཀའ་ལ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་དབྱེ་བ་གསུམ་སྟེ། དང་པོ། མདོ་སྡེ་བཅུ་བ་ལྟ་བུ། གཉིས་པ། རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། གསུམ་པ། ཀུན་ཏུ་བཟང་བོའི་སྤྱོད་པ་སྟོན་པ་ལྟ་བུ། གསུམ་པ་རྗེས་སུ་གནང་བའི་བཀའ་ནི། བཀའ་བསྡུ་བ་པོ་རྣམས་ཀྱིས་མགོར་གླེང་གཞི། བར་དུ་མཚམས་སྦྱོར། མཐར་མཐུན་འགྱུར་ལ་སོགས་པ་བཀོད་པ་རྣམས་སོ། །

དེ་ལ་གླེང་བྱའི་《རྒྱུད་བཞི་》འདི་བཀར་འདོད་པ་ཁ་ཅིག་གིས། རྒྱུད་འདི་བྱིན་གྱིས་བརླབས་པའི་བཀའ་ཡིན་ཞེ་ན། རྒྱུད་གསུངས་པ་པོའི་དྲང་སྲོང་རིག་པའི་ཡི་ཤེས་མཆེད་བཞི་དེ་སངས་རྒྱས་དངོས་མ་ཡིན་དགོས་ཤིང་། ཡིན་ན་ཞལ་ནས་གསུངས་པའི་བཀར་འགྲོ་ལ་རྣམ་པ་གཅིག་ཏུ་ན་སྟོན་པ་སྨན་བླ་དང་དེའི་སྤྲུལ་བ་དྲང་སྲོང་རིག་པའི་ཡི་ཤེས་མཆེད་བཞིས་གསུངས་ཀྱང་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བའི་ཆོས་ཉིད་དང་འགལ་བར་སེམས་ཀྱང་བདག་འདྲ་བའི་བཤད་མི་སྤོབས་པས་བློ་ལྡན་དག་གིས་དཔྱོད་ཅིག་ཅེས་ཚེ་རིག་འཛིན་པ་གནམ་ལྷ་མཁར་ནས་གསུངས་པ་དེ་ལེགས་བཤད་དུ་སྣང་ངོ་།།

ཁ་ཅིག་ན་རེ། 《རྒྱུད་བཞི་》འདི་རྗེས་སུ་གནང་བའི་བཀའ་ཞེ་ན། 《རྒྱུད་བཞི་》ཆོས་ཅན། སྟོན་པ་སངས་རྒྱས་ཞལ་བཞུགས་པའི་དུས་སུ་གསོ་རིག་གི་གཞུང་ 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།》 ཅེས་བྱ་བ། དོན་ཡན་ལག་བརྒྱད་ལས་བརྩམས་ནས་སྟོན་ཅིག་ཅེས་རྗེས་སུ་གསུངས་པར་ཐལ། རྗེས་སུ་གནང་བའི་བཀའ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་གསུངས་པ་གང་དུའང་མི་འབྱུང་ལ་བོད་འགྱུར་གྱི་བཀའི་པོད་གྲས་སུ་མེད་པ་དེས་ཀྱང་བོད་ཀྱི་བསྟན་བཅོས་ཡིན་པར་ངེས་ཤེས་འདྲེན་ནུས་པའི་ཕྱིར།

ཁ་ཅིག་ན་རེ། དྲང་སྲོང་ཡིད་ལས་སྐྱེས་དེ་སྟོན་པ་སྨན་གྱི་བྱིན་ལས་སྐྱེས་པ་ཡིན་ཟེར་ན། སྟོན་པ་སྨན་གྱི་བླ་ཆོས་ཅན། ཁྱོད་ལ་ཡིད་ཀྱིས་བསྡུས་པའི་ཆོས་རང་རྒྱུད་པ་ཡོད་པར་ཐལ། དྲང་སྲོང་ཡིད་ལས་སྐྱེས་དེ་དེ་ཡིན་པའི་ཕྱིར། རྟགས་དོན་གྱིས་ཁས། འདོད་ན། སྟོན་པ་སྨན་གྱི་བླ་ཆོས་ཅན། ཁྱོད་ལ་ཡིད་ཡོད་པར་ཐལ། ཡིད་ཀྱིས་བསྡུས་པའི་ཆོས་རང་རྒྱུད་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྟོན་པ་སྨན་གྱི་བླ་ལུས་ངག་ཡིད་གསུམ་ཟད་པར་སྤངས་པ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་བརྙེས་པ་ཡིན་པའི་ཕྱིར། མ་གྲུབ་ན། སྟོན་པ་སྨན་གྱི་བླ་ཆོས་ཅན། ཁྱོད་ལ་དབང་ལྔ་ཡོད་པར་ཐལ། ལུས་ངག་ཡིད་གསུམ་ཡོད་པའི་ཕྱིར། འདོད་ན། སྟོན་པ་སྨན་གྱི་བླ་ཆོས་ཅན། ཁྱེད་ལ་དབང་ལྔ་མེད་པར་ཐལ། 《མདོ་ཏིང་ངེ་འཛིན་རྒྱལ་པོ།》 ལས། གལ་ཏེ་མིག་སོགས་འདི་དག་ཚད་ཡིན་ན། དེ་ལ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། ཞེས་དང་། མགོན་པོ་བྱམས་པས། དབང་པོ་ལྔ་རྣམས་གཞན་གྱུར་ནས། །དོན་ཀུན་འཇུག་དང་ཐམས་ཅད་ཀྱིས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ནད་ཟུངས་དྲི་མ་གསུམ་འདུས་པའི་ཕུང་པོ་དེ་བཤད་རྒྱུད་ལས། ལུས་སུ་བཤད་པ་དེ་བས་ན་སངས་རྒྱས་ལ་ཡང་ནད་ཡོད་པར་འགྱུར་ལ། ནད་དེའི་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡང་ཡོད་པར་ཁས་ལེན་དགོས་སོ། །

                           བསྟན་བཅོས་ལ་དབྱེ་ན། དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། དོན་དང་ལྡན་པའི་བསྟན་བཅོས། ངན་གཡོའི་བསྟན་བཅོས། བརྩེ་བ་བྲལ་བའི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས། ཐོས་པ་ལྷུར་ལེན་པའི་བསྟན་བཅོས། རྩོད་པ་ལྷུར་ལེན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་དགུ་ཡོད་པ་ལས། དོན་དང་ལྡན་པའི་བསྟན་བཅོས་དང་། སྡུག་བསྔལ་སྤོང་བའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་གསུམ་ནི་བསྟན་བཅོས་ཚད་མ་ཡིན་ལ། གཞན་དྲུག་པོ་ནི་བསྟན་བཅོས་ལྟར་སྣང་ངོ་། དེས་ན་འུ་ཅག་གི་ཚིག་དོན་ཟབ་ལ་རྒྱ་ཆེ་བའི་ 《རྒྱུད་བཞི།》 འདི་ཡང་དོན་དང་ལྡན་པ་དང་། སྡུག་བསྔལ་སྤོང་བའིབསྟན་བཅོས་ཚད་པ་ཉིད་ཡིན་ནོ།

