རྒྱུ་དུག་གསུམ་དང་འབྲས་བུ་ཉེས་གསུམ་བར་གྱི་འབྲེལ་བའི་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.04.2011 |
ཆེད་རྩོམ། >> རྒྱུ་དུག་གསུམ་དང་འབྲས་བུ་ཉེས་གསུམ་བར་གྱི་འབྲེལ་བའི་སྐོར། |
རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་གྱི་བར་ལ་འབྲེལ་བ་
ཇི་ལྟར་ཆགས་པའི་ཚུལ་གྱི་རྣམ་པར་བཤད་པ་བཞུགས་སོ།།
སྨན་རམས་པ་འཇམ་དབྱངས་རྒྱ་མཚོས།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །
དང་པོ། མིང་གི་རྣམ་བཤད།
སྤྱིར་མིང་ཞེས་པ་ནི་ཆོས་གང་ཡིན་པ་དེ་ཉིད་དམིགས་སུ་ངོས་བཟུང་བའི་ཆེད་དུ་ཡིན་ཅིང་། དེའི་ཕྱིར་མདོ་ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན།།འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་བས་རྨོངས་པ་བསལ་བའི་ཕྱིར།།མགོན་པོས་མིང་དུ་གདགས་པར་མཛད།།ཅེས་གསུངས་པ་དང་། དེས་ན་མིང་གདགས་པའི་ཚུལ་ལ་རྣམ་པ་གཉིས་ཏེ། འདོད་རྒྱལ་དང་། རྗེས་གྲུབ་པོ། དང་པོ་འདོད་རྒྱལ་ཅེས་པ་ནི་ཆོས་གང་ཡིན་པ་དེ་ལ་ཁྱད་པར་སོགས་ཀྱི་རིམ་པ་ལ་མ་ལྟོས་པར་ངོས་བཟུང་ཙམ་གྱི་ཆེད་དུ་ཐ་སྙད་བཏགས་པ། དཔེར་ན་བུམ་པ་ཞེས་པའི་མིང་ལྟ་བུའོ། །རྗེས་གྲུབ་ཅེས་པ་ནི་ཆོས་གང་ཡིན་པ་དེའི་ཁྱད་པར་ལ་ལྟོས་ནས་རྒྱུ་མཚན་གྱིས་ཐ་སྙད་བཏགས་པ་ཞིག་སྟེ། དཔེར་ན་གསེར་བུམ་ཞེས་པ་ལྟ་བུའོ།།
༡ འདོད་ཆགས་ཞེས་པ་ནི་རྗེས་གྲུབ་ཀྱི་མིང་ཡིན་ཏེ། ཡུལ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ནས་དེ་ལ་སེམས་ཆགས་ཤིང་འདོད་ཅིང་འབྲལ་དཀའ་བའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་དང་། ཟླ་ཟེར་ལས། འདོད་པ་ནི་ཡུལ་རྣམས་ལ་འདོད་ཅིང་ཆགས་པ་ལ་མངོན་པར་ཞེན་པའོ། །ཞེས་དང་།
༢ ཞེ་སྡང་ཞེས་པ་ཡང་རྗེས་གྲུབ་ཀྱི་མིང་ཡིན་ཅིང་། ཡུལ་ཡིད་དུ་མི་འོང་བ་ལ་དམིགས་ཏེ་ཞེ་ནས་འགྲས་ཤིང་སྡང་བའི་སེམས་བྱུང་ཞིག་དང་། ཟླ་ཟེར་ལས། ཁྲོ་བ་ནི་སེམས་ཀྱི་ཞེ་སྡང་ཞིང་གང་དུ་ཡང་མངོན་པར་ཆགས་པ་མེད་པ་སྟེ། ཞེས་དང་།
༣ གཏི་མུག་ཀྱང་རྗེས་གྲུབ་ཀྱི་མིང་ཡིན་ཅིང་། བླང་དོར་གྱི་གནས་ལ་རྨོངས་ཤིང་མ་རྟོགས་པའི་སེམས་བྱུང་ཞིག་ལ་བྱ་ཞིང་། ཟླ་ཟེར་ལས། གཏི་མུག་ནི་བྱ་བ་དང་བྱ་བ་མ་ཡིན་པ་མངོན་པར་མ་རྟོགས་ཤིང་མི་ཤེས་པའོ།།ཞེས་དང་། དེས་ན་གཏི་མུག་ཅེས་པ་ལ་ཚིག་འགྲེལ་འདི་ལྟར་ཏེ། གཏི་ནི་བཤད་པའམ་སྨྲ་བའི་བརྡ་རྙིང་ངམ་ཡུལ་སྐད་དང་། དོན་ལ་དྲན་ཅིང་བཤད་པའི་དོན་དང་། མུག་ནི་དོན་དུ་མ་ལ་འཇུག་ཀྱང་སྐབས་འདིར་གསལ་སྣང་ངམ་གསལ་ཆ་མ་བྱུང་བ་སྟེ། གཏི་མུག་ཅེས་པ་གཞི་གཅིག་ཏུ་བསྒྲིལ་ན་དེ་ནི་མིང་ཚིག་ཆགས་ཟིན་པ་ཡིན་པས་དེའི་ཚིག་དོན་ནི་བཤད་བསམ་པ་དེ་ཡིད་ངོར་མ་གསལ་བ་དང་། ཡིད་ངོར་མྱུར་དུ་མ་འཆར་བས་བཤད་རྒྱུའི་དོན་སྒྲིབ་ཅིང་བརྗོད་དུ་མ་གྲུབ་པའི་དོན་ཏོ།།
