རྒྱུད་བཞི་བཀའ་བསྟན་རྣམ་དབྱེ་མུན་སེལ་སྒྲོན་མེ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011 |
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ། |
རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ཟུར་མཁར་བློ་གྲོས་རྒྱལ་པོ།
སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བོད་གངས་ཅན་གྱི་ཁྲོད་འདིར་མི་གསུམ་ཚོགས་པ་ཡན་གྱིས་སྨན་དཔྱད་ཀྱི་རྒྱུད་བཞི་འདི་བཀའ་ཡིན་ནམ་བསྟན་བཅོས་ཡིན་ཞེས་གླེང་ཞིང་། འགའ་ཞིག་བཀའ་རང་ཡིན་ཞེས་ཨུ་ཚུགས་འབའ་ཞིག་བྱེད་ཅིང་། འགའ་ཞིག་བསྟན་བཅོས་རང་ཡིན་ཞེས་གླེང་ཡང་ལུང་རིགས་གང་ནས་ཀྱང་མ་འགྲེལ་བའི་ཨུ་ཚུགས་འབའ་ཞིག་བྱེད་ཀྱི་ཡོད་འདུག་པས། དེའི་ཕྱིར་རང་གི་སློབ་མ་རྣམས་ཀྱི་དོན་དུ་ལུང་རིགས་དང་འབྲེལ་བའི་གཏམ། མཁས་པ་རྣམས་ཀྱིས་གཟིགས་ན་དགོངས་པ་བདེ་ཞིང་དམངས་མ་རྣམས་བརྗོད་བདེ་ཞིང་བརླིང་བར་འདོད་པའི་གཏམ་འདི་བཤད་པར་བྱ་སྟེ། འདིར་བཤད་པ་ལ་གསུམ། ཕྱི་ལྟར་དུ་སངས་རྒྱས་ཀྱི་བཀར་འཆད་པ། ནང་ལྟར་དུ་པཎྜི་ཏའི་བསྟན་བཅོས་སུ་འཆད་པ། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་འཆད་པའོ། །ཁྱད་པར་ཤཱཀྱ་ཐུབ་པས་གསུངས་པར་འཆད་པའོ། །དང་པོ་ནི། རྗེ་བཙུན་བྱམས་པས་རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་གསུངས་པས། གསུང་རབ་དང་བསྟན་བཅོས་གང་ཡིན་ཀྱང་དོན་ཁྱད་པར་ཅན་དང་འབྲེལ་བ་ཉོན་མོངས་པ་སེལ་ནུས་པ། ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ་ཅི་འདུག་ཀྱང་དྲང་སྲོང་གི་བཀའ་ཡིན་ཏེ། འདི་སྐབས་ཀྱི་དྲང་སྲོང་ནི་སངས་རྒྱས་ཁོ་ནའི་མིང་གི་རྣམ་གྲངས་ཡིན་ནོ། །དེ་ཙམ་དུ་ཡང་མ་ཟད། མདོ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་བསྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་བས་མངོན་བསླབས་ཤིང་། །མངོན་སུམ་བྱས་ནས་བསླབས་པ་ཇི་བཞིན་སྟོན་བྱེད་དེ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུ་མ་ཡིན། །ཞེས་པས་ཉན་ཐོས་ལ་སོགས་པ་འཁོར་སྡེ་བཞིས་ཆོས་འཆད་པ་དང་རིགས་པ་དང་ལྡན་པར་ཆོས་སྟོན་པ་དང་། དེའི་འབྲས་བུར་ཐར་པའི་ལམ་ཐོབ་པར་བྱེད་པ་དག་ཀྱང་སངས་རྒྱས་ཀྱི་མཐུ་ཡིན་གྱི། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་གང་དང་གང་བརྩམས་པ་རྣམས་ལ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ལེགས་པར་བསླབས་ཤིང་། ཆོས་སྟོན་པར་བྱེད་པ་དེ་དག་ཀུན་ཀྱང་སངས་རྒྱས་ཁོ་ནའི་མཐུས་བྱས་པ་ཡིན་གྱི། ཉན་ཐོས་ལ་སོགས་པ་རང་རང་གི་མཐུ་སྟོབས་ཀྱིས་བྱུང་བ་མ་ཡིན་ཏེ། དཔེ་ཇི་ལྟ་བུ་ཞེ་ན། འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པ་དང་། མེ་ཏོག་དང་འབྲས་བུ་ལྡན་པའི་སྨན་དང་ནགས་ཇི་སྙེད་ཅིག་སྐྱེ་བ་རྣམས་མཚོ་མ་དྲོས་པ་ལ་གནས་པའི་ཀླུའི་བདག་པོ་མ་དྲོས་པ་ཟེར་བ་དེའི་མཐུ་དང་དཔལ་ཏེ་ནུས་མཐུ་ལ་བརྟེན་ནས་སྐྱེ་བ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། སོ་སོ་སྐྱེ་བོ་སོགས་ཀྱིས་བསྟན་ཀྱང་། གོང་གི་ཕན་ཡོན་དེ་རྣམས་དང་ལྡན་ཕྱིན་འཆད་བྱེད་དེ་རྣམས་ཀྱིས་བཤད་པ་ཀུན་ཀྱང་སངས་རྒྱས་ཁོ་ནའི་མཐུ་ཡིན་གྱི། ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །བརྒྱད་སྟོང་པ་ལས་ཀྱང་། ཚེ་དང་ལྡན་པ་ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་གང་ཅི་སྨྲ་བ་དང་། བརྗོད་པ་དང་། འཆད་པ་དང་། རབ་ཏུ་སྟོན་པ་དེ་དག་ཐམས་ཅད་ཆོས་ཉིད་དང་མི་འགལ་ལོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་དག་འདི་ལྟར་ཆོས་ཉིད་དེ་སྟོན་པ་རྣམས་ཆོས་ཉིད་དང་མི་འགལ་བ་དེ་ཡང་དེ་བཞིན་གཤེགས་པས་ཆོས་བསྟན་པའི་རྒྱུ་མཐུན་པའོ། །ཞེས་རྒྱས་པར་གསུངས་པ་ལྟར་དུ་ཤེས་པར་བྱའོ། །
དང་པོ། ཁྱད་པར་དུ་ཤཱཀྱ་ཐུབ་པས་གསུང་ཚུལ། གཞན་ལུགས་མི་འཐད་པ་དགག་པ་དང། རང་ལུགས་འཐད་ལྡན་བཞག་པ་གཉིས་ལས། དང་པོ་ནི། རྒྱུད་བཞིའི་རྣམ་ཐར་བཀའ་རྒྱ་མ་ནས་བཤད་པ་ནི་དགོངས་པ་ཅན་ཏེ་དོན་དང་མི་མཐུན། དེ་ལ་གཞོགས་དྲུད་ནས་བཅོམ་ལྡན་འདས་ཀྱིས་ཨོ་རྒྱན་གྱི་ཡུལ་དུ་གསུངས་པར་འདོད་པ་ཡང་དོན་མ་གོ་བའི་ཨོ་རྒྱན་གྱི་ཡུལ་མིག་གིས་མི་མཐོང་བ་གཞིར་བཞག་གི་གཏམ་མ་གཏོགས་ཁུངས་དང་རྒྱུ་མཚན་འབྲེལ་བའི་གཏམ་མ་ཡིན་ནོ། །ཡང་འགའ་ཞིག་ནི་རི་རབ་ཀྱི་རྩེ་ན་ཡོད་པར་འདོད་པ་དང་། རྣམ་སྣང་གངས་ཆེན་མཚོའི་ཕྱག་མཐིལ་