གཞན་ཡང་དེང་རབས་ཀྱི་མཁས་དབང་ཁ་ཅིག་གིས། སངས་རྒྱས་ཆོས་ལུགས་ཡིན་ལ་བོད་ཀྱི་རིག་གནས་མ་ཡིན་པ་ནི། མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པ། ལུང་དུ་སྟོན་པ་བཅས་ཀྱི་སྡེ་སྣོད་གསུམ་དང་། རྒྱུད་སྡེའི་སྐོར། བཀའ་དང་དགོངས་འགྲེལ་བཅས་ལྟ་བུ་ལྟ་བ་བཀའ་རྟགས་ཀྱིས་ཕྱག་རྒྱ་བཞི་ལས་མི་འདའ་ཞིང་འབྲས་བུ་འགྲོ་བ་རྣམས་འཁོར་བ་ལས་ཐར་ནས་ལམ་བདེ་བ་རྣམ་གྲོལ་གྱི་གོ་འཕང་ཐོབ་པའི་ཆེད་དུ་གསུངས་པ་དེ་དག་རེད། ཅེས་དང་།

བོད་ཀྱི་རིག་གནས་ཡིན་ལ་སངས་རྒྱས་ཆོས་ལུགས་མ་ཡིན་པ་ནི། ཐུན་མོང་རིག་པ་སྟེ་མི་དང་གྲུབ་མཐའ་གང་གིས་ཀྱང་སྤྱོད་དུ་རུང་བ་ཞིག་ཡིན། དཔེར་ན། སྒྲ་ནི་བརྡ་དོན་ཕྱིན་ཅི་མ་ལོག་པར་གོ་བར་ནུས་པའི་ཐབས་དང་། ཚད་མ་ནི་བདེན་རྫུན་དང་ཡིན་མིན་རྣམ་པར་དཔྱད་ནས་བདེན་པའི་གནས་ལུགས་རྟོགས་པའི་ཐབས་དང་། གསོ་བ་རིག་པ་ནི་མིའི་ལུས་ཀྱི་འདུ་བ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་བ་རྣམས་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ལ་བརྟེན་ནས་གསོ་བའི་ཐབས་དང་། ཞེས་སོགས་བཟོ་དང་། ཟློས་གར། ལོ་རྒྱུས་དང་། སུམ་རྟགས་དེ་བཞིན་རྩིས་སོགས་རེ་རེ་ནས་རྒྱུ་མཚན་དང་བཅས་བཞག་འདུག་ལ།

བོད་ཀྱི་རིག་གནས་དང་སངས་རྒྱས་པའི་ཆོས་ལུགས་གཉིས་ཀ་ཡིན་པ་ནི། སངས་རྒྱས་ཀྱི་འཁྲུངས་རབས་དང་། མི་ལ་རས་པའི་རྣམ་ཐར། གང་བརྗོད་བྱའི་ནང་དོན་ཆོས་ཕྱིར་དཀའ་བ་དཔྱད་པའི་ལོ་རྒྱུས། མི་ཆོས་དང་ལྷ་ཆོས་ཟུང་དུ་འབྲེལ་བའི་གཏམ་སྣ་ཚོགས་སྐོར་ལྟ་བུ་རེད། ཅེས་དང་།

བོད་ཀྱི་རིག་གནས་དང་ཆོས་ལུགས་གཉིས་ཀ་མ་ཡིན་པ་ནི། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། སྒྲིག་ཡིག དེ་མིན་ཆབ་སྲིད་ཀྱི་སྐོར་ལྟ་བུ་སྟེ་ཐུན་མོང་བའི་རིག་གནས་ཀྱི་ཁོར་ཡུག་ལས་བརྒལ་ཏེ་རང་རང་ལ་དམིགས་བསལ་གྱི་ངོ་བོ་ལྡན་པ་དེ་ལ་ཟེར། ཞེས་གསུངས་པའི་མུ་བཞི་འདི་ལ་དཔྱད་ནའང་རང་ཅག་གི་《རྒྱུད་བཞི།》 འདི་མཁས་པས་བརྩམས་པའི་བསྟན་བཅོས་ཉིད་ཡིན་པ་རྟོགས་ནུས་སོ།།


 

གཉིས་པ། 《རྒྱུད་བཞི།》 སྟོན་པས་གསུངས་པ་མིན་ཚུལ།

 

དཔལ་ལྡན་གསོ་བ་རིག་པའི་《རྒྱུད།》 འདི་བཀར་བཞེད་པ་དག་གིས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་གདན་དུ་གསུངས་པར་འདོད་པ་དང་། ཨུ་རྒྱན་ཡུལ་དུ་གསུངས་པར་འདོད་པ། སྨན་གྱི་ནགས་སུ་གསུངས་བར་འདོད་པ་བཅས་གསུམ་ཡོད།

 

དེ་ཡང་ཟུར་མཁར་ཕྱི་མ་ལེགས་བཤད་འཚོལ་གྱིས། ཁ་ཅིག་རྡོ་རྗེ་གདན་ན་ཡོད་པར་འདོད་པར་སོགས་འདོད་པ་མི་གཅིག་པ་མང་པོ་རང་རང་སོ་སོའི་རྣམ་རྟོག་ལ་གང་ཤར་ཡི་གེར་བྲིས་པ་མ་གཏོགས། དེ་དང་དེ་དག་རྣམས་ལ་ཁུངས་དང་རྒྱུ་མཚན་ལུང་རིགས་དང་འབྲེལ་བ་སྤུ་ཙམ་ཡང་མི་སྣང་ངོ་། ཞེས་དང་།    ཨོ་རྒྱན་གྱི་ཡུལ་དུ་གསུངས་པར་འདོད་པ་ཡང་དོན་མ་གོ་བའི་ཨུ་རྒྱན་གྱི་ཡུལ་མིག་གི་མཐོང་བ་གཞིར་བཞག་གི་གཏམ་མ་གཏོགས་ཁུངས་དང་རྒྱུ་མཚན་འབྲེལ་བའི་གཏམ་མ་ཡིན་ནོ། །ཞེས་དགག་བཞག་མཛད་པ་ནི་རྣམ་དཔྱོད་དང་ལྡན་པའི་གཏམ་མོ། །

 

དེ་ཡང་བྱང་པ་བཀྲ་ཤིས་དཔལ་བཟང་གིས། སྟོན་པ་ཕུན་ཚོགས་སངས་རྒྱས་སྨན་གྱི་བླ། །འཁོར་རྣམས་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །གཞན་ནི་ཡང་རྒྱལ་བ་དངོས་ཀྱི་གདུལ་བྱ་ལ། །ཆོས་ནི་ཕུན་ཚོགས་རྒྱུད་རྒྱལ་འདི་ཉིད་གསུང་། །གནས་ནི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །སྤྲུལ་བའི་གནས་ཆེན་ཨུ་རྒྱན་ཡུལ་ལས་ཀྱང་། །ལྷག་པར་མཆོག་གྱུར་རྡོ་རྗེ་གདན་ཉིད་དུ། །དུས་ཀྱི་མཆོག་གྱུར་ཐུབ་པ་ཞལ་བཞུགས་ཤིང་། །སྟོན་འཁོར་གནས་གཅིག་འཛོམས་པ་དེ་ཡི་ཚེ། །རྒྱུད་རྒྱལ་གསུངས་འདི་བླ་མེད་དུས་ཀྱི་མཆོག །ཅེས་རྒྱུད་འདི་གསུངས་པའི་གནས་ནི་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་ཨུ་རྒྱན་གྱི་ཡུལ། རྡོ་རྗེ་གདན་སོགས་གང་ཟག་སོ་སོའི་མོས་པའི་རྗེས་སུ་འགྲོ་ལྡོག་བྱེད་པར་བཞེད།

 