༤ རླུང་ཞེས་པ་ནི་འདོད་རྒྱལ་གྱི་མིང་དང་། དེ་ལ་སྒྲ་བཤད་བརྗོད་དུ་མེད།
༥ མཁྲིས་པ་ཞེས་པ་ཡང་འདོད་རྒྱལ་གྱི་མིང་ཡིན་པས་སྒྲ་བཤད་མེད་ཀྱང་། མཁས་པ་གོང་མ་འགས་ངོ་བོ་ལ་ལྟོས་ནས་བཏགས་པར་འདོད་པས་རྗེས་གྲུབ་ཏུ་བརྩིས་ནས་སྒྲ་བཤད་འདི་ལྟར་ཏེ། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ལས། སྣུམ་ལ་མཁྲིས་བརྟེན་འབར་བའི་མིང་། །དེ་ལས་གྱུར་བ་བརྒྱ་རྩ་གཅིག །ཅེས་གསུངས་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། མཁྲིས་པ་ཞེས་པ་འབར་བའི་མིང་།།ལུས་ཀྱི་དྲོད་ཁམས་སྣུམ་མཁྲིས་ནས།།མེ་འབར་ལྟ་བུ་དྲོད་སྐྱེད་པས།།མཁྲིས་པ་ཞེས་སུ་བཤད་པ་ཡིན།།ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁྲིས་པ་ནི། འབར་བའི་དོན་ཡིན་ཅིང་ངོ་བོ་ནི་ལུས་ཀྱི་དྲོད་ཁམས་ཀྱི་ཆ་ཤས་ཡོངས་རྫོགས་ཀྱི་མིང་ངོ་།། དེ་ལ་ཅིའི་ཕྱིར་མཁྲིས་པ་ཞེས་བརྗོད་དམ་སྙམ་ན། ལུས་ལ་མེ་འབར་བ་ལྟར་གྱི་དྲོད་སྐྱེད་ཅིང་ཟས་འཇུ་བར་བྱེད་མཁན་མཁྲིས་པ་ཁོ་ན་ཡིན་པའི་ཕྱིར་རོ།།ཞེས་སོགས་གསུངས་སོ། ། མཁས་པ་འདི་དག་གིས་ལུས་ཀྱི་སྣུམ་དང་སྣོད་མཁྲིས་ནས་དྲོད་ཁམས་སྐྱེད་ཅིང་འབར་བས་ན་མཁྲིས་པ་ཞེས་མིང་དུ་བཏགས་པར་འདོད་པ་ལྟར་ན། དེ་ནི་མཁྲིས་པའི་རང་བཞིན་དང་གྲུབ་ཚུལ་གྱི་རྣམ་པ་བསྟན་པ་ཙམ་ལས་མཁྲིས་པ་ཞེས་པའི་ཐ་སྙད་དེའི་དོན་བཀྲལ་བ་ཞིག་མིན་པར་འདུག་གོ། །རྒྱུ་མཚན་དེའི་ཕྱིར་མཁྲིས་པ་ཞེས་པའི་ཐ་སྙད་དེ་ལ་རྒྱུ་མཚན་དང་འགྲེལ་བ་བརྗོད་དུ་མེད་པར་རང་ལུགས་ལ་འདོད་རྒྱལ་དུ་མིང་བཏགས་པ་ཞིག་ཏུ་འདོད་དོ།།
༦ བད་ཀན་ཡང་དེ་བཞིན་དུ་འདོད་རྒྱལ་དུ་བཏགས་པའི་མིང་ཞིག་ཏུ་འདོད། འོན་ཀྱང་མཁས་པ་གོང་མ་རྣམས་ཀྱིས་འདི་བཞིན་གསུངས་ཏེ། བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་ཡན་ལག་བརྒྱད་པ་ལས། བད་ཅེས་ཆུ་ཡི་མིང་ཡིན་ལ།།ཀན་ཞེས་ས་ཡི་མིང་ཡིན་ནོ།།ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་ནི། བད་ཆུ་དང་། ཀན་ས་ཡི་མིང་ཡིན་པས་ལུས་ཀྱི་ས་ཆུའི་ཁམས་གཉིས་ཀྱི་མིང་ལས་སྐབས་གཞན་དུ་ནི་མི་འཇུག་གོ།ཞེས་སོགས་གསུངས་པ་དང་། དོན་དེ་ལ་བཤད་པར་བྱ་སྟེ། ལྟས་ཚོད་ཀྱིས་འགྲིག་འགྲིག་འདྲ་བའི་འགྲེལ་བཤད་ཅིག་འདུག་ཀྱང་དོན་ལ་དེ་ལྟར་གནས་དཀའ། ཆུ་ཞེས་པ་ནི་ཆུ་རང་མཚན་པ་ཞིག་ལ་གོ་དགོས་པ་དང་། བད་ཅེས་པ་ནི་ཆུའི་ཐ་སྙད་ཀྱི་རྣམ་གྲངས་མིན་པས་ཆུ་རུ་འདོད་དཀའ་བ་དང་། གཞན་ས་ངོས་ཀྱི་རླངས་པའམ་ཆུ་རྡུལ་ཕྲ་མོའི་རིགས་འཁྱགས་ནས་ཁ་བ་ལྟར་ཆགས་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ་དེ་ལ་སད་དམ་བད་ཅེས་ཟེར་བ་དེའི་དབང་གིས་ཆུ་རུ་འདོད་ན་ཅུང་ཞིག་འགྲིག་ཀྱང་ཆ་མ་ཚང་། ཆུའི་རང་བཞིན་ནམ་ཆུའི་ཆ་ཡོད་པ་ཙམ་གྱིས་ཆུ་ཞེས་བརྗོད་པར་གྱུར་ན་ཆུའི་ཐ་སྙད་དེ་ལ་གནོད་པ་མ་ཟད། སྡོང་པོ་དང་མེ་ཏོག་ལ་སོགས་པའི་སྐྱེ་དངོས་མང་པོ་ཞིག་གི་ཆ་ནའང་ཆུའི་ཁམས་སམ་ཆ་ཡོད་པས་དེ་དག་ལའང་ཆུ་ཞེས་པའི་ཐ་སྙད་འཇུག་དགོས་པས་ན་འཇིག་རྟེན་གྲགས་ཚོད་དང་ཐ་སྙད་འགྲོ་སྟངས་ཀྱི་ལུགས་དང་འགལ་བ་སོགས་ཀྱི་གནོད་བྱེད་མང་དུ་འཇུག་གོ། །གཞན་ཀན་ཞེས་པ་ནི་ས་ཡི་མིང་ཡིན་ཚོད་ཀྱང་འགྲིག་དཀའ་བས་དེ་འདྲའི་ཁུངས་ལུང་གི་རྒྱབ་རྟེན་བཤད་པ་གང་ཡང་མ་མཆིས་པས་དེ་ལྟར་ཡིན་ཞེས་པ་ཙམ་གྱིས་ཡིན་པར་མི་ཁྱབ་པས་ཐ་སྙད་གྲགས་ཚོད་དང་མི་མཐུན་པའི་ཁར་བརྡ་སྤྲོད་ཀྱི་གཞུང་དུའང་དེ་ལྟར་ཡོད་པར་ངོས་འཛིན་དཀའ་བ་ཞིག་རེད། དེས་ན་བོད་རང་གི་ཐ་སྙད་གྲུབ་སྟངས་དང་། སྨན་གཞུང་གི་འགྲོ་ལུགས། སྤྱི་ཚོགས་ཀྱི་འཚོ་བ་དངོས་སུ་ཞིབ་དཔྱད་བྱས་ན་བད་ཀན་ཞེས་པའི་ཐ་སྙད་དེ་ནི་འདོད་རྒྱལ་གྱི་མིང་ཞིག་ཡིན་པ་ལས་དེ་ལ་སྒྲ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཏུ་མ་མངོན་པའི་སྟེང་། ད་དུང་བརྡ་རྙིང་པའི་གཞུང་དུ་མིང་གི་རྣམ་གྲངས་གཞན་ལ་བས་ཀན་ཞེས་རྗེས་འཇུག་ས་བཀོད་ནས་སྒྲ་ཡང་དེ་ལྟར་ཀློག་སྲོལ་ཡོད་ཅིང་། དེང་གི་དུས་སུའང་བོད་ཀྱི་མདོ་ཁམས་ས་ཁུལ་ཁ་ཤས་སུ་བས་ཀན་ཞེས་འབོད་ཀྱི་ཡོད་པ་ཞིབ་ཏུ་ངག་ལ་ཉན་ཚེ་གསལ་པོར་ཁ་ནས་ཐོན་གྱི་འདུག དེ་ལྟ་ན། བད་ཀན་ཞེས་པ་དང་། བས་ཀན་ཞེས་པ། རླུང་། མཁྲིས་པ་བཅས་ཀྱི་ཐ་སྙད་ལ་རང་ལུགས་སུ་སྒྲ་བཤད་མེད་ཅིང་འདོད་རྒྱལ་དུ་བྱུང་བའི་ཐ་སྙད་ཅིག་ཏུ་འཁུམས་སོ། །
གཉིས་པ་འབྱུང་ཁུངས་ཀྱི་རྣམ་བཤད།
༡ འདོད་ཆགས་ཞེས་པ་ནི་གཞན་ལས་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་སྐྱེ་བ་འདི་ཉིད་ཀྱི་སྔ་ལོགས་སུ་བྱུང་བའི་བར་དོའི་རྣམ་པར་ཤེས་པ་དེ་ལས་བྱུང་ཞིང་། དེ་ཡང་གསལ་རིག་གི་རང་བཞིན་གྱི་རྣམ་པར་ཤེས་པ་དེ་ལ་བདེན་འཛིན་ནམ་བདག་འཛིན་མ་རིག་པའི་གཞན་དབང་དུ་གྱུར་བའི་འདོད་སེམས་དེས་སྐྱེད་པའི་ཉོན་མོངས་པའི་ཤེས་པ་བག་ཆགས་དང་བཅས་པའི་སྒྲིབ་ཅིང་བཀབ་པ་དེ་ལས་བྱུང་བ་ཡིན། དེར་བརྟེན། ལུས་འདི་ཉིད་ལ་བྱུང་བའི་ཐོག་མ་ཡང་བར་དོའི་རྣམ་པར་ཤེས་པ་དེ་མངལ་དུ་ཕ་མའི་ཁུ་ཁྲག་