སྨན་རྩིས་དྲ་བ། - ཆེད་རྩོམ།

རྒྱུད་བཞི་དང་སྙིང་པོ་བསྡུས་པའི་ཁྱད་པར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.10.2013
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ།


བོད་ཀྱི་གསོ་བ་རིག་པའི་ཉིང་ཁུ་དཔལ་ལྡན་རྒྱུད་བཞི་དང་རྒྱ་གར་ཚེ་ཡེ་རིག་བྱེད་ཀྱི་མ་ཕྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གཉིས་ཀྱི་ཁྱད་པར་སྙིང་བསྡུས་སུ་བཀོད་པ་ཆུ་དངས་ནོར་བུ་ཞེས་བྱ་བ་བཞུགས་སོ།།

 

 

ཉེ་བའི་སློབ་དཔོན་ཆེན་མོ་དབོན་པོ་རྡོ་རྗེ་དགྲ་འདུལ།

ཝཱ་རྰ་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

 

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །


སྤང་རྟོགས་རྩལ་རྫོགས་ཐུགས་རྗེའི་བདག་ཉིད་ཅན། །

བཞི་བརྒྱ་རྩ་བཞིའི་ནད་རྩ་དྲུང་འབྱིན་ཞིང་། །

མཚན་དཔེའི་རྒྱན་རྫོགས་དོན་གཉིས་མཐར་ཕྱིན་པ། །

སྨན་རྒྱལ་བཻཌྰུརྱ་ཡིས་ཤིས་པ་སྩོལ། །


བླ་མེད་ཟུང་འཇུག་གོ་འཕང་བརྙེས་ཟིན་ཀྱང་། །

འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །

བསྟན་འགྲོ་སྤྱི་དང་ཁྱད་པར་གངས་ཅན་མགོན། །

བསྟན་འཛིན་རྒྱ་མཚོའི་ཞབས་ཟུང་སྤྱི་བོས་བསྟེན། །


འཕགས་བོད་མཁས་གྲུབ་ཁ་བབས་རྣམ་བཞི་ཡིས། །

བཅུ་ཕྲག་རིག་པའི་ལོ་རྟོག་རབ་རྒྱས་ཏེ། །

རྣམ་དཔྱོད་འཛིན་མའི་དཔལ་ཡོན་རྒྱས་བྱེད་པའི། །

ཟུར་གནས་མཁས་པའི་ཚོགས་ལ་བཏུད་ནས་འབྲི། །


ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་ཁས་འཆེ་བའི་ཚིག་གིས་མདུན་བསུས་ཏེ་སྐབས་དོན་གླེང་བར་བྱ་བ་དངོས་ནི་བོད་ཀྱི་གསོ་བ་རིག་པའི་ཉིང་ཁུ་དཔལ་ལྡན་རྒྱུད་བཞི་དང་། རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་མ་ཕྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གཉིས་ཀྱི་ཁྱད་པར་སྐོར་ལ་སྙིང་བསྡུས་ཤིག་གླེང་བར་བྱ་བ་ཡིན་ལ། དེ་ཡང་སྤྱིར་སྨན་གྱི་གཞུང་ལུགས་མཆིས་སོ་ཅོག་གི་དགོས་དམིགས་ནི་མི་ན་བར་ཚེ་ཡུན་རིང་དུ་གནས་པ་དང་། ན་བ་ལས་སོས་ནས་ཕུན་ཚོགས་སྡེ་བཞི་ལ་སོགས་པ་རང་གཞན་གྱི་འདོད་དོན་མཐའ་དག་དངོས་དང་བརྒྱུད་ནས་གྲུབ་པར་བྱ་བའི་ཐབས་གཞན་རྗེས་སུ་བཟུང་བའི་ཐུན་མོང་གི་རིག་གནས་རྨད་དུ་བྱུང་བ་ཞིག་ཡིན་པ་ལ་ལ་ཁྱད་པར་མེད། འོན་ཀྱང་ཡུལ་ལུང་སོ་སོའི་མི་རིགས་ཀྱི་ཁམས་དང་མོས་པ། ཁོར་ཡུག ཟས་སྤྱོད། གོམས་གཤིས། ལེགས་བྱང་སོགས་མི་འདྲ་བའི་ཁྱད་པར་གྱིས་རིག་པའི་གཞུང་ལུགས་ལ་ཡང་ཁྱད་པར་ངེས་ཅན་ཤིག་ཡོད་ལ། ཡང་འཛམ་གླིང་ཧྲིལ་པོ་གཅིག་གི་སྟེང་དུ་གནས་པས་ཕན་ཚུན་རྒྱུ་འོང་འབྲེལ་འགྲུལ་དབང་གིས་རིག་གཞུང་ལེགས་ཆ་སྤེལ་རེས་ཀྱིས་ཕར་སྤྲོད་ཚུར་ལེན་བྱུང་བས་འདྲ་བའི་ཆ་ཡང་ཇེ་སྙེད་ཅིག་ཡོད་པ་ཡིན། ད་ལམ་འདིར་དཔལ་ལསྡན་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞུང་ལུགས་གཉིས་ཀྱི་འབྱུང་རིམ་ལོ་རྒྱུས་དང་། ལྟ་གྲུབ། བརྟག་ཐབས། གསོ་ཐབས། བྱ་བྱེད་སྨན་པའི་རྣམ་གཞག་བཅས་ཀྱི་སྒོ་ནས་ཁྱད་པར་མདོར་བསྡུས་ཤིག་དགོད་པར་བྱ་བ་ལ།


དང་པོ་ལོ་རྒྱུས་ཀྱི་ཁྱད་པར་སྙིང་བསྡུས། 

དང་པོ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཡི་འབྱུང་བ་མདོར་ཙམ་བརྗོད་པ་ནི། ཡབ་ཁྱུང་པོ་རྡོ་རྗེ་དང་ཡུམ་པད་མ་འོད་ལྡན་གཉིས་ཀྱི་སྲས་སུ་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མ་(༡༡༢༦-༡༢༠༢) སྒོ་བཞི་རེ་ཐང་དུ་འཁྲུངས། ཁོང་གིས་སྐུ་ཚེའི་སྟོད་ལ་ཡན་ལག་བརྒྱད་པའི་འགྲོ་དོན་མཛད་ཀྱང་སྐུ་ཚེའི་སྨད་ལ་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་འགྲོ་བའི་དོན་དུ་འཆད་ཉན་དར་སྤེལ་མཛད་ཅེས་གྲགས། དོན་དུ་སྐུ་ཚེའི་སྟོད་ལ་བརྒྱད་པའི་འགྲོ་དོན་མཛད་བཞིན་དུ་དཔལ་ལྡན་རྒྱུད་བཞི་ཕྱོགས་བསྒྲིགས་ལྗགས་རྩོམ་གནང་སྟེ་སྐུ་ཚེའི་སྨད་དུ་སྤེལ་བ་ཡིན་ངེས། མཁས་པ་མང་པོ་ཞིག་གིས་ཆོས་རྒྱལ་ཁྲི་སྲོང་གི་སྐབས་སུ་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་མ་ཕྱི་ལྗགས་རྩོམ་གནང་བ་དང་། ཕྱིས་སུ་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མས་ཡུལ་དུས་གནས་སྐབས་སོགས་དང་འཚམས་པའི་དགོས་མཁོའི་སྣོན་འཕྲི་སྤར་བཅོག་དང་བཅས་ལྗགས་རྩོམ་ཕྱོགས་བསྒྲིགས་གཏན་འབེབས་གནང་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད། རྗེས་སུ་རྒྱུད་བཞི་འདི་སོག་པོ་སོགས་སྐད་རིགས་མང་པོ་ཞིག་ལ་བསྒྱུར་[1]བ་ཡིན་ཞེས་གྲགས།

རྒྱུད་བཞི་འདི་བོན་གྱི་འབུམ་བཞི་ནས་བྱུང་བར་འདོད་མཁན་དང། རྒྱ་ནག་ནས་བསྒྱུར་བར་འདོད་མཁན། རྒྱ་གར་ནས་བསྒྱུར་བར་འདོད་མཁན།
བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཡིན་པར་འདོད་མཁན་སོགས་མཁས་པའི་བཞེད་པ་སྣ་ཚོགས་ཤིག་ཡོད།