སློབ་དཔོན་དབྱིག་གཉེན་གྱིས་ 《བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་དུམ་བུ།》ལས་ཐུབ་མཆོག་དམ་པ་གནས་ཆེན་གང་དུ་ལོ་ཇི་ཙམ་བཞུགས་པར་གསུངས་པའི་ནང་དུ། སྨན་གྱི་ནགས་སུ་ལོ་བཞི་སྟེ། །ཞེས་པའི་སྨན་གྱི་ནགས་དེ་བཅོམ་ལྡན་འདས་ཀྱིས་བཀའ་དང་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་དེ་རུ་སྟོན་པ་ཤྰཀྱ་ཐུབ་པ་སྟོན་པ་སྨན་གྱི་བླ་མས་སྐུར་བཞེངས་ཏེ་སྐུ་གསུང་ཐུགས་འཕྲིན་ལས་ལས་སྤྲུལ་བའི་རིག་པའི་ཡེ་ཤེས་མཆེད་བཞི་དང་། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུ་བ་ཞུས་ལན་གྱི་ཚུལ་དུ་གསུངས་པར་བཞེད་པ་ནི་དགོས་པའི་དབང་གིས་ཡིན་ཏེ།

 

གནམ་ལྷ་མཁར་མཆོག་ནས། རིགས་འདུས་སྨན་པའི་རྒྱལ་བོ་མཁས་པ་གཡུ་ཐོག་མགོན་པོས་སྨན་གྱི་《རྒྱུད་བཞི།》རྩོམ་པའི་སྐབས་དེར་བོད་ཀྱི་མཁས་བླུན་བར་མ་རྣམས་ཀྱིས་སྟོན་པ་དང་རྒྱ་གར་གྱི་མཁས་པས་མཛད་པའི་བསྟན་བཅོས་ལ་ཡིད་ཆེས་དང་དག་སྣང་བྱེད་པ་དང་གཅིག བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ལ་ཁྱད་གསོད་དང་བརྩི་མཐོང་མི་བྱེད་པ་དང་གཉིས། ཚིག་ལ་བལྟ་ཞིང་དོན་ལ་མི་དཔྱོད་པ་རྣམས་ཀྱི་ངོར་བཀའ་ལྟར་བྱས་ན། 《རྒྱུད་བཞི།》འཕྲིན་ལས་འཕེལ་བ་དང་ཕྱོགས་མེད་འགྲོ་བ་ནད་པ་ཡོངས་འཆི་བདག་གི་བདུད་ལས་སྐྱོབ་ཐུབ་པ་དང་གསུམ་བཅས་ལ་དམགིས་ཏེ་ཕྱི་ལྟར་རྒྱལ་བའི་བཀའ་བཞིན་ལུས་ཅན་ཀུན་གྱི་དཔུང་གཉེན་དུ་སྤེལ་བ་ལས། གཞན་དུ་ན་སྟོན་པས་གསུངས་པའི་སྨན་དཔྱད་མེད། ཞེས་པའི་ཚིག་འདི་ལ་རྨད་དུ་བྱུང་བའི་ལེགས་བཤད་དུ་སྣང་།

 

ཡང་ཟུར་མཁར་བས། ཆོས་འཁོར་དང་པོའི་ཁོས་སུ་གཏོགས་པའི་སྨན་དཔྱད་ནི་འདུལ་བ་ལུང་དུ་སྨན་གྱི་སྤང་བླངས་དང་འཚོ་བྱེད་གཞོན་ནུའི་གཏམ་རྒྱུད་འགའ་ཞིག་གསུང་བ་ལ་བསམ་པར་སྣང་ཡང་། དེ་ཙམ་གྱིས་སྨན་དཔྱད་གསུངས་པར་མི་འགྲོ་སྟེ། དེར་དགེ་སློང་ཕ་མས་བསྟེན་པར་རུང་མི་རུང་གི་སྨན་དང་། ཆོས་གོས་རྣམ་གསུམ་གི་གླེང་གཞིར་འཚོ་བྱེད་གཞོན་ནུའི་ལོ་རྒྱུས་ཙམ་ཞིག་བསྟན་པ་མ་གཏོགས། སྨན་པ་རྣམས་ཀྱིས་ཉམས་སུ་བླང་བྱར་གྱུར་པའི་རྗོད་བྱེད་ཚིག་འགའ་ཡང་མི་སྣང་ཕྱིར་དང་། དེ་ཡང་གསོ་སྦྱོང་དང་དབྱར་གནས་ཀྱི་གཞི་ལ་སོགས་པ་བཅུ་བདུན་གསུངས་པའི་གཞི་ལྔ་བ་སྨན་གྱི་གཞི་དང་དྲུག་པ་གོས་ཀྱི་གཞི་ཞེས་བྱ་བ་ཡིན་གྱི། ནད་གཞི་སྨན་གྱི་སྐབས་དང་གསོ་བའི་གཞི་ཟེར་བའི་ཐ་སྙད་ཙམ་ཡང་མེད་དོ། །ཞེས་དཔྱད་གསུམ་གྱིས་སྦྱངས་པ་དོན་ལ་གནས་ཡོད་དེ་ལུང་དུམ་བུ་དེ་ལས་གཙོ་བོར་དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་བོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ་དང་། ཇི་སྲིད་འཚོ་བའི་བར་དུ་བཅང་པ་རིམ་པ་ལྟར་ལྡེ་གུ་སོགས་དང་། ཤིང་ཏོག་ཞོ་ཙམ་གྱི་བཏུང་བ་སོགས་དང་། བུ་རམ་ཞུན་མར་སོགས་དང་། རྩ་བའི་སྨན་ལ་སོགས་དང་། ཞར་བྱུང་འཚོ་བྱེད་གཞོན་ནུའི་ལོ་རྒྱུས་རགས་ཙམ་བཅས་བཀའ་བསྩལ་བ་ལས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་སུ་སྨན་གྱི་ནགས་ཚལ་དེ་དྲང་སྲོང་གི་གནས་སུ་སྨན་གྱི་《རྒྱུད་བཞི།》གསུངས་མེད།  

 

《གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ།》ལས། སྔོན་བྱུང་བ་འདས་པའི་དུས་ཀྱི་སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་གྱི་བསྟན་པ་ལ་སངས་རྒྱས་ཉིད་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་སུ་གྱུར་བའི་ཚེ་རང་གིས་སྨན་པ་ཆེན་པོ་རལ་བ་འཛིན་ལ་ཁམས་ལ་མཁས་པར་བྱ་བ་དྲིས་པ་ལ། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་ཏུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །ཞེས་བྱ་བ་ལ་སོགས་ཤོ་ལོ་ཀ་དགུ་གསུངས་པ་དང་།

《རྒྱུད་མཁའ་འགྲོ་རྒྱ་མཚོ།》ལས། དེས་ན་སེམས་ཅན་ཀུན་ཕན་ཕྱིར། །ཐམས་ཅད་སྙིང་བོར་བསྡུས་པ་ཡིན། །ཞེས་སོགས་བཅུད་ལེན་གྱི་ཚུལ་དང་། །དེ་མིན་དངུལ་ཆུའི་བྱུང་ཚུལ་སྦྱར་ཐབས་བཅས་དང་། སྨན་གྱི་རོ་དྲུག་སོ་སོའི་སྡེ་ཚན། སྨན་དང་རིན་ཆེན་སྣ་ཚོགས་ཀྱི་སྐྱེ་ཡུལ་བཟང་ངན་དང་། དུས་བཞིའི་ནད་གསོག་ལྡང་ཞི་གསུམ་རག་པ་ཙམ།

