རྒྱུད་ཀྱི་བཀའ་བསྒྲུབ་དྲང་སྲོང་བཀྲ་ཤིས་དཔལ་བཟང་གིས་མཛད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011 |
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ། |
རྒྱུད་ཀྱི་བཀའ་བསྒྲུབ་དྲང་སྲོང་བཀྲ་ཤིས་དཔལ་བཟང་གིས་མཛད་པ་བཞུགས་སོ།།
བྱང་པ་བཀྲ་ཤིས་དཔལ་བཟང།
གུ་རུ་བཛྲ་ཏཱ་ར་ར་ཡཱེ་ནཱམ་ཤཱཿའགྲོ་ཀུན་དོན་དུ་ཚོགས་གཉིས་རྒྱ་ཆེར་སྤེལ། །ཡེ་ཤེས་ཆེན་པོས་ཇི་སྙེད་ཆོས་ཀུན་གཟིགས། །ཀུན་གྱི་སྐྱབས་གནས་ལྷའི་ལྷར་གྱུར་པའི། །ཐུབ་དབང་བདུད་དཔུང་འཇོམས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་ལ་བུ་ལྟར་བརྩེ་བ་སྨན་གྱི་བླ། །ལྟ་བ་རྒྱུན་ཆད་མེད་པའི་འཕྲིན་ལས་ཀྱིས། །གང་ལ་གང་འདུལ་དེ་ལ་དེར་བསྟན་ནས། །རྒྱུད་རྒྱལ་གསུང་དང་ཞུ་བའི་ཚུལ་འཛིན་པའི། །བླ་མེད་དྲང་སྲོང་རིགས་ལྔ་ལ་ཕྱག་འཚལ། །རིག་གནས་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །ཚེ་ལ་དབང་བས་བཅུད་ལེན་དངོས་གྲུབ་བརྙེས། །རྟེན་འབྲེལ་རྟོགས་པས་རྒྱུ་འབྲས་ནད་འཇོམས་པའི། །འཕགས་ཡུལ་རྒྱུད་པས་དབྱིངས་ནས་བྱིན་འཕོབ་ཅིག །གངས་ཅན་སྐྱེ་དགུའི་རྩ་ལག་པད་མའི་ཞབས། །བཻ་རོ་ཙཱ་ན་བོད་ལ་བཀའ་དྲིན་ཅན། །ཁྲི་སྲོང་ཡབ་སྲས་སེམས་དཔའ་འགྲོ་དོན་མཛད། །སྤྲུལ་པའི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་སྐྱོངས། །ཟབ་དོན་གཏེར་ནས་ཐོན་པའི་སྐལ་བ་ཅན། །བསྟན་སྲུངས་བྲན་དུ་འཁོལ་བའི་མངོན་ཤེས་སོགས། །མུ་ཏིག་འཕྲེང་བ་ལྟ་བུའི་བཀའ་རྒྱུད་རྣམས། །འབྲལ་མེད་གཙུག་གིས་མཆོད་དོ་བྱིན་གྱིས་རློབས། །གཏིང་ཟབ་བཤད་པའི་རྦ་རླབས་ཅི་ཡང་གཡོ། །ཟབ་རྒྱས་མན་ངག་ནོར་བུ་རིན་ཆེན་གཏེར། །ཐབས་ཚུལ་ཆུ་ཀླུང་ཇི་སྙེད་ཀུན་འདུ་ཞིང་། །རིམ་གཉིས་ཀླུ་དབང་སྟོན་པའི་གཞིར་གྱུར་པ། །རྒྱུད་རྒྱལ་རྒྱ་མཚོ་ཆེ་དེར་གུས་པས་འདུད། །ཞི་བ་ཆེན་པོས་སྒྲིབ་མེད་(སངས་རྒྱས་ནས་གསུང་བ་འདུག) ཆོས་ཀུན་གཟིགས། །སྙིང་རྗེ་ཆེན་པོས་དམ་པའི་ཆོས་སྐྱོང་ཡང། །མ་རུང་འདུལ་ཕྱིར་འཇིག་མཛད་སྐུར་སྟོན་པའི། །བསྟན་སྲུང་སྤྱི་རྒྱས་སྲུང་སྐྱོབས་མགོན་མཛོད་ཅིག །རང་སེམས་ཆོས་སྐུར་རྟོགས་པའི་གྲུབ་པ་མཆོག །བཀའ་དྲིན་འཁོར་ཐབས་མེད་པའི་ཆོས་ཀྱི་རྗེ། །འཁོར་འདས་བདག་པོ་རང་རིག་བདེ་ཆེན་པོ། །ཀུན་ཏུ་བཟང་པོས་སྙིང་ལ་ཡེ་ཤེས་ཕོབ། །འདིར་ནི་མཁས་པ་ཡིད་རབ་འཕྲོག་པ་དང་། །བར་མ་རྣམས་ཀྱི་ཐེ་ཚོམ་འཁྲུད་པ་དང་། །བྱིས་པ་ཚུལ་འདིར་འཇུག་ལ་དགའ་བ་བསྐྱེད། །གཟུར་གནས་ཤེས་ལྡན་སྒྲོ་འདོགས་ཆོད་པ་དང་། །ཕྲག་དོག་ཅན་ལའང་བག་ཆགས་བཞག་པའི་ཕྱིར། །དིང་སང་དུས་ཀྱི་འཚོ་བྱེད་དུ་མ་ཡིས། །ཁྱུ་མཆོག་དོན་བཞིན་སྨྲ་བའི་ང་རོ་ཅན། །བྱང་ཆུབ་སེམས་པར་གྲགས་པས་བཀའ་བསྒྲུབ་མཛད། །དེར་མ་འདུས་པའི་ཕྱོགས་ལྔའི་ཚིག་འགའ་དང་། །སྒྲུབ་བྱེད་གཞན་ཡང་བསྟོད་ནས་བཟུང་བདེའི་ཕྱིར། །ཚིགས་སུ་བཅད་འགའ་འདིར་བཤད་དགའ་བ་འཕེལ། །འགའ་ཞིག་རྨོངས་པའི་བུད་ཤིང་སེ་འོ་ལ། །ཕྲག་དོག་ཤེས་འཆལ་ཆོས་སྤོང་མེ་སྤར་ནས། །རང་གི་དགེ་རྩ་མ་ལུས་བསྲེག་བྱེད་ཅིང་། །གཞན་གྱི་དག་སྣང་བཟའ་ཤིང་ར་བ་ལ། །ཚིག་གི་མེ་འདག་སྤྲོས་ནས་བརླག་པར་བྱེད། །གང་དུ་ནགས་ལ་གནས་པའི་སྤྲེའུ་རྣམས། །ལྗོན་ཤིང་གཙང་ལ་མི་གཙང་འབད་ནས་ཐོར། །དེ་འདྲ་ཁྲེལ་གཞུང་མེད་པའི་རིགས་བྱེད་པ། །འགའ་ཡང་རྟགས་བཅོས་རྒྱུད་ནས་བཤད་བཞིན་བྱེད། །གཞན་དུ་བ་སྟན་བཅོས་ཡན་ལག་བརྒྱད་པར་སྨྲ། །རྒྱུད་བཞི་ཞེས་པ་རྣམ་དག་མིན་ཞེས་སྨོད། །བརྒྱད་པར་རྩ་ཆུའི་བརྟག་པ་མ་བཤད་བཞིན། །རྩ་ཆུ་བརྟག་ཅིང་རྒྱུད་བཞི་སྨོད་ལ་བརྩོན། །ཁྲེལ་མེད་འགལ་བའི་ཁུར་ཆེན་འཁུར་བ་འདི། །སངས་རྒྱས་བསྟན་པའི་ཆོམ་རྐུན་ཆེན་པོར་བས། །དཔེར་ན་ཙན་དན་གསེར་ལས་རིན་ཆེ་མོད། །བླུན་པོ་ལ་ལ་སོལ་བར་བསྲེགས་ནས་ཚོང་། །དེ་བཞིན་བསྐལ་ངན་ལ་ལས་རྒྱུད་ཐོས་པས། །བཀའ་མིན་ཞེས་པའི་སྒྲོ་བསྐུར་འདེབས་ཤིང་འཛིན། །ཀྱེ་མ་སྲིན་བུས་རང་རྟེན་ཟད་ཟད་འཇོམས། །ཁྱི་ངན་ལ་ལ་ཟ་ཞིང་དེ་ལ་ཁྲེལ། །ཁྲེལ་མེད་ཉམས་ལེན་བྱེད་བཞིན་བཤེ་བ་མཐོང་། །རྟོག་སྤྱོད་ཆུང་ཞིང་དེ་ཉིད་མེད་པ་འགའ། །གངས་ཅན་རི་ལས་བྱུང་བའི་ཙན་དན་མཆོག །ནགས་མཐར་སྐྱེས་པའི་ཐང་ཤིང་ཡིན་ནོ་ལོ། །མཁས་པས་བལྟས་ན་དེ་ཉིད་བཞད་གད་གནས། །ལ་ལར་དབང་མེད་ངེས་འབྱུང་སྐྱེ་བའི་གནས། །མི་བདེན་བདེན་པར་སྨྲ་བའི་བློ་ངན་འགས། །མི་དག་དག་པར་སྨྲ་བའི་རྗེས་འབྲངས་ཏེ། །མི་རིགས་རིག་པས་བདེན་པ་སུན་འབྱིན་པའི། །བླུན་པོས་མ་བརྟགས་སྨྲ་བའི་སྐྱོན་ཡིན་མོད། །མཁས་པས་བརྟགས་ཤིང་སྤྱད་པས་ག་ལ་འཁྲུལ། །འོན་ཀྱང་སྟོན་པས་རྒྱུད་བཞི་འདི་གསུངས་ཀྱང་། །རང་རང་ལས་ཀྱིས་མི་འདྲ་སོ་སོར་གོ །ཆུ་སྣོད་དྭངས་རྙོགས་དྲི་མའི་དབང་གིས་ནི། །མཁའ་ལྟ་ཆུ་སྣོད་ལ་ལར་ནག་པོར་སྣང་། །དེ་འདྲ་ཆུ་དང་རང་རང་སྐྱོན་ཡིན་མོད། །དཔལ་ལྡན་རྒྱུད་རྒྱལ་སྐྱོན་དུ་ཇི་ལྟར་སྨྲ། །འགྲོ་བ་སྤྱིའི་ནོར་བུ་ཉི་མ་ལའང་། །གཟའ་བདུད་ཟས་སུ་ལྟོས་ནས་གནོད་ཅེས་གྲགས། །འབྱུང་པོའི་བྱ་རྣམས་ཉི་མའི་འོད་ལ་འབྲོས། །མཁས་མང་པད་དཀར་ཉིན་བྱེད་ཤར་བ་ན། །ལེགས་བཤད་ཟེ་འབྲུའི་གོས་འཕྲང་བཞད་པ་སྟོན། །དེ་སླད་ཆོས་ཀྱི་སྤྱན་དང་ལྡན་པ་ཡིས། །པད་མ་འབྱུང་གནས་བཻ་རོ་ཙ་ན་སོགས། །མཁས་གྲུབ་རྣམས་ཀྱི་ཐུགས་ཉམས་བསྟར་བ་ཡི། །ལུགས་འདི་སྐྱོན་མེད་ཤིང་རྟའི་སྲོལ་བཟང་སྟེ། །གང་འདིར་འཇུག་ལ་དགའ་བ་མཐའ་དག་འཕེལ། །འོན་ཀྱང་བདག་འདྲ་མཁས་པ་མཁས་པའི་ཕུལ། །མིན་ཀྱང་དམ་པའི་ཚུལ་འདིར་བློ་གསལ་ཅིང། །བླ་མའི་དྲུང་དང་མཁས་པའི་གསུང་རབ་ལ། །གོམས་པ་ཐོབ་ནས་ཕྱོགས་འདིར་དང་བའི་བློས། །སྐལ་ལྡན་གཟུར་གནས་བློ་ལྡན་དོན་གཉེར་བ། །གཞན་ལ་ཕན་པའི་བསམ་པས་འདིར་བཤད་བྱ། །ཆེན་པོར་བློམ་པའི་མངོན་པའི་ང་རྒྱལ་ཅན། །ཐོས་པ་ལྷུར་བྱེད་དོན་ཀྱི་རོ་མ་མྱངས། །རང་ལ་རྣམ་པར་སྤྱོད་པའི་མིག་མེད་པར། །གཞན་རྗེས་འབྲངས་པའི་མཁས་རློམ་འགའ་ན་རེ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་ཞེས། །གྲགས་པའི་རྒྱུད་འདི་རྒྱལ་བའི་བཀའ་མིན་སྟེ། །ཅི་ཕྱིར་ཞེས་ན་འདིའི་གླེང་བཞི་ལས། །འདི་སྐད་བདག་གིས་བཤད་པ་ཞེས་པ་འབྱུང་བས། །ཐོས་པ་འབྱུང་བ་རྣམས་དང་མགལ་ཕྱིར་རོ། །རྒྱ་དཔེར་ཨེ་ཝཾ་མ་ཡ་ཤུ་ཐ་ཞེས། །བཤད་དང་ཐོས་པར་རྣམ་དབྱེ་འགལ་མེད་ནའང། །ཐོས་པ་འབྱུང་རྣམས་སྟོན་འཁོར་ཐ་དད་ལྟར། །སྣང་བས་སྒྲ་བསྒྱུར་རྣམས་ཀྱིས་ཐོས་པར་བསྒྱུར། །འདི་ནི་བཀའ་རྒྱུད་སྤྱི་རྣམས་ཚུལ་དང་མཐུན། །འདིར་ནི་བཤད་པ་ལྷག་པར་ཁྱད་ཆོས་སྟེ། །སྟོན་པ་སྡུད་པ་པོ་གཉིས་དབྱེར་མེད་ཕྱིར། །རྒྱལ་བ་རང་དང་དགོངས་པ་མི་གཉིས་པའི། །ཞུ་ཆེན་ལོ་ཙཱས་དོན་འགྱུར་བཤད་པར་བསྒྱུར། །དགོས་པ་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་། །ལྷག་ཆད་ནོར་པའི་དྲི་མ་ཐམས་ཅད་དང་། །བྲལ་བར་ཡིད་ཆེས་བསྐྱེད་པའི་ཆེད་དུ་ཡིན། །སྟོན་འཁོར་དབྱེར་མེད་གཅིག་པར་མི་འཐད་ན། །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོའང་ང་ཅེས་དང་། །གསང་བ་འདུས་པའི་རྒྱུད་ལས་ཀྱང་། །ཆོས་ཆེན་འདི་ལྟར་གསུང་བ་དང་། །འཁོར་གྱི་ནང་དུ་ཉན་པ་ང་། །ཅེས་བཤད་འདི་ཡང་ཅིའི་ཕྱིར་འཐད། །སྟོན་འཁོར་གཅིག་ཀྱང་བཤད་པ་མི་འཐད་ན། །གསང་སྙིང་ལ་སོགས་འགའ་རུ་བཤད་པ་འབྱུང་། །འགའ་རེར་འགྲོ་བ་བདག་གིས་ཞེས་པ་འབྱུང་། །འདི་དག་ལ་ཡང་འཐད་པར་སྨྲ་བར་རིགས། །གསང་བ་སྙིང་པོའང་རྣམ་དག་མིན་ཅེས་ན། །སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུང་། །བསྡུ་པོ་ཚད་ལྡན་དགའ་རབ་རྡོ་རྗེས་བསྡུས། །ལོ་པཎ་ཚད་ལྡན་བཻ་རོ་སོགས་ཀྱིས་བསྒྱུར། །རྒྱུད་པ་ཚད་ལྡན་གྲུབ་ཐོབ་འབའ་ཞིག་བྱོན། འདི་ཙམ་གྱིས་ཀྱང་ཚད་མར་མི་རྟོན་ན། །གསུང་རབ་ཚད་ལྡན་ཁྱོད་ཀྱིས་མི་རྙེད་དོ། །འོན་ཏེ་གསར་མའི་མདོ་རྒྱུད་རྣམས་སུའང་། །གསུང་པ་ཚད་ལྡན་སུའི་མཛད་པར་བྱོས། །རྡོ་རྗེ་འཆང་དང་ཤཱཀྱ་ཐུབ་པ་ཞེས། །ཟེར་རམ་འོན་ཏེ་གཞན་མ་གང་ཟེར་ནའང་། །ཆོས་སྐུ་ཀུན་ཏུ་བཟང་པོ་སྟོན་པ་པོ། །ཚད་མ་མིན་ན་གཞན་ཀུན་ཚད་མ་རུ། །ལུང་རིགས་གང་གིས་སྒོ་ནས་བསྒྲུབ་པར་ནུས། །ལུང་གིས་སྒྲུབ་ན་ཐ་དད་རང་ལུང་ཡོད། །ཐེག་པའི་དབང་གིས་ཀུན་མཐུན་ལུགས་ནི་དཀོན། །རིགས་པར་སྒྲུབ་ན་འདི་དག་མཚུངས་པར་འདྲ། །ངོ་བོ་རང་བཞིན་ཐུགས་རྗེ་ཆེན་པོ་ལ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་བཏགས། །བཟང་ན་མེད་མོད་ཡོད་ན་ངོ་བོ་བཟང་། །དེའི་རྒྱུ་མཚན་གསེར་འོད་དམ་པར་བཤད། །དེ་ཕྱིར་རྨོངས་པའི་ང་རྒྱལ་མ་ཆེ་བར། །ཐུབ་པའི་གསུང་རབ་ཀུན་ལ་དག་སྣང་མཛོད། །འགའ་ཞིག་གསུང་པ་གྲོང་ཁྱེར་ལྟ་ན་སྡུག །ཅེས་པ་འདིར་ཡོད་ངེས་པ་མེད་པར་སྨྲ། །དེ་ཡང་རང་གི་མ་མཐོང་རྒྱུ་མཚན་དུ། །བྱེད་ན་འོག་མིན་སོགས་ཀྱང་མེད་པར་འགྱུར། །འདི་ཡོད་གྲགས་ཤིང་དེ་ཕྱིར་རྒྱུ་མཚན་དུ། །བྱེད་ན་མདོ་ནས་བཤད་པའི་ཡུལ་འགའ་ཞིག །མིང་ཙམ་དག་ཀྱང་ཕལ་གྱིས་ཐོས་མིན་ན། །འདིར་ངེས་པའི་ཁུངས་ནི་ཇི་ལྟར་ཤེས། །འོན་ཀྱང་གནས་འདིར་འདིར་འབྱུང་ངེས་པ་སྟེ། །འབིགས་བྱེད་ལ་སོགས་རི་བཞིའི་དབུས་གནས་ཤིང་། །ས་གཞི་རྡོ་རྗེ་ས་གཞི་བྱིན་རླབས་པའི། །རྡོ་རྗེའི་གདན་དུ་རྒྱུ་འཕྲུལ་སྲས་པོའི་ས། །ལྟ་ན་སྡུག་ཅེས་བྱ་བའི་གྲོང་ཁྱེར་སྤྲུལ། །གནས་དེར་གསོ་རིག་རྒྱུད་འདི་གསུངས་པ་ཡིན། །དེ་ཉིད་ད་ལྟ་མེད་པས་འགལ་ཞེ་ན། །སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། །མཛད་པ་བཅུ་གཉིས་སོགས་དང་དེ་ལས་གཞན། །སྤྲུལ་དང་བཀོད་པ་བསམ་གྱིས་མི་ཁྱབ་རྣམས། །དེ་དག་དིང་སང་ཡོད་པར་ཆ་ཡོད་དམ། །རྒྱ་ལ་ཡོད་པ་སྲིད་ནའང་མ་དག་པའི། །ལས་ངན་གྱིས་སླད་སོ་སྐྱེ་མི་མཐོང་དྲངས། །ཅུང་ཟད་མཐོང་ཞིང་ད་ལྟ་ཡོད་ནའང་། །རང་རང་གཞུང་ནས་ཇི་སྐད་འབྱུང་བ་ཡིས། །རྟགས་དང་ཡོན་ཏན་མཚན་ཉིད་ཐམས་ཅད་ཀུན། །དུས་ཀྱི་དབང་གིས་ཡོན་ཏན་ཉམས་ཞེས་ཐོས། །དཔེར་ན་བྱ་རྒོད་ཕུང་པོའི་རི་བོ་ལའང་། །མདོ་ནས་ཇི་ལྟར་བཤད་པའི་ཡོན་ཏན་གྱི། །ཆའི་ཆ་ཡང་ཡོད་པར་མི་མཐོང་ཞེས། །འཕགས་པའི་ཡུལ་ནས་འོང་པ་ཐམས་ཅད་སྒྲོག །འཕགས་པ་རྣམས་ཀྱིས་ད་ལྟའང་གཟིགས་པ་སྲིད། །རང་གིས་མ་མཐོང་ཕྱིར་ན་མེད་པ་མིན། །གཞན་དག་སྟོན་པ་སྨན་བླས་སྤྲུལ་ཞེས་པ། །བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་། །དེས་ན་རྒྱུད་འདི་སྒྲོ་སྐུར་ཅན་ཡིན་ནོ། །རང་གི་སྟོན་པ་ཤཱཀྱ་སེང་གེ་ཡིས། །འགྲོ་ཕན་ཕྱིར་དགོངས་སྨན་པའི་རྒྱལ་པོར་སྤྲུལ། །དྲང་སྲོང་རིགས་ལྔ་སྤྲོས་ནས་གསུང་བཞིན་བསྡུས། །དེས་ན་སྟོན་པ་གཉིས་ཀྱི་སྐྱོན་དང་བྲལ། །ད་དུང་འདི་ལ་ལོག་པར་རྟོག་པ་ན། །ཀུན་རིག་ཚངས་པ་ཆེན་པོར་སྤྲུལ་བྱས་ནས། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རྒྱུད་བཅས་གསུངས། །རྒྱལ་མཆོག་རིན་ཆེན་ལ་སོགས་རིགས་ལྔ་ཡང་། །རྡོ་རྗེ་འཆང་དུ་བསྟན་པ་བླ་མེད་ཀྱིས། །རྒྱུད་རྣམས་ཕལ་ཆེར་གསུང་ཞིང་དེ་དང་དེའི། །དཀྱིལ་འཁོར་རྣམས་ཀྱང་རབ་ཏུ་སྤྲོས་པ་དང་། །དེ་དག་སྐྱོན་དང་བཅས་ཞེས་སྨྲའམ་ཀྱེ། །གཞན་ཡང་རྟོག་བཟུང་དཔུང་ཆེ་སངས་རྒྱས་ཚོ། །དུ་མ་འདུས་ནས་ཆོས་བསྟན་པ་ཡང་གསུངས། །དེས་ན་བསྟན་པ་གཅིག་ལ་སྟོན་པའི་ཚོགས། །གཉིས་ལས་ལྷག་པ་དུ་མའི་སྐྱོན་ཡོད་དམ། །མུ་སྟེགས་འཁོར་དང་བཅས་པ་འབྱུང་བས་ཀྱང་། །ཚད་ལྡན་གཞུང་ལུགས་མིན་ཞེས་སྨྲ་མོད་ནའང་། །ཚངས་དང་ཁྱབ་འཇུག་མ་ཧ་དེ་བ་སོགས། །སྲིད་པ་འཁོར་བའི་ཆེ་དགུ་དེ་དག་ལ། །མུ་སྟེགས་རྣམས་ཀྱིས་སྐྱབས་དང་ལྷར་འཛིན་ཅིང་། །དེ་དག་གིས་བཤད་མུ་སྟེགས་གྲུབ་མཐར་འཛིན། །དེའི་ཕྱིར་མུ་སྟེགས་འཁོར་གྱི་དགྲ་བསྙེད་ཀྱིས། །གཅེར་བུ་རྒྱང་འཕེན་གྲངས་ཅན་ཡོང་བ་ཡིན། །འགའ་ཞིག་བསྟན་བཅོས་ཡན་ལག་བརྒྱད་པ་ལས། །ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པའི་ས། །ཡན་ལག་བརྒྱད་དུ་དེ་རབ་གྲགས། །ཞེས་བཤད་དེ་དང་། །རྒྱུད་བཞི་ནས་བཤད་པའི་ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། །ཡན་ལག་བརྒྱད་དུ་ཤེས་པར་བྱ། །ཞེས་བཤད། དེ་གཉིས་ཅུང་ཟད་མི་མཐུན་པས། །རྒྱུད་བཞི་བོད་དུ་སྦྱར་བ་ཡིན་ཞེས་གྲགས། །དེ་ལྟ་ན་ནི་གསེར་འོད་དམ་པ་ལས། །གཏར་བ་དང་ནི་སྨན་དག་དང་། །ལུས་ཀྱི་ནད་དང་འདྲེ་གདོན་དང་། །མ་རུང་དུག་དང་བྱིས་པ་དང་། །ཚེ་བསྲིང་བ་དང་མཐུ་སྐྱེད་ཡིན། །ཞེས་བཤད་ཡན་ལག་དེ་ལྟར་བགྲངས་་བ་དང་། །བརྒྱད་པའི་ཡན་ལག་འདྲེན་ཚུལ་མི་མཐུན་པས། །གསེར་འོད་དམ་པའང་བོད་དུ་སྦྱར་རམ་ཅི། །གྲོགས་དག་ཕྱོགས་རེའི་ཡན་ལག་བགྲང་ཚུལ་གྱིས། །ལུས་ཀུན་རྫོགས་པའི་ཡན་ལག་སུན་མི་དབྱུང་། །ཅི་ཡི་ཕྱིར་ཞེ་ན་ཡན་ལག་བརྒྱད་པ་སོགས། །ཉིང་ལག་རྣམས་ཀྱང་ཡན་ལག་ལ་བགྲངས་ནས། །ཡན་ལག་རང་ཉིད་མ་ཚང་ཉིད་དུ་འཇོག །རྒྱུད་འདི་རགས་པ་ཡན་ལག་དུ་བཤད་ནས། །ཕྲ་བ་ཉིང་ལག་ཡིན་གྱི་ཡན་ལག་མིན། །དེ་ཡང་ཐོག་མར་ལུས་སྤྱིའི་ཡན་ལག་བཤད། །ལུས་ཀྱང་བྱིས་པ་ལ་རགས་བྱིས་པ་དང་། །བྱིས་པ་མ་ལས་བསྐྲུན་དགོས་དེའི་ཕྱིར། །མོ་ནད་གསོ་དང་གདོན་ནད་གསོ་བ་དང་། །བྱིས་མཚོན་ཀྱིས་འཆི་བས་མཚོན་གསོ་དང་། །དར་ཚེ་དུག་འབྱུང་ཉེ་བས་དུག་ནད་གསོ། །རྒས་པ་གསོ་དང་སྲིད་འཕེལ་བྱེད་རོ་ཙ། །ཡན་ལག་བརྒྱད་པོ་འདིར་མ་འདུས་ཡན་ལག་གཞན་མེད།། ལུས་སྟོད་ལུས་སྤྱིར་འདུས། །དེ་ལྟ་མིན་ན་སྨད་ཀྱང་ཡན་ལག་འགྱུར། །སྟོད་ཅེས་ཕྱིར་ན་སྨད་འཚོ་བ་རྒྱུ། །བརྒྱད་པར་མོ་ནད་མ་ཚང་སྐྱོན་དང་བཅས། །རྒྱུད་འདིར་དར་མ་ཕོ་ལུས་ཐོབ་པ་ཅིག །གཙོ་བོར་བྱས་ཏེ་ལུས་སྤྱི་གསོ་བ་བསྟན། །གཞན་བདུན་དེ་ལ་གཅེས་པའི་ཡན་ལག་ཡིན། །དེའི་ཕྱིར་ན་མ་ཚང་བློས་སྐྱོན་མེད། །ཡན་ལག་གཞན་ཀུན་ཉི་ཚེའི་བགྲང་ཚུལ་སྟེ། །དཔེར་ན་སྐྱེས་བུ་ཁྱིའི་མགོ་ཅན་རྣམས། །བཞིན་བཟང་མཐོང་ན་བུད་མེད་ཡིན་ཞེས་སྨོད། །དེ་བཞིན་མ་དག་པའི་དག་པ་ལ། །སུན་འབྱིན་བྱེད་དེའི་རྣམ་སྨིན་རང་ལ་སྡིག །ལ་ལ་དག་ནི་སྲོག་འཛིན་སྤྱི་བོར་གནས། །ཁྱབ་བྱེད་སྙིང་ལ་གནས་པ་འདིར་བཤད་པས། །དུས་འཁོར་ལ་སོགས་རྒྱུད་སྡེ་དང་འགལ་བས། །མི་མཁས་པའི་བོད་དུ་སྦྱར་ཞེས་གླེང་། །ཚུལ་འདི་སྔ་མོར་གཞུང་རྙིང་མ་དག་པ། །རིམ་པར་མཆེད་ནས་དིང་སང་བར་དུའང་ལས། །བཤད་པའི་རྒྱུད་དུ་དེ་ལྟར་བྱུང་མོད་ནའང། །མན་ངག་རྒྱུད་དུ་ནད་ནི་རེ་རེ་ལ། །རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་གསལ་བར་བསྟན། །དེའི་སྐབས་སུ་རྟགས་བཅོས་མ་ནོར་བས། །དོན་ལ་ནོར་པ་དྲི་མས་དབེན་པ་ཡིན། །ཡིན་ཚུལ་སྲོག་འཛིན་སྙིང་ལ་གནས་པ་དང་། །ཁྱབ་བྱེད་སྤྱི་བོར་བཞག་ནས་བཤད་ལྟར་གནས། །ཡི་གེ་ནོར་བ་ཆོས་དེའི་སྐྱོན་ཡིན་ན། །གསུང་རབ་ཀུན་ལ་སྐྱོན་མེད་ཤིན་ཏུ་དཀོན། །གཞན་དག་རྩ་བའི་རྒྱུད་ལས་ཨ་རུ་ར། །རོ་དྲུག་ལྡན་བཤད་གཞན་དུ་ལན་ཚའི་རོ། །མེད་པར་བཤད་པས་ནང་འགལ་སྐྱོན་ཅན་ལོ། །དེ་ནི་སྔ་ཕྱི་དགོས་པ་ཅན་གྱི་ཚིག །དངོས་སུ་མི་གསལ་ཕྱིར་ན་ལན་ཚའི་རོ། །མེད་ཅེས་བཤད་མོད་འབྱུང་པ་ཆུའི་ལས། །ལན་ཚྭ་འབྱུང་ཞིང་རོ་གཞན་དག་ལ་ཡང་། །ཆུ་མེ་ཤས་ཆེ་ཡོད་པས་དེའི་ཕྱིར། །རོ་དྲུག་ལྡན་པར་བཤད་ལ་འགལ་མེད་དོ། །རླུང་མཁྲིས་བད་ཀན་ནད་ཀུན་འཇོམས་བཤད་ན། །དེ་ལ་རོ་མ་ཚང་བ་སུའི་སྒྲུབ། །ལན་ཚ་དངོས་སུ་མི་གསལ་ཕྱིར་ན་རེ། །མེད་པར་བཤད་ལའང་འགལ་བ་ཡོང་མི་སྣང་ནའང་། །དེས་ན་དགོངས་དང་བདེན་པར་དགོངས་པ་སོགས། །མཐའ་དྲུག་ཚུལ་བཞིས་ཟབ་མོའི་རྒྱུད་འཆད་པ། །མཁས་གྲུབ་སྙན་རྒྱུད་ཡོད་པའི་ཁྱད་ཆོས་ལགས། །ཁ་ཅིག་འབྱུང་པ་ཤིང་མེ་ས་ལྕགས་ཆུ། །ཞེས་པ་བཤད་པས་ནག་རྩིས་པ་དང་མཐུན། །བོད་དུ་བྱས་པའི་བསྟན་བཅོས་ཡིན་ཞེས་སྨོད། །འབྱུང་བ་ཤིང་ནི་ཡང་ཤིང་གཡོ་བ་རླུང་། །ལྕགས་དང་ནམ་མཁའ་མདོག་མཚུངས་དེའི་ཕྱིར། །མ་བུ་དགྲ་གྲོགས་བསྐོར་བ་བདེ་བ་དང་། །རླུང་དང་ནམ་མཁའ་གཟུགས་མེད་དེ་དག་ལ། །མ་བུ་དགྲ་གྲོགས་བློ་ཡུལ་མི་བདེ་བས། །མ་བུ་དགྲ་གྲོགས་བསྐོར་བ་བདེ་བའི་ཕྱིར། །རྨོངས་པའི་དོན་དུ་རྒྱལ་བས་འདི་སྐད་བསྟན། །ཤིང་བུ་མེ་དེ་མེ་ཉིད་ཤིང་ལས་འབར། །མེ་བུ་ས་ཡིན་ཏེ་མེའི་ལྷག་མ་ས། །ས་བུ་ལྕགས་ཡིན་པ་ས་རྡོ་བཞུ་བ་ལྕགས། །ལྕགས་བུ་ཆུ་དེ་མདོག་དང་བསིལ་བ་ལས། །ཆུའི་མདོག་དང་བསིལ་བ་མཐུན་པ་སྲིད། །ཆུ་བུ་ཤིང་ཡིན་ཆུ་ལས་ཤིང་སྐྱེའི་ཕྱིར། །ལྕགས་ཀྱིས་ཤིང་གཅོད་མེས་ལྕགས་འཇུ་བྱེད། །སའི་ཆུ་འགེགས་ཆུ་དེས་མེ་གསོད་ལ། །ས་དེ་ཡང་ཤིང་འབུགས་པ་དེ་དང་དེའི། །དགྲ་ཡིན་གཞོམ་ཆ་གྲོགས་སུ་ངེས་པར་སྦྱོར། །མ་བུ་དགྲ་གྲོགས་བརྩི་བ་སྟབས་བདེ་ཞིང་། །འཇིག་རྟེན་མ་བུ་དགྲ་གྲོགས་ལྔར་འདུས་ཤིང་། །ངོ་མཚར་རྩ་བདུན་ལ་སོགས་ལེགས་ཉེས་རྣམས། །རྩ་ལས་ལུང་སྟོན་མ་བུ་དགྲ་གྲོགས་ལ། །བརྟེན་དགོས་དེ་ཡང་ཤིང་མེ་ས་ལྕགས་ཆུའི། །འབྱུང་བ་ལྔ་ལ་རག་ལུས་དེའི་ཕྱིར། །ཐམས་ཅད་མཁྱེན་པས་འབྱུང་བའི་བརྩི་ཐབས་རྣམས། །ནག་རྩིས་ཇི་བཞིན་མཁྱེན་ནས་གཞན་ལའང་ཡོད་པས། །དགོས་པ་འགྲོ་བ་རྣམས་ལ་ཕན་ཕྱིར་ཡིན། །དེ་དང་མཐུན་པར་དེ་བཞིན་གཤེགས་རྣམས་ཀྱིས། །ཡེ་ཤེས་བྱུང་སོ་གཅིག་ཏུ་འདུས་པའི་སྐུ། །འཇམ་དཔལ་དབྱངས་ཀྱི་སོ་མ་ར་ཛ་ལས། །དེ་ལྟའི་འབྱུང་པའི་རྩི་ཐབས་རྒྱ་ཆེར་བཤད། །ནག་རྩིས་གསུངས་པའང་འདི་ཉིད་ཡིན་པར་གྲགས། །འགའ་ཞིག་ནག་རྩིས་རྣམ་དག་མ་ཡིན་ཞིང་། །དཀར་རྩིས་རྣམས་དག་ཡིན་པར་གླེང་མདོད་ནའང། །གདུལ་བྱའི་བློ་དང་འཚམས་པའི་ཆོས་རྣམས་ཀུན། །རང་རང་སྐབས་སུ་ཐམས་ཅད་རྣམ་དག་སྟེ། །དེ་དང་དེ་ནས་བཤད་པ་ཇི་བཞིན་བདེན། །དོན་གྱི་ངོ་བོར་མྱ་ངན་འདས་པ་ཡང་། །རྒྱུ་མ་ཅན་ཞེས་བདེན་པར་གསུངས་པ་མེད། །དེས་ན་རང་གཞུང་སྒྲུབ་ཅིང་གཞན་གཞུང་བགེགས། །ལོག་པར་རྟོག་པའི་ཁ་འཛིན་མ་ཆེ་བར། །ཐམས་ཅད་མཁྱེན་འདོད་ཤེས་བྱ་ཀུན་ལ་སློབས། །འགའ་ཞིག་ལོ་མགོ་རྒྱལ་ལ་བྱེད་པའི་ཕྱིར། །བོད་ཀྱི་སོ་ནམ་པའི་ལུགས་དང་མཐུན། །བཀའ་དང་བསྟན་བཅོས་ཀུན་དང་མི་མཐུན་པས། །བོད་པ་དག་གིས་སྦྱར་ཞེས་ངེས་པར་སྒྲོག །དེ་ཡང་རྣམ་པར་ཕྱེས་ཏེ་བཤད་ཀྱིས་ཉོན། །སྔོན་གྱི་དུས་སུ་ཆོས་རྒྱལ་ཁྲི་རལ་དང་དེའི་ཞང་པོ་རྒྱ་ནག་རྒྱལ་པོ་གཉིས། །སྟོབས་དང་འབྱོར་བ་མངའ་ཐང་དྲེག་པ་ཡིས། །ཕན་ཚུན་གཉེན་དང་དམ་པའི་ཚུལ་དོད་ནས། །འཁོན་དང་རྩོད་པ་མི་མཐུན་འགྱེད་ལ་སྤྲོ། །དུས་དེ་རྒྱལ་ཀྱི་ཟླ་བ་དང་པོ་ལ། །འཁྲུགས་པའི་དུས་ཚོགས་བོད་ལ་རྟག་པར་འགྱུར། །དེ་ཚེ་བོད་ཀྱི་རྒན་པོ་ཤེས་ལྡན་འགས། །ལེགས་པར་བསམས་ནས་རྒྱལ་པོ་ལ་གསོལ་པ། །རྒྱལ་པོ་ཆེན་པོ་བོད་དང་རྒྱ་དམག་གཉིས། །ཟླ་བ་དང་པོའི་དུས་ལ་བབ་པ་ན། །ངེས་པར་འཐབ་ཅིང་རྩོད་པའི་གཡུལ་འགྱེད་ཅེས། །བརྩམ་པ་མིན་པ་འགྲོ་བར་དུས་བཏབ་ན། །བདག་ཅག་བོད་ནི་གཡུལ་ལ་མི་མཁས་ཤིང་། །དཔུང་གི་ཚོགས་ཀྱང་རྒྱ་ཆེར་མ་མཆིས་ལགས། །རྒྱའི་རྒྱལ་པོ་དཔུང་ཚོགས་བཞི་དང་བཅས། །གཡུལ་འགྱེད་པའི་དགྲ་ཐབས་ཆེར་མཁས་པས། །འོ་སྐོལ་བོད་རྣམས་ཕམ་པར་འགྱུར་ཀྱི་དོགས། །དེ་བས་ཟླ་བ་དང་པོ་ཡར་བསྒྱུར་ཏེ། །རང་གི་དཔུང་ཚོགས་བཤམས་ནས། །རྒྱའི་གྲོང་འཇོམ་པར་བགྱིས་ན་བདག་ཅག་ཅི་མ་རུང་། །དེ་སླད་ལྷའི་ལོ་དང་ཟླ་བ་དང་། །དུས་ཚོད་ཚེས་གྲངས་ལ་སོགས་གསུང་རབ་ལས། །རྒྱ་ཆེར་བྱུང་པའི་ཟོལ་གྱིས་བཅོས་པར་མཛོད། །དགྲའི་དཔུང་ཚོགས་བཏུལ་ཏེ་རིག་བྱེད་ལས། །ཅི་ལྟར་འབྱུང་པའི་ལོ་དང་ཟླ་བ་དང་། །སྐར་མའི་ཚོགས་ཀྱང་སྔར་ཁོ་བཞིན་དུ་མཛོད། །ཚུལ་འདིར་ལྷ་ཁྱོད་བཏང་སྙོམས་མཛད་པ་ན། །འབངས་ཀྱང་སྒུག་ཅིང་རྒྱལ་པོའི་དཔལ་ཉམས་རེ། །ཐུབ་པའི་བསྟན་པ་མཆོད་པའི་མཐུ་མེད་པས། །བསྟན་ལ་བསྐུར་བ་བགྱི་བར་མི་བཟོད་ན། །འདི་ལ་བརྩོན་པ་མཛད་པར་ཅི་མི་རིགས། །ཤེས་པ་བློན་པོ་མཛངས་པའི་ངག་ཉན་ནས། །རྒྱལ་པོའི་བཀའ་བཞིན་མདུན་ན་འདོན་གྱིས་བཅོས། །ཟླ་བ་དང་སྔོན་དུ་གསུང་པའི་ཚིག །གསུང་རབ་ཚོགས་ལ་བསྲི་བསྣན་རྒྱ་ཆེར་བྱས། །ཧོར་ཟླ་བཅུ་གཉིས་པ་ལ་གཡུལ་འགྱེད་པས། །རྒྱ་རྣམས་འཐབ་པའི་སྤྲོས་པ་མེད་པར་བྱས། །དེ་ཚེ་རྒྱའི་བོད་ཀྱི་ཚོགས་རྣམས་ལ། །ཟླ་བ་དང་པོ་འདི་ནི་མ་ཡིན་ཞེས། །སྨྲས་ནས་བོད་ཀྱི་གཙུག་ལག་བཅོས་མའི་ཚོགས། །དུ་མ་བསྟན་ནས་རིག་པ་མེད་པར་བྱས། །ཕྱིས་སུའང་ལོ་འདི་ཞལ་གྲའི་ལོ་ཡིན་ཞིང་། །རང་རེ་བོད་ལའང་ལོ་མགོ་ཁྱད་པར་བ། །དགོས་པས་འདི་བཞིན་འཇོག་པར་རིགས་སོ་ཞེས། །དིང་སང་བར་དུ་སོ་ནམ་ལོ་གསར་ཞེས། །ཡོངས་སུ་གྲགས་པ་རྣམས་ཀྱང་དེ་ལྟར་ཡིན། །དེ་ལྟར་བཅོས་པ་མ་དག་པའི་རྒྱུན། །གཞུང་ཚིག་ཕལ་དུ་འབྱུང་མོད་དེ་ལྟ་བུའི། །ཉེས་པ་རྟོགས་པའི་མཁས་པའི་ཚོགས་རྣམས་ནི། །ལོ་སར་ཆོ་འཕྲུལ་ཆེན་པོ་རྟ་ཟླ་དང་། །ཟླ་མགོ་སྟག་དང་དུས་ཚིགས་དཔྱིད་ར་ལ། །ལོ་མགོ་བྱེད་པ་ནག་རྩིས་པར་མ་མཚུངས། །དེ་ལ་ཧོར་ཟླ་ཞེས་སུ་གྲགས་ཤིང་འཛིན། །སྐབས་འདིར་ནག་རྩིས་དང་མཐུན་དགོས་ཕྱིར། །ལོ་མགོ་དེ་ལྟར་བཤད་ཀྱི་གཞན་དུ་ནི། །འདུལ་པ་རྣམས་སྨིན་དྲུག་ཟླ་བ་ཞེས། །ཧོར་ཟླ་བཅུ་པ་ལོ་མགོར་བྱེད་པ་དང་། །སོ་ནམ་པ་དང་ནག་རྩིས་རྙིང་མ་བ། །རྒྱལ་ཟླ་བཅུ་གཉིས་པ་ལ་ལོ་མགོ་བྱེད། །ནག་རྩིས་གསར་མ་བ་དང་ཧོར་ཟླ་རྣམས། །རྟ་ཟླར་གྲགས་པའི་ཆུ་འཕྲུལ་ལོ་མགོར་རྩི། །དུས་འཁོར་བ་རྣམས་ནག་པའི་ཟླ་བ་ལ། །རྩ་རྒྱུད་གསུངས་པས་དེ་ཉིད་ལོ་མགོར་བྱེད། །རང་རང་སོ་སོར་ཁུངས་དང་རྒྱུ་མཚན་ཡོད། །དེས་ན་ཕལ་ཆེར་སུའི་སུ་འགོགས་ནུས། །ནག་རྩིས་གསར་རྙིང་དགོས་པའི་དབང་དེ་འིས། །རྙིང་མར་བཅོས་ཤིང་སོ་ནམ་ཟླ་བ་ཟེར། །གསར་མ་སྐྱོན་མེད་ཧོར་ཟླ་ཞེས་སུ་གྲགས། །དེ་སླད་དོན་ལ་རྣམ་པར་མ་སྤྱད་བར། །ཚིག་རྗེས་འབྲངས་པའི་ཕྱོགས་ལྷུང་མ་ཆེ་ཞིག །གཞན་ཡང་འདིར་ནི་དུས་ལྔའི་ངོས་འཛིན་ལས། །བདུན་བཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། །ཞེས་སོགས་བདུན་བཅུ་རྩ་གཉིས་ཕྲག་ལྔ། །སུམ་རྒྱ་དྲུག་ཅུར་ངེས་པར་བཤད་པས་ན། །ཚེས་གྲངས་ལྷག་ཆད་ཟླ་བཤོལ་ལ་སོགས་པ། །མི་འབྱུང་ཞེས་ན་སྐར་རྩིས་ལུགས་དང་འགལ། །ལྷག་ཆད་རྩིས་ན་འདིའི་ཞག་གྲངས་འཕྱུགས། །ཞག་གྲངས་འཕྱུགས་ན་བཤད་པའི་རྩ་མི་ཐིག།དེས་ན་གྱ་ཚོམ་སྨྲ་བར་བྱས་སོ་ལོ། །སྐབས་འདི་ངེས་པར་སྐར་རྩིས་པ་དང་མཐུན། །ཁྱད་པར་ཞག་གསུམ་རྣམ་དབྱེ་ཤེས་བྱས་ཏེ། །བདུན་ཅུ་རྩ་གཉིས་ཕྲག་ལྔ་འདུས་པ་ལས། །སུམ་རྒྱ་དྲུག་བཅུར་ངེས། །མདོ་འདི་ཉིད་ནི་ཁྱིམ་ཞག་ལ་དགོངས་ཏེ་བཤད་པ་ཡིན། །གཞན་དག་ལ་སྦྱར་ལྷག་ཆད་འབྱུང་ཕྱིར་འགལ། །ཉི་མ་གར་ལོག་རྒུན་ཟླ་འབྲིང་པོར་བརྩི།།ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་ལྡོག །ཅེས་པ་འདིའི་ཚེས་ཞག་ངེས་པ་བསྟན། །དབྱར་ཉི་ལོག་པ་དབྱར་འབྲིང་ཚེ་བཅོ་ལྔ། །དགུན་ཉི་ལོག་པ་དགུན་འབྲིང་བཅོ་ལྔར་བརྩི། །འདི་ལ་གཟེར་བྱས་ལྷག་ཆད་དེ་རྒྱུ་འདོན། །ལྷག་མ་ཉིན་ཞག་དག་གིས་དབང་དུ་དགོངས། །དེས་ན་ཁྱིམ་ཞག་སུམ་བརྒྱ་དྲུག་བཅུ་ལ། །ཉིན་ཞག་སུམ་བརྒྱ་དྲུག་བཅུ་རྩ་ལྔ་དང་། །ཚེས་ཞག་སུམ་བརྒྱ་བདུན་བཅུ་དག་པའི་རྩིས། །དེ་ལྟར་སོ་སོར་དགོངས་པ་ཤེས་བྱ་ཡིན། །ཞག་གསུམ་རྣམ་དབྱེའི་དགོངས་པ་འཁྲུགས་པ་ན། །དུས་བཞི་ངོས་མ་ཟིན་པའི་རྩ་བརྟག་དཀའ། །དེ་སླད་ཐ་མའང་ལྔ་དུས་མ་ཤེས་པར། །ངོ་ཚར་རྩ་བདུན་རྟོགས་པར་མ་རློམས་ཤིག །དེའི་སྔ་བརྒོལ་ལོག་རྟོགས་ཞི་བར་མཛོད། །ལ་ལ་དག་ནི་ཐེ་ཚོམ་བློ་ལྟ་ལས། །ངོས་ཟིན་བོན་དང་མདོས་དང་བསྐྲད་པ་དང་། །ཅེས་འབྱུང་མདོས་བོན་ཞེས་བྱ་བ་ནི། །གསུང་རབ་རྣམས་སུ་སྟོན་པས་མ་གསུངས་ཞིང་། །དམ་པའི་ཆོས་དང་ལྟ་སྤྱོད་མི་མཐུན་པས། །གཞུང་འདིར་ཁུངས་སུ་བྱུང་པས་སངས་རྒྱས་ཀྱིས། །གསུངས་པའི་བཀའ་ལས་གཞན་དུ་སྨྲ་བ་ཐོས། །རྒྱ་གར་ན་ཡང་མདོས་དང་གཏོར་མ་དང་། །སྦྱིན་བསྲེག་ལ་སོགས་ཆོ་ག་དུ་མ་དང་། །ཕྱི་རོལ་པ་ལ་བརྟེན་ནས་འཇིག་རྟེན་གྱིས། །ལྷ་འདྲེ་མགུལ་བར་བྱས་ན་ནད་དང་གདོན། །མ་ལུས་སེལ་བའི་ཐབས་སྒོ་དཔག་མེད་ཡོད། །བོད་ན་དེ་དང་ཚུལ་ཐུན་བོན་ཡིན་པས། །ཐུགས་རྗེའི་མངའ་བདག་ལོ་པཎ་མཆོག་རྣམས་ཀྱིས། །ཕྱི་བའི་ལུགས་དེ་བོད་དུ་བསྒྱུར་བར་བྱས། །བོན་ནི་སངས་རྒྱས་གསུང་རབ་མ་ཡིན་ནའང་། །ཆགས་ཞེན་སྣང་ཞེན་སྒྲུབ་ཞེན་གསུམ་དུ་འབྱུང་། །ཆགས་ཞེན་ཞེས་པ་སྲིད་པ་ཆགས་པའི་དུས། །ཚངས་དང་བརྒྱ་བྱིན་ལ་སོགས་ལྷ་རྣམས་དང། །ཡེ་མོན་རྒྱལ་པོ་ལ་སོགས་ལྷ་མིན་དང་། །ངམས་རྗེ་བརྩོལ་པོ་ལ་སོགས་བདུན་དང་། །གཞན་ཡང་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྡེ་བརྒྱད་མ་ལུས་འདུས་ནས་ཅིག་དུ་སྒྲོས། །འོ་ཅག་རྣམས་ཀྱི་སྐྱེ་འགྲོ་དུ་མ་ལ། ཕན་དང་གནོད་པའི་བྱ་བྱེད་གང་ཡང་བྱས། །གསོལ་ཞིང་མཆོད་པ་ལ་ཡང་དགའ་བ་ཡོད། །སྤོང་ཞིང་འདྲེ་རུ་འཛིན་པའང་རབ་ཏུ་མང། །དེ་ཕྱིར་དེ་དག་ཕན་གནོད་གཉིས་ཀྱི་ཕྱིར། །རང་རང་མིང་དང་སྲོག་གི་སྙིང་པོ་དང། །གནོད་པའི་རྟགས་དང་རང་གི་བླ་འདུད་དང། །མཆོད་ཅིང་གསོལ་དང་མགུ་བའི་ཚན་མ་དང། །སྤྱི་དང་ཁྱད་པར་རྟེན་འདོས་གཏོར་མ་དང། །སྨང་གི་སྤྲོ་བ་ལ་སོགས་མ་བཤད་ན། །འགྲོ་བ་མི་ཞེས་བྱ་བས་མངོན་ཤེས་མེད། །ལྷ་དང་འདྲེ་དང་བདུད་དང་གནོད་བྱེད་རྣམས། །དེ་དང་དེའི་བྱེ་བྲག་མི་ཤེས་པར། །དེ་དག་རང་རང་སོ་སོས་བསྟན་པར་རིགས། །ཤེས་པ་སྒྲོས་ནས་དེ་དང་དེ་དག་བྱས། །སྔ་ཕྱིའི་བར་འབྱེད་འདྲེ་གདོན་ངོས་འཛིན་ལ། །ཁུལ་གྱི་ཇུ་ཐིག་བ་སྦལ་ཁྱུང་གསུམ་སྤྱད། །ལྷ་གསོལ་འདྲེ་ལ་ཡས་གླུད་སྟེར་བ་ལ། །རང་རང་རྟགས་ཚོད་དང་སྒང་སྐོལ། མདོས་དང་གཏོར་མའི་བཅའ་ཐབས་ཇི་སྙེད་བཤད། །རིམ་པར་རྒྱུད་པ་ད་ལྟའི་བར་དུ་དར། །འགྲོ་བ་རྣམ་པར་རྟོག་པས་གཡེང་རྣམས་ལ། །རྟོག་པས་རྟོགས་སད་ཅུང་ཟད་སེལ་ཉམས་པས། །གནས་སྐབས་འགའ་རུ་འགྲོ་ལ་ཕན་པ་སྲིད། །ལས་འདི་བོན་པོ་རྣམས་ཀྱིས་བྱེད་པའི་ཕྱིར། །བློ་དང་ཅེས་པ་བཤད་མདོ་མ་འོངས་དུས། །བོན་ཞེས་བྱ་བ་འབྱུང་བའི་ལུང་ཡང་ཡིན། །དོན་ལ་སྐྱབས་ནི་སངས་རྒྱས་ལ་མི་བརྟེན། །དེའི་གསུངས་པའི་དམ་ཆོས་ཉམས་མི་ལེན། །དེ་སྒྲུབ་བྱེད་པའི་དགེ་འདུན་གྲོགས་མིན་ན། །འདི་ལ་ངེས་པ་རང་དུ་སུ་ཡིད་རྟོན། །གནས་སྐབས་འགྲོ་ལ་ཕན་བྱེད་ཁོ་ནའི་ཕྱིར། །ཐབས་དང་རྟེན་འབྲེལ་གནད་ཀྱི་སྒོ་རྣམས་ཀུན། །དགེ་སྡིག་བླང་དོར་དག་དང་མི་འགལ་ན། །གཞན་དོན་འབའ་ཞིག་ཕྱིར་ལ་འགལ་བ་མེད། །དེ་ཕྱིར་རྒྱུད་འདིར་བོན་དང་མདོས་དང་ཞེས། ཐབས་སྒོ་ཇི་རྙེད་མ་རྨོངས་ཕྱིར་དུ་གསུངས། །སེམས་ཅན་ཕན་ཡང་ཐུབ་པ་དཀོན་མཆོག་གསུམ། །སྤོངས་བའི་ཆོས་ལུགས་མི་གསུང་ངེས་ཤེས་ན། །བཅོམ་ལྡན་རྒྱལ་བས་དུས་ཀྱི་འཁོར་ལོ་སྤྲུལ། །རྒྱབ་ཞལ་དག་ན་མུ་སྟེགས་གྲུབ་མཐའ་གསུངས། །འདི་ཡང་རྣམ་དག་མིན་ཞེས་ཆོས་སྤོང་སོགས། ཅོལ་ཆུང་ཐོས་པ་ཆུང་བ་འགའ་དག་ནི། །བྱིན་རླབས་བཀའ་སྒྲགས་ཞེས་འབྱུང་རང་ཉིད་ཀྱིས། །རང་ལ་ཆེས་བསྟོད་བྱེད་པ་མི་སྲིད་པས། །དེའི་ཕྱིར་ནའང་རྒྱུད་འདི་བཀའ་མིན་ལོ། །འོ་ན་མདོ་སྡེ་དུ་མའི་ནང་རྣམས་སུ། །རྡོ་རྗེ་གདན་དུ་ཐུབ་པ་སངས་རྒྱས་ཚེ། །ང་ནི་མྱ་ངན་འདས་པའི་བདུད་རྩི་ཐོབ། །ངས་ནི་བདུད་སྡེ་མ་ལུས་ཕམ་པར་བྱས། །ངས་ནི་སྲིད་པའི་རྒྱ་མཚོ་ཆེ་ལས་བསྒྲལ། །ཅེས་པ་རང་གིས་རང་ལ་བསྟོད་པ་དང་། །གཞན་ཡང་གསུང་རབ་ཕལ་ཆེ་བར་སངས་རྒྱས་ཀྱིས་བསྟོད་ཅིང་ཆེ་བའི་ཡོན་ཏན་བསྔགས་པ་ཡིན། །དེ་དག་ལ་ཡང་ཁྱོད་ཀྱིས་སྐུར་བ་ཐོབ། །གཞན་ཡང་གསང་སྔགས་ལྷ་ཚོགས་དུ་མ་ཡིས། །སྙིང་པོ་ཟློས་དང་ཆོས་བརྗོད་ལས་ལ་སྦྱར། །ནད་གདོན་ཞི་ཞིང་དཔལ་ཀུན་འབྱུང་ངོ་ལོ། །རྒྱ་ཆེར་གསུང་ཀུན་དེའི་བྱིན་རླབས་ཡིན། །དེ་འདྲའི་ཚུལ་ཀྱང་གསན་དགོངས་མ་བྱུང་ངམ། །གཞན་ཡང་རྒྱུད་འདིར་ཇ་དང་བཅས་བཤད་པས། །རྒྱ་གར་བ་ལ་ཇའི་བཤད་པ་མེད། །དེའི་ཕྱིར་ན་རྒྱ་གར་ནས་མ་བྱུང་། །བཀའ་དང་བསྟན་བཅོས་རྣམས་ན་ཇ་མ་གྲགས། །འདི་ནི་བོད་དུ་སྦྱར་བ་བྱས་སོ་ལོ། །ཀྱེ་མ་འགྲོ་བ་མྱོང་པའི་ལམ་རྒྱུས་དང་། །ཐོས་པ་མེད་པའི་ཁར་ཁོག་སྨྲ་བ་འདི། །རང་གི་རང་མཚང་ཕྱི་ནས་སྟོན་པའི་ཐབས། །དེ་ལྟ་མིན་ན་ཚིག་དོན་ཟླ་ཟེར་ལས། །ཙ་ར་ཀ་ནས་རྒྱ་ཆེར་བཤད་ལུང་བསྟན། །ཇ་ནི་བསིལ་སྐྱེད་ཚ་བ་འཇོམས་ཞེས་བཤད།་།དེ་བཞིན་སོ་མ་ར་ཛར་བཤད། །སྤྱིར་གྱི་ཇ་དང་པཎ་གཉིས་ནུས་པ་དང་། །རོ་དང་ཞུ་རྗེས་ཕལ་ཆེར་འཐུན། །དེ་ལ་དགོངས་ནས་པདྨ་འབྱུང་གནས་སོགས། །སྤྲུལ་པའི་ལོ་པཎ་རྣམས་ཀྱིས་ཇ་རུ་བསྒྱུར། །འདི་ལ་དོན་བསྒྱུར་ཞེས་བྱར་གྲགས་པ་དེ། །སྒྱུར་བ་པོ་ལ་ཞུ་ཆེན་ལོ་ཙར་གྲགས། །རྒྱལ་བ་ཉིད་དང་མཁྱེན་རྩེ་ནུས་པ་རྣམས། །ཁྱད་པར་མེད་པས་སེམས་ཅན་ཁམས་རྣམས་དང་། །ཡུལ་དུས་རྫས་ཀུན་ཇི་སྙེད་ཚང་རིག་པས། །འགྲོ་བའི་དོན་དུ་དོན་གྱུར་གོ་བར་བཙལ། །བོད་ཀྱི་ཚིག་དུ་གང་འགྱུར་ལྟ་བ་ལས། །གསུང་རབ་དུ་མའི་དོན་ལ་མ་སྦྱངས་པས། །འདི་དང་འདི་མཐུན་སྐབས་འདིར་འདི་ཐོབ་དང་། །འདིའི་ཚབ་ཏུ་འདི་ཉིད་རིག་པ་ཡིས། །བབ་ཐོབ་རྣམ་དབྱེ་མེད་པར་སྒྲ་སྒྱུར་བ། །གོ་བ་དཀའ་ཞིང་ཕན་ཐོགས་ཆུང་བ་དང་། །རྫས་དང་ཆོ་གའང་རབ་ཏུ་བསྒྲུབ་དཀའ་བྱུང་། །ལོ་ཙའི་མིང་ཡང་མཆན་བུ་ལོ་ཙཱའམ། །ཡང་ན་སྒྲ་བསྒྱུར་ཙམ་ཞིག་མིང་དུ་ཐོབ། །ལོ་པཎ་ཁྱད་པར་གནམ་ས་ལག་མཐིལ་འདྲ། །བསྒྱུར་བའི་ཆོས་ཀྱང་དེ་འདྲར་ཤེས་པར་མཛོད། །ལ་ལ་ན་རེ་དཀར་ཡོལ་འདིར་བཤད་ཅིང་། །རྒྱ་གར་དཀར་ཡོལ་མེད་དེའི་ཕྱིར། །རྒྱ་གཞུང་མ་ཡིན་བོད་དུ་བྱས་སོ་ལོ། །དཀར་ཡོལ་ཀུན་གྱི་ཁུངས་དང་དབྱེ་བ་དང་། །ངོས་འཛིན་ཏི་ཤྲི་གྲགས་པའི་འོད་ཟེར་གྱི། །ཐོག་མར་བཤད་མོད་དེར་རྗེས་མང་དུ་འབྱུང་། །དེ་དག་ཀུན་གྱི་དཀར་ཡོལ་འབྱུང་ཁུངས་ལས། །དང་པོར་སྔ་བ་རྒྱ་གར་ཡུལ་དུ་བྱུང་། །དེད་དཔོན་ཆེན་པོས་རྒྱ་མཚོའི་ནང་ཞུགས་ཏེ། །ནོར་བུ་བླང་ཕྱིར་རྫིང་ཆེན་བསྐྱོད་པ་ལས། །འོད་འདོམས་ལྔ་བཅུ་ཁྱབ་པའི་དཀར་ཡོལ་གཉིས། །གའུ་ཁ་སྦྱོར་ཚུལ་དུ་མཚོ་ནང་ན། །བཀྲག་མདངས་འོད་དང་བཅས་ཏེ་འདུག་པ་མཐོང་། །ནང་ནས་ཡིད་བཞིན་ནོར་བུ་བསམ་འཕེལ་བྱུང་། །ཕྱི་ལ་སྲོག་ཆགས་བཞིའི་རྗེས་ཀྱང་འདུག །གཞན་ཡང་དེ་ལ་ཡོན་ཏན་མང་དུ་བཤད། །དེང་སང་དུས་ན་སེར་སྐྱའི་གྲོང་ཁྱེར་གྱི། །གཙུག་ལག་ཁང་གི་མཆོད་རྫས་ཁྱད་པར་འཕགས། །དེ་ནས་རིམ་གྱིས་བོད་ལ་སོགས་པར་དར། །དཀར་ཡོལ་རྒྱ་གར་བ་ལ་མེད་པ་ཡི། །སྒྲུབ་བྱེད་དེ་ལྟར་བདའ་བས་མཁྱེན་སྤྱོད་མཐོང་། །གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱིར་ཡིས། །འབྲུག་རྒྱབ་ལྔ་བཅུའི་མིང་དོན་སྦྱར་བའང་མཐོང་། །རྒྱུད་འདིར་ལོ་པཎ་མཆོག་གིས་དཀར་ཡོལ་རྣམས། །ཆུ་མདོག་མི་འགྱུར་ཕྱིར་དང་དྲི་མེད་ཕྱིར། །གཡའ་མེད་ཕྱིར་ན་ཆུ་སྣོད་དག་ཏུ་གསུངས། །གསུང་རབ་རྒྱ་ཆེ་ནས་འགྱུར་བ་ལགས་རེ་ཀོ། །ལོ་ཙཱའི་བཀའ་དྲིན་བོད་ཀྱི་ཁྱད་ཆོས་ལགས། །གཞན་ཡང་ཐེ་ཚོམ་ལྕོང་གི་ཟིན་པ་འགའ། །ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས། །ཞེས་པ་ནས་བཟུང་ལྷ་འདྲེ་སོ་སོ་ཡི་། །མིང་དང་གནོད་པའི་ཕྱོགས་སོགས་གསལ་བར་བསྟན། །བཀའ་གཞན་རྣམས་སུ་འདི་ལྟར་མ་བཤད་པས། །བོད་དང་ཉེ་བས་བོད་དུ་སྦྱར་བ་འདྲའང་། །ཞེས་སྨྲ་མོད་དེ་ཡང་བཤད་ཀྱི་ཉོན། །ཆུའི་མདོག་དང་དྲི་དང་ཀུ་ཡ་དང་། །ལོག་རྗེས་དག་ལས་ཚ་གྲང་ནད་རྣམས་ཀུན། །རྟོགས་པར་ལྟ་ཞོག་གདོན་ངོས་གང་གིས་འཛིན། །ལྷ་འདྲེ་ཙམ་གྱི་དབྱེ་མ་མི་ཤེས་ན། །ས་ཕྱོགས་གང་ནས་འདྲེ་གདོན་འདི་གནོད་དང་། །རེ་རེའི་མིང་དང་འཁོར་ཚོགས་འདི་ལྟ་བུ། །ནད་འདིའི་རྒྱབ་རྟེན་འདིས་བྱས་ཇི་ལྟར་བྱེད། །གདོན་ངོས་མ་ཟིན་ནད་ལ་བཅོས་བྱས་ན། །བརྒྱ་དང་རྩ་གཅིག་ཀུན་བཏགས་གདོན་གྱི་ནད། །གདོན་མ་བཅོས་པར་སྨན་དཔྱད་ལེན་མི་འགྱུར། །ཅེས་དང་ནད་དེ་ཅོག་དོ་རེ་རེ་ལའང་། །རྒྱུ་ནི་མ་རིག་རྩ་བ་ལས་ཉོན་ལ། །ངོ་བོ་ནད་སྲིད་རྒྱབ་རྟེན་ལྷ་འདྲེས་བྱས། །མཚམས་སྦྱོར་རྣམ་རྟོག་འཇུག་བདུན་རླུང་ཡིན་ཞེས། །བཀའ་དང་བསྟན་ཆོས་མན་ངག་ཀུན་ནས་བཤད། །དེ་ཕྱིར་གདོན་བཅོས་ཕྱིར་དུ་སོ་སོ་ཡིས། །ངོས་འཛིན་ནང་གི་ཆུ་ལས་ཕྱིའི་གདོན། །གསལ་བར་རྟོགས་འདི་རྫོགས་པའི་སངས་རྒྱས་ཀྱིས། །གསུངས་ཀྱི་མཛོད་བརྡོལ་འགྲོ་བའི་དོན་དུ་གསུངས། །ཕྱི་ནང་གཞན་གསུམ་རྟེན་འབྲེལ་སྒོ་ཀུན་ནས། །ཇི་སྙེད་མཁྱེན་པས་སྣོད་བཅུད་བསིལ་བུར་དགོངས། །ཕྱི་ནང་གནད་ཅིག་མངོན་པར་ཤེས་མེད་ན། །དྲི་ཆུའི་གནོད་པ་བརྟག་ཐབས་སུ་ཡིས་ཤེས། །ཡ་མཚན་རྟེན་འབྲེལ་འདི་འདྲའི་ཚངས་བཤད་པས། །རྒྱལ་བའི་བཀའ་རུ་ངེས་ཤེས་ཐོབ་པར་རིགས། །ནག་རྩིས་དག་ཏུ་སྲིད་པའི་རུས་སྦལ་ཙམ། །བཤད་ཀྱི་དྲི་ཆུའི་བརྟག་ཐབས་མ་བཤད་མོད། །རྒྱལ་བ་ཐམས་ཅད་མཁྱེན་པ་བཀའ་དྲིན་ཅན། །ལམ་གྱི་དུས་སུ་ཤེས་བྱ་ཀུན་སྦྱངས་པས། །འབྲས་བུའི་དུས་སུ་མི་མཁྱེན་གང་ཡང་མེད། །སེམས་ཅན་བསམ་དང་མོས་པ་ཐུགས་ཆུད་ནས། །དེ་དང་དེ་འདུལ་ཐབས་ཚུལ་བསྒྲངས་པས་སྟོན། །ཕྱོགས་དང་ཐ་དང་རིས་སུ་མ་ཆད་པའི། །འཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ལས། །འཁོར་འདས་སྣོད་བཅུད་རངས་པའི་འགྲོ་དོན་འདིས། །ཁྱོད་ཀྱི་འཕྲིན་ལས་འབད་མེད་ལྷུན་གྲུབ་ཀྱིས། །ཆ་གཅིག་ཙམ་ཡང་རྫོགས་པར་སྟོན་མ་ནུས། །ཕྱི་ནང་དབྱེར་མེད་ངེས་ཚང་རིག་པའི། །ཆུ་དང་ཕན་གནོད་ཀྱིས་འབྲེལ་ཚུལ་འདི་ལྟ། །བོན་པོས་ཤེས་ན་དེ་ཉིད་སངས་རྒྱས་ཏེ། །གཞན་ཡང་སུས་ཀྱང་ཤེས་པར་མ་སེམས་ཤིག །འཇམ་པའི་དབྱངས་ཀྱི་སོ་མ་ར་ཛ་ལས། །འདི་ལྟའི་རབ་བྱེད་རྒྱས་པར་བཤད་མོད་ཀྱང་། །དེ་བཞིན་གཤེགས་པ་ཀུན་གྱི་མཁྱེན་རབ་ཀྱིས། །ཕུང་པོ་གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །དེ་ལྟ་བུའི་གསུང་དང་མཐུན་པ་ནས། །རྟེན་འབྲེལ་གསུངས་པ་རྫོགས་པའི་སངས་རྒྱས་ཀྱིས། །འདི་ཡང་ནག་རྩིས་ཚུལ་དང་མཐུན་པར་གསུངས། །བཀའ་གཞན་དག་དང་མི་མཐུན་དེའི་ཕྱིར། །རྒྱུད་རྒྱལ་འདི་ཉིད་གཅིག་པའི་ཁྱད་ཆོས་ཡིན། །གཞན་དུ་རྒྱ་ཆེར་བཤད་ན་འདིར་སྨོས་ལའང་། །ཁྱད་པར་བའི་དགོས་པ་ཅི་སྟེ་ཡོད། །ཐབས་ཚུལ་རྒྱ་ཆེ་བ་དང་ཟབ་མོ་རྣམས། །དུས་ཀྱི་འཁོར་ལོ་ཡི་རྒྱུད་ནས་རྒྱ་ཆེར་གསུང་། །ཁྱད་པར་དབྱངས་ཆར་རྫོགས་འཇོམ་གྱོགས་ལ་སོགས། །གསུང་རབ་གཞན་ནས་མ་གསུང་འདིར་བཤད་པས། །འདི་ཡང་སྨད་པའི་གནས་སུ་ཁྱོད་སྨྲའམ། །གཞན་ཡང་རྒྱུད་འདིའི་སྨན་ཟབ་མཆོག་རྒྱ་བཅུར། །ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག །ཞེས་བཤད་དེ་ཕྱིར་བོད་དུ་སྦྱར་རོ་ལོ། །དེ་ལྟ་ན་ནི་དུ་མར་འགྱུར་བ་དེ། །སྐོམ་གྱི་མཆོག་ཏུ་ཤོངས་དཀར་རྩེ་མོ་མཆོག །ཞེས་པ་རྒྱ་ཇ་རྩེ་མོ་དག་ལ་ཟེར། །རྒྱུ་མཚན་དེའི་ཕྱིར་ན་གསོ་རིག་འདི། །རྒྱ་ནག་ཏུ་ཡང་བརྩམས་ཞེས་བརྒོལ་ལམ་ཀྱེ། །བད་ཀན་སྨུག་པོའི་ནད་ལ་ཅོང་ཞི་མཆོག །ཞེས་པ་བཤད་ཅིང་ཅོང་ཞིའི་ཕུག་པར་སྦྱར། །འོར་གྱི་ནད་ལ་སྲད་དཀར་བ་ཆུ་མཆོག །ཞེས་བཤད་ཕྱིར་བར་བརྫིས་སྦྱར་བར་ཟད། །གཅོང་ཆེན་ནད་ལ་ཤ་ཆང་འོ་མ་མཆོག །ཅེས་བཤད་ཕྱུག་པོས་སྦྱར་ཞེས་མི་བརྒོལ་ལམ། །ཁྱོད་ཀྱི་སྒྲུབ་བྱེད་དེ་དག་ཁས་ལེན་ན། །ནད་རྣམས་ཀུན་ལ་ཨ་རུ་ར་ཉིད་མཆོག །ཅེས་བཤད་རྒྱ་གར་ཡུལ་དུ་ཅི་མ་གསུངས། །དེ་ལྟར་མཆོག་ཅེས་བཤད་པ་དེ་དག་ཀྱང་། །དོན་གྱི་ཡོན་ཏན་དེ་ལྟར་གནས་པའི་ཕྱིར། །དེ་དང་དེ་ལ་མཆོག་ཅེས་གསུངས་མོད་ཀྱིས། །རྨོངས་པ་ཡུལ་ཤོད་ཕྱོགས་གཏམ་སྨྲ་བ་ལྟར། །རྫོགས་སངས་རྒྱས་རྣམས་སླུ་བའི་ཚིག་མི་གསུངས། །འགའ་ཞིག་ཟས་སྨན་རོ་ནུས་ལ་སོགས་རྣམས། །བོད་ཀྱི་དབང་བྱས་དེ་སླད་བོད་དུ་བྱས། །ཅེས་པའང་མ་མཐོང་པའི་ས་བཤད་པ་སྟེ། །མཁྲིས་པའི་ནད་ལ་མར་གསར་མཆོག་ཡིན་ཏེ། །ཞེས་པ་རྒྱ་གར་སྣུམ་བཅུད་ཆུང་ལ་དགོངས། །གཞན་དུ་མར་གསར་མཁྲིས་ཚད་འཛིན་ཕྱིར་སྤོང་། །དེ་སོགས་རོ་ནུས་རྒྱ་གར་ཉིད་ཁོ་ན། །དགོངས་དེ་བཤད་པའང་དུ་མ་ཡོད་ཕྱིར་དང་། །སྐབས་འགར་བོད་དགོངས་པའང་ཡོད་མེད་ནའང་། །སོ་སོ་ལ་དགོངས་མ་འོངས་མཁྱེན་པས་གསུང་། །ཟབ་མོ་ཤེས་རབ་ཕ་རོལ་ཕྱིན་པའང་། །བྱང་ཕྱོགས་ནས་ནི་བྱང་ཕྱོགས་རྒྱས་པར་འགྱུར། །ཞེས་པའི་ལུང་བསྟན་པ་ལྟར་རྒྱུད་འདིའང་།། བོད་དུ་དར་བར་འགྱུར་ལ་དགོངས་པ་ཡིན། །ཐོས་པས་འཕོངས་ཀྱང་སྨྲ་ལ་དགའ་བ་འགའ། །ངའི་བཀའ་བཙན་བྱིན་ཆེ་དད་པ་ཡིས། །སྨོན་ལམ་རྒྱ་ཆེར་བཏབ་རྣམས་དེ་དོན་ཡིན། །ཞེས་པ་ལ་སོགས་སངས་རྒྱས་རང་ཉིད་ཀྱིས། །གསུང་རབ་དར་རྒྱས་སྨོན་ལམ་མི་འདེབས་སོ། །དེ་ལྟ་ན་ནི་མདོ་སྡེ་འགའ་ཞིག་ཏུ། །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བདག་བསྟན་ཡུན་རིང་འབར་གྱུར་ཅིག །ཅེས་སོགས་རང་གི་བསྟན་པ་རྒྱས་པ་ཡིས། །སྨོན་ལམ་རྒྱ་ཆེར་བཏབ་རྣམས་དེ་དོན་ཡིན། །འགའ་དག་འདིའི་ཚིག་དོན་རྟོགས་སླ་བས། །རྒྱ་གཞུང་མིན་ཞེས་སྨྲ་བ་མཐོང་མོད་ནའང་། །ལུས་ཀྱི་གནས་ལུགས་ནད་ཀྱི་མཚན་ཉིད་དང་། །སྨན་གྱི་རོ་ནུས་ནད་རྣམས་ཐ་དད་པའི། །གྱུར་ཚུལ་རྣམས་དང་རྩ་ཐིག་གསང་ཐིག་དང་། །ཕྱིང་དང་དེབ་དང་སྒྱོགས་དང་བྱི་ཚེ་དང་། །ཁྲ་ལ་སོགས་པའི་བཅའ་ཚུལ་ཇི་སྙེད་དང་། །འདས་དང་མ་འོངས་ད་ལྟ་རང་གཞན་གྱི། །ལེགས་ཉེས་རྩ་ལས་གསལ་བར་འགྱུར་ཚུལ་སོགས། །སྤྱོད་ལྡན་ཆེན་པོ་རྣམས་ཀྱིའང་རང་སྟོབས་ཀྱིས། །རྟོགས་པར་མི་ནུས་གཞན་དག་སུའི་ཤེས། །རྣམ་པར་མ་སྤྱད་པ་རུ་རྟོགས་སླ་ཞེས། །གྱ་ཚོམ་སྨྲ་བ་ཤེས་ལྡན་ཁྲེལ་བའི་གནས། །གཞུང་ཚིག་འགའ་ཞིག་རང་གི་ངོ་སྐལ་ཙམ། །གོ་བ་སྲིད་ནའང་བསྟན་རྩིས་དེ་ཙམ་གྱིས། །རྒྱ་གཞུང་མིན་པར་སྒྲུབ་པར་མི་ནུས་ཏེ། །རྡོ་རྗེ་རྣམ་པར་འཇོམས་དང་གསེར་འོད་ནས། །སྤྱོད་འཇུག་ལ་སོགས་ཕལ་ཆེའི་ཚིགས་རྣམས་ནི། །མཁས་པ་མིན་ཀྱང་བྱིན་གྱིས་གོ་བར་ནུས། །དེ་དག་རྣམས་ཀྱང་རྒྱ་གཞུང་མིན་པར་འགྱུར། ཁ་ཅིག་བཀའ་འགྱུར་བསྟན་འགྱུར་སྔ་ཕྱི་ཡིས། །ནང་དུ་མ་འདུས་ཕྱིར་ནའང་རྒྱ་གཞུང་མིན། །ཞེས་པ་ཐོབ་མོད་དེའང་ངེས་མེད་དེ། །བི་རུ་ས་ཀྵས་གསུང་ངག་རིན་པོ་ཆེ། །རྡོ་རྗེ་ཚིག་རྐང་སོགས་དང་ན་རོ་པའི། །མཛད་པའི་ཆོས་དྲུག་རྡོ་རྗེ་ཚིག་རྐང་དང་། །ནི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག །ཤ་བ་རིའི་སྦྱོར་དྲུག་རྡོ་རྗེའི་ཚིག །དེ་ལ་སོགས་པའི་མན་ངག་དུ་མ་དག །བོད་དུ་འགྱུར་ཀྱང་བཀའ་འགྱུར་བསྟན་འགྱུར་གྱི། །ནང་དུ་མ་འདུས་འོན་ཏེ་དེ་ཉིད་ཀུན། །བོད་མ་དག་ཏུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་དེ་དག་བོད་མར་འགྱུར་ཅེས་ན། །ས་སྐྱ་བཀའ་བརྒྱུད་དྭགས་པོ་བཀའ་བརྒྱུད་དང་། །ཇོ་ནང་བཀའ་བརྒྱུད་ཤངས་པ་བཀའ་བརྒྱུད་སོགས། །ཆོས་མཛད་ཕལ་ཆེ་བོད་དུ་བརྩམས་པ་ཡི། །གཞུང་ལ་བརྟེན་པར་འགྱུར་མོད་རྒྱལ་བ་ཡིས། །བཀའ་དང་བསྟན་བཅོས་གང་ལའང་མ་བརྟེན་འགྱུར། །དེ་ལྟར་སྨྲས་ན་ནང་ཚང་ཁྱབ་ཆེས་སོ། །གསོ་རིག་རྒྱུད་དེ་བཻ་རོ་ཙ་ནས་བསྒྱུར། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཕྱག་དུ་ཕུལ། །དེའི་རྗེས་སུ་མཁན་པོ་པདྨས་ཀྱང་། །ཆོས་རྒྱལ་སྲས་ལ་རང་འགྱུར་མཛད་ནས་གསུངས། །བཻ་རོས་འདིའི་ཕྱིར་དཀའ་བ་ཆེར་སྤྱད་པས། །སློབ་དཔོན་ཉིད་ཀྱིས་མི་མཁྱེན་ལྟར་བྱས་ནས། །རྒྱལ་བའི་སྲས་ལའང་ལྐོག་ཏུ་གབ་པར་བསྟན། །ཡབ་ཀྱི་ཤིན་ཏུ་གསང་བར་གདམས་པས་ན། །ལྷ་སྲས་ཀྱིས་ཀྱང་རྒྱ་ཆེར་མ་སྤེལ་བས། །འཕང་ཐང་མ་དང་བཀའ་ཁོལ་མ་ཞེས་པའི། །བཀའ་འགྱུར་བསྟན་འགྱུར་རྣམས་ཀྱང་དཀར་ཆབ་ཏུ། །མི་འབྱུང་པའི་རྒྱུ་མཚན་དེ་ལྟར་ཡིན། །ཡབ་ཀྱི་གཏེར་དུ་སྦས་པའི་གཏེར་རྒྱུད་དེ། །སྲས་ཀྱི་སྲས་ལ་གསུངས་པས་བཀའ་བརྒྱུད་ཡིན། །དེ་རྗེས་བསྟན་པ་དར་མས་བསྣུབས་པའི་རྗེས། །རྙིང་མའི་རྒྱུད་དང་རྫོགས་ཆེན་མན་ངག་དང་ །རྒྱུད་བཞི་ལ་སོགས་སྔ་འགྱུར་ཐེག་པའི་ཆོས་མཆོག །འགའ་ཞིག་ཕྱི་མོ་གཏེར་དུ་སྦས་པ་ཐོན། །འགའ་ཞིག་དམ་པ་མཁས་མང་ཞལ་ནས་ཡོད། །སྔ་འགྱུར་ཞུ་ཆེན་ལོ་ཙཱས་བསྒྱུར་བ་རྣམས། །འགྱུར་བཟང་གདམས་པ་ཆེར་ཟབ་གོ་བའང་བདེ། །དེ་རྗེས་ལོ་པཎ་གཞན་གྱིས་བསྒྱུར་བ་རྣམས། །དོན་འགྱུར་མ་ཤེས་སྒྲ་ཚིག་ཇི་བཞིན་བརྒྱུད། །རྒྱ་གར་དུའང་ཟབ་མོའི་གདམ་ངག་མེད། །དེ་ཕྱིར་བོད་དུ་ཕྱིའི་ཆོས་རྣམས་བསྒྱུར། །གོ་བ་དཀའ་ཞིང་གདམས་པའང་ཅུང་མི་ཟབ། །རིམ་པར་སེམས་ཅན་རིག་པ་རྩོལ་ཆུང་བས། །གོ་བ་མི་རྙེད་པོ་འདི་ཟབ་བམ་སྙམ། །ལོ་པཎ་རྣམས་ཀྱིའང་འགྱུར་ཡོན་ལ་སོགས་པའི། །རྙེད་པའི་ཕྱིར་དུ་རང་གིས་བསྒྱུར་བ་ཟབ། །སྔ་འགྱུར་རྣམས་ནི་གོ་བ་སླ་བའི་ཕྱིར། །གང་ཟག་རྣམས་ཀྱིས་བཅོས་སླད་བྱས་སོ་ལོ། །རེ་རེ་ཙམ་དུ་སྨྲས་པ་དེ་དག་ཀྱང་། །རི་བོང་ཅལ་བཞིན་ཀུན་ཏུ་ཁྱབ་པར་འགྱུར། །ཕྱིས་སུ་བཅོམ་ལྡན་རིག་པའི་རལ་གྲི་དང་། །མཁས་པའི་དབང་པོ་བུ་སྟོན་ཁ་ཕྱེ་སོགས། །མཁས་པའི་ཕུལ་དུ་ཕྱིན་པ་དུ་མས་ཀྱང་། །བཀའ་འགྱུར་བསྟན་འགྱུར་རིམ་པར་བསྒྲིགས་ན་ཡང་། །དཀར་ཆབ་ཕང་ཐང་མ་དང་ཀ་ཁོལ་མ། །རྣམས་ལ་གཞི་བྱས་ཕྱི་རུ་འགྱུར་བ་རྣམས། །རིམ་བཞིན་དེ་དང་དེའི་སྐབས་སུ་ཆུགས། །བདག་ཉིད་ཆེན་པོ་པདྨ་འབྱུང་གནས་སོགས། །སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར་བ་གང་། །གོ་བ་བདེ་ཞིང་གདམས་པ་ཟབ་པ་རྣམས། །བློ་རུ་མ་ཤོང་ཆོས་སླད་འདུག་གོ་ཞེས། །དཔེར་ན་ཙུ་ཏུའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མི་རུ་མི་འཛིན་ལྟར། །དེ་བཞིན་ཨ་ཐཱའི་གདམས་ངག་ཟབ་པའི་འཕུལ། །སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར་བ་གང་། །དཀར་ཆག་འཕང་ཐང་མ་དང་ཀ་ཁོལ་ན་མེད་པས། །སྐལ་དམན་བསོད་ནམས་མཐུའི་མ་ཆུན་པར། །ཆེན་པོ་རྣམས་ཀྱང་ཐེ་ཚོམ་ཟོས་གྱུར་ཏེ། །མི་རིགས་སའི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་ལྟ་ཅི་སྨོས། །དེ་ཕྱིར་བཏང་སྙོམས་བཞག་ལ་ཉེས་པ་མེད། །ཞེས་པ་ཟོམ་ཆོས་སྨྲས་པ་བཀའ་བསྟན་བཅོས། འགྱུར་བ་ཟླ་ལ་ཡོད་པ་རྣམས་ཀྱང་དབྱུང་། །གསོ་རིག་རྒྱུད་འདིའང་བཀའ་འགྱུར་དུ། །མི་འབྱུང་པའི་གཏན་ཚིགས་དེ་ཡིན་ནོ། །གཞན་དག་ལོ་པཎ་ཚད་ལྡན་གྱིས་མ་བསྒྱུར། །དེའི་ཕྱིར་ན་ཐེ་ཚོམ་བཅས་ཞེས་སྙད། །ཐོག་མར་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི། །བཀའ་བཞིན་པཎ་ཆེན་ཟླ་བ་དགའ་བ་དང་། །ལོ་ཆེན་སྦ་ཀོར་བཻ་རོ་ཙ་ན་གཉིས། །བསམ་ཡས་སྒྲ་སྒྱུར་གླིང་དུ་བསྒྱུར་དུ་བཅུག །རྒྱལ་པོས་གཟིགས་པས་ཀུན་ཐུན་ཀུན་ལས་ཀྱང་། །ཁྱད་དུ་འཕགས་པར་དགོངས་ནས་དར་མེན་དང་། །ཁ་ཤས་ཚོས་ཆེན་མའི་ནང་དུ་བཏུམས། །ཆོས་རྒྱལ་ཉིད་ཀྱི་སྐུ་སྲོག་འཚོ་བར་བྱས། །རྗེའི་བླ་དཔྱད་སྤུ་ཏི་སྨུག་པོར་གྲགས། །གཞན་དག་སུ་ལའང་མ་བསྟན་བསམ་ཡས་ཀྱི། །བཀའ་བ་བུམ་པ་ཅན་དུ་གཏེར་དུ་སྦས། །དེ་རྗེས་ལྷ་སྲས་མུ་ཏིག་བཙན་པོ་ཡིས། །དེ་ལྟ་བུ་ཅིག་ཡབ་ལ་འདུག་པར་དགོངས། །སྤྲུལ་སྐུ་ཆེན་པོ་པདྨ་འབྱུང་གནས་ཀྱིས། །ཡབ་ལ་ངེས་པར་གནང་བ་ཡིན་སྙམ་ནས། །གསེར་གྱི་མཎྜལ་ཕུལ་ནས་གུས་པར་ཞུས། །སློབ་དཔོན་པདྨས་རྒྱུད་བཞི་རང་འགྱུར་དུ། །གོ་བ་བདེ་བར་བྱས་ནས་སོ་སོ་ལ། །འབྲུ་མཆན་བཀའ་འཕྲང་བཀྲོལ་ཞེས་རྒྱས་པར་བཤད། །དེས་ན་ལོ་ཆེན་བཻ་རོ་ཙ་ན་དང་། །པཎ་ཆེན་ཁ་ཆེ་ཟླ་བ་དགའ་བས་བསྒྱུར། །ཡང་ན་བློབ་དཔོན་པདྨས་རང་འགྱུར་མཛད། །དེ་ཙམ་གྱིས་ཀྱང་ལོ་པཎ་ཚད་མ་ཡིས། །བསྒྱུར་བར་མི་འཁྲུལ་སྙམ་ན་གསུང་རབ་ཀུན། །ལོ་པཎ་ཚད་མས་བསྒྱུར་བར་སུའི་སྒྲུབ། །སྐད་གཉིས་སྨྲ་བ་བློ་ལྡན་ཤེས་རབ་ཅེས། །རྒྱལ་བའི་ལུང་བསྟན་ཐོབ་པའི་ལོ་ཙཱ་བས། །བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་འདྲ། །རིན་ཆེན་བཟང་པོ་ཐོ་རངས་དཀར་ཆེན་ཙམ། །ཞེས་གསུང་དེས་ན་ལོ་པཎ་ཚད་ལྡན་དུ། །མི་འགྱུར་ཅེའམ་བློ་ལྡན་ཤེས་རབ་ཡང།་ །ཚད་ལྡན་མིན་ན་དེ་ལུང་སྟོན་པོ་པ། །རྒྱལ་བ་ཉིད་ལའང་ཁྱོད་ཉིད་ཚད་མ་རུ། །མི་འཛིན་ངེས་པས་ཁྱོད་ནི་བདུད་ཀྱིས་བརླམས། །ཁ་ཅིག་བཻ་རོའི་དུས་སུ་རྒྱུད་འདི་མེད། །དེའི་རྗེས་སུ་བྱུང་ཞེས་སྨྲ་མོད་ནའང་། །བོད་ཀྱི་བླུན་པོས་རྒྱལ་པོའི་ཐུགས་རྒྱུད་ནས། །བཻ་རོ་དབང་མེད་རྒྱལ་མོ་རོང་དུ་གཅུགས། །རྒྱལ་མོ་རོང་ནས་བོད་ཀྱི་མཙོར་ལྟར་དགོངས། །སྣམ་རེ་དོང་དུ་བསྒྱུར་བས་དེའི་ཚེ། །བཻ་རོས་སྦལ་ལམ་དོང་ནས་མགུར་བཞེངས་པ། །དགོས་དགུ་ལུས་ལ་ཚང་བའི་བཻ་རོ་ང། བོད་ཀྱི་བསོད་རྣམས་ལས་འཕྲོས་མ་ཐུབ་པར། །བོད་ཡུལ་དབུས་ནས་ཚ་བའི་རོང་དུ་གཅུགས། །རིན་ཆེན་ཕུང་པོ་ལུས་ཀྱི་བསྟན་བཅོས་དང་། །འགལ་བ་མཚམས་ལ་འབེབས་པའི་དྲག་སྔགས་དང་། །འགྲོ་བའི་ནད་གསོ་གསོ་རིག་རྒྱུད་རྒྱལ་དང་། །གསང་སྔགས་ལག་ཏུ་གཏོད་པའི་རྫོགས་ཆེན་དང་། །ཅེས་སོགས་རང་གི་ཡོན་ཏན་ཆེར་སྨོས་ནས། །བོད་ཀྱི་བན་དྷེའི་ལག་ན་མཆིས་ལགས་ཀྱིས། །འཇིགས་རུང་སྦལ་བའི་དོང་ནས་དབྱུང་དུ་གསོལ། །ཅེས་གསུང་རྒྱུད་འདི་བཻ་རོས་མཁྱེན་པར་ངེས། །གསོ་རིག་རྒྱུད་རྒྱལ་རྒྱུད་བཞི་འདི་ལས་གསུངས། །ཁ་ཅིག་མཁས་པ་ཆེན་པོ་འགའ་ཞིག་གིས། །རྒྱུད་འདི་རྒྱལ་བའི་བཀའ་མིན་ཞེས་གསུངས་ཕྱིར། །འདི་ལ་སྐུར་པ་འདེབས་པ་རིག་པ་ན། །ཐེག་ཆེན་དམ་ཆོས་ཀུན་ལའང་བསྐུར་བ་ཐོབ། །དེ་དག་ལའང་ཉན་ཐོས་སེམས་དྲངས་པ།།ལ་སོགས་རྣམས་ཀྱི་དགག་པ་བྱས་ཕྱིར་རོ། །གཞན་ཡང་གང་ཟག་འགལ་དང་མི་མཐུན་པས། །རྒྱུད་བཞི་བཀའ་མིན་ཞེས་སུ་སྨྲ་ན་ནི། །སྡེ་པ་བཅོ་བརྒྱད་ཐམས་ཅད་གཞུང་མི་མཐུན། །ཐེག་པ་ཆེ་ཆུང་མི་མཐུན་མདོ་སྡེ་དང་། །རྒྱུད་སྡེ་རྣམས་ཀྱང་མི་མཐུན་ཤིན་ཏུ་མང་། །རྒྱུད་སྡེ་གཞན་དང་དུས་འཁོར་མི་མཐུན་མང་། །དེས་ན་རྒྱལ་བས་གསུངས་ཀུན་བཀའ་མིན་འགྱུར། །ཐམས་ཅད་མཐུན་པ་ཤིན་ཏུ་དཀོན་ཕྱིར་རོ། །གཞན་ཡང་མཁས་པའི་ཕུལ་ཕྱིན་གྲུབ་པ་བརྙེས། །རེ་མདའ་གཞོན་ནུ་བློ་གྲོས་ལྟ་བུས་ཀྱང་། །རྒྱུད་ཀུན་བདག་པོ་རྒྱུད་མཆོག་དུས་འཁོར་ལ། །ཆོས་མིན་ཞེས་པའི་དགག་པ་ཅི་ཡང་མཛད། །དེ་དང་མཐུན་པར་བཅོམ་ལྡན་རལ་གྲིས་ཀྱང་། །དུས་འཁོར་རྒྱུད་མིན་ཞེས་པའི་དགག་པ་མཛད། །དེས་ན་མཁས་པའི་དབང་པོ་དེ་ལྟ་བུས། །དགག་པར་མཛད་པས་དུས་འཁོར་རྒྱུད་མི་ནམ། །གཞན་ཡང་སྔགས་འགྱུར་ཆོས་རྣམས་ཕལ་མོ་ཆེ། །རྙིང་མའི་ལྷད་རེད་དང་བཅས་ཞེས་འགའ་དགག །ཁྱད་པར་འབྲི་ཁུང་དཔལ་འཛིན་ཞེས་བྱ་བས། །མི་ཤེས་ཤེས་སུ་རེ་བའི་ལྟ་སྟངས་ཀྱིས། །རང་གིས་ཡིད་ལ་གང་ཤར་ཐམས་ཅད་ཀུན། །རྙིང་མ་འགོག་པའི་དོན་དུ་ཡི་གེར་བཀོད། །སྒོས་ཀྱིས་སྔགས་ལོག་སུན་འབྱིན་ཞེས་གྲགས་པའི། །རྙིང་མའི་ཟབ་ཆོས་བློ་ཡུལ་མི་ཤོངས་པར། །བློ་ཆུང་རང་སྣང་ཡར་ལ་ཚོད་དཔགས་ཏེ། །རྙིང་མའི་རྒྱུད་ལ་མི་རིག་འབགས་པ་བྱས། །དོན་ལ་ཐོས་པ་དམན་པའི་རིགས་དག་གིས། །ཐེག་ཆེན་ཆོས་ཀྱི་ཚིག་ཀྱང་མི་ཐོས་ཤིང་། །བག་ཆགས་ཕྲ་མོའི་དབང་གིས་ཐོས་སྲིད་ནའང་། །ཐེག་དམན་བག་ཆགས་གོམས་པའི་མཐུས་འདས་པས། །ཐེག་ཆེན་བློ་ཡུལ་མི་བཤོམས་གཤེ་ཞིང་སྤོང་། །ཨ་ཐའི་ཆོས་དང་དེ་ཉིད་ཉམས་ལེན་པའི། །གྲུབ་ཆེན་ཀུན་ལ་སྐུར་པ་འདེབས་པ་ཐོས། །ཀྱེ་ཧུད་བླུན་པོའི་ཁྲོད་ན་མཁས་པ་ལས། །སྤྲེའུ་འཛིན་པ་ཡ་མཚན་ལྟད་མོ་བྱེད། །སྙིགས་མའི་སེམས་ཅན་མྱོང་གྱུར་ལས་ཀྱིས་བརྡུངས། །སྡུག་བསྔལ་མྱོང་ཞིང་སླར་ཡང་དེ་རྒྱུ་གསོག །སུས་ཀྱང་བཟློག་ཅིང་བཅོས་སུ་མི་རུང་ན། །རྒྱལ་རྣམས་ཐུགས་རྗེ་ཆེ་ཡང་ཅི་ལྟར་བགྱིད། །གཞན་དག་རྒྱུད་འདི་རྣམ་དག་བཀའ་ཡིན་པའི། །སྒྲུབ་བྱེད་ཁྱད་པར་བ་ཡང་བཤད་ཀྱིས་ཉོན། །རྒྱལ་བའི་སྲས་པོ་རྒྱལ་ཚབ་མ་ཕམ་པས། །ཐེག་པ་ཆེན་པོ་བཀའ་རུ་བསྒྲུབས་པའི་ལུང་། །གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་བ། །ཁམས་གསུམ་ཉོན་མོངས་ཀུན་ནས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །འདི་ན་དྲང་སྲོང་བཀའ་ཡིན་བཟློག་པ་གཞན། །ཞེས་གསུངས་རང་དོན་ཆོས་ནོར་བདེ་བ་དང་། །གཞན་དོན་འགྲོ་བའི་དུ་ཁ་སེལ་བ་གཉིས། །ལམ་འདིར་ཞུགས་ན་ངེས་པར་འགྲུབ་པ་དང་། །གཉིས་ཀ མི་ན་གནས་དང་ནད་གསོ་བྱེད། །ནད་མེད་བསྟན་དེས་དམ་པའི་ཆོས་འགྲུབ་པས། །གང་འདི་བསླབས་ཤིང་ཤེས་ན་དོན་ཆེན་བསྟན། །དོན་དེ་འདི་དང་འབྲེལ་ཞིང་དེ་ཉིད་ཀྱང་། །སྡིག་སྤོང་དགེའི་སྒྲུབ་རང་གི་སེམས་འདུལ་བ། །དམ་པའི་ཆོས་དང་ཉེ་བར་འབྲེལ་བ་ཡིན། །གང་ཡང་མི་དགེ་སྤོང་ཞིང་དགེ་བཅུ་དང་། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་གཉིས་ལ། །ཉམས་སུ་ལེན་ཚུལ་ཟབ་ཅིང་འདུས་པར་བསྟན། །དེ་ཕྱིར་ཚུལ་འདིར་འཇུག་པའི་གང་ཟག་དེས། །རང་གཞན་སྡུག་ངལ་འཇོམས་པར་གདོན་མི་ཟ། །ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པ་དང་། །གནས་སྐབས་གྲུབ་ཆེན་བརྒྱ་དང་མཐར་ཐུག་དུ། །རྫོགས་སངས་ཐོབ་ནས་ཕྲིན་ལས་རྣམ་པ་བཞིས། །གདུལ་བྱའི་འགྲོ་བ་འདྲེན་པར་མཛད་ཚུལ་སོགས། །རྒྱ་ཆེར་བཤད་པས་སྤོབས་པ་བཞི་ལྡན་ཞེས། །བཀའི་ཁྱད་ཆོས་རྒྱུད་རྒྱལ་འདི་ལ་ཚང་། །རྒྱ་བོད་མཁས་གྲུབ་སྐྱེས་ཆེན་དུ་མ་དང་། །ཁྱད་པར་བདག་ཉིད་ཆེན་པོ་པདྨ་ཞེས། །རྒྱལ་བ་སྣང་བ་མཐའ་ཡས་མཆོག་སྤྲུལ་པས། །བདུད་རྩི་བུམ་པ་བརྒྱད་དང་རྩ་བརྒྱད་གསུང་། །འབྲེལ་པ་ཡོད་པའི་ས་ཕྱོགས་དེ་དང་དེའི། །གཏེར་དུ་སྦས་པ་སྐལ་ལྡན་འགའི་ཐོན། །ཁྱད་པར་སྤྲ་མཐུལ་གཏེར་ནས་ཐོན་པ་ཡིས། །བུམ་པའི་བདུད་རྩི་རིལ་བུའི་འཕྲེང་བ་ལས། །རྒྱུད་སྡེ་བཞིའི་བཅུད་ཆུང་བས། །བདུད་རྩི་རིལ་བུའི་ཕྲེང་བ་འདི། །ཞེས་པ་རིག་འཛིན་པདྨ་གཞུང་རྩོམ་པའི། །ཁུ་སུ་མཛད་ནས་བོད་དུ་བརྩམས་སོ་ཞེས། །མུ་ཅོར་སྨྲ་བ་ཉམས་སྨིན་མི་ཆེའམ། །པཎ་ཆེན་ཁ་ཆེ་ཟླ་བ་མངོན་དགས་ཀྱང། །རྒྱུད་དང་བརྒྱད་པ་གཉིས་ཀའི་མཐུན་མོང་གི། །དོན་བསྡུས་ནང་དུ་བཀའ་དང་བསྟན་བཅོས་ཀྱི། །རྣམ་དབྱེ་གསལ་བར་མཛད་ལས་འདི་སྐད་འབྱུང་། །སྨན་གྱི་རྒྱུད་དང་གསེར་འོད་དམ་པ་དང་། །གསོ་དཔྱད་འབུམ་པ་ལ་སོགས་བཀའ་ཡིན་ཏེ། །ཅེས་བཤད་དེ་ལ་ཕྱོགས་སྔའི་མངོན་ཤེན་ཅན། །འགའི་སྨན་གྱི་ལུང་དང་ཞེས་པར་བཅོས། །མ་དག་པ་དེས་མང་དུ་ཁྱབ་པ་མཐོང་། །དག་པ་འགའ་དེར་སྨན་གྱི་རྒྱུད་དང་བཤད། །སྐབས་དེ་སྨན་ལུང་ཡིན་པར་རྟོགས་པ་ན། །དོན་བསྡུས་དེ་ཉིད་ཤས་ཆེ་རྒྱུད་དང་མཐུན། །མིང་ཡང་རྒྱུད་ཆུང་བདུད་རྩི་སྙིང་པོར་གྲགས། །དེའི་སྦྱར་བྱང་དུ་ཡང་འདི་སྐད་འབྱུང་ །ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་རབ་གྲགས་པའི། །སློབ་དཔོན་ཟླ་བ་མངོན་པར་དགའ་བ་ཡིས། །སློབ་དཔོན་དཔལ་ལྡན་ཕ་ཁོལ་དགོངས་པ་བླངས། །དྲང་སྲོང་མཁས་པ་རྣམས་ཀྱི་ཐུགས་མཛོད་གྲུས། །རྒྱུད་དང་མན་ངག་ཀུན་གྱི་བཅུད་ཕྱུངས་ནས། །གསོ་བ་རིག་པའི་མན་ངག་རྒྱུད་འདི་སྦྱར། །ཅེས་པ་བཤད་མོད་སྐབས་འདིར་ལུང་དང་ཞེས། །མ་བྱུང་ཕྱིར་ན་གོང་མ་རྒྱུད་མིན་པར། །བཤད་པའི་དགོངས་པའང་རང་གཞུང་སྔ་ཕྱིས་གསལ། །དེ་ཕྱིར་རྒྱ་གར་པཎ་ཆེན་བོན་གཞུང་ལ། །རྩོམ་པའི་ཕྱི་མོ་མི་ཕྱེད་ཉིད་ཀྱི་རྒྱུད། །ཐེ་ཚོམ་མེད་པར་དགོངས་ནས་ཁུངས་སུའང་བཀོད། །འགའ་ཞིག་དཔལ་ལྡན་ཕ་ཁོལ་རྒྱུད་འདི་ཡིས། །རྒྱུད་པར་སྨྲ་ན་ཡན་ལག་བརྒྱད་པ་ཡིས། །རྩོམ་གཞི་རྒྱུད་འདིས་བྱེད་པར་རིག་པ་ལ། །དྲང་སྲོང་གིས་བྱས་ཙ་ར་ཀ་མེ་རྒྱུད། །ཁུངས་སུ་འབྱུང་བས་རྒྱུད་བཞི་དཔའ་བོ་ལ། །ཡོད་པར་སྨྲ་བའི་ཐེ་ཚོམ་ཚིག་ཡིན་ལོ། །བདག་ཉིད་ཆེན་པོ་སློབ་དཔོན་ཕ་ཁོལ་འདིས། །གཞོན་ནུའི་དུས་སུ་དབང་ཕྱུག་ཆེན་པོ་བསྒྲུབས། །འབྲེལ་བ་རབ་གསལ་ལྷ་དེས་བྱིན་གྱིས་བརླབས། །མངལ་སྐྱེས་དག་གིས་ཐུབ་པར་མི་འགྱུར་དང་། །ཀོར་དང་ནེ་ཙོ་བཙུན་མོ་སིནྜ་ར། །དངོས་གྲུབ་བཞི་སྦྱིན་མུ་སྟེགས་གཞུང་བཟུང་ནས། །ནང་པའི་མཁས་པའི་ཚོགས་རྣམས་སྨྲ་བའི་ས། །སྤོབས་པ་མེད་པར་བྱས་ཏེ་ཐུབ་པ་ཡིས། །བསྟན་པ་ཉི་མར་སྤྲིན་གྱི་ཇི་བཞིན་བྱས། །མིང་ཡང་ཐུབ་རྒྱལ་ནག་པོ་ཞེས་སུ་གྲགས། །དེ་ཚེ་རྒྱལ་བས་ལུང་བསྟན་ལི་ཙ་བྱི། །ཨརྱ་དེ་བར་སྤྲུལ་པའི་གང་ཟག་དེས། །ཕྱིར་བརྒོལ་འཇིག་རྟེན་དངོས་གྲུབ་མཚང་རིག་ནས། །དེ་དང་དེ་དག་འདུལ་བའི་ཐབས་རྣམས་བཤམས། །ཁྱད་པར་ལུང་རིགས་རྫུ་འཕྲུལ་དུ་མ་ཡིས། །ཀླུ་ལ་ཕྱག་ན་རྡོ་རྗེ་ཇི་ལྟ་བུར། །ཐུབ་རྒྱལ་ནག་པོ་ནུས་པ་མེད་པར་བྱས། །སྤྲིན་བྲལ་ཉི་བཞིན་ཐུབ་པའི་བསྟན་པ་ཡང་། །རབ་གསལ་འགྲོ་ལ་ཕན་པའི་དཔལ་དུ་གྱུར། །མཚན་ཡང་དཀོན་མཆོག་འབངས་ཞེས་བྱ་བར་གསོལ། །མིང་གཞན་དཔལ་ལྡན་དཔའ་བོ་ཞེས་སུ་གྲགས། །ཡན་ལག་བརྒྱད་པ་མུ་སྟེགས་ལུགས་འཛིན་པའི། །སྐབས་དེར་མཛད་ཀྱང་རིག་གནས་མཐུན་མོང་བ། །ཡིན་ཕྱིར་མཆོད་བརྗོད་ཙམ་ཞིག་བསྒྱུར་བྱས་ཏེ། །གཞན་ཀུན་སོར་བཞག་ནང་པའི་ལུགས་སུ་བཅུག །དེ་དག་མཐུན་པར་སྙན་ངག་མེ་ལོང་ཀྱང་། །མཆོད་པར་བརྗོད་བཅོས་ནང་པའི་ཁོངས་སུ་བཅུག །གཞན་ཡང་དེ་འདྲ་མང་དུ་ཡོད་པར་གྲགས། །ཕྱི་བའི་གྲུབ་མཐའི་གཞུང་ཀུན་མེ་ལ་བསྲེགས། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་པའི་ཕྱིར། །བསྟན་བཅོས་སྐྱེས་རབས་ལ་སོགས་བརྒྱ་རྩ་བརྩམས། །ཐུབ་པའི་བསྟན་པ་བྱ་བ་རྒྱ་ཆེར་བྱས། །དེ་རྗེས་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས། །རྒྱལ་བའི་སྲས་པོ་པདྨ་འབྱུང་གནས་དང་། །དཔལ་ལྡན་དཔའ་བོ་གཉིས་ལ་རྒྱུད་འདི་གསུངས། །རྒྱུད་བཞི་ཡན་ལག་བརྒྱད་པ་རྩོམ་པ་ཡིས། །ཁུ་སམ་ཕྱི་མོར་མི་འགྱུར་དེ་དོན་ཡིན། །ཀླུ་སྒྲུབ་ངག་ལ་འཚོ་བྱེད་གཞོན་ནུས་གསུངས། །དེ་ཉིད་དུས་མཚུངས་མིན་ཀྱང་འཚོ་བྱེད་ནི། །ཚེའི་རིག་འཛིན་བརྙེས་པས་འགལ་བ་མེད། །སློབ་དཔོན་ཀླུ་སྒྲུབ་གྲུབ་པ་ཐོབ་པའི་ཕྱིར། །མཇལ་བར་འདོད་ན་སངས་རྒྱས་དང་ཡང་མཇལ། །འཚོ་བྱེད་གཞོན་ནུས་ཀུན་དགའ་བོ་ལའང་ཉན། །སྟོན་པས་གསུང་པའི་འཁོར་བཞིའི་ནང་དུའང་འདུས། །ཡིད་ལས་སྐྱེས་ལའང་ཐོབ་ཅིང་རྗེས་སུའང་གདམས། །འདི་ནི་རྒྱུད་བཞིའི་ཕྱི་མོའི་ཐུག་པའི་མཆོག །དེ་ལྟར་བཤད་བཞིན་དཔའ་བོ་བར་དུ་བརྒྱུད། །དཔའ་བོས་ཁ་ཆེ་ཟླ་དགའ་ཉིད་བརྒྱུད། །པཎ་ཆེན་དེ་དང་བཻ་རོ་ཙ་ནས་བསྒྱུར། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཉིད་ལ་གཏད། །པདྨ་མུ་ཏིག་བཙན་པོ་ཉིད་ལ་གསུང་། །ཆོས་རྒྱལ་ཉིད་ཀྱིས་གསང་བར་དགོངས་རྒྱས་ཏེ། །སློབ་དཔོན་ལ་ཞུས་མ་འོངས་དུས་དག་ཏུ། །མངའ་བདག་རང་གི་ཆོས་ཀྱི་བསྐལ་བར་ཡོང་། །ཞེས་པའི་ལུང་བསྟན་ཐོབ་ནས་གཏེར་དུ་སྦས། །ཕྱིས་སུ་ལྷ་སྲས་མུ་ཏིག་བཙན་པོ་ཡིས། །ཡབ་དང་བཻ་རོ་ཙ་ན་གཉིས་ལའང་གསན། །བཻ་རོས་ཊི་ཀ་མུན་སེལ་སྒྲོན་མེ་དང་། །མིང་དོན་རྡ་སྤྲོད་ལྷ་སྲས་སྙན་དུ་ཕུལ། །འོན་ཀྱང་སྔོན་དུ་སློབ་དཔོན་པདྨ་ཡིས། །དཀའ་གནད་བཀྲོལ་རྣམས་ལྷག་པར་ཟབ་པར་དགོངས། །དེ་བས་རྒྱུད་རྣམས་ཕལ་ཆེར་ཚིག་རྒྱུད་མང་། །མངའ་བདག་རྒྱལ་པོས་གཏེར་དུ་སྦས། །གཏེར་བདག་ཤིང་བྱ་ཅན་ལ་བཀའ་བསྒོས་ནས། །མཚམས་སུ་གནོད་སྦྱིན་ཞང་བློན་སྒྲུབ་ཐབས་བཅུག །མི་ལོ་བརྒྱ་དང་ལྔ་བཅུ་གཏེར་དུ་བཞུགས། །དེ་རྗེས་གྲྭ་པ་མངོན་ཤེས་ཞེས་བྱ་གྲགས་པས། །མངའ་བདག་སྤྲུལ་པར་གླེང་རེས་ཞང་བློན་བསྒྲུབ། །ཞང་བློན་ལུང་བསྟན་རྒྱུད་བཞི་གཏེར་ནས་བཏོན། །རང་གཞན་གཉིས་ཀའི་ཕན་པ་རྒྱ་ཆེར་འཕེལ། །གྲྭ་པས་དབུས་པ་དར་གྲགས་ཉིད་ལ་གནང་། །དེའི་འཚོ་བྱེད་དཀོན་མཆོག་སྐྱབས་ཞེས་པ། །རྒྱུས་ནི་རོགས་ཡིན་མང་དཀར་ཚ་ལུང་པས། །མཚན་ཉིད་སློབ་ཕྱིར་དབུས་སུ་བྱོན་པ་ལས། །བར་ཆད་དབང་གིས་རྐང་འབམ་བསྙུང་གིས་གཟེར། །གཡུ་ཐོག་མགོན་པོས་བཅོས་པས་བདེ་བར་འགྱུར། །ཕྱིས་ཀྱང་མུས་སུ་ཕེབས་པས་ཆུ་ནད་ཀྱིས། །བཏབ་སྟེ་སྨན་པ་ཕལ་གྱིས་བཅོས་མ་ཐུབ། །སྐབས་དེར་དབུས་པ་དར་གྲགས་སྙན་པ་ཐོས། །དེའི་དྲུང་དེར་བསྟེན་པས་གཞུག་བསོངས་ཙམ། །མ་རྟོགས་རྨུ་ཆུའི་ནད་ལས་ཐར་བར་འགྱུར། །དུས་དེར་དབུས་པས་རྨུ་ཆུའི་ལེའུ་གནང་། །དེ་ནས་བཤད་བཞིན་བཅོས་པས་བདེ་བར་གྱུར། །ཆུ་ནད་ཀྱིས་ཐེབས་ནད་པ་དུ་མའང་ཕན། །དེའི་དང་བ་དྲངས་གྱུར་སྟེ། །གཡུ་ཆེན་དྲུག་དམར་ནམ་མཁའ་གསལ་ཞེས་པ། །ནས་ཁལ་སྟོང་ཕྲག་རི་བ་དབུས་པ་ལ། །ཕུལ་ནས་རྒྱུད་བཞི་ཡོངས་སུ་རྫོགས་པ་ཞུས། །དབུས་པས་དཀའ་འགྲེལ་ལ་སོགས་རྫོགས་པར་གནང་། །འཚོ་བྱེད་དཀོན་སྐྱབས་རང་ཉིད་ན་བ་ཡིས། །སྡུག་བསྔུལ་དྲན་ནས་འགྲོ་ལ་སྙིང་རྗེ་འཁྲུངས། །ཁྱད་པར་གཡུ་ཐོག་མགོན་པོས་རྐང་འབམ་ནད། །ཕན་པ་མཛད་པའི་བཀའ་དྲིན་ཆེར་དྲན་ནས། །གཡུ་ཐོག་ལ་འཕུལ་གཞན་ཕན་ཆེ་བར་དགོངས། །འདི་ལྟར་ཡོད་ཅེས་གཡུ་ཐོག་དག་ལ་འཕུལ། །དེ་ལྟ་མདོ་ན་བརྒྱད་པ་ལ་སོགས་དང་། །མི་མཐུན་སྐབས་སུ་ཕན་ཚུན་རྩོད་ན་ཡང་། །དགོ་བསྟོན་དག་གིས་གཡུ་ཐོག་ཕམ་པར་བྱས། །གཡུ་ཐོག་རབ་རྒྱས་ལོངས་སྤྱོད་རྒྱ་ཆེར་ཕུལ། །གཞན་ཡང་གྲུབ་མཐའ་མི་མཐུན་དེ་རྣམས་ལ། །གེགས་སེལ་རྩོམ་པར་ཞུས་པས་རྟོག་སྟོན་གྱིས། །གེགས་སེལ་རྩོད་ཟློག་འཁོར་ལོ་བརྩམས་ཏེ་གནང་། །གཞན་ཡང་དཀའ་བའི་འཕྲང་རྣམས་ཕལ་ཆེར་བཀྲོལ། །འབྲུ་འགྲེལ་བཅས་ཏེ་རྒྱུད་བཞི་ཚང་མར་གནང་། །གཡུ་ཐོག་བག་ཆགས་རྨི་ལམ་སད་པ་ལྟར། །གསོ་རིག་རྒྱུད་རྒྱལ་མཁས་པའི་ཕུལ་ཕྱིན་ཏེ། །ཡི་དམ་ལྷས་ཀྱང་བྱིན་བརླབས་མངའ་བརྙེས་ནས། །གཡུ་ཐོག་མགོན་པོས་ཆ་ལག་བཅོ་བརྒྱད་འདེབས། །ཚིག་གི་བརྡ་བཀྲོལ་རྒྱ་བོད་སྣང་འགག་སྒྱུར། །གསར་བཅད་སྐད་ཀྱིས་བཅོས་ཏེ་གཏན་ལ་ཕབ། །དཀའ་བའི་གནས་སུ་མཆན་བུ་སོགས་ཀྱང་བཀོད། །མགོན་པོས་སུམ་སྟོན་ཡེ་ཤེས་ཀུན་དགའ་དང་། །སྲས་པོ་གཡུ་ཐོག་མགོན་པོ་རིན་ཆེན་དང་། །ཤག་རམས་ཉི་མ་དཔལ་དང་གསུམ་པོ་ལ། །གཞུང་དང་གདམས་པ་ཡོངས་རྫོགས་གསུམ་དུ་གནང་། །སྐུ་ཚེའི་སྟོད་དང་བར་དུ་རྒྱུད་མ་གསན། །སློབ་མ་རྣམས་ལའང་བརྒྱད་པ་ལ་སོགས་གནང་། །སྐུ་ཚེའི་སྨད་ལ་རྒྱུད་བཞི་མཁས་པར་མཁྱེན། །བཀའ་བབས་སློབ་བུ་གསུམ་ལའང་རྒྱུད་འདི་གནང་། །ཡེ་ཤེས་གཟུངས་ནི་རང་གི་ང་རྒྱལ་དང་། །རང་བསྟོད་ཁོ་ན་སྨྲ་ཞིང་གཡུ་ཐོག་གི། །སློབ་མ་གཞན་ལའང་ཁྱད་གསོད་རྙས་ཚིག་སྨྲ། །མི་མངས་ཀྱིས་ཀྱང་སུམ་སྟོན་ཡེ་ཤེས་གཟུངས། །རྒྱུད་བཞི་ཞེས་པའི་སྨན་གཞུང་ཟབ་མོ་ཅིག །ཤེས་པ་ནད་པའི་ཚོགས་ལ་རབ་ཏུ་ཕན། །གཞན་དག་ལ་ནི་དེ་མེད་ཕྱིན་ཕན་ཆུང་། །ཞེས་པ་རྩིབས་མདའི་ལྗང་སྨན་ལེགས་སོ་སོགས། །སྐུ་ཚེའི་སྟོད་ཀྱི་སློབ་མ་དུ་མས་ཚོར། །བསྟན་བཅོས་བརྒྱད་པ་ལག་ལེན་པོད་ཆུང་སོགས། །ཡོངས་གྲགས་ལས་གཞན་རྒྱུད་བཞི་མ་གསུངས་པས། །གཡུ་ཐོག་ལའང་ལོག་རྟོགས་ཀུན་བཀྲིས་དང་། །ཡེ་ཤེས་གཟུངས་ལ་རབ་ཏུ་ཕྲག་དོག་ནས། །དེ་དག་རྣམས་ཀྱིས་མགྲིན་གཅིག་འདི་སྐད་སྨྲས། །ཡེ་ཤེས་གཟུངས་ནི་ཤེས་རབ་བཏང་ཞན་པས། །བསྟན་བཅོས་ཆེན་པོ་གོ་བར་མི་ནུས་ཕྱིར། །མགོན་པོས་དོནབ་སྡུས་ཉུང་ངུ་གོ་སླ་ན། །མཛད་པ་ཡིན་ཀྱི་རྒྱལ་བས་གསུངས་པ་ཡི། །རྒྱུད་བཞི་ཞེས་པ་ངེས་པར་ཡོང་མེད་དོ། །ཞེས་སྨྲས་རྗེས་སུ་དད་པའི་རྗེས་འབྲངས་འགས། །གཡུ་ཐོག་མཁས་ཞེས་དེ་ལ་བསྟོད་པའི་ཚེ། །རྒྱུད་བཞི་གཡུ་ཐོག་མགོན་པོས་མཛད་ཞེས་གྲགས། །བླུན་གཏམ་དེ་ཉིད་བརྟགས་ཤིང་མ་དཔྱད་པར། །མང་དུ་ཁྱབ་པར་ཟད་མོད་དེ་ལྟ་མིན། །འགའི་ཞོགས་པ་ལ་སོགས་མྱང་སྟོད་པའི། །ཡུལ་སྐད་ཡོད་ཕྱིར་གཡུ་ཐོག་གིས་བྱས་ལོ། །དེ་ལྟ་ན་ནི་བཟང་པོ་སྤྱོད་པ་ལས། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཞེས་བཤད་བཟང་སྤྱོད་ཁམས་པས་སྦྱར་བར་འགྱུར། །ལོ་ཙཱ་བའི་ཡུལ་སྐད་ཞུགས་པ་དང་། །གསར་བཅད་སྐད་དེ་བཅོས་ཤིང་བསྒྱུར་བ་ལས། །སྐྱོན་དུ་བརྩི་ན་ཡུམ་སྐད་ཅིག་མེད་པའི། །བོད་སྐད་ཤེས་ན་མཁས་པས་མཛོད་ཅིག་དང་། །གྲོགས་དག་ལ་གོ་བའི་སྐྱོན་བསྒྲུབས་འདིས། །མཁས་པས་ཁྲེལ་དང་ཆོས་སྤོང་རྣམ་སྨིན་གཉིས། །ཉིས་འདུམ་མཛད་ལ་དགོས་པ་ཆེར་རྡོག་གམ། །མགོན་པོའི་སློབ་མ་བཀའ་བབས་གསུམ་པོ་ལས། །དཔལ་ལྡན་རྒྱུད་རྒྱལ་རབ་ཏུ་དར་བར་འགྱུར། །མཁས་མཆོག་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས། །རྒྱུད་བཞི་འཆད་ཚེ་ཞབས་དྲེག་ཟུག་ལངས་སྟེ། །བརྙིད་འཁན་ངག་ལྟར་ཕུ་རིངས་བརྗོད་པ་དང་། །རྒྱུད་བཞི་འཆད་པ་སྤེལ་མར་མཛད་པའི་ཚེ། །བྱང་སེམས་གུ་རུ་ཆོས་རིན་ཞེས་གྲགས་པས། །མི་མ་ཡིན་རྣམས་ཆོས་ཉན་འོངས་བ་མཐོང་། །རྒྱུད་འདིའི་གཏེར་བདག་ཡིན་ཟེར་བའི། །རྒན་པོ་རས་ཀྱི་ཆམ་སེ་གོན་པ་གཅིག །སྦའི་མཁར་བ་ཐོགས་པར་རྫུས་ནས་འོང་། །ཟབ་ཆོས་ཁྲོམ་ལ་བཤད་པ་མི་རིགས་ཞེས། །སྦ་མཁར་ཞབས་ལ་སྡིག་གི་འདུག་པ་གཟིགས། །དེ་ལ་གཏོར་མ་བྱིན་པས་ཞབས་ཀྱང་ཕན། །དེང་སང་བར་དུའང་ས་སྐྱ་སྨན་གྲོང་པ། །རྒྱུད་བཞི་འཆད་ཚེ་ཆོས་གཏོར་ངེས་པར་མཛད། །ཕྲ་མོའི་རྒྱུན་དེ་འདྲ་བ་རྟོགས་སྤྱོད་མཛད། །མ་ལུས་ཤེས་བྱ་མཐའ་དག་ཐུགས་ཆུད་ཅིང་། །མ་ལྟར་བརྩེ་བའི་བདག་ཉིད་ཐུབ་དབང་ལ། །མ་རབས་བདུད་དང་མུ་སྟེགས་འགའ་ཞིག་གིས། །མ་ལུས་འགྲོ་རྣམས་སླུ་བའི་ཟོག་པོར་གྲགས། །ཐེག་པ་ཆེན་པོའི་རྒྱུད་སྡེ་འདི་ལའང་། །ཐེག་དམན་ལ་ཞུགས་བློ་ཆུང་དུ་མ་ཡིས། །ཐེག་ཆེན་རྒྱལ་བའི་གསུང་རབ་མ་ཡིན་ཏེ། །ཐེག་པ་རང་བཟོ་བྱས་ཞེས་སྐུར་པ་བཏབ། །དེ་ལྟར་ཟབ་མོའི་རྒྱུད་སྡེ་འདི་ལ་ཡང་། །དེ་ཉིད་མེད་པའི་སྨན་པ་འགའ་དག་དང་། །དེ་འདྲའི་རིགས་སྤྱད་བཏང་མེད་ཚིག་རྗེས་འབྲངས། །དེ་བའི་གསུང་གི་གསང་བ་མི་ཤེས་པར། །དེའི་རྗེས་འབྲངས་མ་བསླབས་ཤེས་སུ་རེའི། །མཁས་རློམ་འགའ་ཡང་རྒྱུད་ཆེན་འདི་ལ་སྨོད། །རིག་དང་མ་རིག་མ་རིག་མཐུ་ཆེ་བས། །ཆེན་པོ་འགའ་ཡང་དེ་ལ་བདེན་པར་འཛིན། །དེ་ལྟར་ཡིན་ལུགས་ཆོས་ལ་ཐེ་ཚོམ་བྱེད། །ཆོས་མིན་བཟུང་ནས་ཟབ་ཆོས་སུན་འབྱིན་པ། །འདི་འདྲའི་དུས་སུ་བསྟན་སྲུང་གྲོགས་མཛོད་ཅིག །འགའ་ཞིག་བཟུའི་ཚུལ་དུ་སྨྲས་སམ་ནས། །གསོ་རིག་རྒྱུད་བཞི་ཡང་དག་བཀའ་ཡིན་པར། །ལུང་རིགས་ཡིད་ཆེས་ཚད་མས་ལོས་འགྲུབ་མོད། །འདི་ལ་བསྒྱུར་ཞེས་བཤད་ཀྱང་རྒྱུད་རང་གིས། །མཚན་ཉིད་མེད་ཅེས་སྒྲ་དེའང་ཉན་པར་བགྱིས། །ཕུན་སུམ་ཚོགས་པ་ལྔའི་རྒྱུད་ཡིན་པར། །བསྒྲུབ་པའི་ཚུལ་འདི་སྔོན་དུ་རྒྱ་ཆེན་གྲགས། །ཚུལ་འདིས་རྒྱུད་དུ་མི་འགྲུབ་ཅིའི་ཕྱིར། །འདི་ལ་རྒྱུད་ཅེས་བཤད་པ་འགལ་བ་མེད། །སྟོན་པ་ཕུན་ཚོགས་སངས་རྒྱས་སྨན་གྱི་བླ། །འཁོར་རྣམས་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །གཞན་ཡང་རྒྱལ་བ་དངོས་ཀྱི་གདུལ་བྱ་ལ། །ཆོས་ནི་ཕུན་ཚོགས་སངས་རྒྱས་སྨན་གྱི་བླ། །འཁོར་རྣམས་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །གཞན་ཡང་རྒྱལ་བ་དངོས་ཀྱི་གདུལ་བྱ་ལ། །ཆོས་ནི་ཕུན་ཚོགས་རྒྱུད་རྒྱལ་འདི་ཉིད་གསུང་། །གནས་ནི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །སྤྲུལ་པའི་གནས་ཆེན་ཨུ་རྒྱན་ཡུལ་ལས་ཀྱང་། །ལྷག་པར་མཆོག་གྱུར་རྡོ་རྗེ་གདན་ཉིད་དུ། །དུས་ཀྱི་མཆོག་གྱུར་ཐུབ་པ་ཞེས་བཞུགས་ཤིང་། །སྟོན་འཁོར་གནས་གཅིག་འཛོམས་པ་དེའི་ཚེ། །རྒྱུད་རྒྱལ་གསུང་འདི་བླ་མེད་དུས་ཀྱི་མཆོག །དེ་ལྟར་ཕུན་སུམ་ཚོགས་པ་ལྔ་ཚང་ན། །རྒྱུད་ཅེས་བཤད་པ་མགལ་བ་ཇི་ལྟར་མཐོང་། །གཞན་དུ་གསང་སྔགས་བླ་མེད་རྒྱུད་དག་ཏུ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་བ་དེ། །ཞེས་པ་བཤད་ན་གསོ་རིག་རྒྱུད་རྒྱལ་འདིར། །ཚང་ཞིང་འབྲེལ་ལ་རྒྱུན་ཆགས་སྔ་ཕྱི་འགྲེལ། །མ་ཚང་བཟློས་དང་འགལ་བའི་སྐྱོན་ཀྱང་མེད། །རྒྱུད་ཅེས་བཤད་ལའང་འགལ་བ་སུའི་སྒྲུབ། །མཆོག་གི་རྒྱུད་དུ་ཀུན་གཞི་རྒྱུའི་རྒྱུད། །ལུས་ལ་ལམ་བསྒྲོད་ལུས་ཀྱི་ཐབས་རྒྱུད་དང་། །ཀུན་གཞིའི་ཕྱག་རྒྱ་དེ་ལས་མ་འདས་པས། །ལམ་ཀྱི་བསགས་སྦྱངས་རྒྱུ་ལས་སྒྲུབ་པའི། །ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ཡོད་ན། །འདིའི་རྩ་བའི་གླེང་གཞིར་ཨེ་ཝཾ་ཞེས། །བཤད་པས་ཀུན་གཞི་རྒྱུ་རྒྱུད་ཚང་མ་དང་། །གཞི་འབྲས་དབྱེར་མེད་དོན་ཀྱང་དེར་བསྟན་མོད། །ཁྱད་པར་གླེང་གཞིར་རྒྱུ་རྒྱུད་ངེས་པ་ནི། །འདི་ནི་རང་གིས་ལུས་ངག་ཡིད་གསུམ་ཉེས་པ་མེད་པར། །ཞེས་པ་འདི་ཡི་ཀུན་གཞི་རྒྱུའི་རྒྱུད། །དང་མ་མི་བཤིག་ཁྱད་པར་གསུམ་ལྡན་བསྟན། །དྲང་པོར་བཞག་ནས་ལམ་གྱི་ཐབས་རྒྱུད་བསྟན། །གཞན་གྱི་ཉེས་པས་བློ་བུར་མ་རིག་བསྟན། །མོ་སྙམ་ཞེས་པས་ལྷན་སྐྱེས་མ་རིག་བསྟན། །རྒྱུ་རྒྱུད་ཐབས་རྒྱུད་འབྲས་བུའི་རྒྱུད་ཀུན་ཚང་བས། །རྒྱུད་ཀྱི་མཆོག་ཏུ་འང་འདིས་ནི་ཅི་མི་འགྲུབ། །ལམ་ལ་རྒྱུད་འདིར་སངས་རྒྱས་ཐོབ་པའི་ཐབས། །ལམ་གྱི་རིམ་པ་ཚང་བར་མ་བཤད་དོ། །དེ་ཡང་ལམ་ལ་སྔོན་འགྲོ་དངོས་གཞི་གཉིས། །སྔོན་འགྲོ་དང་པོ་དལ་འབྱོར་བརྙེད་དཀའ་ནི། །འགྲོ་དྲུག་གཙོ་བོར་གྱུར་པའི་མི་ལུས་ལ། །ཅེས་པས་གྲངས་ཀྱི་སྒོ་ནས་རྙེད་དཀའ་བསྟན། །ཉི་མ་ནུབ་པས་པདྨ་ཁ་ཟུམ་བཞིན། །ཞེས་པའི་དཔེའི་སྒོ་ནས་རྙེད་དཀའ་བསྟན། །ཁུ་ཁྲག་རླུང་གིས་རྩུབ་ནག་ཅེས་སོགས་དང་། །ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་སྟེ། །ཅེས་པ་སོགས་ཀྱི་དལ་འབྱོར་རྙེད་དཀའ་བསྟན། །སྐྱེས་གནས་མི་མཐུན་པ་དང་གཟུགས་མི་སྡུག །འདི་དག་གནོད་པའི་དྲི་མས་སྐྱེ་བར་འགྱུར། །ཅེས་པས་ངོ་བོའི་སྒོ་ནས་རྙེད་དཀའ་བསྟན། །སྔོན་འགྲོ་གཉིས་པ་འཇིག་ལྟས་ལེའུ་ལས། །དེ་ལྟར་ཕུང་པོ་འཇིག་པའི་འཆི་ལྟས་རྣམས། །འབྱུང་འགྱུར་དུས་ཀྱི་རི་རབ་འཇིག་དང་མཚུངས། །བཤད་པའི་ངེས་པར་འཇིག་ལྟས་བསྟན་པ་ཏེ། །ཐེ་ཚོམ་གྲུའམ་མི་བསྲུན་གཞོན་པ་དང་། །གསོད་ས་ཆུ་ཆེན་མེའི་ཕུང་པོ་དང་། །གད་སྟེང་ཤིང་རྩེར་དབྱར་དགུན་འགྲོ་འཛེག་དང་ །ཞེས་པས་འཆི་རྐྱེན་ཤིན་ཏུ་མང་བར་བསྟན། །ནད་དང་ལུས་ཟུངས་དྲི་མ་འཁྲུགས་གྱུར་ནས། །གཅིག་གཤེད་གཅིག་གིས་བྱས་ཏེ་སྲོག་འདོར་བྱེད། །ཞེས་པས་འཚོ་རྐྱེན་འཆི་བའི་རྐྱེན་དུ་བསྟན། །རླུང་རྟ་ལས་དང་བསོད་ནམས་རྐྱེན་དབང་གིས། །ཇི་འདྲ་འཆི་ལས་ནམ་འཆི་ཆ་མེད་བསྟན། །བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ལས། །བཅོས་ཀྱང་མི་ཐུབ་འཆི་བའི་ནད་ཡིན་ལོ། །ཤིན་ཏུ་ཉེ་བའི་ལྟས་ལ་བཟློག་ཐབས་མེད། །ཅེས་པས་འཆི་དུས་ཆོས་མིན་གང་གིས་ཀྱང་། །མི་ཕན་ངེས་པར་མྱུར་དུ་འཆི་བ་བསྟན། །ཅེས་ཀྱང་མི་ཐུབ་སྔོན་གིས་ལ་ནད་ཡིན། །ཚོགས་བསགས་འཆི་བླུས་འཚོ་བ་འགའ་འབྱུང་ཙམ། །ལས་དབང་འཆི་བདག་ཞགས་པས་ཟིན་རེ་སྤང་། །ཞེས་སོགས་དུ་མས་ལས་འབྲས་བསླུ་མེད་བསྟན། །མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས། །ཞེས་པ་ནས་བཟུང་ཚིག་བཅད་མང་པོའི་མཐར། །ལས་ངན་བག་ཆགས་རྒྱུན་འཁྲིགས་བསགས་པ་ཡིས། །འཁོར་བའི་ཁ་རྒྱུད་ལུས་ངན་སྣ་ཚོགས་བླངས། །དེ་ཕྱིར་ལས་དང་ཉེས་པ་ལས་བྱུང་བའི། །བདེ་བའི་གོ་སྐབས་མེད་པར་ལུས་སེམས་གདུངས། །ལུས་ལ་མེ་བཏང་འདྲ་ཤིང་ཟུག་གཟེར་ཆེ། །མཐོང་པས་ཡ་ང་ཚོར་བས་སྐྱི་གཡའ་བ། །ཞེས་པ་ལ་སོགས་ཚ་གྲང་སྡུག་བསྔལ་དང་། །ཡན་ལག་ཕྲ་ལ་སྐམ་པ་ཡི་དྭགས་འདྲ། །ཚེ་འདིའི་གཉེན་འབྲེལ་ཀུན་དང་གསོན་འབྲལ་བྱེད། །ཞེས་སོགས་ནང་རྟོགས་སྨོས་པས་ཞར་འབྱུང་ལ། །ངན་སོང་སྡུག་བསྔལ་འཁོར་བའི་ཉེས་དམིགས་བསྟན། །སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། །ཞེས་པས་སྔོན་འགྲོ་ཚད་མེད་བཞི་བསྒོམ་བསྟན། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །མཇུག་ལ་བསྔགས་པར་བལྟ་ཞིང་ཁོན་འཛིན་མེད། །ཅེས་པས་དངོས་གཞི་སྨོན་འཇུག་སེམས་བསྐྱེད་བསྟན། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད། །ཞེས་པས་ཕ་རོལ་ཕྱིན་དྲུག་ལམ་རྣམས་བསྟན། །ཡང་དག་དབུ་མར་ལྟ་བ་ལྟ་བའི་མཆོག །སྒོམ་པ་ཚད་མེད་བཞིའི་ངང་ལ་གནས། །སྤྱོད་པ་བླང་དོར་གཉིས་ལས་མི་དགེ་སྤང་། །ཞེས་པས་ལྟ་སྒོམ་སྤྱོད་གསུམ་འདུས་པར་བསྟན། །བླ་མེད་སངས་རྒྱས་ས་ལ་བགྲོད་གྱུར་ཞེས། །མཐར་ཐུག་འབྲས་བུའི་ཐོབ་ཚུལ་འཚང་བར་བསྟན། །དེར་ཕར་ཕྱིན་ལམ་རིམ་ཚང་བར་གསུང་། །རྒྱལ་བའི་འདུལ་བའི་ལུང་དུ་ལུང་བསྟན་པ། །སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུ་ཡིས། །རིག་བྱེད་ཀྱི་གཞུང་འདི་ཁོ་ན་ལ་བརྟེན་ནས་ཏེ་སངས་རྒྱས་པར་འགྱུར་རོ། །ཞེས་བཤད་དེ་ཡང་རྒྱུད་འདི་ཉིད་ལ་དགོངས། །འདིར་ནི་སྔགས་དང་ཕར་ཕྱིན་ལམ་རྣམས་ཀུན། །ཚང་བར་གསུང་ཕྱིར་དེ་སྐད་ལུང་བསྟན་གྱིས། །གཞན་དུ་རིག་གནས་མཐུན་མོང་བཞི་ཀ་ཡང་། །སངས་རྒྱས་ཡི་གྲོགས་ཡིན་ལམ་ཉིན་མོངས་མ་ཡིན། །མཐར་ཐུག་ནང་དོན་རིག་པ་དངོས་ཀྱི་ལམ། །ཐུན་མོང་རིག་གནས་རེ་རེས་སངས་རྒྱས་ན། །མ་ཕམ་གྱིས་མཛད་མདོ་སྡེ་རྒྱན་ཉིད་ལས། །རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ཕྱིར་གཞན་དག་ཚར་བཅད་རྗེས་སུ་བཟུང་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཞེས་པའི་ལུང་དེ་རིགས་པར་མི་འགྱུར་རོ། །སོ་སོའི་ལམ་དེས་མངོན་པར་བྱང་ཆུབ་ཏེ། །རྫོགས་སངས་རྒྱས་ནས་རིག་གནས་ཀུན་མཁྱེན་ན། །འགྲོ་བའི་མགོན་པོ་ས་སྐྱ་པཎ་ཆེན་གྱིས། །མ་བསླབས་པ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་གསུང་རྒྱུ་མེད་འབྲས་བུའང་ག་ལ་སྲིད། །དེས་ན་མུ་སྟེགས་ཅན་ལའང་སྨད་མི་བྱ། །ཞེས་པ་གསུང་སྟེ་ཤེས་བྱ་ཡིན་པར་དགོངས། །རྒྱལ་སྲས་རྣམས་ཀྱིས་མ་བསླབས་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་བཤད་ལྟར་རིག་གནས་ཀུན་ལ་སྦྱར། །དོན་གྱི་རིག་གནས་ཚང་བར་བསྟན་པ་ན། །ཚིག་གིས་གནས་གཞི་མེད་ཀྱང་འགལ་བ་མེད། །རྒྱུད་འདིར་ཐུན་མོང་རིག་པའང་མདོ་ཙམ་བཤད། །དེ་ཕྱིར་རྒྱུད་འདིར་ལམ་བཟང་ཆ་ལག་དང་། །བཅས་པ་དོན་ལ་མ་ཚང་མེད་པར་གསུངས། །གཟུ་བོའི་བློའི་རྣམ་པར་སྦྱོར་བྱེད་ན། །འདི་འདྲ་རྒྱུད་ཀྱི་རྩེར་ཚབ་ཡ་ལགས་སམ། །གཞན་དག་དེ་ལྟར་བཤད་པའི་ལམ་རིམ་ཀྱང་། །ཕ་རོལ་ཕྱིན་པ་ཡིན་གྱི་བསྔགས་མ་ཡིན། །ཞེས་པ་སྨྲ་དེའང་བཤད་ཀྱི་སྙན་གསོན་ཅིག །གསང་སྔགས་ཀུན་གྱི་ཐོག་མའི་འཇུག་སྒོ་དབང་། །ཡིན་ཕྱིར་འདིར་ནི་སྨིན་བྱེད་དབང་རིམ་པ། །འབྲུ་ལྔ་དབང་བསྐུར་ཞེས་བཤད་དེ་ཉིད་ནི། །ཆུ་དང་དཔྱོན་སན་དར་སྦྱངས་རྡོར་དྲིལ་དང་། །མིང་གི་དབང་ཡིན་རིག་པའི་དབང་ལྔ་བསྟན། །ཏིང་འཛིན་ལྡན་པས་ཏིང་ངེ་འཛིན་དབང་བསྟན། །དེ་ཉིད་རང་ལ་དབང་བཞི་ཡོངས་སུ་རྫོགས། །དེ་ཉིད་དབང་པོ་རབ་ཀྱི་དོན་དུ་གསུང་། །རིག་པའི་དབང་ལྔ་དབང་རྟུལ་དོན་དུ་གསུང་། །ནང་དུ་ཨོཾ་ལ་བཅོམ་ལྡན་ཚེ་དཔག་མེད། །ཅེས་པ་བླ་མས་ནང་དབང་བསྐུར་བར་བསྟན། །རིགས་ལྔ་ཡབ་ཡུམ་བྱང་སེམས་སྤྲོ་ཞེས་པ། །གསང་བའི་བཤད་བསྟུབས་གསུམ་པ་བཤད། །འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ། །ཞེས་པས་བཞེད་པའང་སྦས་པའི་ཚུལ་གྱིས་བསྟན། །རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་། །དཔལ་ལྡན་རྒྱུད་ཀྱི་བཀའ་གཏད་སྐབས་སུ་བསྟན། །དེ་ལྟར་བྱིས་པ་འཇུག་པའི་དབང་བདུན་དང་། །གོང་མ་གསུམ་རྣམས་ཡོངས་སུ་རྫོགས་པའི་དབང་། །གང་ཟག་བྱིན་དང་དབང་པོ་འབྲིང་ལ་དགོངས། །སྨིན་བྱེད་དབང་བཞི་ཟབ་ཅིང་འདུས་པར་བསྟན། །དབང་གཅིག་སྨིན་བྱས་དམ་ཚིག་སྡོམ་པ་ཡང་། །དང་པོ་སློབ་དཔོན་གསུང་དང་གསོ་བྱེད་དང་། །མཆེད་དང་ནད་པ་རྣག་ཁྲག་རྣམས་དྲུག་ལ། །སངས་རྒྱས་དྲང་སྲོང་དག་དང་བཀའ་རྒྱུད་དང་། །སྤུན་གྲོགས་བུ་ཚ་ཁྱི་ཕག་ལྟ་བུར་བསམ་ཡང་། །བློ་བཞག་པའི་དམ་ཚིག་དྲུག་བསྲུང་བྱ། །ཞེས་པ་ཕ་རོལ་ཕྱིན་ནས་མ་བཤད་པའི། །བླ་མ་སངས་རྒྱས་དངོས་སུ་ལྟ་བར་གསུངས། །དེ་ཡང་གསང་སྔགས་བླ་མེད་ཁྱད་ཆོས་ཡིན། །བླ་མའི་གསུང་ཡང་སངས་རྒྱས་གསུང་ལྟ་བུར། །གང་གསུང་སྒྲུབ་ཅིང་ཚད་མར་འཛིན་པར་གསུང་། །དེ་ཡང་གསང་སྔགས་བླ་མེད་དགོངས་པ་ཡིན། །རྒྱུད་ཀྱང་སངས་རྒྱས་བཀའ་ལྟར་བྱས་ནས། །ཇི་སྐད་བཤད་བཞིན་ཉམས་སུ་ལེན་པར་བཤད། །དེ་དང་འགལ་ན་བཀའ་འདས་ལྟུང་བ་འབྱུང་། །འདི་ཡང་བླ་མེད་རྒྱུད་ཀྱི་དགོངས་པ་ཡིན། །མཆེད་གྲོགས་རྡོ་རྗེ་སྤུན་དུ་ལྟ་བར་བསྟན། །སེམས་ཅན་བྱམས་པས་ནད་པ་ལྟ་བུར་སྐྱོང་། །རྣག་ཁྲག་ལ་སོགས་དམ་ཚིག་རྫས་རྣམས་ལ། །གཙང་མ་མིན་པ་སྙམ་པ་ཉིད་དུ་ལྟ། །གཉིས་པ་སྨན་གྱི་རིག་འཛིན་ཆ་དཔྱད་རྣམས། །བཀའ་བསྲུང་ཕྱག་རྒྱ་ལྟ་བུར་བཟུང་ཞིང་གསུང་། །རིག་འཛིན་ཞེས་པ་གསང་སྔགས་རྣལ་འབྱོར་མིང་། །དེའི་ཆ་བྱད་རྡོར་དྲིལ་ཀ་པ་ལ། །སྒྲ་འཕྲེང་ལ་སོགས་མི་འབྲལ་དམ་ཚིག་ཡིན། །དགོས་འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ། །ཞེས་པས་སེམས་ཅན་སངས་རྒྱས་ཡིན་པར་བསྟན། །ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ། །ཞེས་པས་དུག་ལྔ་ཡེ་ཤེས་ལྔ་རྒྱུ་བསྟན། །ཕུད་ཀྱི་རིག་འཛིན་མཆོད་པའི་རྫས་སུ་ཤེས། །ཞེས་པས་ཤ་ལྔ་བདུད་རྩི་ལྔ་པོ་ཡང་། །ཡེ་ནས་རྣམ་དག་ཡིན་པས་མཆོད་པར་ཤེས། །དེ་ལྟར་དབང་དང་དམ་ཚིག་རབ་བཤད་ནས། །གྲོལ་བྱེད་ལམ་ཡང་ཟབ་ཅིང་འདུས་པར་བསྟན། །ཁྲུས་དང་གཙང་གྲ་བྱ་བའི་སྤྱོད་པར་བསྟན། །དེ་ནི་བྱ་བའི་རྒྱུད་ཀྱི་དགོངས་པ་ཡིན། །སྤྱོད་པའི་རྒྱུད་དང་རྣལ་འབྱོར་ཆེན་པོ་ཡིས། །དགོངས་པའང་མདོར་བསྡུས་བཤད་མོད་འདིར་མ་སྨོས། །ཁྱད་པར་རྩའི་འཁོར་ལོ་གཅིག་ཉིད་དང་། །ཕྱི་ནང་གསང་བའི་རོ་རྐྱང་དབུ་མ་དང་། །ལོངས་སྤྱོད་རླབས་དང་ཐིག་ལེ་འཕོ་བ་སོགས། །ལུས་ཀྱི་གནས་ལུགས་སྐབས་སུ་རྒྱས་པར་བཤད། །རྩ་བའི་རླུང་ལ་སོགས་ཕྲ་རགས་དང་། །དྭངས་མ་བདུན་འགྱུར་ལྔ་ལུས་འགྲུབ་ཚུལ་སོགས། །རླུང་དང་ཐིག་ལེའི་བཤད་པའང་རྒྱས་པར་བཤད། །མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན། །ཅེས་སོགས་ཀུན་ལ་ཉམས་པའི་ཉེས་དམིགས་དང་། །ཐིག་ལེའི་གེགས་དང་མི་ཉམས་སྲུང་བ་སོགས། །ཐིག་ལེའི་རྣལ་འབྱོར་རྣམས་ཀྱང་ཚང་བར་བརྗོད། །རང་ཉིད་བཻཌཱུར་འོད་ཀྱི་རྒྱལ་པོར་བསམ། །ཞེས་པས་བདག་སྐྱེད་རང་བྱིན་བརླབས་བསྟན། །འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །སྐུ་མདོག་མཐིང་ཀ་བཻཌུརྱའི་འོད། །ཞེས་པས་མདུན་བསྐྱེད་དཀྱིལ་འཁོར་འཁོར་ལོ་བསྟན། །གཞན་ཡང་ཡོངས་སུ་བཏད་པའི་རྒྱུད་ལས་ཀྱང་། །དང་པོ་རང་ཉིད་མཐུ་སྟོབས་བདག་པོར་བསྐྱོད། །ཞེས་པ་ལ་སོགས་སྒོམ་བཟླས་དུ་མ་གསུང་། །བཤད་པའི་རྒྱུད་དུ་སྨན་བླའི་གཟུངས་བསྒྲུབ་བཤད། །མཛེ་ནད་གསོ་བར་ཕྱག་རྡོར་སྒོམ་བཟླས་སྦྱིན། །རྒས་པ་གསོ་བ་བཅུད་ཀྱི་ལེའུ་ལས། །མགོན་པོ་ཚེ་དཔག་མེད་ཀྱི་སྒོམ་བཟླས་གནང་། །གཟའ་ནད་གསོ་བར་ཁྲུས་དང་གཏོར་མ་བཤད། །བྱིས་པ་གསོ་བར་སྦྱིན་བསྲེག་མདོ་ཙམ་གསུངས། །དེ་སོགས་བསྐྱེད་རིམ་ལ་སོགས་དུ་མ་ཞིག །གསུངས་ཀྱང་འདིར་ནི་སྦྱོར་བར་མི་ལངས་མོད། །དེ་དག་རྣམས་ཀྱི་བསྐྱེད་པའི་རིམ་བཤད་ནས། །དེ་ནས་ཐུན་མོང་མིན་པའི་རྫོགས་རིམ་ཀྱང་། །རྩ་རླུང་ཐིག་ལེའི་རྣལ་འབྱོར་གང་ཡང་བཤད། །འདོད་ཁམས་གཟུགས་ཁམས་གཟུགས་མེད་རྣམ་བཞི་རུ། །གོལ་བར་འགྱུར་བའི་འཇིག་རྟེན་ཏིང་འཛིན་ནི། །བཞི་ཡང་མཐའ་དང་གོལ་ས་ཚུལ་དུ་བསྟན། དམན་མཐའ་ལྷག་མཐའ་ལོག་པའི་མཐའ་སྤངས་པ། །ཞེས་པ་སྨན་མཐས་སྟོང་མཐའ་ཆད་པ་བཀག །ལྷག་པའི་མཐའི་བདེན་འཛིན་རྟག་པ་བཀག །ལོག་པའི་མཐས་ཡུལ་འཛིན་གཉིས་སྣང་བཀག །དེ་ལྟར་མཐའ་དང་གོལ་ས་ཀུན་སྤྱད་ནས། །བལྟ་བ་ཆོས་རྣམས་ཀུན་ལ་དབུ་མར་རྟོགས། །ཞེས་པ་བདེ་སྡུག་རྐྱེན་སྣང་འཁོར་འདས་ཀུན། །རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ཡིས། །དབུ་མ་ཆེན་པོར་བཞག་ཅིང་ཆོས་རྣམས་ཀུན། །སྟོང་ཆེན་དེའི་དངོས་བསམ་བརྩལ་ཡིན་པས། །དོན་ལ་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །མི་འགྱུར་བདེ་བ་ཆེན་པོར་ལ་གཟོ་བཤད། །དེ་དག་རྣམས་ཀྱང་ཆོས་ཀུན་མ་དག་པའི། །དྲི་མས་སྟོང་པའི་གཞན་སྟོང་གསལ་བར་བསྟན། །ནད་གདོན་ལུས་སེམས་རང་བཞིན་གྲུབ་མེད་ཕྱིར། །བདག་མེད་སྟོང་པའི་དོན་ལ་རྒྱུན་དུ་བསྒོམས། །ཞེས་པ་རང་སྟོང་ངོ་བོས་སྟོང་པར་བསྟན། །དེ་དག་སྒོམ་པའང་དྲན་པ་ལ་རག་ལས་པས། །དེ་ལྟར་བདག་ནི་ཉིན་མཚན་གནས་འགྲོ་ཞིང་། །རྟག་ཏུ་དྲན་པ་ཉེར་འཇོག་སྡུག་བསྔལ་བསྲིངས། །ཅེས་པས་དྲན་པ་ཞེས་པར་རབ་ཏུ་བསྒོམས། །དེ་ལ་སོགས་བྱིན་རླུང་གིས་རྣལ་འབྱོར་ཡང་། །དེ་སྙིང་བསྙུང་བྱ་སྟེང་རླུང་དྲག་ཏུ་མནན། །འགོ་རླུང་གློད་ལ་བར་རླུང་དྲག་ཏུ་སྤྲུག །ཅེས་སོགས་རླུང་གིས་སྦྱོར་བའང་འདུས་པར་བསྟན། །རྒས་པ་བཅུད་ལེན་བདུད་རྩི་རིལ་བུ་བཤད། །རོ་ཙའི་ཟོལ་གྱིས་གཞན་ལུས་ཐབས་བཤད། །རྨི་ལམ་སྐབས་སུ་གོ་ལ་བཏབ་པ་དང་། །གྲུབ་པ་ཞེས་པ་རྨི་ལམ་རྨི་ལམ་དུ། །ཤེས་པར་བྱས་ནས་སྤྲུལ་པ་སྦྱངས་པ་དང་། །གཉིད་དང་འོད་གསལ་སྟེ་སོགས་སྦས་ནས་གསུངས། །ཡི་གེའི་སྐབས་སུ། །སྐྲ་ཤད། འོད་དང་། ཀློག་དང་། །མེ་སྒྲོན་འཇའ་འོད་དང་། །མུན་པ་ལ་སོགས་རྟགས་བཅུ་སྟོང་གཟུགས་བཤད། །དེ་སོགས་བྱ་རྟ་གསོ་བ་རིག་པར་གསུངས། །ནང་དུ་ཐེག་ཆེན་ལམ་རིམ་ཚང་བ་དང་། །གསང་བ་སྦས་པའི་ཚུལ་གྱིས་བླ་མེད་ཀྱི། །རྫོགས་རིམ་མན་ངག་སྐབས་འགར་གསལ་བར་བསྟན། །ལ་ལར་ལྡེམ་པོར་དགོངས་པའི་ཚིག་གིས་གསུང་། །ལ་ལར་བྱི་ནིམ་མ་ཡིན་སྒྲ་ཡི་བཤད། །གཞན་དུ་རྡོ་རྗེའི་ཚིག་ཙམ་ལ་བརྟེན་ནས། །རྫོགས་པའི་རིམས་ཀུན་ཟབ་ཅིང་ཚང་བར་བརྗོད། །འབྲས་བུའི་ཐོབ་ཚུལ་དྲང་སྲོང་རིགས་ལྔ་དང་། །ཡོངས་སུ་གཏད་པ་རིགས་ལྔའི་ཡོན་ཏན་རྣམས། །རྒྱས་པར་བསྟོད་པའི་ཚུལ་དུ་གསལ་བར་སྦྱོར། །འདི་དག་འཁྱོག་བཤད་བྱེད་པ་ཡིན་སྙམ་ན། །དཀར་མོ་རི་དྭགས་མཚན་མ་འཛིན། །ཅེས་དང་། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་སྦྱིན་པར་ཡང་སློང་བར་བྱ། །ཕ་རོལ་བུད་མེད་བརྟེན་པར་བྱ། །ཞེས་སོགས་དགོངས་དང་ལྡེན་པོར་དགོངས་པའང་དང་། །འཇིག་རྟེན་མ་ཡིན་སྒྲ་ལ་བརྟེན་བྱས་ཏེ། །བཅོམ་ལྡན་འདས་ཀྱི་གསང་བ་ཟབ་མོ་གསུམ་གསུངས། །དེ་དག་རྣམས་ཀྱང་སྐྱོག་བཤད་ཡིན་ནམ་ཨང་། །རྒྱུད་འདིའི་མོངས་ན་གསོ་བ་རིག་པ་གསུངས། །སྦས་པའི་ཚུལ་གྱིས་སྔགས་ཀྱི་ཟབ་པ་བཤད། །ལས་ཚོགས་རིག་བྱེད་དེའི་ཞོར་བྱུང་ཡིན། །དེ་ལྟར་རྡོ་རྗེ་ཐེག་པའི་གཞི་ལམ་འགྲོས། །རྫོགས་པར་བསྟན་མདོ་རྒྱུད་མིན་ཞེས་སྤྱོད་པ། །དེ་ཉིད་མེད་དམ་ཕྱོགས་ཆོས་ཆེས་པར་ཟད། །གཞན་ཡང་རྒྱུད་རྒྱལ་འདིའི་ཁྱད་ཆོས་ནི། །བསྲེག་ལེགས་གསལ་ཞིང་འགྲིག་ལ་འདུས་པ་དང་། །སྔ་ཕྱི་འབྲེལ་དང་མ་ཚང་བཟློས་སྐྱོན་མེད། །དོན་ཟབ་རྒྱ་ཆེ་གསལ་དང་རྟོགས་སླ་དང་། །དོན་ཆེ་བ་དང་དོན་མིན་དོན་མ་བསམ། །ཚིག་དང་དོན་འབྲེལ་ཀུན་ཐུན་ཀུན་ལས་ལྷག །ཕྱི་ཡི་ཆེ་བའི་ཡོན་ཏན་བཅུ་བདུན་ལྡན། །གསུང་རབ་ཀུན་གྱི་དོན་དང་མི་མགལ་བར། །ཕ་རོལ་ཕྱིན་པའི་ལམ་རྣམས་གསལ་བར་འབྱུང་། །སྦས་དོན་རྡོ་རྗེ་ཐེག་པའི་གསལ་ལམ་གསུང་། །སྨྲ་བ་ངག་གི་གཟོ་བ་ཞེས་སྒྲ་རིག་དང་། །རིག་པ་ཡིད་ཀྱི་གཟོ་བོ་ཞེས་བསྟན་ཚིགས་རིག །འདུ་བྱེད་ལག་གིས་གཟོ་དེ་གཟོ་རིག་པ། །འགལ་རྐྱེན་སྤོང་བ་གསོ་བ་རིག་པ་དང་། །དཀར་ནག་རྩིས་བོན་སོགས་ཐབས་མང་བས། རྒྱུད་རྒྱལ་ཆེ་བའི་ཡོན་ཏན་རྒྱུ་ལྔ། །འདི་ལ་ཚང་གི་གཞན་དག་ལ་ནི་མིན། །སྨིན་བྱེད་དབང་གིས་ཆུ་གཏེར་དབུས་ན་བརྗིད། །གྲོལ་བྱེད་བསྐྱེད་རྫོགས་རིན་ཆེན་ཚོགས་ལས་གྲུབ། །ལས་ཚོགས་རིག་བྱེད་གླིང་བཞིས་ཀུན་ནས་བསྐོར། །ཕུལ་བྱུང་མན་ངག་ཉི་ཟླའི་ཀ་རགས་ཅན། །ཕ་རོལ་ཕྱིན་དྲུག་གསེར་རིའི་དབུས་ན་མཛེས། །མཐའ་དྲུག་ཚུལ་བཞིས་གསང་བའི་ལྕགས་རིས་སྐོར། །བསྐལ་ལྡན་ལྷ་དབང་འཁོར་བཅས་འདྲེན་པའི་གཞི། །རྡོ་རྗེའི་ཐེག་མཆོག་རིའི་དབང་པོ་ལགས། །གཞན་ཡང་གསོ་རིག་རྒྱུད་ཀྱི་རྒྱལ་པོ་འདི། །ཐུབ་པའི་བསྟན་པ་རབ་འཇོམས་ཚུལ་དང་མཐུན། །རང་ཞི་དོན་གཉེར་ཉན་ཐོས་ལུགས་དང་མཐུན། །སྤང་བྱ་འགོག་པ་རང་རྒྱལ་ལུགས་དང་མཐུན། །སྙིང་རྗེ་བྱམས་སེམས་ཆེ་བས་བྱང་སེམས་ལུགས། །ཕ་རོལ་ཕྱིན་དྲུག་སྤྱོད་པས་ཕར་ཕྱིན་ལུགས། །སྣང་གྲགས་སེམས་སུ་ཤེས་པས་སེམས་ཙམ་དང་། །བཅོས་ཁ་མཐར་མ་ལྷུང་གིས་དབུ་མ་དང་། །བྱ་བ་གཙང་བར་བྱེད་པས་ཀྲི་ཡ་དང་། །ཕྱི་ནང་ཆ་སྙོམས་སྤྱོད་པས་སྤྱོད་རྒྱུ་དང་། །སེམས་ཀྱི་རྣལ་འབྱོར་གཙོར་སྨོས་རྣལ་འབྱོར་རྒྱུད། །སྣང་བ་སྨན་དུ་ཤེས་པས་ཨ་ནུ་དང་། །བདུད་རྩི་ལྔ་སོགས་མཧཱ་ཡོ་ག་དང་།
ཟུར་མཆན།
བྱང་པ་དྲང་སྲོང་བཀྲ་ཤིས་དཔལ་བཟང་གིས་མཛད་པའི་རྒྱུད་ཀྱི་བཀའ་སྒྲུབ་ཅེས་བྱ་བའི་མ་དཔེ་བྲིས་མ་ཡིན་པས་དཔེ་རྒྱུན་ཤིན་ཏུ་དཀོན་སྟབས་མཇུག་མ་ཚང་རུང་ད་རེས་བཀོད་པ་ཡིན་ཅིང་། །འདིའི་མཇུག་མ་ཚང་བ་རྣམས་མ་དཔེ་རྙེད་པ་བྱུང་ཚེ་རྗེས་སུ་ཁ་སྐོང་འཇུག་རྒྱུ་ཡིན།མ་དཔེ་ཧ་ཅང་མི་དག་པས་དག་བཅོས་ནུས་པ་རྣམས་དག་པར་བཅོས་ཏེ་བསྒྲིགས་པ་དང་དག་བཅོས་བྱེད་མི་ནུས་པ་རྣམས་རང་སོར་བཞག་ཡོད།། །།
མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:25 PM
<< སྔ་མ།