འདུས་པའི་སྐབས་དེ་ལ་ཉིང་མཚམས་སྦྱར་བར་ལས་ཉོན་གྱིས་འཇུག་པར་བསྐུལ་ནས་ཞུགས་པ་དང་མཉམ་དུ་གསལ་རིག་གི་རྣམ་ཤེས་དེ་འགེབས་པར་བྱེད་པའི་འདོད་ཆགས་ཀྱི་བག་ཆགས་དེ་ཡང་རྣམ་པར་ཤེས་པ་དང་ལྷན་དུ་ཁུ་ཁྲག་འདུས་པའི་ཚོགས་པ་རུ་ཞུགས་པ་ཡིན་པས་ན་འདོད་ཆགས་ཀྱི་འབྱུང་ཁུངས་ནི་དེ་ལྟར་དང་། གཞན་དེ་ལྟར་ལྟོས་འཇོག་གིས་རྒྱུ་ཡི་ཐོག་མ་ངོས་འཛིན་བྱེད་ཅིང་འཇོག་པ་ལས་སྤྱིར་རྒྱུའི་ཐོག་མ་འཇོག་ཏུ་མི་བཏུབ་སྟེ། རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅུ་གཅིག་པ་ལས། འཁོར་བ་འབའ་ཞིག་སྔོན་གྱི་མཐའ།།ཡོད་མ་ཡིན་པར་མ་གསལ་གྱི།།རྒྱུ་དང་འབྲས་བུ་ཉིད་དང་ནི།།མཚན་ཉིད་དང་ནི་མཚན་གཞི་ཉིད།།ཅེས་གསུངས་པ་ལྟར་དང་། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གཉིས་ཀྱང་ཐོག་མའི་མཐའ་མེད་པ་དེ་དང་ཆོས་མཚུངས་སོ།།
༢ རླུང་ཞེས་པ་ནི་འབྱུང་བ་རླུང་ལས་བྱུང་བ་ཞིག་དང་། ཚུལ་ཇི་ལྟར་ན་ནི། ཕ་མ་གཉིས་ཀྱི་འཁྲིག་པའི་ལས་ལས་བྱུང་བའི་ཁུ་ཁྲག་མའི་མངལ་དུ་འདུས་པ་དང་མཉམ་དུ་ཕ་མའི་ལུས་ཀྱི་རླུང་གི་རྫས་རྒྱུན་ཡང་ཁུ་ཁྲག་དང་ལྷན་དུ་བབ་ཅིང་འདུས་པར་བྱེད་པ་དང་། དེ་ནས་ཁུ་ཁྲག་སེམས་གསུམ་འདུས་ཏེ་ལུས་གྲུབ་ཅིང་སྐྱེ་ཞིང་འཕེལ་བར་བྱེད་པ་དང་དུས་གཅིག་ཏུ་རླུང་གི་རྫས་རྒྱུན་ནམ་ས་བོན་དེ་ལས་ལུས་ཀྱི་རླུང་སྐྱེད་ཅིང་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན། དེ་ལྟ་ན། རླུང་ནི་རླུང་ལས་བྱུང་བ་ལས་གཞན་དུ་འབྱུང་ཚུལ་མེད། དེ་བཞིན་དུ་མཁྲིས་པ་དང་བད་ཀན་ཡང་རིགས་འགྲེའོ། །
གཞན་དུ་ན། རྒྱུ་མ་རིག་པ་ལས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་བྱུང་ལ། རྒྱུ་དེ་གསུམ་ལས་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་སྐྱེད་པར་བཤད་པ་དང་། བཤད་རྒྱུད་ལེའུ་བརྒྱད་པ་ལས། ཁྱད་པར་རྒྱུ་ནི་མ་རིག་ལས་བྱུང་བའི།།འདོད་ཆགས་ཞེ་སྡང་གཏི་མིག་དུག་གསུམ་ལས།།འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད།།ཅེས་གསུངས་ཤིང་། དེ་བཞིན་དུ་ཞེ་སྡང་མེད་པར་མཁྲིས་པ་མི་འབྱུང་བ་དང་། མཁྲིས་པ་མེད་པར་ཚ་བ་མི་འབྱུང་བ་ལ་སོགས་པའི་རིམ་པ་མང་དུ་གསུངས་ཡོད། དེའི་རྐྱེན་གྱིས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ནི་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་བྱུང་བར་འདོད་མཁན་མང་དུ་བྱུང་སྟེ། དེའི་ཐད་ཀྱི་རྩོམ་ཡིག་དང་འགྲེལ་བཤད་ཀྱང་མང་པོ་སྤེལ་ཡོད། དེའི་ཐད་ནས་ཅུང་ཞིག་བཤད་ན་མ་རིག་པ་ལས