གཞན་ཡང་། 《དཔལ་དུས་ཀྱི་འཁོར་ལོ།》ལས། ལུས་ཆགས་པའི་ཚུལ་དང་བར་དུ་རྣམ་ཤེས་འཇུག་ཚུལ་སོགས་དང་། ཕྱི་ནང་གི་སྨན་བསྟེན་ཚུལ་དང་འབྲུམ་པ་བསྲུང་ཐབས། སྦྲུམ་མ་བདེ་བར་བཙའ་བའི་འཕྲུལ་འཁོར་སོགས་དང་། བླ་གནས་ཀྱི་འཕོ་ཚུལ་སོགས་ཚེའི་རིག་བྱེད་དང་། འདོད་པའི་བསྟན་བཅོས་དང་རོ་བརྗོད་པའི་གཞུང་དང་སྲིད་སྲུང་སོགས་རིག་བྱེད་རྣམས་དང་གོ་བསྟུན་ནས་གསུངས་པ་བཅས་མདོ་རྒྱུད་རྣམས་སུ་ཐོར་བུ་འབྱུང་བ་ལས། གོང་དུ་བཤད་པ་བཞིན་ཐུབ་མཆོག་དམ་པས་སྨན་གྱི་《རྒྱུད་བཞི།》 མ་བསྟན་ལ། སྨན་ལ་བཀའ་བསྟན་གཉིས་སུ་ཡོད་པར་འདོད་པ་ཡང་གཙོ་བོ། ཙན་པ་ཤི་ལ་ཧ་སོགས་སྲས་གསུམ་གྱིས་བྱས་པའི་《རིན་ཆེན་སྤུངས་པ།》ཡི་འཁྲུལ་ངག་འགར་བརྟེན་ནས་འགའ་ཞིག་ཅལ་ཅོལ་མང་དུ་སྨྲ་ཡང་། ཞེས་ཟུར་མཁར་བས་དེ་དག་ལ་དགག་སྒྲུབ་མཛད་པ་ལེགས་བཤད་དུ་སྣང་འདུག་པས་འདིར་ཡང་དེ་བཞིན་འགོད་པར་བགྱིས་སོ།།

 

 

གསུམ་པ། 《རྒྱུད་བཞི།》འདི་བོད་མཁས་པས་མཛད་པའི་བསྟན་བཅོས་དངོས་ཡིན་ཚུལ།

 

 དེ་ཡང་ང་ཚོས་བོད་རིག་པར་ཞིབ་འཇུག་བྱེད་པའི་སྐབས་སུ་ཐུགས་ཟོན་གནང་དགོས་པའི་དོན་གནད་གལ་ཆེ་ཤོས་ཤིག་ལ། དེང་དུས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་གང་ཡིན་ཡང་། ཕལ་ཆེ་ཤོས་ཀྱིས་སངས་རྒྱས་ཆོས་ལུགས་པའི་མི་སྣ་རྣམས་ཀྱིས་རྩོམ་འབྲི་བྱས་པའི་ཡིག་ཆ་རྙིང་པ་ཁག་དཔྱད་གཞིར་བཟུང་ནས་ཞིབ་འཇུག་བྱས་པ་ལས། གནའ་རབས་བོན་ལུགས་ཀྱི་ཡིག་ཆ་རྙིང་པ་དང་། བོན་ལུགས་མི་སྣས་བྲིས་པའི་ཡིག་ཆའི་སྐོར་སྣང་མེད་དུ་དོར་བཞིན་ཡོད་པ་འདི་ནི། གྲུབ་མཐའི་ཤན་ཞུགས་པའི་ལྟ་བ་དེ་གཙང་སེལ་བྱེད་མ་ཐུབ་པའི་སྐྱོན་དུ་སྣང་།

 

བོན་པོ་ཞེས་པ་དང་། སངས་རྒྱས་པ་ཞེས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ནང་དུ། དུས་རབས་མི་འདྲ་བ་གཉིས་སུ་བྱུང་མྱོང་བའི་ཆོས་ལུགས་མི་འདྲ་བ་གཉིས་སམ། ཡུལ་སྲོལ་གོམས་གཤིས་མི་འདྲ་བ་རིགས་གཉིས་ཡིན་པ་ལས་མི་རིགས་མི་འདྲ་བ་གཉིས་སམ། ཡུལ་གྲུ་མི་འདྲ་བ་གཉིས་མ་ཡིན་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་རེད། དེས་ན་གྲུབ་མཐའ་གང་ཞིག་གི་ལོ་རྒྱུས་ཡིན་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པས། དེས་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་ཚབ་བྱས་ནས་ཞིབ་འཇུག་བྱེད་མི་རུང་བ་ཤེས་དགོས།

 

 

༡། བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ།

བོད་འདིར་གསོ་བར་བྱེད་པའི་རིག་པ་ཐོག་མར་བྱུང་བ་ནི། སྟོན་པ་གཤེན་རབ་མི་བོ་ཆེ་མ་བྱོན་པའི་གོང་དེར་མི་ལོ་ཁྲི་ཕྲག་མང་པོའི་རིང་ལ་བོད་མི་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་དང་འཐབ་རྩོད་ཡུན་རིང་བྱས་ཏེ་རང་གི་ལུས་ཁམས་ལ་ཕན་པར་སྒྲུབ་པའི་ཐབས་མང་པོ་ཞིག་ཤེས་ཡོད་པ་ལ། དེའི་ནང་དུ་ནད་གསོ་བའི་རིག་པའམ་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི་ཆུ་སྐོལ་ཚ་མོས་མ་ཞུ་བའི་ནད་བཅོས་པ་དང་། རྨ་ཁ་ལ་མར་ཁུ་བླུགས་ནས་ཁྲག་གཅོད་པ་སོགས་ཀྱི་རིག་པ་དེ་དག་རེད།