དང་པོ། བོན་གྱི་འབུམ་བཞི་ནས་བྱུང་བར་འདོད་མཁན་མཁས་པ་རྣམས་ཀྱིས་རྒྱུད་བཞིའི་ནང་ཞང་ཞུང་དང་བོན་གྱི་ཐ་སྙད་དང་སྔགས་བསྲུང་བ་སོགས་ཟབ་བཅོས་མང་པོ་ཡོད་པར་མ་ཟད་ལེའུ་གྲངས་དང་ནང་དོན་མང་པོ་ཞིག་འདྲ་བའི་རྒྱུ་མཚན་གྱིས་བོན་གྱི་འབུམ་བཞི་ནས་རྒྱུད་བཞི་བྱུང་བར་འདོད་པ་ཡིན། དེ་བཞིན་སྟོན་པའི་འཁོར་ལ་དྲང་སྲོང་ཡོད་པ་ནི་བོན་གྱི་ཡིན་པའི་རྟགས་ཡིན་ལ་བཅོམ་ལྡན་འདས་ཀྱི་འཁོར་ལ་དྲང་སྲོང་ཞེས་པ་མེད་ཚུལ་ཟེར་བ་སོགས་ཡོད། རྒྱུད་བཞིའི་འཆད་ཐབས་སུ་གྲགས་པ་ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་ཁོག་འབུགས་ཁྱུང་ཆེན་ལྡིང་བ་དང་སྟོང་ཐུན་མཛེས་པའི་འཇའ་རིས་གཉིས་ཀྱང་བོན་པོ་ཞིག་གིས་མཛད་ཅེས་ཟུར་མཁར་བློ་གྲོས་རྒྱལ་པོས་གསུངས་ཡོད།[2]


གཉིས་པ། རྒྱ་ནག་ནས་བསྒྱུར་བར་འདོད་པ་ནི། ཐང་ཡིག་ཆེན་མོར། རྒྱ་ནག་སྨན་པ་ཧ་ཤང་མ་ན་དང། བོད་ཀྱི་སྨན་པ་ཙན་པ་ཤི་ལ་ཧས། བདུད་རྩི་སྙིང་པོ་གསང་བ་མན་ངག་རྒྱུད། ལེའུ་བརྒྱ་དང་ལྔ་བཅུ་དྲུག་པ་བསྒྱུར།[3] ཞེས་གསུངས་པའི་ལུང་ལ་བརྟེན་པ་ཙམ་ལས་གཞན་པའི་སྒྲུབ་བྱེད་བཀོད་པ་ཆེར་མེད།

བཞི་པ། རྒྱ་གར་ནས་བསྒྱུར་ཟེར་བ་དེ་ལ་རྒྱུད་བཞི་འདི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀར་བཞེད་མཁན་དང་།[4] བཀའ་དང་ཁྱད་མེད་པར་འདོད་མཁན། ཡང་བཀའ་དངོས་དང་ཁྱད་པར་མེད་པ་བྱིན་གྱིས་བརླབས་པའི་བཀའ་དང་རྗེས་སུ་གནང་བའི་བཀའ་ཡིན་ཚུལ་སོགས་འདྲ་མིན་གསུངས་སྲོལ་ཡོད།

བཀར་འདོད་པ་རྣམས་ཀྱིས་དང་པོ་བྱེ་བྲག་བཤད་མཛོད་ཆེན་མོར་སྨན་གྱི་ནགས་སུ་ལོ་བཞི་བཞུགས་ཞེས་པའི་སྐབས་སོགས་སུ་གསུངས་ཟེར་བ་དང་། གཉིས་པ་བླ་བརྒྱུད་སངས་རྒྱས་སྨན་བླ་བར་བསྟར་ཆགས་ཡོད་པས་བཀའ་ཡིན་ཟེར་བ། གསུམ་པ་ཕུན་ཚོགས་ལྔ་ལྡན་སོགས་བཀའ་ལྟར་བསྒྲིགས་ཡོད་པས་བཀའ་ཡིན་པར་འདོད་པ། བཞི་པ་རྒྱ་གར་གྱི་མཚན་སྐད་སྨོས་པ་དེ་རྒྱ་གར་ནས་བསྒྱུར་བ་རྒྱུ་མཚན་དུ་འགོད་པ། ལྔ་པ་སངས་རྒྱུས་ཀྱིས་གསུངས་ནས་ཕྱིས་སུ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགའ་དང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བར་འདོད་མཁན་སོགས་སྣ་ཚོགས་ཤིག་ཡོད།

འོན་ཀྱང་དང་པོ་སྨན་གྱི་ནགས་སུ་ལོ་བཞི་བཞུགས་པའི་སྐབས་སུ་གསུངས་ཟེར་བ་ལྟར་དངོས་སུ་གསུངས་པའི་བཀའ་ཡིན་ན་བཀའ་འགྱུར་དུ་མི་སྣང་བ་དང་། དེང་རྒྱ་གར་དུ་ཚེའི་རིག་བྱེད་ཀྱི་གཞུང་རྙིང་པ་ཤིན་ཏུ་མང་པོ་ཞིག་མཇལ་རྒྱུ་ཡོད་ཀྱང་རྒྱུད་བཞི་མཇལ་རྒྱུ་མི་འདུག་པར་མ་ཟད་རྒྱ་གར་མཁས་པའི་གཞུང་ཆེས་མང་པོ་བཞུགས་ཡོད་པའི་མཁས་པ་དེ་དག་གི་གསུང་ལ་རྒྱུད་བཞིའི་འཕྲོས་ཙམ་ཡང་ཐོན་གྱི་མི་འདུག་པ་དེས་རྒྱ་གར་ལ་རྒྱུད་བཞི་ཞེས་པ་ཞིག་མེད་པ་གསལ་པོ་རྟོགས་ཐུབ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་སྟོན་པས་ཞོར་ལ་གསུངས་པ་མ་གཏོགས་སྨན་དཔྱད་ཉིད་ཁོ་ན་བསྟན་པའི་མདོ་རྒྱུད་མེད་གསུངས་ཡོད།[5]

གཉིས་པ་བླ་བརྒྱུད་སྨན་བླ་བར་ཡོད་ཟེར་བ་ནི་བོད་པས་ཆེད་དུ་བཟོས་པ་ཞིག་ཡིན་པ་ལས་དངོས་དོན་དང་འཚམས་པ་མ་མངོན། གལ་ཏེ་དེ་ལྟར་བདེན་ན་བླ་བརྒྱུད་དུ་གཏོགས་པ་ཀླུ་སྒྲུབ་དང་དཔའ་བོ་རྣམས་ཀྱི་གཞུང་མང་པོ་བཞུགས་ཡོད་ཀྱང་དེ་དག་ལ་རྒྱུད་བཞིའི་འཕྲོས་ཙམ་ཡང་མེད་པ་ཅི་ཡིན་སྙམ།

གསུམ་པ་བཀའ་ལྟར་བསྒྲིགས་ཡོད་པ་ནི་དུས་བཟང་དེ་ཡི་སྐབས་བསྟན་བཅོས་སུས་བྱས་དང་སུ་ཡི་ཡིན་མིན་སོགས་མིང་གྲགས་ལ་འཐབ་རྩོད་མེད་སྟབས་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ཡོད་གཤིས་དེ་དག་རྗེས་སུ་བཟུང་བའི་སླད་དུ་བྱང་ཆུབ་སེམས་དཔས་བཀའ་ལྟར་བཀོད་པ་ལ་དད་གུས་དང་འགྲོ་དོན་ཡོང་བ་སོགས་ཀྱི་ཆེད་དུ་བཀའ་ལྟར་བཀོད་པ་ལ་དགོས་པ་ངེས་ཅན་ཡོད་པས་འགལ་བ་གང་ཡང་མེད།

བཞི་པ་རྒྱ་སྐད་སྨོས་པ་ནི་རྒྱ་གར་ནས་བསྒྱུར་མིན་ལ་མ་ལྟོས་པར་རྒྱ་བོད་ཀྱི་བསྟན་བཅོས་ཐམས་ཅད་དམ་ཕལ་ཆེ་བའི་མགོར་རྒྱ་སྐད་སྨོས་པ་ནི་བོད་ཀྱི་མཁས་པའི་ལུགས་སྲོལ་ཞིག་ཡིན། དེ་ཡང་རྒྱ་གར་ནས་བསྒྱུར་བ་ཞིག་ཡིན་ན་ལྟ་ཅི་སྨོས་ཏེ་བོད་དཔེ་ཞིག་ཡིན་ནའང་དང་པོར་མཚན་དང་མཆོད་བརྗོད་ལེགས་སྦྱར་སྐད་དུ་བྲིས། བར་གྱི་གཞུང་དུ་ལེགས་སྦྱར་རེ་གཉིས་བསྲེས། མཐར་རང་ཉིད་ཀྱི་མིང་དེ་ཡང་ལེགས་སྦྱར་སྐད་དུ་འབྲི་སྲོལ་ཡོད། དེ་ལྟར་བྱས་ན་བསྟན་བཅོས་དང་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་པར་མཚོན་ཞིང། དེ་ལ་འགྲོ་དོན་ཡོང་གི་ཡོད་པས་དེ་ལྟར་བཀོད་པའི་ལུགས་སྲོལ་བྱུང་བ་ཡིན། དེས་ན་མཚན་རྒྱ་སྐད་དུ་བཀོད་པ་ཙམ་གྱིས་རྒྱ་གར་ནས་བྱུང་བའི་ངེས་པ་མེད།