གྱི་པད་མ་ལ་ཡོད་པ་དང་། འགའ་ཞིག་གཞལ་ཡས་ཁང་རྣམ་དབྱེའི་རྒྱུད་ལས་གསུངས་པར་འདོད་པ་དང་། འགའ་ཞིག་གངས་ཅན་དང་མཚོ་མ་དྲོས་པའི་བར་ན་ཡོད་པར་འདོད་པ་དང་། ཁ་ཅིག་རྡོ་རྗེ་གདན་ན་ཡོད་པར་འདོད་པ་སོགས་འདོད་པ་མི་གཅིག་པ་མང་པོ་རང་རང་སོ་སོའི་རྣམ་རྟོག་ལ་གང་ཤར་ཡི་གེར་བྲིས་པ་མ་གཏོགས། དེ་དང་དེ་དག་རྣམས་ལ་ཁུངས་དང་རྒྱུ་མཚན་ལུང་རིགས་དང་འབྲེལ་བ་སྤུ་ཙམ་མི་སྣང་ངོ་། །འདི་ཡི་དགག་པ་དང་ངོ་སྤྲོད་རྒྱས་པར་གཞན་དུ་བཤད་ཟིན་ཅིང་། འདིར་ཧ་ཅང་མངས་ཀྱིས་དོགས་པས་སྤྲོས་པ་མ་བྱས་སོ། །
གཉིས་པ་རང་གི་ལུགས་ནི། སློབ་དཔོན་དབྱིག་གཉེན་གྱིས་བྱེ་བྲག་ཏུ་བཤད་པ་ལས། སྨན་གྱི་ནགས་སུ་ལོ་བཞི་སྟེ། །ཞེས་པའི་སྨན་གྱི་ནགས་ཚལ་དེ། བཅོམ་ལྡན་འདས་ཀྱིས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ས། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་དེའི་དབུས་ན་སྨན་གྱི་རི་བོ་རྒྱ་ཁྱོན་ཆེ་ཞིང་དཔངས་མཐོ་བ། དེའི་རྩེ་མོར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་རྩ་རྒྱུད་ནས་གསུངས་པ་བཞིན་ཡོད་ལ། རི་གཅིག་པོ་དེའི་ཕྱོགས་བཞིའི་ངོས་རེ་ལ་འབིགས་བྱེད། སྤོས་ངད་ལྡན། གངས་ཅན། མ་ལ་ཡ་ཞེས་པའི་མིང་བཞི་པོས་མཚོན་པར་བྱས་པའི་ཉི་མ་དང་ཟླ་བའི་ནུས་སྟོབས་ཀྱི་རང་བཞིན་མཚུངས་ཤིང་། ཚ་བསིལ་གྱི་རྗེས་སུ་འགྲོ་ལྡོག་ཚུལ་བཞིན་དུ་འབྱུང་བའི་སྨན་ཁྱད་པར་ཅན་ཡོད་དོ། །མདོར་ན་རྩ་རྒྱུད་ནས་བཤད་པའི་གནས་ཚུལ་ཇི་ལྟ་བ་ལ། གངས་ཅན་འབིགས་བྱེད་ཉི་ཟླའི་སྟོབས་ཅན་ལས་ཞེས་བཤད་རྒྱུད་ནས་བཤད་པའི་ནུས་སྟོབས་ཀྱི་ཡོན་ཏན་ཇི་ལྟ་བ་ཡོད་པའི་གནས་ཡིན་ནོ། །དེའི་རི་བོ་ནི་ད་ལྟའི་དུས་ན་ཡང་ཡོད་ལ་གྲོང་ཁྱེར་ནི་སྤྲུལ་པ་ཡིན་པས་རིག་པའི་ཡེ་ཤེས་རིགས་བཞི་དང་མཉམ་དུ་སྤྲུལ་པ་བསྡུས་པ་དང་ད་ལྟ་མེད་དོ། །འདི་ལ་ད་ལྟ་ཡན་གྱི་ལྷ་རྗེ་ཁ་ཐོགས་ཚད་ཀྱིས། གྲོང་ཁྱེར་ཕ་རོལ་ཐག་རིང་པོ་ན། རི་བོ་ནགས་རི་བཞི་ཡོད་པར་འདོད་པ་རྣམས་ཀྱིས་ནི། གངས་ཅན་འབིགས་བྱེད་ཉི་ཟླའི་སྟོབས་ཅན་ལས་ཞེས་སོགས་ཀྱི་གོ་རྒྱུ་ཏིལ་འབྲུ་ཙམ་ཡང་མ་ཆགས་པར་ཟད་དོ། །གནས་དེར་རྒྱུད་གསུང་མཁན་ནི་སྟོན་པ་ཤཱཀྱ་ཐུབ་པ་དངོས་ཡིན་པ་རྨ་བྱ་ཆེན་མོ་ནས་གསུངས་པ་ལྟར་རིག་པའི་ཡེ་ཤེས་རིགས་བཞི་དང་། ཡིད་ལས་སྐྱེས་རྣམས་ཀྱི་ཞུ་བ་ཞུས་ལན་དུ་མཛད་པས་ཞལ་ནས་གསུངས་པའི་བཀའ་དངོས་ཡིན་ཏེ་རིག་པའི་ཡེ་ཤེས་དེ་རྣམས་སངས་རྒྱས་དངོས་ཡིན་པའི་ཕྱིར་རོ། །