གཤེན་རབ་མེ་བོ་ཆེ་པུ་རངས་སུ་བྱོན་ནས་སྲིད་དོན་དང་། གཡུང་དྲུང་བོན་ཆོས་སྐོར་ལ་མཛད་འཕྲིན་མི་དམན་པ་བྱུང་ཡོད་པའི་སྐབས་རེད། བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་དེའང་བོན་ཀྱི་སྟོན་པ་གཤེན་རབ་ཀྱི་སྐབས་སུ་བྱུང་ཡོད་པ་རེད། དེ་སྔོན་མདོ་ཁམས་ཉག་རོང་ནས་ཐོན་པའི་བོན་ཀྱི་བཀའ་འགྱུར་དཔེ་རྙིང་ལག་བྲིས་མ་དེ་ལས་གསལ་ཞིང་། དེ་ལས་བྱུང་བའི་དཔྱད་གཞི་ཁག་་བརྟག་ན། སྐབས་དེར་སྟོན་པ་གཤེན་རབ་ཡབ་སྲས་རྣམས་ཀྱིས་ནད་གསོ་བའི་རིག་པའང་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་ཞིབ་འཇུག་གནང་སྟེ། སྔར་གྱི་གནའ་མིས་བྱས་པའི་རིག་པའི་རྨང་གཞིའི་ཐོག་ཏུ། རང་ཉིད་ཀྱིས་གསར་གཏོད་བྱས་པའི་རྡུལ་ཕྲན་གྱི་རིག་པ་སྟེ། དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱེད་པར་བྱས་པའི་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་དངོས་རྫས་རིགས་མི་འདྲ་བ་ཐམས་ཅད་ཀྱི་ངོ་བོ་དང་། རང་བཞིན། རོ་དང་ནུས་པ་བཅས་ལ་ཞིབ་ཏུ་དཔྱད་ནས་གསོ་བྱེད་སྨན་རྫས་སུ་བེད་སྤྱོད་གནང་བ་དང་། ནང་སེམས་ཅན་གྱི་ལུས་ཁམས་ལ་བརྟགས་ནས། ལུས་གནས་བྱེད་ཀྱི་ཐབས། ནད་གང་ལ་གང་ཕན་གྱི་སྨན་སོགས་རིག་པ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་འཇུག་གནང་སྟེ། རང་གི་གདུང་སྲས་དྲང་སྲོང་དཔྱད་བུ་ཁྲི་ཤེས་སོགས་ལ་གདམས་པའི་གསོ་རིག་སྨན་གྱི་གཞུང་ལུགས་ལ་ཡོངས་གྲགས་སུ་མདོ་དགུ་འབུམ་བཞི་ཟེར་བ་བྱུང་ཡོད་ཀྱང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་ཆོས་དང་རིག་གནས་ཐམས་ཅད་མེར་བསྲེགས་པ་དང་། ཕྱིར་གཏོང་བ། མཆོད་རྟེན་འོག་ཏུ་མནན་པ། ཁ་བསྒྱུར་བ་སོགས་ཀྱིས་བསུབ་རྐྱང་བྱས་ཏེ། བོན་གཞུང་དངོས་རྣམས་གང་མོས་སུ་ཁྱབ་སྤེལ་བྱེད་མི་ཆོག་པར་ཆབ་སྲིད་ཀྱི་རྒྱས་བཏབ་ནས་བཞག་ཡོད་སྟབས། ས་ཁུལ་ཁུག་ཀྱོག་འགའ་ཞིག་ཏུ་བོན་གྱི་བཀའ་བསྟན་སོགས་རིག་གཞུང་སྐོར་ཅུང་ཟད་ལུས་ཡོད་པ་དེ་དག་དད་པའི་རྟེན་དུ་བཞུགས་པ་ཙམ་ལས། བལྟ་ཀློག་དང་ཞིབ་འཇུག་གི་ཡུལ་དུ་མ་གྱུར་བར་ལོ་གྲངས་བརྒྱ་ཕྲག་མང་པོ་ཞིག་ཕྱིན་པའི་དབང་གིས་དུས་ཕྱིས་སྨན་གཞུང་འདི་དག་གི་དཔེ་མིང་ཙམ་ལས། དཔེ་ཆ་དངོས་པོ་མཐོང་རྒྱུ་དེ་ཧ་ཅང་དཀོན་པོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་བོན་གྱི་རིག་གཞུང་ལ་ཆེད་གཏད་དུ་ཞིབ་འཇུག་གནང་བའི་མཁས་པ་ནམ་མཁའི་ནོར་བུས། དཔྱད་འབུམ་ཁྲ་བོ་དང་། སྨན་འབུམ་དཀར་ནག་ཅེས་བྱ་བའི་དཔེ་ཆ་དེ་རིགས་ཀྱི་ཁ་བྱང་ཡོད་པ་ཞིག་ད་ལྟའི་དུས་སུ་རང་རེའི་དབང་པོའི་ཡུལ་དུ་མངོན་སུམ་དུ་འགྱུར་དཀའ་བ་ཞིག་སྟེ། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་རིང་ལ་དུས་རབས་ཀྱི་འཕོ་འགྱུར་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་དེ་དག་གི་ནང་དུ་དཔེ་རྙིང་མ་དེ་དག་ལའང་འཕོ་འགྱུར་ཅི་རིགས་ཤིག་བྱུང་ཡོད་པ་ནི་སྨོས་མ་དགོས་ལ། དཔེ་གཞུང་དེ་དག་གི་མཚན་བྱང་དངོས་སུ་ཡོད་པ་དེང་དུས་མཐོང་རྒྱུ་མེད་པ་ཙམ་གྱིས་དཔེ་གཞུང་དེ་དག་གི་དོན་སྟོར་བའམ། རྩ་མེད་དུ་ཆགས་པའང་མི་བསམ་ཏེ།

དེང་དུས་བོད་ཡུལ་ལ་ཡོངས་སུ་གྲགས་པའི་སྨན་གཞུང་《རྒྱུད་བཞི།》 སོགས་ཀྱི་འབྱུང་ཁུངས་ལྟེ་བ་ནི་དཔྱད་འབུམ་ཁྲ་བོ་དང་། སྨན་འབུམ་དཀར་ནག་དེ་དག་ཡིན་ངེས་པ་ནི། 《རྒྱུད་བཞི།》 ནང་གསལ་སྨན་མིང་དུ་སླེ་ཏྲེས་དང་ད་ཏྲིག་ཅེས་པས་མཚོན་ཞང་ཞུང་གི་སྐད་ཤིན་ཏུ་མང་པོ་ཞིག་ཡོད་འདུག་པ་དང་། གཞན་ཡང་འཚོ་བའི་སྐོར་བསྟན་པའི་སྐབས་སུའང་རྒྱ་གར་ན་མི་སྲིད་ཅིང་། ཞང་བོད་ཀྱི་ཡུལ་ཁོ་ན་ལ་ཡོད་པའི་དངོས་ཆས་ཅི་རིགས་པ་ཞིག་གི་མིང་ཡང་བསྟན་ཡོད་པ་དེ་རྣམས་ཀྱིས་ཤེས་རྟོགས་ཐུབ་ངེས་ཡིན། ཞེས་གསུངས་པ་ལ་བརྟག་ན་བོད་གྱི་བཀའ་བསྟན་ཁྲོད་དུ་བཞུགས་པའི་སྨན་གཞུང་འདི་དག་ནི་ཤིན་ཏུ་མཐོང་དཀའ་བ་ཞིག་ཆགས་ཡོད་པ་ཤེས་སོ། །

 

གཞན་ཡང་སྔོན་གྱི་དུས་སུ་དཔེ་ཆ་འདི་དག་ཤིན་ཏུ་མཐོང་དཀའ་བ་ཞིག་ཡིན་པའི་ཤེས་བྱེད་གཞན་ཞིག་ནི། ཐུའུ་བཀན་ཆོས་ཀྱི་ཉི་མས་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལུགས་རྣམས་ངོ་སྤྲོད་གནང་བའི་སྐབས་སུ་སྤྱོད་པའི་སྐོར་ལ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གཞན་ཡང་ནད་འབུམ་ནག་པོ། ཚེ་འབུམ་ཁྲ་བོ། སྨན་འབུམ་དཀར་པོ། གཏོ་འབུམ་ནག་པོ་སོགས་དང་ཞེས་སྨན་གྱི་གཞུང་ལུགས་དེ་དག་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་སྤྱོད་པ་བསྟན་པའི་གཞུང་དུ་ངོས་འཛིན་གནང་ཡོད་པ་ནི། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ནང་འཁོད་པའི་དཔེ་མིང་ཙམ་ལ་བརྟེན་ནས་བོན་ལ་ཞིབ་འཇུག་གནང་བ་ཙམ་ལས། སྐབས་དེར་བོན་གྱི་རིག་གཞུང་དངོས་པོ་དེ་དག་མཐོང་ཐུབ་མེད་པའི་དངོས་རྟགས་ཡིན་པ་དང་། ཡང་དེ་ཉིད་ལས། ཁོ་བོས་མཐོང་བའི་བོན་གཞུང་ཞིག་ན་འདི་ལྟར་སྣང་སྟེ། ཞེས་ལུང་དྲངས་པ་ལ་བརྟགན་སྐབས་དེར་བོན་གྱི་རིག་གཞུང་རྣམས་ཧ་ཅང་མཐོང་དཀོན་པོ་ཞིག་ཆགས་ཡོད་པར་ངེས།