ལྔ་པ་ཁྲི་སྲོང་སྐབས་རྒྱུད་བཞི་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགའ་དང་བཻ་རོ་ཙ་ན་གཉིས་ནས་རྒྱུད་བཞི་བསྒྱུར་ཞེས་པ་ནི་དངོས་དོན་དང་འཚམས་པ་མིན། ལོ་པཎ་དེ་གཉིས་ལ་གྲགས་པའི་གཞུང་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དེ་ཉིད་ཡིན་ལ། དེ་ཡི་འགྲེལ་པ་ཟླ་ཟེར་ཡང་སློབ་དཔོན་ཟླ་དགས་མཛད་པ་ནི་རྒྱ་བོད་མཁས་གྲུབ་ཀུན་ཞལ་མཐུན། དེས་ན་ཁ་ཆེ་ཟླ་དགའ་དང་བཻ་རོ་ཙ་ན་གཉིས་ནས་རྒྱུད་བཞི་བསྒྱུར་ཞེས་པ་ནི་དངོས་དོན་དང་འཚམས་པ་མིན། ལོ་པཎ་དེ་གཉིས་ལ་གྲགས་པའི་གཞུང་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དེ་ཉིད་ཡིན་ལ། དེ་ཡི་འགྲེལ་པ་ཟླ་ཟེར་ཡང་སློབ་དཔོན་ཟླ་དགས་མཛད་པ་ནི་རྒྱ་བོད་མཁས་གྲུབ་ཀུན་ཞལ་མཐུན། དེས་ན་ཁ་ཆེ་ཟླ་དགའ་དང་བཻ་་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་དབང་དུ་བཏང་ན་ཡང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བོད་སྐད་དུ་བསྒྱུར་བ་ལ་ནོར་སོ་བྱུང་བ་ཡིན་ངེས་སྙམ། གཡུ་ཐོག་བླ་མ་དྲན་པའི་ཕོ་ཉར། དེང་དུས་སུ་རྒྱ་གར་བ་མཁས་པ་ཁ་ཅིག་གིས་བོད་དུ་བརྒྱ་ཕྲག་བརྒྱད་པའི་ནང་རྒྱུད་བཞི་བསྒྱུར་བའི་ལོ་རྒྱུས་ལ་ཞིབ་འཇུག་གིས་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་གསར་བཟོས་ཀྱིས་བཤད་པ་ལས་ཁུངས་དང་སྒྲུབ་བྱེད་ཡང་དག་ཡོད་པ་མ་ཡིན་ནོ་ཞེས་གསུངས།[6]

བཙན་པོ་དང་སློབ་དཔོན་གྱིས་ཆིག་བརྒྱུད་དམ་ཡང་ན་བསམ་ཡས་སུ་གཏེར་དུ་སྦས་ནས་ཕྱིས་དུས་རབས་བཅུ་གཅིག་ནང་གྲྭ་པ་མངོན་ཤེས་ཀྱིས་གཏེར་ནས་བཞེས་ཞེས་པ་དེ་ཡང་ཡན་ལག་བརྒྱད་པའི་བསྡུས་པ་འདི་ཡིན་ངེས་ལས་རྒྱུད་བཞི་གཏེར་དུ་སྦས་ནས་ཕྱིས་གཏེར་ནས་བཞེས་པ་མིན་པ་ནི་བཞེད་པ་འདི་དག་ལས་ཕྱོགས་ཙམ་རྟོགས་ཐུབ་ངེས་ཡིན།

བཀའ་དང་ཁྱད་མེད་གསུངས་མཁན་རྣམས་ནི་དཔྱད་པས་བཀའ་ཡིན་པར་བསྒྲུབ་ཐུབ་མིན་ལ་མ་ལྟོས་པར་གསོ་བ་རིག་པའི་གཞི་རྩའི་ལྟ་གྲུབ་ནང་ཆོས་ལ་གཞི་བཅོལ་ཡོད་པར་བརྟེན་བཀའ་དང་ཁྱད་མེད་གསུངས་པ་ཙམ་ཡིན་སྙམ། འོན་ཀྱང་བཀའ་ཡིན་པར་སྒྲུབ་པར་འདོད་པ་རྣམས་ཀྱིས་སྒྲུབ་བྱེད་དུ་བྱིན་གྱིས་བརླབས་པའི་བཀའ་དང་རྗེས་སུ་གནང་བའི་བཀའ་ཡིན་ཟེར་བ་སོགས་ཡོད། བཀའ་དེ་དག་རང་རེ་དད་པ་དང་ཡིད་ཆེས་ཡོད་པའི་སྟོན་པའི་རྗེས་འཇུག་པ་རྣམས་ལ་མི་འོས་སུ་མེད་མོད། དེང་དུས་གནས་ལུགས་དང་འཚམས་པར་དཔྱད་ཞིབ་ལ་འཇུག་པ་ཆེ་བའི་དུས་སྐབས་འདིར་བདེན་ར་སྤྲད་པའི་སྒོ་ནས་ཡིད་ཆེས་སུས་འཇུག་ཐུབ་པ་ཆེས་དཀའ་བར་མངོན།


རྒྱུད་བཞི་འདི་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཡིན་པར་འདོད་མཁན་ནི་གངས་ཅན་ལྗོངས་ཀྱི་གཟུ་བོར་གནས་པའི་མཁས་པ་གཞན་ཟེར་གྱི་རྗེས་སུ་མི་དྲངས་པར་ལུང་རིགས་དཔྱད་གསུམ་གྱི་སྒོ་ནས་ཞིབ་དཔྱོད་བྱེད་མཁན་མང་ཆེ་བས་གོང་གསལ་རྣམས་ལ་སྒྲུབ་བྱེད་ཡང་དག་མེད་པར་བརྟེན་དངོས་དོན་དང་འཚམས་པར་རྒྱུད་བཞི་འདི་བོད་ཀྱི་མཁས་པ་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མས་མཛད་པར་ངོས་འཛིན་གནང་གི་ཡོད། དེ་ལ་སྒྲུབ་བྱེད་ཡོད་དེ་གཡུ་ཐོག་དང་དུས་མཉམ་ཙམ་ལ་ཕེབས་པའི་དྭགས་པོ་ལྷ་རྗེས་(༡༠༧༩-༡༡༥༣)སྨན་དཔྱད་གཟིགས་པའི་སྐབས་གཡུ་ཐོག་གི་རྒྱུད་བཞི་བརྩམས་མ་ཚར་ཞེས་ལོ་རྒྱུས་སུ་འཁོད་ཡོད།[7]

ཡང་འགའ་ཤས་ཀྱི་གྲྭ་མངོན་དང་། སྟོད་སྟོན་སྐྱབས། དབུས་པ་དར་གྲགས་གསུམ་བགྲོས་ནས་མཛད་ཟེར་བ་དང་། བཻ་རོས་མཛད་ཟེར་བ། གཡུ་ཐོག་དང་སུམ་སྟོན་གཉིས་ཀྱིས་མཛད་[8]ཟེར་བ་སོགས་ཡོད་ཀྱང་བསྒྲུབ་བྱེད་ཡང་དག་མེད་ལ་གྲགས་ཆེ་བ་ཡང་མིན།

འོན་ཀྱང་རྒྱུད་བཞི་འདི་ཡི་ནང་དོན་ལ་གདོད་མའི་སྙན་རྒྱུད་ཀྱི་སྨན་དང་། གནའ་བོའི་མེས་པོའི་བོན་གྱི་སྨན། རྒྱ་དཀར་ནག་སྟག་གཟིག་སོགས་ཁྱིམ་མཚེས་ཡུལ་གྲུ་རྣམས་ཀྱི་སྨན་གྱི་ལེགས་ཆ་ཉིང་ཁུ་རྣམས་ཀྱང་བསྡུས་ནས་བོད་ཀྱི་ཡུལ་བབས་ཁོར་ཡུག་འཚོ་བའི་གནས་སྟངས་གོམས་སྲོལ་སོགས་དང་འཚམས་པར་བཅོས་པ་རྒྱུད་ཉིད་དུའང་ཐམས་ཅད་བསྡུས་པའི་རྒྱུད་འདི་ཁྱུང་ལྡིང་འདྲ་ཞེས་གསུངས་པ་ལྟར་དོན་དུ་གནས་ཡོད།