གཉིས་པ། ནང་ལྟར་པཎྜི་ཏའི་བསྟན་བཅོས་སུ་འཆད་པ་ལ་བསྟན་བཅོས་སྤྱིའི་གོ་དོན་བཤད་པ་དང་། གཞན་གྱི་འདོད་ལུགས་བཤད་པ་གཉིས་ལས། དང་པོ་ནི། རྣམ་བཤད་རིག་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པས་དོན་མེད་པའི་བསྟན་བཅོས་དང་དོན་ལོག་པའི་བསྟན་བཅོས་ནི་བསྟན་བཅོས་ལྟར་སྣང་ཡིན་ལ། དེའི་ནང་ནས་དོན་དང་ལྡན་པ་བསྟན་བཅོས་ཚད་མ་ཡིན་ནོ། །དེ་བཞིན་དུ་ངན་གཡོ་གཙོ་བོར་འདོན་པ་དང་། བརྩེ་བྲལ་སྙིང་རྗེ་མེད་པ་གཉིས་ཀྱང་བསྟན་བཅོས་ལྟར་སྣང་ཡིན་ལ། སྡུག་བསྔལ་སྤོང་བ་ནི་བསྟན་བཅོས་ཡང་དག་གོ། །ཡང་ཐོས་པ་གཙོ་བོར་ལེན་པ་དང་། རྩོད་པ་གཙོ་བོར་ལེན་པ་གཉིས་ནི་བསྟན་བཅོས་ལྟར་སྣང་ཡིན་ལ། སྒྲུབ་པ་གཙོ་བོར་ལེན་པ་ནི་བསྟན་བཅོས་ཡང་དག་ཡིན་ནོ། །དཔེར་ན། ཚིག་རྐང་སྔ་མ་གསུམ་པོ་དེ་དག་གི་ཚིག་འགོ་གཉིས་གཉིས་བསྡོམས་པའི་དྲུག་ནི་བསྟན་བཅོས་ལྟར་སྣང་ཡིན་ལ། ཚིག་མཇུག་གི་དོན་དང་ལྡན་པ་དང་། སྡུག་བསྔལ་སྤོང་བ་དང་། སྒྲུབ་པ་ལྷུར་ལེན་པ་གསུམ་ནི་བསྟན་བཅོས་ཡང་དག་ཚད་མ་ཉིད་དང་ལྡན་པ་ཡིན་ནོ། །དེས་ན་རང་ཅག་གི་རྒྱུད་བཞི་འདི་ཡང་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་མ་ཡིན་ཀྱང་། དོན་དང་ལྡན་པ་དང་སྡུག་བསྔལ་སྤོང་བའི་བསྟན་བཅོས་ཡང་དག་ཡིན་ནོ། །
གཉིས་པ་གཞན་གྱི་འདོད་ལུགས་བཤད་པ་ལ། ཁ་ཅིག་ནི་ཨོ་རྒྱན་པད་མས་མཛད་པར་འདོད། ཁ་ཅིག་ཨོ་རྒྱན་པད་མ། ཁ་ཆེ་ཟླ་དགའ། བཻ་རོ་ཙ་ན་གསུམ་གྱིས་བྱས་པར་འདོད། ཁ་ཅིག་གྲྭ་མངོན་ཤེས། དབུས་པ་དར་གྲགས། སྟོན་ཆེན་དཀོན་མཆོག་སྐྱབས་གསུམ་གྱིས་སྐྱིད་སྨད་ཚར་པ་སྣའི་རི་གདོང་དུ་བྱས་པར་འདོད། ཡང་འགའ་ཞིག་ཨོ་རྒྱན་པད་མ་དང་བཻ་རོ་ཙ་ནས་བསྒྱུར་ནས་དེ་འཕྲལ་བསམ་ཡས་ཀྱི་ཀ་བ་བུམ་པ་ཅན་དུ་གཏེར་ལ་སྦས། དེ་ནས་གྲྭ་བ་མངོན་ཤེས་ཀྱིས་བཏོན་ཟེར་ཡང་། འགའ་ཞིག་གཏེར་ལ་མ་སྦས་པར་ཁྲི་སྲོང་ལྡེ་བཙན་ནས་ད་ལྟའི་མངའ་རིས་ཀྱི་རྒྱལ་པོ་རྣམས་ཀྱི་བར་བརྒྱུད་པ་ཡིན་ཟེར། འདི་དག་ཐམས་ཅད་ནི་དོན་མ་གོ་བ་ཡིན་པས་རང་འདོད་གཙོ་བོར་བྱས་པར་ཟད་དོ། །