 

ཉེ་ཆར་བོན་ནང་སི་ཁྲོན་མི་རིགས་ཞིབ་འཇུག་སོའོ་ཞེས་པ་དེས་པར་དུ་བཏབ་པའི་བོན་གྱི་བཀའ་བསྟན་རྙིང་པ་དེའི་ནང་སྨན་གཞུང་འདི་དག་གི་དཔེ་ཆ་བཞུགས་འདུག་ལ་ཚིག་གི་སྦྱོར་བ་ཅུང་ཟད་མི་བདེ་བ་ཞིག་སྟེ། ཤོ་ལོ་ཀ་གཅིག་ལའང་ཚིག་རྐང་རིང་ཐུང་མ་ངེས་པ་སྣ་ཚོགས་ཡོད་པ། ས་བཅད་དང་ལེའུ་ཡི་གོ་རིམ་མི་འདྲ་བ་ཙམ་ལས་ནང་དོན་ཕལ་ཆེར་གསོ་རིག་《རྒྱུད་བཞི།》 དང་འདྲ་བ། གཞུང་དེའི་མཇུག་བྱང་དུ། བདུད་རྩིའི་སྨན་གྱི་མདོ་དགུའི་རྒྱུད་རིམ་ནི། སངས་རྒྱས་བསྟན་པའི་གཙོ་བོ་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་རྩ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུད་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་བན་དེ་མི་བདུན་ལ་བརྒྱུད་དེ་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབ་བྱེད་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་བོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་གདམས་པའོ། །བསྟན་པའི་གསལ་བྱེད། ཁམས་ཡུལ་རྐ་ཡི་བཙུན་པ་དྲུང་མུ་ཉི་ལྦེར་གྱིས་བགྱིས་པ་སརྦ་ཛནཏུ། ཞེས་གསལ་བ་འདི་དག་གིས་བོན་དར་བའི་དུས་ནས་བོད་ལ་དཔེ་ཆ་དང་ཡི་གེ་ཡོད་པ་གསལ་བ་དང་། དཔྱད་བུ་ཁྲི་ཤེས་ནས་བཟུང་རིམ་པ་བརྒྱུད་དེ་གསོ་རིག་གི་གཞུང་ལ་ཁ་སྣོན་དང་ལེགས་བཅོས་བྱས་ཏེ་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད་པ་ཤེས་ཐུབ།

 

དེ་ལྟར་གཤེན་རབ་མི་བོ་ཆེའི་གདམས་ངག་གི་རྒྱུན་དེ། དྲང་སྲོང་དཔྱད་བུ་ཁྲི་ཤེས་སོགས་ལས་བརྒྱུད་དེ་རིམ་བཞིན་དར་སྤེལ་བྱུང་བའི་གསོ་རིག་གི་གཞུང་འབུམ་བཞིར་གྲགས་པ་ལ།

                           ཐུགས་འབུམ་མཁའ་སྔོན་ཞེས་པ་དེའི་ཁ་བྱང་ཡོངས་རྫོགས་ལ། བདུད་རྩི་སྨན་གྱི་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་བཞུགས་པ་དབུ་ཕྱོགས་ལེགས། ཞེས་ཤོག་ལྡེབ་བཅུ་གསུམ་ཡོད་པ་དེའི་ནང་དོན་གཙོ་བོ་ནི། ནད་ཅན་དང་ནད་མེད་པའི་ལུས་ཀྱི་དབྱེ་བ། ནད་དང་། ལུས་ཟུངས། དྲི་མ་གསུམ་གྱིས་ལུས་གནས་པ་དང་འཇོམས་པར་བྱེད་ཚུལ། ནད་ཀྱི་རྒྱུ་རྐྱེན། དབྱེ་བ། འཇུག་སྒོ། གནས། རྒྱུ་བའི་ལམ། ན་སོས་སྐྱེད་པའི་ནད། ཡུལ་གྱིས་སྐྱེད་པའི་ནད། དུས་ཀྱིས་སྐྱེད་པའི་ནད། དེ་དག་ལས་བཅོས་སུ་རུང་བའི་ནད་དང་། བཅོས་ཐབས་མེད་པའི་ནད་གང་གང་། ནད་སོ་སོར་བརྟག་ཐབས། བཅོས་ཚུལ། ཟས་དང་། སྨན། སྤྱོད་ལམ། དཔྱད་བཅས་ཀྱི་བསྟེན་ཚུལ་རྣམས་མདོར་དྲིལ་ནས་བསྟན་ཡོད་པ་ཞིག་རེད།

                           སྨན་འབུམ་དཀར་བོ་ཞེས་པ་དེའི་ཁ་བྱང་ཡོངས་ལ། སྡུག་བསྔལ་ཞི་བྱེད་གསོ་རིག་སྨན་འབུམ་དཀར་བོ་ཞེས་བྱ་བ་བཞུགས་པ་ལེགས་སོ། ཞེས་ཤོག་ལྡེབ་ཆིག་བརྒྱ་བཅོ་བརྒྱད་ཡོད་པ་དེའི་ནང་དོན་གཙོ་བོ་ནི། རྩ་ཆུ་བརྟག་ཐབས། སྨན་གྱི་སྦྱོར་སྡེབ། ནད་སྨན་སྤྲོད་ཚུལ།

                           དཔྱད་འབུམ་ཁྲ་མོ་ཞེས་པ་དེའི་ཁ་བྱང་ཡོངས་རྫོགས་ལ། སྡུག་བསྔལ་ཞི་བྱེད་གསོ་བྱེད་དཔྱད་འབུམ་ཁྲ་བོ་ཞེས་བྱ་བ་བཞུགས་པའི་དབུས་ཕྱོགས་ལེགས་སོ། །ཞེས་ཤོག་ལྡེབ་བདུན་ཅུ་དོན་གཅིག་ཡོད་པ་དེའི་ནང་དོན་གཙོ་བོ་ནི། ལུས་ཆགས་ཚུལ། ལུས་ཀྱི་མཚན་ཉིད། ནད་ཀྱི་རྒྱུ་རྐྱེན། ནད་ཀྱི་དབྱེ་བ། ནད་སློང་རྐྱེན། སྤྱོད་ལམ་སྣ་ཚོགས་ལ་བརྟེན་ནས་ལུས་ལ་ནད་འགོག་ཐབས། སྨན་རྫས་ངོས་འཛིན་དང་། དེ་དག་གི་རོ་ནུས་སྦྱོར་སྡེབ་བཅས་བསྟན་ཡོད་པ་དང་། དེ་ལས་རྩ་སྨན། ཤིང་སྨན། ས་སྨན། རྡོ་སྨན། སྲོག་ཆགས་ཀྱི་ལུས་ལ་ཡོད་པའི་སྨན་རྫས་བསྡོམས་པས་སྨན་སྣ་སུམ་བརྒྱ་ལྷག་ཙམ་ཞིག་ངོས་འཛིན་གནང་འདུག །