གོང་དུ་ཞུས་པ་ལྟར་བོད་དུ་ཆེས་སྔ་མོའི་མྱོང་གོསམ་ཁ་རྒྱུན་ལས་རིམ་པར་བྱུང་བའི་སྲོལ་རྒྱུན་སྙན་བརྒྱུད་ཀྱི་གསོ་ཐབས་དང་། བོན་ལུགས་ལ་བརྟེན་པའི་སྨན་གཞུང་། ཡན་ལག་བརྒྱད་པ་སོགས་རྒྱ་གར་ཚེའི་རིག་བྱེད་ལ་བརྟེན་པའི་སྨན་གཞུང་། སྨན་དཔྱད་ཆེ་མོས་གཙོས་རྒྱ་ནག་གི་སྨན་གཞུང་སོགས་ཡུལ་ལུང་འདྲ་མིན་ནས་བྱུང་བའི་སྨན་གྱི་གཞུང་ལུགས་ཇི་སྙེད་ཅིག་དར་བ་རྣམས་དུས་དང་གནས་སྐབས་སོ་སོར་འགྲོ་དོན་དང་ལག་ལེན་འཕེལ་རྒྱས་རིམ་པར་བྱུང་ཡོད། འོན་ཀྱང་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གཉིས་ཀྱིས་བོད་ཀྱི་གནའ་སྔ་མོའི་མེས་པོའི་སྨན་གྱི་སྲོལ་རྒྱུན་གཞིར་བཞག་ཐོག་རྒྱ་དཀར་ནག་སྟག་གཟིག་སོགས་ཕྱོགས་མཚམས་ཀུན་གྱི་གསོ་དཔྱད་གཞུང་ལུགས་གོང་དུ་གསལ་བ་ལ་སོགས་པ་རྣམས་ཀྱི་སྙིང་བཅུད་བསྡུ་ལེན་གྱིས་བོད་ཀྱི་ཡུལ་བབས་ཁོར་ཡུག་དང་ཟས་སྤྱོད་གོམས་གཤིས་སོགས་ལ་གཞིགས་པའི་གཅེས་བཏུས་ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག་གི་བདག་ཉིད་ཅན་གྱི་དཔལ་ལྡན་རྒྱུད་བཞི་གསར་རྩོམ་ཕྱོགས་བསྒྲིགས་གནང་བ་ནས་བཟུང་བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་པོ་སྨན་པ་ཇི་སྙེད་ཡོད་པ་ཀུན་གྱིས་ལག་ལེན་བྱེད་རྒྱུའི་རྩ་བའི་སྨན་གཞུང་ངམ་སྨན་གཞུང་གི་གཙོ་བོ་རྒྱུད་བཞི་འདི་ཆགས་ཡོད། འོན་ཀྱང་རྒྱ་བལ་བོད་སོགས་སུ་སྟོན་པ་གཤེན་རབ་ཀྱིས་དཔྱད་བུ་ཁྲི་ཤེས་ལ་གདམས་པའི་འབུམ་བཞི་ལག་ལེན་བྱེད་པོ་མི་ཉུང་བ་ཞིག་ད་ལྟའང་ཡོད། སྔ་དུས་དང་གནས་སྐབས་སོ་སོར་དར་བའི་རྒྱ་དཀར་ནག་སོགས་སྨན་གྱི་ལུགས་སྲོལ་གཞན་རྣམས་རྒྱུད་བཞི་དར་རྗེས་སུ་འགྲོ་དོན་དར་ཁྱབ་མི་མངོན་པར་གྱུར་འདུག

རྒྱུད་བཞིའི་ནང་སྤྱིར་རྒྱ་དཀར་ནག་ཞང་ཞུང་བོན་རྣམས་ཀྱི་མིང་ཚིག་ཐ་སྙད་དང་ལྟ་གྲུབ་མང་པོ་ཐོན་ཡོང་གི་ཡོད་ལ་ལྷག་པར་བོད་རང་ཉིད་ཀྱི་ཡུལ་ལས་སྐྱེས་པའི་བོན་སྨན་གྱི་ཆོ་ག་དང་སྔགས་སྲུང་བ་གཏོ་བཅོས་མང་པོ་ཞིག་ཀྱང་ཐོན་ཡོང་གི་ཡོད་པ་ནི་ཆེས་སྔ་མོའི་ཉེ་འབྲེལ་ཀྱིས་ཆོས་ཤེས་རིག་གནས་ཀྱི་འབྲེལ་བ་ལས་བྱུང་བ་ཡིན།

རྒྱུད་བཞི་འདི་ལ་མཁས་པའི་དབང་པོ་བྱང་ཟུར་རྣམ་གཉིས་དང་། སྐྱེམས་པ་ཚེ་དབང་། ཟུར་མཁར་བློ་གྲོས་རྒྱལ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། མཁན་ཆེན་ཁྲོ་རུ་ཚེ་རྣམ་ལ་སོགས་པ་མཁས་གྲུབ་མང་པོ་ཞིག་གིས་འགྲེལ་པ་མཛད་ཡོད་པ་དང་ཕྱིས་བོད་གངས་ཅན་གྱི་མཁས་པ་རྣམས་ཀྱིས་རྒྱུད་བཞི་ལ་བརྟེན་པའི་གཞུང་བརྒྱ་ཕྲག་མང་པོ་བརྩམས་ཡོད་པ་ད་ལྟ་དངོས་སུ་བཞུགས་ཡོད་པ་ཡིན།

སངས་རྒྱས་ཀྱི་གསུང་ཟེར་བ་དང་ལྷ་ཐོ་ཐོ་རི་ཡི་སྐབས་སུ་གསོ་བ་རིག་པ་དབུ་བརྙེས་ཟེར་བ་སོགས་ནི་ནང་ཆོས་ཀྱི་ཤན་ཤུགས་ཆེན་པོ་ཞུགས་པའི་རྟགས་མཚན་ཞིག་རེད་འདུག་སྙམ།

རྒྱུད་བཞིའི་འཕྲིན་ལས་ནི་བོད་ཙམ་མ་ཟད་ལ་དྭགས་དང་། གར་ཞྭ། སྤི་ཏི། ཁུ་ནུ། མོན། བལ་ཡུལ། སོག་པོ། འབྲུག འབྲས་ལྗོངས་སོགས་གངས་ཅན་བོད་དང་ས་འདབ་འབྲེལ་ཞིང་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་བརྒྱུད་རྣམས་སུ་ཆེས་སྔ་མོ་ནས་རྒྱུད་བཞིའི་འགྲོ་དོན་དང་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡིན་པ་བཅས་ལོ་རྒྱུས་ཀྱི་འབྱུང་བ་རགས་བསྡུས་སུ་བཀོད་པ་ཡིན་ལ་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ།


གཉིས་པ་རྒྱ་གར་ཚེ་ཡི་རིག་བྱེད་ལས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འབྱུང་བ་ནི།

 སྤྱིར་ཚེ་ཡི་རིག་བྱེད་ནི་མེས་པོ་ཚངས་པའི་བློ་ཡི་གཡོ་བ་སྔོན་དུ་སོང་བའི་སྒོ་ནས་བྱུང་བའི་གཞུང་ལུགས་རིག་བྱེད་བཞི་ཡི་ཡ་གྱལ་སྲིད་སྲུང་གི་ཉེ་བའི་ཡན་ལག་ཡིན་པར་གྲགས། འོན་ཀྱང་མཁས་པ་འགའ་ཤས་ཀྱིས་ངེས་བརྗོད་ཀྱི་ཡ་གྱལ་དུ་བཤད་ཀྱི་ཡོད། གང་ལྟར་སྣོད་བཅུད་མ་བསྐྲུན་བའི་གོང་ནས་ཚངས་པས་བྱས་པར་འདོད་པ་དང། དེ་ཡང་ཚངས་པས་གསོ་དཔྱད་ཤོ་ལོ་ཀ་འབུམ་དང་ལེའུ་ཆིག་སྟོང་ཅན་ཞིག་གསུངས་པ་དང། དེས་སྐྱེ་རྒུའི་བདག་པོ་མྱུར་བ་ལ་བཤད། དེས་ཐ་སྐར་གྱི་བུ་གཉིས། དེས་ལྷ་ཡི་དབང་པོ་བརྒྱ་བྱིན་ལ་བཤད་ནས་ལྷ་ཡུལ་དུ་དར་བ་དང་། དེ་ནས་དྲང་སྲོང་བྷ་ར་དྷ་ཛའམ་ཡང་འགས་རྒྱུན་ཤེས་བུས་བརྒྱ་བྱིན་ལས་གསན་ནས་མི་ཡུལ་དུ་དར་བར་བཤད། ཡང་དྲང་སྲོང་དེ་ཚངས་པའི་སར་བཅར་ནས་ཞུས་པ་ལས་མི་ཡུལ་དུ་དར་བར་མཛད་ཅེས་ཀྱང་གྲགས། དྲང་སྲོང་དེས་ནབས་སོ་སྐྱེས་རྒྱུན་ཤེས་བུ་སོགས་ལ་བཤད། ནབས་སོ་སྐྱེས་ལ་སོགས་པས་མེ་བཞིན་འཇུག་ལ་སོགས་པའི་སློབ་མ་དྲང་སྲོང་དྲུག་ལ་བཤད། མེ་བཞིན་འཇུག་གི་གཞུང་གི་རྩ་བར་གྱུར་པ་དྲང་སྲོལང་ཙ་ར་ཀས་བསྡུས་པའི་ཙ་ར་ཀ་ཡི་བསྡུ་བ་དང་དྲང་སྲོང་བེལ་གྱི་བསྡུ་བ་རྣམས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།

དེ་ཡང་ཚེ་ཡི་རིག་བྱེད་ཀྱི་ལོ་རྒྱུས་སུ་ཚངས་པ་ནས་ཙ་ར་ཀའི་བསྡུ་བའི་བར་རིག་བྱེད་ཀྱི་དུས་(Vedic Period)དང།་ཙ་ར་ཀས་ཙ་ར་ཀའི་བསྡུ་བ་བརྩམས་པ་ནས་བཟུང་བསྡུའི་དུས་རབས་(Samhita Period) བཅས་སྨན་དཔྱད་ཀྱི་ལུགས་མ་འདྲ་བ་གཉིས་བྱུང་བར་གསུངས་འདུག