གསུམ་པ། གསང་བ་ལྟར་དུ་བོད་ཀྱི་བསྟན་བཅོས་ཡིན་པར་འཆད་པ་ལ་མཁས་པ་རྣམས་ཀྱི་གསུང་དྲང་བ་དང་། དེ་ཉིད་མདོར་བསྡུས་ཏེ་སྙིང་པོ་བཤད་པའོ། །དང་པོ་ནི། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། བོད་སྨན་མཁས་པས་བྱས་པའི་རྒྱུད་བཞི་བསླབས། །ཞེས་སོགས་དང་། སྟག་ཚང་ལོ་ཙཱ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་ན་བཤད་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། །ཅེས་དང་། པཎ་ཆེན་ཤཱཀྱ་མཆོག་པས་ཀྱང་དེ་གཉིས་དང་མཐུན་པར་བཤད་པས་བོད་པས་བརྩམས་པའི་བསྟན་བཅོས་རྣམ་དག་ཡིན་པ་ལུང་དེ་རྣམས་ཀྱིས་གྲུབ་བོ། །གཉིས་པ་ནི། འོ་ན་རྒྱུད་བཞི་རྩོམ་མཁན་བོད་ཀྱི་གང་ཟག་ཇི་ལྟ་བུ་ཡིན་ཞེ་ན། བོད་དུ་མཁས་པ་མི་དགུ་ཞེས་གྲགས་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མི་དགུ། ཞང་རི་བོང་གཟི་བརྗིད་འབར་གྱི་སློབ་དཔོན་དུ་གྱུར་བའི་མཁས་པ་མི་དགུ། ཨ་ཙ་ར་ཕྱག་རྡུམ་གྱི་སློབ་མར་གྱུར་པའི་མཁས་པ་མི་དགུའི་ནང་ནས་གཡུ་ཐོག་རྒྱ་གར་བཛྲར་གྱི་བུ་གཡུ་ཐོག་ཡོན་ཏན་མགོན་པོ། མྱང་སྟོད་འབྲི་དང་ཁྱུང་གི་འཛིན། ཞེས་པའི་འབྲི་རིགས་རྒྱ་བྲག་ཀ་བ་འཕྲང་གི་སྡུག་འདྲེའི་ལྷ་རྗེ་བྱས་པའི་གཏང་རག་ཏུ་བརྩམས་པ་ནས་བུད་མེད་རྒྱན་ཆས་ཤིན་ཏུ་འཆོར་བ་གཅིག་ཆུས་ཁྱེར་ཏེ་དེའི་རོ་རྙེད་པས་ཐོད་དང་གཡུ་རྐེད་སོགས་རྒྱན་ཆས་རྣམས་ཆུས་བངས་ཡོང་པ་དེའི་གདན་དང་བངས་བ་རྣམས་སྐམ་པའི་ཕྱིར་དུ་ཐོག་ཁར་བཏིང་བས། དེའི་རི་ལ་ར་ལུག་འཚོ་མཁན་གྱི་ལུག་རྫི་དང་བྱིས་པ་རྣམས་ཀྱིས་མཐོང་ནས། ཨ་ཁུ་མགོན་པོ་ལ་གཡུའི་ཐོག་འདུག་ཟེར། དེ་ལ་དཔགས་ནས་གཡུ་ཐོག་པ་ཞེས་ཡོངས་སུ་གྲགས་པ་མཁས་གྲུབ་ཆེན་པོ་དེ་ཉིད་ཡིན་ནོ། །
འོ་ན་རྒྱུད་བཞིས་བཞུགས་ཚུལ་ལ་སངས་རྒྱས་ཀྱི་བཀའ་ཡིན་པ་གཞིར་བཞག་བྱས་འདུག་པས་སྐྱོན་མི་ཡོང་བ་ཨེ་ཡིན་ཟེར་ན། བཤད་པར་བྱ་སྟེ། དེ་ཡང་བཀའ་ཡིན་པ་ལྟར་མ་བྱས་ན་བོད་ཀྱི་མཁས་བླུན་བར་མ་དང་བཅས་པ་རྣམས་ཡིད་ཆེས་པར་དཀའ་བ་ཡིན་ཞིང་། དོན་ལ་མི་དཔྱོད་ཚིག་ལ་རྟོག་པ་རྣམས་ཀྱི་ངོར་བཀའ་ཡིན་པ་ལྟར་མ་བྱས་ན་མ་མཐུས་པ་ཡིན། གཞན་དུ་ན་ཇ་དང་དཀར་ཡོལ་དང་། རྩ་ཆུ་བརྟག་པའི་སྐབས་སུ་ནག་རྩིས་ཀྱི་གཞུང་དང་། ཁུ་བྱུག་གི་སྐད་འདོན་ཞེས་པ་སོགས་བོད་ཀྱི་བསྟན་བཅོས་ཡིན་པ་ནི་ཤིན་ཏུ་གསལ་ལོ། །དེ་ཡང་བཀའ་ལྟར་བཀོད་པ་ལ་འཆད་ལུགས་འདི་ཤེས་དགོས་ཏེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཀྱི་སྒོ་ནས་བཤད་དགོས་ཏེ། དེ་ཡང་བཀའ་ཡིན་པ་ལྟར་མཛད་པའི་དགོངས་གཞི་ནི། གཡུ་ཐོག་ཡོན་ཏན་མགོན་པོ་འཁྲུངས་པའི་གནས་དེ་ཚ་བསིལ་གྱི་ནུས་པ་ཕུལ་དུ་བྱུང་བ་ཉི་ཟླའི་སྟོབས་ཅན་དང་། རྣམ་ཐར་བཀའ་རྒྱ་མ་ན་བཀོད་འདུག་པ་བཞིན་དུ། བླ་མ་རིག་པའི་ཡེ་ཤེས་དངོས། །བདག་རང་ཡིད་ལས་སྐྱེས་སམ་སྙམ། །ཞེས་པ་བཞིན་དུ། གཡུ་ཐོག་པ་རང་ནི་རིག་པའི་ཡེ་ཤེས། སུམ་སྟོན་ཡེ་ཤེས་གཟུངས་ནི་ཡིད་ལས་སྐྱེས་ཡིན་པ་བྱས་ནས་བཀོད་པ་ཡིན་ཞིང་། དགོས་པ་ནི་གོང་དུ་བཤད་པ་བཞིན་སྐྱེ་བོ་མགུ་དཀའ་བ་རྣམས་ཁ་དྲང་བར་བྱ་བའི་ཕྱིར་དང་། དངོས་ལ་གནོད་བྱེད་ནི་གྲོང་ཁྱེར་ལྟ་ན་སྡུག་དང་། གངས་ཅན་འབིགས་བྱེད་སོགས་ཀྱི་རི་རྣམས་ནི་དེ་དང་དེ་དངོས་མ་ཡིན་ཞིང་། དེའི་ནུས་པ་ཡོན་ཏན་ཆ་མཚུངས་སུ་ཡོད་པ་ལ་དགོངས། དེང་སང་གི་སྨན་པ་ཕལ་ཆེ་བ་རྣམས་རྣ་བས་ཐོས་མ་མྱོང་ཞིང་། ཚུལ་དང་མཐུན་པའི་མཁས་པ་ལ་ཡིད་མི་ཆེས། བག་ཆགས་སྔ་མ་དབང་བཙན་པའི་བློས་གཞུང་དོན་མ་གོ་བས་ཡིན་མིན་ཕྱེད་པ་དཀའ་ཡང་། རྒྱུད་བཞིའི་མགོ་ནས་མཇུག་གི་བར་ལ་སློབ་གཉེར་དོན་དང་མཐུན་པ་མ་བྱས་ཤིང་། བདག་གི་ཡིག་ཆ་འདི་རྣམས་ལ་ནན་གྱིས་ལྟ་རྟོག་བྱས་ན་དོན་གྱི་ངེས་ཤེས་འདྲོངས་པར་འགྱུར་བས་ཅི་ནས་ཀྱང་ནན་ཏན་དུ་བསླབ་པར་གྱིས་ཤིག ཅེས་བཤད་སྒྲུབ་གླིང་དུ་ཡོད་པའི་ལྷ་རྗེ་དགེ་བུ་ལྔ་རྒྱུད་བཞི་བཀའ་བསྟན་བཅོས་གང་ཡིན་ལ་མ་འཚམས་པས་རྐྱེན་བྱས། བཀའ་བསྟན་བཅོས་ཀྱི་སྒྲུབ་ལུགས་དོན་དང་མཐུན་པ་ཅིག་བྱེད་དགོས་ཟེར་བར་བརྟེན། ཟུར་མཁར་བ་ཀརྨ་ལེགས་བཤད་འཚོལ་གྱིས་རང་ལོ་དྲུག་ཅུ་རེ་བཞིའི་ངོས་ཀྱི་ཟླ་བའི་ཚེས་བཅུ་གསུམ་གྱི་ཉིན་ཇ་སྦྱོར་གཅིག་གི་རིང་ལ་བྲིས་པ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།
མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:22 PM
<< སྔ་མ།