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་འབྱུང་ཚུལ་ནི་གོང་དུ་བཤད་ཟིན་ཅིང་། ད་ནིཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་ཚུལ་ཇི་ལྟར་བྱུང་བ་དང་། ཉེས་པ་གསུམ་ལ་འབྲས་བུ་དང་། དུག་གསུམ་ལ་རྒྱུ་ཞེས་ཇི་ལྟར་བཏགས་པའི་རྒྱུ་མཚན་ནི་འགོད་པར་བྱ་སྟེ། འདིའི་སྐབས་ཀྱི་ཉེས་པ་གསུམ་ནི་ཉེས་པ་དངོས་དང་དུག་གསུམ་གྱི་འབྲས་བུར་ཡང་བཞག་ཏུ་ཡོད་པ་རེད། དེའི་རྐྱེན་གྱིས་དུག་གསུམ་པོ་དེ་ཉེས་གསུམ་གྱི་རྒྱུ་རུ་འདོད་པ་ཡིན་ཅིང་རྒྱུའི་ནང་ནས་ལྷན་ཅིག་བྱེད་རྐྱེན་ཡིན། དེས་ན་ཉེས་པ་གསུམ་པོ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་བྱུང་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྒྱུ་དེ་གསུམ་ནི་ཉེས་པ་གསུམ་པོ་འཕེལ་ཞིང་ཆེར་སྐྱེད་པར་བྱེད་མཁན་ཡིན་པ་ལས་འབྱུང་བར་བྱེད་པའི་རྒྱུ་དངོས་མ་ཡིན་ཅིང་རིགས་མཐུན་པ་ཡང་མ་ཡིན་ནོ། །དེ་འབྱུང་བར་བྱེད་པའི་རྒྱུ་ཡིན་ན་དངོས་རྒྱུ་དང་ཉེར་ལེན་གྱི་རྒྱུ་ཡིན་དགོས་ལ་རིགས་ཀྱང་མཐུན་པ་ཡིན་དགོས་པ་ལ་སོགས་པའི་གནད་འདི་མ་རྟོགས་པ་མང་པོས་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་འབྲས་བུ་རླུང་མཁྲིས་བད་ཀན་སྐྱེད་ཅེས་པའི་ཚིག་ལ་འཁྲུལ་ཏེ་དོན་ལ་གོ་ནོར་དུ་སོང་བ་མང་དུ་བྱུང་བ་དང་། འདིའི་སྐབས་ཀྱི་རླུང་མཁྲིས་བད་ཀན་གསུམ་ནི་རྣམ་པར་གྱུར་བའི་ཉེས་པ་ཡིན་པས་དེ་ཉིད་ནད་དུ་སྐྱེད་པར་བྱེད་པའི་ཆ་ནས་ཉོན་མོངས་དུག་གསུམ་དེའི་རྒྱུ་རུ་བཞག་པ་དང་། གོང་དུ་བཤད་པའི་རླུང་མཁྲིས་བད་ཀན་གསུམ་ནི་ལུས་ཀྱི་རྒྱུ་ཡིན་པས་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དོ། །
གསུམ་པ་རང་བཞིན་གྱི་རྣམ་བཤད།
རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི་དངོས་པོ་གསུམ་ལས་ཤེས་པའི་རང་བཞིན་དང་སེམས་བྱུང་གི་བྱེ་བྲག་ཅིག་ཡིན། དེ་གསུམ་པོ་ཡང་གཞི་མཐུན་མེད་པའི་ཆོས་སོ་སོ་བ་ཞིག་རེད། འབྲས་བུ་རླུང་མཁྲིས་བད་ཀན་གསུམ་ནི་དངོས་པོ་གསུམ་ལས་གཟུགས་ཀྱི་རང་བཞིན་དང་ལྡན་པའི་བེམ་པོའི་ཆོས་དང་ཕན་ཚན་གཞི་མཐུན་མེད་པའི་ཆོས་སོ་སོ་བ་ཞིག་གོ།
༡ རླུང་ནི་འབྱུང་བ་རླུང་གི་རང་བཞིན་ཅན་ཞིག་དང་། ཁྱད་པར་དུ་ལུས་ཀྱི་ཕུང་པོ་སྐྱེད་བྱེད་ཀྱི་འབྱུང་བ་གལ་ཆེན་ཞིག་ཡིན་ཅིང་། ལུས་ཁམས་ཀྱི་ནང་ནས་རླུང་ཞེས་པ་དེ་གང་ཡིན་ཞེ་ན་དབུགས་གང་ཡིན་པ་དེ་ལ་བྱའོ། །གཞན་བྱང་པ་རྣམ་རྒྱལ་གྲགས་བཟང་གིས། རླུང་ནི་གཡོ་བའི་མིང་ཡིན་ཏེ། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རླུང་ནི་མིག་ལ་སོགས