རྒྱ་གར་ཚེ་ཡི་རིག་བྱེད་པ་རྣམས་ཀྱི་རྩ་འཛིན་སྨན་གཞུང་ནི་མེ་བཞིན་འཇུག་གིས་བརྩམས་པར་དྲང་སྲོང་ཙ་ར་ཀ་དང་དྷརྡ་བྷལ་གཉིས་ཀྱིས་ཞུས་སྒྲིག་བྱས་པའི་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཙ་ར་ཀའི་བསྡུ་བ་དང། དྲང་སྲོང་ལེགས་ཐོས་ཀྱིས་བརྩམས་པར་ཀླུ་སྒྲུབ་ཀྱིས་ཞུས་སྒྲིག་བྱས་པའི་ལེའུ་བརྒྱ་དང་བརྒྱད་ཅུ་གྱ་དྲུག་གི་བདག་ཉིད་སུ་ཤྲུ་ཏ། སློབ་དཔོན་དཔའ་བོས་མཛད་པའི་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྣམས་གཙོ་བོ་ཡིན། ཁོང་རྣམས་ཀྱིས་ཙ་ར་ཀ་དང་། སུ་ཤྲུ་ཏ། སྙིང་པ་བསྡུས་པ་གསུམ་ལ་གཞུང་ཚན་ཆེ་བ་གསུམ་དང། ཡང་མཱ་དྷ་བ་ནི་དྷཱ་ན། སངྒར་དྷར་སྨཧི་ཏ། བྷ་བ་པྲ་ཀ་ཤ་བཅས་གསུམ་ལ་གཞུང་ཚན་ཆུང་བ་གསུམ་དུ་བརྩི་སྲོལ་ཡོད།

སྐབས་དོན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འདི་ཉིད་བརྒྱ་ཕྲག་བཞི་པ་ལྔ་པའི་ནང་ཙམ་ལ་ཡབ་དགེ་འདུན་གསང་བ་དང་ཡུམ་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་འཁྲུངས་པ་རྒྱ་གར་གྱི་མཁས་པ་སྨན་པ་ཆེན་པོ་ཕ་ཁོལ་ལམ་སློབ་དཔོན་དཔའ་བོས་མཛད་པ་ཞིག་ཡིན། གཞུང་དེ་ཡི་བརྗོད་བྱ་ཡན་ལག་བརྒྱད་དུ་བྱས་ནས་དེ་ལ་གནས་དྲུག་དང་ལེའུ་བརྒྱ་དང་ཉི་ཤུ་ཡོད། དེ་ཡང་ཁོང་གིས། ཤིན་ཏུ་འཐོར་བ་དེ་རྣམས་ལས། །རབ་གཅེས་ཕལ་ཆེར་བཏུས་པ་ནི། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར། །ཡན་ལག་བརྒྱད་པའི་སྙིང་པོ་བྱས། །ཞེས་གསུངས་པ་ལྟར་སྔར་གྱི་དྲང་སྲོང་རྣམས་ཀྱིས་མཛད་པའི་གཞུང་མང་པོ་བཞུགས་ཡོད་ནའང་དེ་དག་གི་ནང་དོན་འཐོར་བ་རྣམས་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུ་ལེན་གྱིས་རྒྱས་བསྡུས་འཚམས་པའི་གཞུང་འདི་བརྩམས་པ་ཡིན་གསུངས་ཡོད། གཞུང་དེ་ནི་སྔར་རྒྱ་གར་དུ་གྲགས་པ་བྱུང་བར་མ་ཟད་དེང་གི་དུས་སུ་ཡང་རྒྱ་གར་ཚེ་ཡི་རིག་བྱེད་པ་རྣམས་ཀྱི་བསླབ་གཞི་གཞུང་ཚན་གཙོ་བོ་ཞིག་ཆགས་ཡོད། ཕྱིས་བརྒྱ་ཕྲག་བཅུ་གཅིག་ཙམ་ལ་རྒྱ་གར་གྱི་མཁན་པོ་ཛཱ་རན་དྷར་དང་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བའི་རྩ་བ་དེ་ཉིད་ད་ལྟ་བསྟན་འགྱུར་གྱི་པོད་ཧེ་པའི་ནང་དུ་བཞུགས་ཡོད་ལ། གཞན་ཡང་བསྟན་འགྱུར་གྱི་པོད་ཀོ་པ་དང། ཁོ་པ། གོ་པ། ཧེ་པ། ཨེ་པ་རྣམས་སྙིང་པོ་བསྡུས་པའི་འགྲེལ་པ་ཟླ་ཟེར་དང་རང་འགྲེལ་ལ་སོགས་པ་སྨན་གཞུང་རྣམས་ཡིན། དེས་ན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ནི་རྒྱ་གར་མཁས་པས་བརྩམས་ཤིང་རྒྱ་གར་དུ་འགྲོ་དོན་བྱུང་དང་འབྱུང་མུས་མ་ཟད་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་སོགས་བོད་ཀྱི་ཤེས་རིག་གོམས་སྲོལ་གཅིག་པ་ཡོད་སའི་ཡུལ་ལུང་རྣམས་སུ་རྒྱུད་བཞི་མ་དར་བར་འགྲོ་དོན་ཁྱབ་བརྡལ་ཆེ་ཙམ་བྱུང་བ་ཡིན།

ཡང་ཁོག་འབུགས་སོགས་སུ་དཔའ་བོས་ལུས་ཀྱི་སྡིག་བཤགས་སུ་ཡན་ལག་བརྒྱད་པ་ཆེན་པོ་དང་། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པ་བསྡུས་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བཅས་སྨན་གྱི་བསྟན་བཅོས་ཆེན་པོ་བཞི་མཛད་ཚུལ་གསུངས་ཡོད་ཀྱང་། ད་ལྟ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་དུ་དངོས་སུ་མཇལ་རྒྱུ་ཡོད་པ་ནི་བརྒྱད་པའི་སྙིང་པོ་བསྡུས་པ་དང་བརྒྱད་པ་བསྡུས་པ་གཉིས་དངོས་སུ་ལེགས་སྦྱར་སྐད་དུ་མཇལ་རྒྱུ་ཡོད་པ་ལས་གཞན་གཉིས་ནི་མ་མངོན། དེ་ཡང་དཔའ་བོ་སྔ་ཕྱི་གཉིས་ལས་སྔ་མས་བརྒྱད་པ་བསྡུས་པ་དང་ཕྱི་མས་སྙིང་པོ་བསྡུས་པ་མཛད་ཟེར་བ་དང། ཡང་མཁས་པ་འགས་གཉིས་ཀ་དཔའ་བོ་ཕྱི་མས་མཛད་ཟེར་བ་ཡང་ཡོད།

དེས་ན་བོད་ཀྱི་གསོ་བ་རིག་པར་སྣོད་བཅུད་རིག་གཞུང་དང་བཅས་པའི་བྱུང་ཚུལ་སྤྱི་འགྲོས་དངོས་དོན་དང་མཐུན་པར་གདོད་མའི་སྨན་གྱི་རིག་པ་ནས་མཐར་ད་ལྟའི་གཞི་རྩའི་སྨན་གྱི་རིག་པ་བར་རིམ་གྱིས་བྱུང་བ་དང་། འོན་ཀྱང་ཚེ་ཡི་རིག་བྱེད་ནི་སྣོད་བཅུད་མ་བསྐྲུན་པའི་གོང་ནས་ཚངས་པས་བསྐྲུན་ནས་རིམ་པས་ལྷ་ཡུལ་ནས་མི་ཡུལ་དུ་དར་བ་ཞིག་ཡིན་པ་བཅས་ཀྱི་བཤད་ཚུལ་སྤྱི་དང་། ཁྱད་པར་དུ་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གཉིས་ཀྱི་མཛད་པ་པོ་དང། འབྱུང་ཁུངས། ནང་དོན། དར་ཁྱབ་འབྱུང་རབས་སོགས་ཀྱི་ལོ་རྒྱུས་ལ་བལྟས་ན་ཁྱད་པར་ཆེན་པོ་ཡོད།

ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཁོག་འབུགས་སུ་ལྷ་དང་མི་ཡུལ་དུ་དར་ཚུལ་དང་ལྷ་དང་དྲང་སྲོང་གི་ལུགས་ལ་སོགས་པ་གསུངས་པ་དེ་དག་ནི་ཚེ་ཡི་རིག་བྱེད་ཀྱི་བྱུང་རིམ་བཤད་པའི་སྐབས་ཡིན་པ་ལས་བོད་ཀྱི་གསོ་བ་རིག་པ་དངོས་འཆད་པའི་སྐབས་མིན་ནོ།།