                           ནད་འབུམ་ནག་པོ་ཞེས་པ་དེའི་ཁ་བྱང་ཡོངས་རྫོགས་ལ། སྡུག་བསྔལ་སེལ་བྱེད་གསོ་བྱེད་ནད་འབུམ་ནག་པོ་ཞེས་བྱ་བ་བཞུགས་པ་ལེགས་སོ། །ཞེས་ཤོག་ལྡེབ་བཞི་བརྒྱ་ཞེ་བརྒྱད་ཡོད་པ་དེའི་ནང་དོན་གཙོ་བོ་ནི། ནད་སོ་སོའི་རྒྱུ། སློང་རྐྱེན། ན་ལུགས། བརྟག་ཐབས། བཅོས་ཚུལ། སྨན་གྱི་བསྡུ་སྦྱོར་སོགས་རེ་རེ་བཞིན་རྒྱས་པར་ཕྱེས་ནས་བཤད་པ་ཞིག་རེད།

 

དེ་ལྟར་སྨན་འབུམ་བཞི་བོ་དེ་དག་གོང་གསལ་བརྒྱུད་རིམ་བཤད་པའི་མཛད་བྱང་ལ་བརྟག་ན། སྟོན་པ་གཤེན་རབ་ཀྱིས་གསོ་བ་རིག་པའི་ཐབས་ཀྱི་ཉམས་མྱོང་རྣམས་ཟིན་བྲིས་སུ་བཏབ་པ་དེ་དག དྲང་སྲོང་དཔྱད་བུ་ཁྲི་ཤེས་སོགས་རྗེས་འཇུག་རྣམས་ཀྱིས་ཁ་སྣོན་དང་རྒྱས་སྤྲོས་ཅི་རིགས་བྱས་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་གསོ་རིག་འབུམ་བཞི་འདི་གྲུབ་པ་གསལ་བོར་མཐོང་ཐུབ།

 

དེས་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་ལྷག་ཙམ་གྱི་གོང་ན་གཤེན་རབ་ཀྱི་སྲས་ཆེ་བ་དཔྱད་བུ་ཁྲི་ཤེས་སོགས་ཀྱིས་གསོ་རིག་གི་ཉམས་མྱོང་རྣམས་ཟིན་བྲིས་སུ་བཏབ་ཡོད་པ་དེ་དག་ཡིན་ལ། དེ་ནི་གསོ་རིག་འབུམ་བཞི་དང་། རྒྱུད་བཞི་སོགས་གྲུབ་བྱེད་ཀྱི་རྨང་གཞི་ཡང་ཡིན་པར་ངེས། །ད་ལྟར་གནའ་རབས་ཀྱི་གཞུང་ལུགས་ལོ་རྒྱུས་དང་ལྡན་པའི་མཛད་བྱང་ཅན་གྱི་དཔེ་རྙིང་མངོན་སུམ་མཐོང་རྒྱུ་ཡོད་པ་འདི་ཡིས། རྒྱལ་བོ་གཉའ་ཁྲི་བཙན་པོའི་གོང་རོལ། རྒྱ་ནག་གི་ཁྲུང་ཆེའུ་ཡི་དུས་རབས། རྒྱ་གར་དུ་ཤཱཀྱ་ཐུབ་པ་བྱོན་པའི་དུས་རབས་དེར། རང་རེ་བོད་ཀྱི་རྒྱལ་ཁབ་འདི་ལ་མི་ཡི་ལུས་ཁམས་བདེ་ཐང་ཡོང་བ་དང་། ནད་རིགས་འགོག་བཅོས་བྱེད་ཐབས་སོགས་ཀྱི་ཤེས་རིག་གི་ཚད་གཞི་མཐོན་པོ་ཆགས་ཡོད་པ་གསལ་བ་མ་ཟད། རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་གནའ་བོའི་བོད་མི་རྣམས་ལ་ནད་ཀྱིས་ཟིན་ཚེ། འཆི་བ་ཁོ་ན་སྒུག་སྡོད་པའི་དུད་འགྲོ་ནང་བཞིན་གླེན་ལྐུགས་ཡིན་པར་འཛིན་པའི་ལོག་རྟོགས་ཀྱང་སེལ་ཐུབ་ཞེས་མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་ནས་གསུངས་བ་ལས་མ་འདས།

 

༢། 《རྒྱུད་བཞི།》 ཇི་ལྟར་བྱུང་བའི་ཚུལ།

གསོ་རིག་《རྒྱུད་བཞི།》འབྱུང་ཁུངས་དངོས་གང་ཡིན་ཞེ་ན། གྲུབ་མཐའི་ལ་རྒྱ་དང་། ཕྱོགས་རིས་ཀྱི་ཞེན་པས་མ་བཅིངས་པར་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན། གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་སྦྱོང་གྲ་འཛུགས་སྐབས་དཔྱད་བུ་ཁྲི་ཤེས་ནས་བརྒྱུད་དེ་རིམ་པས་འཕེལ་རྒྱས་བྱུང་བའི་གསོ་རིག་འབུམ་བཞི་ཞེས་པའི་གཞུང་དེ་ལ། ཚིག་རྐང་རྣམས་མཐའ་གཅིག་ཏུ་དགུ་ཚིག་ཏུ་བཅོས་ནས་ཚིག་གི་སྦྱོར་བ་ལ་སྙན་ཆ་བཏོད། ལེའུ་དང་ས་བཅད་རྣམ་ལ་འོས་ཐོབ་ཀྱི་བཅོས་བསྒྲིགས་བྱས། རྒྱ་དཀར་ནག་ནས་བསྒྱུར་བའི་གསོ་རིག་གིས་གསོས་བཏབ། དབུ་ལ་བོན་ལུགས་ཀྱི་མཆོད་བརྗོད་ཡོད་པ་དེ་དག་དང་། མཇུག་གི་མཛད་བྱང་རྣམས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་སྟེ། གསོ་རིག་《རྒྱུད་བཞི།》ཞེས་མཚན་གསོལ་ནས་སྨན་པ་རྣམས་ཀྱི་གཟིགས་སྟེགས་སུ་གནང་བར་ངེས་ཏེ། སྟག་ཚང་ལོ་ཙ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་ན་བཤད་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། །ཅེས་དང་།

 

སྨན་རྩིས་གཙུག་ལག་ཀུན་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་རྒན་བྱམས་པ་འཕྲིན་ལས་མཆོག་གིས། དོན་དུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་དེས། ངོ་མཚར་ཆེ་བའི་ཁྱད་ཆོས་རྣམས་བསྡུ་ལེན་གྱིས་རྒྱུད་བཞི་ཆ་ལམ་ཙམ་ཞིག་མཛད་པ་ནི་གསོ་རིག་གི་སྤྱི་དོན་དང་། གཞུང་ལུགས་ཀྱི་རྣམ་བཤད། ནད་ཐོག་གི་ཉམས་མྱོང་། སྨན་བཅོས་ཀྱི་ཐབས་ཤེས་སོགས་དོན་དངོས་དུ་མའི་སྟེང་ནས་ར་འཕྲོད་མི་འཕེར་བའི་རྒྱུ་མཚན་ཅི་ཡང་མེད། ཅེས་དང་། ཡང་།

 

མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས། གསོ་རིག་རྒྱུད་བཞིའི་མཇུག་ཏུ་རྩོམ་པ་པོ་གང་ཡིན་དངོས་སུ་བྲིས་པ་ཞིག་མེད་པའི་ཕྱིར་དང་། སྐབས་དེར་བོན་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་གི་བཀའ་ཡིས་བརྡུང་བརྟེག་ཐེབས་བཞིན་པའི་སྐབས་དང་འཁེལ་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། རྗེས་སུ་བོད་ཁམས་སིལ་བུར་ཐོར་རྗེས་རིག་གནས་སྤྱིའི་ལོ་རྒྱུས་ལ་གཏོར་བརླགས་ཚབས་ཆེན་ཕྱིན་ཡོད་སྟབས། བསྟན་པ་ཕྱི་དར་དུས་སུ་ལོ་རྒྱུས་དངོས་ལ་ཞིབ་འཇུག་བྱས་ཀྱང་དོན་དངོས་ཇི་བཞིན་མ་བྱུང་བ་དང་། སྐབས་དེར་སངས་རྒྱས་ཆོས་ལུགས་ལ་བསྙེན་བཀུར་དང་། ཆེ་བསྟོད་བྱེད་པའི་ཚ་རླབས་གསར་བ་ཞིག་འཕྱུར་བཞིན་ཡོད་སྟབས་སྔར་ཡོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་སྐབས་རྩ་བ་བོན་ལ་གཏུགས་པ་ནི་སུས་ཀྱང་མི་འདོད་པ་ཞིག་ཏུ་ཆགས་ཡོད་པ་རེད།

 

བོད་ཀྱི་གསོ་བ་རིག་པའི་དཔལ་《དཔལ་ལྡན་རྒྱུད་བཞི།》འདི་ནི། ཕྱི་ནང་གི་ནད་རིགས་ཐམས་ཅད་ཀྱི་ངོ་བོ། རྒྱུ་རྐྱེན། བརྟག་ཐབས། གསོ་ཚུལ་སོགས་ཆ་ཡོངས་སུ་ཚང་བ། ཆེས་ཕུན་སུམ་ཚོགས་པའི་གཞུང་ལུགས་ཤིག་ཡིན་ལ། དེ་ལྟ་བུའི་བསྟན་བཅོས་ཁྱད་དུ་འཕགས་པ་ཞིག་རྩོམ་དགོས་ན། མི་རབས་མང་པོའི་མཁས་བ་རྣམས་ཀྱིས་བསགས་པའི་ཉམས་མྱོང་གི་ཟིན་བྲིས་དང་། ཡིག་ཆ་མང་པོ་ཞིག་དཔྱད་གཞིར་འཛིན་ས་མེད་ན། གང་ཟག་གཅིག་གིས་མི་ཚེ་གཅིག་ལ་སྦྱངས་སྟོབས་ཀྱི་ཡོན་ཏན་ཁོ་ནས་སྐབས་དེའི་དུས་སུ་གཞུང་ལུགས་འདི་འདྲ་བ་ཞིག་གྲུབ་མི་ཐུབ་པ་ནི་དཔྱད་པས་རྟོགས་ནུས།

 

མདོར་ན་སྤྱི་ལོ་དུས་རབས་བདུན་པའི་ནང་གསོ་རིག《རྒྱུད་བཞི།》འདི་དངོས་སུ་བྱུང་བ་ནས་ད་བར་དུ་མཁས་པ་རྣམས་ཀྱིས་རྒྱུད་འདིར་བརྟེན་ནས་རང་རང་གི་བློ་གྲོས་ཆུ་གཏེར་ལས་ལེགས་བཤད་ཀྱི་ནོར་བུ་འོངས་བ་རྣམས་ཀྱིས་རང་རེའི་གསོ་རིག་པའི་བསྟན་པ་གོང་འཕེལ་ལ་མཛད་རྗེས་བླ་ན་མེད་པ་བསྐྲུན་གནང་ཡོད་ཀྱང་། དེང་དུས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་དང་ཆེད་ལས་ཞིབ་འཇུག་མཁན་དང་འཚོ་བྱེད་དུ་རློམ་པ་ཁ་ཅིག་གིས་རྒྱ་ནག་ནས་འགྱུར་བ་དང་། རྒྱ་གར་ནས་བྱུང་བ་སོགས་བོད་ཀྱི་བསྟན་བཅོས་མ་ཡིན་པར་གླེང་བ་སོགས་འཁྱོག་བཤད་དང་ཁུང་ལུངས་རྒྱུ་མཚན་མེད་པའི་རིག་པ་ལྟར་སྣང་གིས་ཞིབ་འཇུག་བགྱིད་ཁུལ་བྱེད་པ་རྣམས་རང་ཉིད་ངལ་བའི་རྒྱུ་ལས་ཅི་ཡང་མེད།

 

དེ་ལྟར་ཁོ་བོའི་རྩོམ་ངན་འདི་ཉིད་ཀྱིས་ཀྱང་སོ་ཕག་གིས་གཡང་ཌི་འདྲེན་པ་བཞིན་མཁས་པ་རྣམས་ཀྱི་ལེགས་བཤད་གསར་བ་རེ་འདྲེན་ནུས་ན་ཅི་མ་རུང་སྙམ་པའི་སྨོན་འདུན་གྱིས་དཔྱོད་ལྡན་མཁས་པའི་དབང་བོ་དག་གི་སྤྱན་སྔར་གྲོས་བསྡུར་ཆེད་དུ་གླེང་བསླངས་པ་ཙམ་གྱིས་རེ་ཞིག་མཇུག་བསྡུས་པ་ལགས་ན། ཚིག་དོན་གཉིས་ཀྱི་ཆ་ལ་འགལ་འཁྲུལ་གྱི་དྲི་མ་མཆིས་པ་སྨོས་མ་དགོས་པས། མཁྱེན་ལྡན་གཟུ་བོར་གནས་བ་དག་གིས་བརྩེ་བའི་སྒོ་ནས་ཡོ་བསྲང་གནང་རོགས་ཞུ་རྒྱུ་ཡིན།། །།

 

དཔྱད་གཞིའི་ཡིག་ཆ་ཁག་ནི།

《རྒྱུད་ཀྱི་བཀའ་སྒྲུབ།》 《གསོ་རིག་ཁོག་འབུགས།》 《སྤ་བཞེད།》 《རྩ་ཕྲ་འཕྲུལ་གྱི་ལྡེ་མིག་གསེར་གྱི་བང་མཛོད།》 《བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།》 《དེབ་ཐེར་རྒྱ་མཚོ།》 《སྨན་དཔྱད་ཟླ་བའི་རྒྱལ་བོ།》 ཐུབ་བསྟན་ཕུན་ཚོགས་ནས་མཛད་པའི་《བོད་ཀྱི་གསོ་རིག་གི་བྱུང་ཚུལ།》 བྱམས་པ་འཕྲིན་ལས་ནས་མཛད་པའི་《དྲང་སྲོང་དཔྱིད་བུ་ཁྲི་ཤེས་ཀྱི་ལོ་རྒྱུས།》 གནམ་ལྷ་མཁར་ནས་མཛད་པའི་《རྒྱུད་བཞི་བཀའ་བསྟན་གང་ཡིན་ལ་དཔྱད་པ།》 《 བོན་གཞུང་ལེགས་བཤད་མཛོད།》 《རྙིང་མ་རྒྱུད་འབུམ།》

 

འདི་ནི་སྤྱི་ལོ་༡༩༩༦ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པ་ 《སྨན་རྩིས་དུས་དེབ། འདོན་ཐེངས་དང་པོ།》 ནས་ཟུར་བཏོན་བྱས་པ་ཞིག་ཡིན།།

མཐའ་མའི་འདོན་ཐེངས་།: 18.11.2013 ཉིན། 4:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།