་པའི་ཡུལ་སོ་སོར་འཇུག་པའི་བྱ་བ་བྱེད་མཁན་གྱི་འབྱུང་ཁམས་ཀྱི་མིང་ངོ་།།དེའི་གོ་དོན་ནི་གཡོ་བའོ།།དེ་ལ་ཅིའི་ཕྱིར་གཡོ་བ་ཞེ་ན། དེས་ཡུལ་ལྔའི་རྣམ་པར་ཤེས་པ་མི་བརྟན་ཅིང་ཡུད་ཙམ་ན་གཡོ་བའི་བྱ་བ་བྱེད་པའི་ཕྱིར་གཡོ་བ་ཞེས་སུ་བརྗོད་པ་ཡིན་ནོ། །ཞེས་དང་། དེ་ལྟ་ན། རླུང་ཞེས་པ་ནི་འབྱུང་བ་རླུང་ཞེས་པ་དེ་ཡིན་ལ། འབྱུང་བ་བཞིའི་ནང་གི་རླུང་ནི་ཕྱིའི་རླུང་དང་ལུས་ཀྱི་རླུང་ནི་ནང་གི་རླུང་ཡིན་པས་དེ་གཉིས་ལ་ཁྱད་པར་ཡོད་པ་རེད། མ་ཟད་རླུང་ནི་གཡོ་བ་ཙམ་དུ་བཞག་ན་མི་འགྲིག་ཏེ་གཡོ་བ་ནི་རླུང་གི་བྱེ་བྲག་གི་བྱེད་ལས་ཤིག་པཡིན་པ་ལས་ལུས་ཁམས་ནས་ངོས་བཟུང་བའི་ཚེ་ན་བཟུང་དུ་མེད་པར་ཐལ་བར་འགྱུར་བའི་སྐྱོན་སོགས་འཇུག་པས་ན་གོང་ལྟར་བརྗོད་ན་བདེ་བ་ཡིན་ནོ། །འབྱུང་བཞིའི་རླུང་གི་མཚན་ཉིད་ནི་ཡང་ཞིང་གཡོ་བ་དང་། ལུས་ཀྱི་རླུང་ནི་རྩུབ་ཅིང་ཡང་བ་གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་ཞིག་ཏུ་འདོད་པ་དང་། མདོར་བསྡུས་ན་ཕྱི་ནང་དང་ཤུགས་ཆེ་ཆུང་། སྐྱེ་བུའི་ཤེས་རྒྱུད་ཀྱིས་བསྡུས་མ་བསྡུས་བཅས་ཀྱི་ཁྱད་པར་ཡོད་པ་རེད།
༢ མཁྲིས་པ་ནི་འབྱུང་བ་མེའི་རང་བཞིན་ཡིན་ལ་ལུས་ཁམས་ཀྱི་ནང་ནས་གང་ཡིན་ཞེ་ན་དྲོད་གང་ཡིན་པ་དེའོ། །མཚན་ཉིད་ནི་སྣུམ་བཅས་རྣོ་ཞིང་ཚ་བ་ཡང་ཞིང་དྲི་མནམ་པ་འཁྲུ་ཞིང་གཤེར་བའོ།།འདི་ལ་ངོས་འཛིན་སྣ་ཚོགས་ཡོད་དེ་མེ་དྲོད་མཁྲིས་པ་ལ་བཤད་པ་དང་། འཇུ་བྱེད་ལ་བཤད་པ། འབར་བའི་དོན་ལ་བཤད་པ་སོགས་ཡོད་ཀྱང་། དང་པོ་གཉིས་ནི་མིན་ལ་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་མ་ཟད། དེ་ནི་བྱེ་བྲག་གི་མཁྲིས་པའི་དབྱེ་བ་ཡིན། བཤད་རྒྱུད་ལེའུ་ལྔ་བ་ལས། མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ།།འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད།།ཅེས་གསུངས་པ་ལྟར་དང་། གསུམ་པ་འབར་བ་ཞེས་པ་ནི་མཁྲིས་པའི་བྱེད་ལས་ཡིན་པ་ལས་ངོ་བོ་མིན་ཏེ། ངོ་བོ་ནི་དྲོད་ཁོ་ནའོ།།དེས་ན་འབར་བ་ཞེས་པ་ནི་མཁྲིས་པའི་རང་བཞིན་དུ་མི་འཇོག་པར་མཁྲིས་པའི་རང་བཞིན་ནི་དྲོད་གང་ཡིན་པ་དེ་ལ་འཇོག་དགོས་པ་དང་། རླུང་མཁྲིས་བད་ཀན་གསུམ་གྱི་ཟླས་དྲངས་པའི་མཁྲིས་པ་དེ་ནི་སྤྱིའི་མཁྲིས་པ་ལ་གོ་དགོས་སོ།།