གཉིས་པ་ལྟ་གྲུབ་ཀྱི་ཁྱད་པར་སྙིང་བསྡུས། 

འཛམ་གླིང་འདིར་སྨན་གྱི་ལུགས་སྲོལ་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀུན་ལ་སོ་སོའི་ལྟ་གྲུབ་རེ་ཡོད་པ་ལྟར་བོད་ཀྱི་གསོ་བ་རིག་པ་ལ་ཡང་དེ་ལྟར་ཡོད་པ་ཡིན། བོད་སྨན་གྱི་ལྟ་བ་དངོས་ནི་ནང་ཆོས་ཀྱི་ལྟ་གྲུབ་ལ་གཞི་བཅོལ་ཡོད་པ་ཡིན།

དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་ཉོན་མོངས་པ་མ་རིག་པའི་གཞན་དབང་དུ་གྱུར་ཡོད་པ་དང་། དེ་ཡང་བཤད་རྒྱུད་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པའི་མ་རིག་ཅེས། །ཞེས་གསུངས་པ་ལྟར་མ་རིག་པ་དང་། མ་རིག་པ་ལས་འདོད་ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་པ་འཁོར་བར་འཆིང་བྱེད་ཀྱི་ཚུལ་མིན་ཡིད་བྱེད་ཀྱི་ཉོན་མོངས་རྣམས་བྱུང་བ་ཡིན། ཉོན་མོངས་དེ་དག་ཡོད་པའི་དབང་གིས་འདུ་བྱེད་ཀྱི་ལས་བཟང་ངན་སྣ་ཚོགས་ཤིག་བསགས། ལས་ངན་བསགས་པའི་ཚུལ་མིན་ཡིད་བྱེད་ཀྱི་གོམས་འདྲིས་ངན་པའི་བག་ཆགས་རྣམས་རྣམ་པར་ཤེས་པའི་སྟེང་དུ་བཞག །ཉོན་མོངས་དང་བག་ཆགས་བཟང་ངན་འདི་དག་གི་དབང་གིས་ལས་བཟང་ངན་ལ་ལྟོས་པའི་ལུས་བཟང་ངན་སྣ་ཚོགས་ཤིང་བླངས། ལུས་དེ་ལ་དུས་གདོན་ཟས་སྤྱོད་ཀྱི་རྐྱེན་དང་འཕྲད་པས་འབྱུང་འཁྲུགས་ཀྱི་ནད་གཞི་འདྲ་མིན་སྣ་ཚོགས་རྣམས་བྱུང་བ་ཡིན། ལུས་སེམས་ཀྱི་ནད་དེ་དག་གསོ་བ་ལ་གསོ་བ་རིག་པའི་གཞུང་ལུགས་དགོས་པ་བྱུང་། དེ་ལས་ལྡོག་སྟེ་མ་རིག་པ་མེད་ན་ཉོན་མོངས་དུག་གསུམ་སོགས་མི་འབྱུང་། དེ་དག་མེད་པས་ལས་ངན་མི་གསོག་པས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་ངན་པ་མི་འཇོག དེ་ཡིས་ཁམས་གསུམ་དུ་སྐྱེ་བ་ལེན་མི་དགོས། ལུས་མ་ལེན་ན་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་མི་འབྱུང་། ཕུང་པོ་འདི་མེད་པས་ལུས་ལ་བརྟེན་པའི་ནད་མི་འབྱུང་། ནད་མེད་ན་གསོ་བའི་གཞུང་ལུགས་དགོས་པ་མེད། མདོར་ན་ནད་ནི་གློ་བུར་ཐོག་བབས་ཏུ་བྱུང་བ་དང་གཞན་གྱིས་བྱས་པ་སོགས་མིན་པར་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བར་གསུངས་ཡོད།

རྒྱ་གར་ཚེ་ཡི་རིག་བྱེད་པ་རྣམས་ཀྱིས་སྤྱིར་སྣོད་བཅུད་ཐམས་ཅད་ཚངས་པས་བྱས་པར་འདོད་པ་དང་། ནད་དང་སྨན་ཀྱང་ཚངས་པའི་བློ་ཡི་གཡོ་བ་སྔོན་དུ་སོང་བའི་སྒོ་ནས་བཀོད་པར་འདོད་པས་ཁྱད་པར་ཤིན་ཏུ་ཆེ་བ་ཡོད། བརྒྱད་པའི་སྙིང་པོ་བསྡུས་པ་འདི་ཉིད་ཀྱི་རྩོམ་པ་པོ་སློབ་དཔོན་དཔའ་བོ་ནི་ཕྱིས་ནང་པའི་མཁས་པ་ཆེན་པོ་ཞིག་ཡིན་ཀྱང་རྡུལ་མུན་སྙིང་སྟོབས་གསུམ་སོགས་ཉོན་མོངས་འགའ་སྐབས་གཞན་དུ་ཐོན་པ་ཙམ་ལས་་མ་རིག་པ་ནད་ཀྱི་མཐར་གཏུགས་ཀྱི་རྒྱུར་གྱུར་པ་གསུངས་པ་མེད། སྐབས་འགར་ལེགས་སྦྱར་དུ་མུ་སྟེགས་པ་ལྟར་བ་ལ་ཕྱག་འཚལ་ལོ་ཞེས་ཡོད་པ་ལ་ལོ་ཙཱ་བས་དགེ་སློང་དུ་བསྒྱུར་བ་ཡང་ཡོད།

ཉེས་པ་གསུམ་འབྱུང་བ་ལྔས་སྐྱེད་པར་ནི་ཀུན་འདོད་ཀྱང་གསོ་བ་རིག་པའི་གཞུང་དུ་ནི་འབྱུང་བ་ས་ཆུ་གཉིས་ལས་བད་ཀན་དང། མེ་ལས་མཁྲིས་པ། རླུང་ལས་རླུང། ནམ་མཁའ་ནི་དངོས་པོར་མ་གྲུབ་ཕྱིར་སྤྱིར་ཁྱབ་ལ་གོ་འབྱེད་པའི་བྱ་བ་བྱེད་པར་བཞེད། ཚེ་ཡི་རིག་བྱེད་ཏུ་རླུང་དང་མཁའ་ལས་རླུང་། མེ་དང་ཆུ་ལས་མཁྲིས་པ། ས་དང་ཆུ་ལས་བད་ཀན་སྐྱེད་པར་བཤད་པས་ཉེས་པ་གསུམ་དུ་འདོད་པ་གཅིག་ཀྱང་དེ་དག་སྐྱེད་ཚུལ་ལ་ཁྱད་པར་ཡོད།

དོན་ལྔ་དང་སྣོད་དྲུག་གི་ཐ་སྙད་དེ་དག་ཀྱང་རྒྱ་ནག་གི་སྨན་གྱི་ལུགས་སྲོལ་གྱི་འདོད་ཚུལ་ཞིག་ཡིན་པ་ལས་རྒྱ་གར་གྱི་སྨན་གཞུང་དུ་མེད། གཞན་ཡང་འབྲེལ་བ་རྩ་ཡི་གནས་ལུགས་རྒྱུད་ཀྱི་དགོངས་པ་ཕྱོགས་འདྲ་བ་ཚེ་ཡི་རིག་བྱེད་དུ་མེད་ལ། འདྲ་དཔེ་དང་སྡོང་འགྲེམས་ལ་སོགས་པ་དེ་དག་ཀྱང་རྒྱ་གར་གྱི་ལུགས་སུ་མེད་པའི་འཆད་ཐབས་ཤིག་ཡིན།

བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ནད་གྲངས་མེད་ཀྱང་ཆེ་ལོང་ཙམ་དུ་བསྡུས་ན་གཞན་དབང་སྔོན་ལས་དང། ཀུན་བཏགས་གདོན་ནད། ལྟར་སྣང་འཕྲལ་ནད། ཡོངས་གྲུབ་ཚེ་ནད་རྣམས་ལ་ཉེས་པ་གཙོ་བོ་རིགས་གནས་ཀྱི་བཞི་བརྒྱ་རྩ་བཞི་རེ་སྦྱར་བས་སྟོང་དང་དྲུག་བརྒྱ་བཅུ་དྲུག་ཏུ་འདོད་པ་དང་། དེ་ལས་གཞན་དབང་བཅོས་ཀྱང་མི་འཚོ་བ་དང། གདོན་ནད་ལ་རིམ་གྲོ་དགོས་པ། ལྟར་སྣང་བཅོས་མི་དགོས་པ། ཡོངས་གྲུབ་ངེས་པར་བཅོས་དགོས་པ་སོགས་འདོད། དེ་ཡང་བསྡུས་ན་རིམ་པས་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བརྒྱ་རྩ་གཅིག ཉེས་པ་གསུམ། མཐར་ཚ་གྲང་གཉིས་སུ་བསྡུ་བར་གསུངས་ཡོད།

ཚེ་ཡི་རིག་བྱེད་ཏུ་ནི་ཚ་གྲང་གཉིས་དང་ཉེས་པ་གསུམ་གྱི་དབྱེ་བ་ཕྱེས་ནས་དེ་ལས་གྱེས་པ་གྲངས་མེད་ཙམ་དུ་འདོད་པ་ཡིན། དེས་ན་ཚ་གྲང་གཉིས་དང་། ཉེས་པ་གསུམ། གྲངས་མེད་དུ་འདོད་པ་སོགས་མཚུངས་ཀྱང་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པའི་ནང་གསེས་དབྱེ་ཚུལ་ལ་ཁྱད་པར་ཡོད།

མེ་དྲོད་ནི་ཟས་སྐོམ་འཇུ་ཞིང་ཟུངས་འཕེལ་བའི་རྒྱུ་ཡི་གཙོ་བོ་ཡིན་པས་གསོ་བ་རིག་པའི་གཞུང་དུ་མེ་དྲོད་འཇུ་བྱེད་གཙོ་བོར་གྱུར་པའི་ཉེས་པ་གསུམ་གྱི་མེ་དྲོད་རྣམ་པ་གསུམ་དང་དེ་ཡི་ཆ་ཤས་ལུས་ཟུངས་ཀུན་ལ་གནས་ནས་སྨིན་པའི་བྱ་བ་བྱེད་པར་གསུངས་ཤིང་། ཚེ་ཡི་རིག་བྱེད་དུ་གཙོ་བོའི་མེ་དྲོད་འཇུ་བྱེད་དེ་དང་དེ་ལ་བརྟེན་པའི་ལུས་ཟུངས་བདུན་དང་འབྱུང་བ་ལྔའི་བདག་ཉིད་ཀྱི་མེ་དྲོད་བཅས་མེ་དྲོད་རྣམ་པ་བཅུ་གསུམ་གསུངས་ཡོད།

འོན་ཀྱང་འབྱུང་བ་བཞིའམ་ལྔ་དང་། ཉེས་པ་རླུང་མཁྲིས་བད་ཀན་གསུམ་མམ་བཞི། ལུས་ཟུངས་བདུན།  དྲི་མ་གསུམ། དེ་དག་མ་སྙོམས་པས་ནད་ཅན་དང་སྙོམས་པས་ནད་མེད་དུ་བཟུང་བ། མེ་དྲོད་ཀྱི་བྱ་བ། ནད་ལ་གྲངས་མཐའ་མེད་པ་དང་བསྡུས་ན་ཚ་གྲང་གཉིས་སུ་བསྡུ་བ། ས་སྟེང་སྨན་མིན་ཅི་ཡང་མེད་པ་ལ་སོགས་པའི་རྣམ་གཞག་རྣམས་ཐུན་མོང་དུ་འཛིན་པའི་ལྟ་བ་ཡིན།


གསུམ་པ་བརྟག་ཐབས་ཀྱི་ཁྱད་པར་སྙིང་བསྡུས།

གཉིས་པ་བརྟག་ཐབས་ཀྱི་ཁྱད་པར་ལས་དང་པོ་དཔལ་ལྡན་རྒྱུད་བཞིར་བརྟག་གཞི་དང། བརྟག་ཡུལ། བརྟག་སྒོ། བརྟག་ཚུལ་བལྟ་རེག་དྲི་གསུམ། ཚ་གྲང་གལ་མདོ། འཁྲུལ་གཞི་གལ་གག་བཞི། སད་མདའ་སྨན་གྱིས་བརྟག་པ། ཕྱི་ནང་གསང་གསུམ་གྱི་བརྟག་པ་སོགས་མང་དུ་ཕྱེ་ཡོད་པ་ལས་རྩ་ཆུ་གཉིས་ཀྱི་བརྟག་པ་འདི་ནི་ཁྱད་པར་ཅན་ཞིག་ཡིན་འདུག དེ་ཡང་མཇུག་དོན་དུ། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ཞེས་གསུངས་པ་ལྟར། བོད་ཀྱི་གསོ་བ་རིག་པ་ལ་བརྟག་ཐབས་ཀྱི་རྣམ་གྲངས་མང་དུ་ཡོད་ཀྱང་། གཙོ་བོ་རྩ་ཆུའི་བརྟག་ཐབས་འདི་ཡིན་ལ་དེ་ནི་སྨན་གྱི་ལུགས་སྲོལ་གཞན་ལ་རྒྱས་བཤད་དང་ལག་ལེན་ཆེས་མེད་པའི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ཡིན་འདུག

ཚེ་ཡི་རིག་བྱེད་ལ་སྤྱིར་བཏང་གི་བརྟག་ཐབས་རྣམ་གྲངས་གཉིས་དང་། བརྟག་ཐབས་གསུམ། བརྟག་ཐབས་བཞི། བརྟག་ཐབས་དྲུག བརྟག་ཐབས་བརྒྱད། བརྟག་ཐབས་བཅུ་སོགས་ཡོད་ཀྱང་རྩ་ཆུའི་བརྟག་པ་འདི་ཕྱིས་ཐོར་བུ་ཙམ་བྱུང་བ་ལས་སྔར་ཡན་ལག་བརྒྱད་པ་སོགས་ཚེ་ཡི་རིག་བྱེད་ཀྱི་གཞུང་དུ་ཡོད་པར་མ་མངོན།


བཞི་པ་གསོ་ཐབས་ཀྱི་ཁྱད་པར་སྙིང་བསྡུས

གསོ་ཐབས་ཀྱི་ཁྱད་པར་ལས་དང་པོ་དཔལ་ལྡན་རྒྱུད་བཞིར་ནི་ལུས་ལེམས་ཟུང་འབྲེལ་གྱི་གསོ་ཐབས་བྱེད་པ་དང་། གསོ་ཚུལ་དང་གསོ་ཐབས་གཉིས་དགོས་པ། གསོ་ཐབས་ལ་ཡང་གཙོ་བོ་ཟས་སྤྱོད་སྨན་དཔྱད་བཞི། དེ་ལ་ཡང་ནང་གསེས་ཀྱིས་སྨན་ལ་ཞི་སྦྱང་གཉིས། དཔྱད་ལ་འཇམ་རྩུབ། ཟས་ལ་ཕན་གནོད། སྤྱོད་ལམ་དྲག་དལ་བཅས་སུ་གསུངས་ཡོད། གསོ་བ་རིག་པར་ཞི་བྱེད་ཀྱི་སྨན་ལ་ཡང་ཐང་སོགས་རྣམ་གྲངས་བཅུར་ཕྱེ་ཡོད་ཀྱང་། རྒྱ་གར་ཚེ་ཡི་རིག་བྱེད་དུ་ཞི་བྱེད་ཟས་སྤྱོད་སྨན་གསུམ་གྱི་སྨན་ལ་སྨན་ཁུ་ལྡེའུ་བསྐོལ་དང་གྲང་ཕན་ཏ་ཞེས་ལྔ་བཤད་པ་ཙམ་ལས་གྲངས་ངེས་མེད། དཔྱད་སོགས་ཡོད་ཀྱང་ཟུར་དུ་སྡེ་ཚན་ཕྱེས་ནས་མིང་སྨོས་པ་མེད། ལྷག་པར་གསོ་བ་རིག་པའི་གཞུང་དུ་སྔོ་སྨན་ལ་གཅེས་པའི་ཡན་ལག་བདུན་དགོས་པར་གསུངས་པ་ནི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་པར་མངོན། སྨན་གྱི་སྦྱར་ཐབས་རྒྱལ་བློན་འབངས་སོགས་ལ་དཔེ་དོན་སྦྱར་ནས་གསུངས་པ་དེ་ཡང་རྒྱ་ནག་གི་སྨན་གྱི་སྦྱོར་ལུགས་ཤིག་ཡིན་པ་ལས་ཚེ་ཡི་རིག་བྱེད་ལ་དེ་ལྟ་བུའི་དཔེ་དོན་སྦྱར་བའི་སྦྱོར་ཐབས་མེད།

གསོ་བ་རིག་པར་སྦྱོང་བྱེད་སྡོན་འགྲོ་སྣུམ་འཆོས་དང་ལོག་གནོན་རྩ་སྦྱོང་དངོས་གཞི་ལས་ལྔ་སྟེ་བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་དང་ལྔ་བཅས་ལེ་ཚན་བདུན་ཡོད།