༣ བད་ཀན་ནི་འབྱུང་བ་ས་ཆུའི་རང་བཞིན་དང་ལུས་ཁམས་ནས་རླན་པ་དེ་ལ་གོ་དགོས་པ་དང་། །གཞན་དུ་ན་བད་ཀན་ནི་ས་དང་ཆུའི་རང་བཞིན་དུ་ཡོད་པ་ཞིག་ཡིན་པ་ལས་ས་དང་ཆུ་ནི་མིན་ཏེ། ས་དང་ཆུ་ནི་འབྱུང་བ་མཚན་ཉིད་པ་ཡིན་ནོ།།བད་ཀན་གྱི་མཚན་ཉིད་ནི་སྣུམ་ཞིང་བསིལ་བ་ལྕི་རྟུལ་འཇམ་བརྟན་འབྱར་བག་དང་། སའི་མཚན་ཉིད་ནི་སྲ་ཞིང་འཐས་པ། ཆུའི་མཚན་ཉིད་ནི་རླན་ཞིང་བཤེར་བ། བཅས་ཡིན་པས་མཚན་ཉིད་ཀྱི་ཆ་ནས་ཀྱང་ཁྱད་པར་ཡོད་ལ་དངོས་པོའི་རང་ལྡོག་ནས་ཀྱང་ཁྱད་པར་ཆེན་པོ་ཡོད་པ་ཞིག་རེད། གཞན་འགའ་ཤས་ཀྱིས་བད་ཀན་ནི་ལུས་ཀྱི་ཆུ་ཁམས་དེ་ལ་གོ་མཁན་ཡང་ཡོད་འདུག་པ་ལྟར་ན་གནོད་བྱེད་མང་དུ་འཇུག་ཏེ། དཔེར་ན་གཅིན་པ་དང་ལུས་ཀྱི་རྨེན་བུ་ཆེ་ཆུང་ནས་ཐོན་པའི་གཤེར་ཁུའི་རིགས་གང་ཡིན་པ་དེ་དག་ཀྱང་བད་ཀན་དུ་འཇོག་དགོས་པར་ཐལ་བས་དོན་དང་ཐ་སྙད་གཉིས་ཀར་གནོད་དོ། །
གཞན་ཞིག་ཀྱང་རླུང་མཁྲིས་བད་ཀན་གསུམ་གྱི་སྐོར་ལ་འདི་ལྟར་བཤད་མཁན་ཡང་ཡོད་དེ། རྣམ་པར་གྱུར་བ་ནི་ཤེས་པ་དང་མ་གྱུར་བ་ནི་ལྡན་མིན་འདུ་བྱེད་དུ་འདོད་མཁན་ཡང་ཡོད་ཀྱང་། དེ་གཉིས་གང་ཡིན་ཡང་ཤེས་པ་མིན་ལ་ལྡན་མིན་འདུ་བྱེད་ཀྱང་མ་ཡིན་ལ། ཤེས་པ་ཡིན་ན་རྡུལ་དུ་གྲུབ་པ་མིན་པ་དང་ལྡན་མིན་འདུ་བྱེད་ཀྱང་མ་ཡིན་པ་ནི་རྟོགས་སླ་བ་མ་ཟད། དེ་དག་ནི་གོང་དུ་སོང་ཟིན་ལྟར་འབྱུང་བ་བཞིའི་རང་བཞིན་ཡིན་པས་གཟུགས་ཡིན་པ་གསལ། དེས་ན་རླུང་མཁྲིས་བད་ཀན་གསུམ་ནི་དངོས་པོ་དེ་གཉིས་གང་རུང་མ་ཡིན་པའི་དངོས་པོ་སྟེ་བེམ་པོ་ཡིན་ནོ།།དེའི་ཡིན་ཚུལ་ནི་གོང་དུ་ཉེས་པ་གསུམ་གྱི་འབྱུང་ཁུངས་བཤད་པའི་སྐབས་སུ་གསལ་བ་ལྟར་དང་། དེ་བཞིན་དུ་ཤེས་པ་ཡིན་ན་གསལ་རིག་ཡིན་དགོས་པས་དེ་གསུམ་ལ་རང་གཞན་གང་ཡང་གསལ་ཚུལ་གྱི་རྣམ་པ་མེད་ལ། ལྡན་མིན་འདུ་བྱེད་ཀྱང་མ་ཡིན་ཏེ། རྡུལ་དུ་གྲུབ་པ་ཡིན་ཅིང་། དཔེར་ན་རླུང་ནི་འབྱུང་བ་རླུང་གི་རང་བཞིན་དང་དེའི་རྡུལ་རྫས་འདུས་པ་ལས་བྱུང་བ་དང་། མཁྲིས་པ་ནི་འབྱུང་བ་མེའི་རང་བཞིན་དང་དེའི་རྡུལ་རྫས་དག་ལས་འདུས་པ་དང་། བད་ཀན་ནི་འབྱུང་བ་ས་ཆུའི་རང་བཞིན་དང་དེའི་རྡུལ་རྫས་འདུས་པ་ལས་བྱུང་བ་དང་། དེས་ན་རིམ་པ་བཞིན་དུ་གོང་དུ་བརྗོད་པ་བཞིན་དབུགས་དང་། དྲོད། རླན་བཅས་ལུས་ལ་གནས་པའི་ཁམས་དེ་དག་ལ་རླུང་མཁྲིས་བད་ཀན་གསུམ་དུ་བརྗོད་པ་ཡིན་ཅིང་། རྩ་རྒྱུད་ལེའུ་གསུམ་པ་ལས། རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། །ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །ཅེས་པ་ལྟར་འབྱུང་བཞིའི་རང་བཞིན་དུ་གསུངས་པས་ན་གཟུགས་སུ་གྲུབ་པ་གསལ་ཐང་ཡིན་ཅིང་། འདིའི་སྐབས་འདི་ནི་རྣམ་པར་མ་གྱུར་བ་ཡིན་པ་དང་། ད་དུང་ངེས་དགོས་པ་ཞིག་ནི་ལ་ལས་རླུང་མཁྲིས་བད་ཀན་གསུམ་པོ་ནི་འབྱུང་བ་བཞི་ལ་ངོས་འཛིན་མཁན་དང་དེའི་རྐྱེན་གྱིས་གཟུགས་ཡིན་ཚུལ་བཤད་མཁན་ཡང་ཡོད་ཀྱང་། གཟུགས་ཡིན་ཚུལ་དེ་བདེན་ཀྱང་འབྱུང