རྒྱ་གར་ཚེ་ཡི་རིག་བྱེད་དུ་སྦྱོང་བྱེད་ལས་ལྔ་འགའ་རེས་བཤལ་སྐྱུག་སྣ་སྨན་འཇམ་རྩི་ནི་རུ་ཧ་ལྔར་འདོད་ཀྱང་ཡོངས་གྲགས་མང་ཆེ་བས་བཤལ་སྐྱུགས་སྣ་སྨན་མས་གཏོང་གཏར་བཅས་ལྔ་ལ་འདོད་པ་ཡིན། འཇམ་རྩི་དང་ནི་རུ་ཧ་གཉིས་ནི་མས་གཏོང་གི་ཁོངས་སམ་ཡ་གྱལ་དུ་འདོད་ཀྱི་ཡོད། མཁས་པ་འགས་སྦྱོང་དེ་དག་ལ་ཡང་ཕྱི་ནང་དང་སྨན་ཡོད་མེད་བཅས་དབྱེ་བ་བཞིར་གསུངས་པ་ཡང་ཡོད། རྩ་སྦྱོང་ཞེས་པ་འདི་སྐབས་ཡེ་ནས་མེད། གསོ་བ་རིག་པའི་གཞུང་དུ་དུགས་ལུམས་གཉིས་ངོ་བོ་དང་བྱ་ཐབས་སོ་སོར་གསུངས་ཀྱང་ཚེ་ཡི་རིག་བྱེད་ཏུ་ནི་དེ་གཉིས་གཅིག་གི་ཁོངས་སུ་གསུངས་ཡོད་པ་ཡིན། གསོ་བ་རིག་པའི་གཞུང་དུ་སྨུག་པོ་དང་ཚ་བ་ལ་སོགས་པའི་ལེ་ཚན་འགའ་ཤས་ཤིན་ཏུ་རྒྱས་པར་གསུངས་ཡོད་དེ་འདྲ་ཚེ་ཡི་རིག་བྱེད་ཏུ་གསུངས་པ་མེད་ལ་ཐུར་མ་དང་གཏར་བསྲེག་སོགས་ལའང་ཁྱད་པར་ཆེན་པོ་ཡོད། གཞན་ཡང་གསོ་ཐབས་ཀྱི་སྐབས་མང་པོ་ཞིག་ལ་ཡན་ལག་བརྒྱད་པར་ཆེས་རྒྱས་པ་ཡོད་ཀྱང་འདིར་མངས་ཀྱིས་དོགས་ནས་མ་བྲིས་པས་ཤེས་ལྡན་རྣམས་ཀྱིས་གཞུང་དེར་གཟིགས་པར་ཞུ།


ལྔ་པ་གསོ་བ་པོ་སྨན་པའི་རྣམ་བཞག་གི་ཁྱད་པར།

དང་པོ་དཔལ་ལྡན་རྒྱུད་བཞིར་སྨན་པའི་ཀུན་སྤྱོད་བཤད་པ་ཙམ་དུ་མ་ཟད་སྨན་པའི་རྒྱུ་དྲུག་དང་ངོ་བོ་ངེས་ཚིག་དབྱེ་བ་ལས་འབྲས་བུ་དང་བཅས་པ་ཤིན་ཏུ་རྒྱས་ཤིང་ལེ་ཚན་ལོགས་སུ་གསུངས་ཡོད་པ་དེ་ནི་སྨན་གྱི་ལུགས་སྲོལ་གཞན་ལ་མེད་པའི་ཧ་ཅང་གི་གོམས་སྟབས་ཆེན་པོ་ཞིག་ཡིན་འདུག་པ་དེ་ནི་དེང་དུས་སུ་གསོ་བ་རིག་པའི་ཁྱད་ཆོས་བརྩིགས་ཆེར་བརྩི་འོས་པ་ཞིག་རེད་འདུག་སྙམ།

གཉིས་པ་རྒྱ་གར་ཚེ་ཡི་རིག་བྱེད་སྤྱི་དང་ཁྱད་པར་སྙིང་པོ་བསྡུས་པ་འདིར་སྨན་པའི་ཀུན་སྤྱོད་ཤེས་བྱ་ཁ་ཐོར་ཞོར་འཕྲོས་སུ་ཐོན་པ་ཐོར་བུ་ལས་ཟུར་དུ་དམིགས་བཀར་ལེ་ཚན་རྩལ་བཏོན་ནས་གསུངས་པ་མེད། ལོ་རྒྱུས་འགར་སྲི་སྲུང་གི་ཡན་ལག་སྨན་པའི་རྣམ་བཤད་གསུངས་པ་ཞིག་ཡོད་ཀྱང་རྩ་མེད་དུ་ཕྱིན་པའི་སྐོར་གསུངས་པ་ཡང་འདུག་པ་བཅས་སྨན་དཔྱད་གཞུང་ལུགས་གཉིས་ཀྱི་ཁྱད་པར་སྙིང་བསྡུས་སུ་བཀོད་པ་འདི་བྲེལ་སྟབས་སུ་བྲིས་པས་རྒྱས་པ་གཞན་དུ་གཟིེགས་པར་འཚལ།

རྒྱ་གར་འཕགས་པའི་ཡུལ་གྱི་ཆ་གངས་ཅན་བོད་ཀྱི་བསྟི་གནས་དྷརྨ་ཤཱ་ལར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཚོགས་ཆེན་ཐེངས་གཉིས་པ་ཞེས་པའི་ཚོགས་བཅར་འདུ་འཛོམས་སར་བོད་ཀྱི་གསོ་བ་རིག་པའི་ཉིང་ཁུ་དཔལ་ལྡན་རྒྱུད་བཞི་དང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་མ་ཕྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གཉིས་དབར་གྱི་ཁྱད་པར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱ་དགོས་ཞེས་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་རེ་བསྐུལ་གནང་དོན་ལྟར་རྒྱས་པའི་ཁྱད་པར་འགོད་པའི་དུས་ཁོམ་མ་བྱུང་ཡང་སྟོང་མིན་སྙིང་བསྡུས་ཙམ་དུ་བཀོད་པ་འདི་ཝཱར་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་གྱི་སྨན་དགེའི་མིང་འཛིན་པ་དབོན་པོ་རྡོ་རྗེ་དགྲ་འདུལ་གྱིས་རྣམ་འདྲེན་བཞི་པས་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་གནས་མཆོག་སཱར་ཎཱ་ཐ་དྲང་སྲོང་ལྷུང་བ་རི་དྭགས་གནས་ཀྱི་རང་ཤག་ཏུ་སྤྱི་ལོ་༢༠༡༢ ཟླ་༢ ཚེས་༢༥ དགེ་བའི་ཉིན་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ།།

 

སླར་སྨྲས་པ།

འཕྱུགས་མེད་གཞུང་གི་དགོངས་དོན་ཁ་བའི་རྡུལ། །མ་རྟོགས་ལོག་རྟོག་འཁྱོག་པོའི་འགྲེལ་བཤད་ཀྱིས། །ནག་ནོར་དྲི་ཡིས་སྦགས་པ་མཆིས་ངེས་ན། །གཟུར་གནས་མཁས་པར་འཆགས་ཤིང་བྱི་དོར་མཛོད། །འདིར་འབད་དགེ་བས་གསོ་བ་རིག་པའི་གཞུང། །ཉམས་མེད་སྲིག་འཚོའི་དཔལ་དུ་ལེགས་ཤར་ཏེ། །དེ་འཛིན་ཕྱོགས་རིས་གདོན་གྱིས་མ་བརླམས་པར། །ཐུགས་མཐུན་འགྲོ་བའི་ཕན་བདེ་སྤེལ་བར་ཤོག། །།

 

ལུང་འདྲེན་ཡིག་ཆ་ཁག



[1] Report No.2000-0014 july 29 2000. Embassy of the Peoples republic of china in the United states of America, More than 20 countries have established research institute on Tibetan Medicine and some classics of Tibetan medicine such as four tantra and Pearl Herbology have been translated into English, French, German, Russia, Japanese and many other languages. ཞེས་འཁོད་པ་བདེན་ན་རྒྱུད་བཞི་འདི་སོག་སྐད་མ་ཡིན་པའི་སྐད་རིགས་མང་པོ་ཞིག་ལ་ཡང་བསྒྱུར་བར་མངོན།།

[2] ཤེས་བྱ་སྤྱིའི་ཁོག་དབུབས། ཟུར་མཁར་བློ་གྲོས་རྒྱལ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

[3] ཤེས་བྱ་སྤྱིའི་ཁོག་དབུབས། ཟུར་མཁར་བློ་གྲོས་རྒྱལ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

[4] རྒྱུད་བཞི་བཀར་བཞེད་མཁན་ནི་བྱང་པ་བཀྲ་ཤིས་དཔལ་བཟང་ལ་སོགས་པ་བྱང་ལུགས་ཕལ་ཆེ་བ་ཡིན།

[5] དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། ༡༥༡༥ ན། ༥ པར་གསལ།

[6] བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་བང་མཛོད་གཡུ་ཐོག་བླ་མ་དྲན་པའི་ཕོ་ཉ། སྨན་རམས་པ་ཨྰརྱ་པ་སངས་ཡོན་ཏན། བོད་སྨན་ཆེད་རྩོམ་ཕྱོགས་བསྡུས། བྱམས་པ་འཕྲིན་ལས།

[7] རྒྱུད་བཞི་འདི་བསྟན་བཅོས་ཡིན་པར་འདོད་མཁན་གཙོ་བོ་ནི། སྟག་ཚང་ལོ་ཙཱ་བ། ཟུར་མཁར་བློ་གྲོས་རྒྱལ་པོ། ཀརྨ་རང་འབྱུང་རྡོ་རྗེ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། སྐྱེམ་པ་ཚེ་དབང་། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་དང་། དེང་དུས་ཀྱི་མཁས་པའི་དབང་པོ་ཕལ་ཆེ་བས་རྒྱུད་བཞི་འདི་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཡིན་པར་འདོད་པ་ཡིན།

[8] རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ། ༤༢ ན ༦ དང། ཡང་བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།

མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།