་བ་བཞི་ནི་མིན་ལ་དེ་རུ་ངོས་བཟུང་བ་དེ་ཡང་མི་འགྲིག་སྟེ། དེ་གསུམ་པོ་ནི་གོང་དུ་སོང་བ་བཞིན་འབྱུང་བཞིའི་རང་བཞིན་ཅན་ཞིག་ཡིན་པ་ལས་འབྱུང་བཞི་ནི་མིན། གལ་སྲིད་འབྱུང་བ་བཞི་ཡིན་ཚེ་འབྱུང་བཞི་མཚན་ཉིད་པ་ཡིན་དགོས་པ་ན་དེ་ལྟར་མིན་པ་གོང་དུ་བཤད་པ་ལྟར་དང་། དེས་ན་རླུང་མཁྲིས་བད་ཀན་གསུམ་པོ་ནི་འབྱུང་བཞི་མིན་ལ་འབྱུང་བཞིའི་རང་བཞིན་ཅན་གྱི་དངོས་པོ་རང་སྐྱ་བ་ཞིག་ཡིན་ནོ། །རྣམ་གྱུར་སྐབས་སུའང་འདི་གསུམ་པོ་གཟུགས་ཡིན་ལ། ཡིན་ཚུལ་ནི་རྣམ་པར་མ་གྱུར་བའི་ཉེས་པ་གསུམ་པོ་གང་ཡིན་པ་དེ་རང་གནས་སུ་མ་བསྡད་པར་གཞན་གནས་སུ་ཞུགས་ཏེ་ནད་ཀྱི་ངོ་བོར་གྱུར་བ་དེ་ཡིན་པས་ནད་ཡིན་ཅིང་། ནད་ཅེས་པ་དེ་ནི་ཚོར་བ་ཞིག་མ་ཡིན་པར་ཚོར་བ་ཡོང་སའི་གཞི་དེ་ལ་ཟེར་དགོས་པས་གཞི་དེ་ནི་གཟུགས་ཀྱི་ཕུང་པོ་ཡིན་པ་བཅས་ཀྱིས་རླུང་མཁྲིས་བད་ཀན་གསུམ་ནི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གཟུགས་ཡིན་ཚུལ་དེ་ལྟར་དང་། དེ་བཞིན་དུ་གཟུགས་ཀྱི་ནང་ནས་ནང་གི་གཟུགས་ཡིན་ཅིང་། སྐྱེ་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་ལ། དེ་གསུམ་གྱི་ཐོག་མའི་ཡོང་ཁུངས་ནི་གོང་དུ་འབྱུང་ཁུངས་བཤད་པའི་སྐབས་སུ་བཤད་པ་ལྟར་ཕ་མའི་ཁུ་ཁྲག་གི་ཆ་ན་ཡོད་པའི་རླུང་མཁྲིས་བད་ཀན་གསུམ་པོ་དེ་དང་། དེ་གསུམ་གྱི་རྒྱུ་གཟུགས་ཡིན་པས་དེ་གསུམ་པོ་ཡང་གཟུགས་ཡིན་ལ། དེ་གསུམ་པོའི་ཉེར་ལེན་གྱི་རྒྱུ་ཤེས་པ་ཡིན་ཚེ་དེ་དག་ཀྱང་ཤེས་པ་ཡིན་དགོས་ཀྱང་དེ་ལྟར་མིན་པ་བཤད་ཟིན་ལྟར་དང་། དེས་ན་རྒྱུའི་རང་བཞིན་གང་ཡིན་པ་བཞིན་འབྲས་བུའང་དེ་ལྟར་འབྱུང་དགོས་པའི་ཆོས་ཉིད་ལས་གཞན་དུ་མེད་པས། ཚད་མ་རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཅེས་གསུངས་པ་བཞིན་ནོ། །
བཞི་བ་དབྱེ་བའི་རྣམ་བཤད།
རྩ་བའི་རྒྱུ་ནི་མ་རིག་པ་དང་། ཁྱད་པར་གྱི་རྒྱུ་ནི་དེ་ལས་བྱུང་བའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་མོ། །
༡ ཉེས་པ་གསུམ་ལས་རླུང་སྤྱིའི་དབྱེ་བ་ལ་ནང་གསེས་མེད་དེ། རླུང་མཁྲིས་བད་ཀན་གསུམ་གྱི་རླུང་དེ་ནི་སྤྱིའི་རླུང་དང་། དེའི་བྱེ་བྲག་གི་རླུང་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་བཅས་ལྔ་དང་། རླུང་འདི་དྲུག་པོ་ནི་ལུས་གནས་ཤིང་འཕེལ་པར་བྱེད་པའི་རྣམ་པར་མ་གྱུར་བའི་རླུང་ཡིན་པ་དང་། ཆགས་ཚུལ་སྐབས་ཀྱི་རླུང་དེ་དག་ཀྱང་འདིའི་ཁུངས་སུ་འདུ་བ་ཡིན། གཞན་མན་རྒྱུད་ཀྱི་སྤྱིའི་རླུང་དྲུག་ཅུ་རྩ་གསུམ་དང་བྱེ་བྲག་བཅོ་ལྔ་བཅས་བདུན་ཅུ་དོན་བརྒྱད་པོ་ནི་རྣམ་གྱུར་གྱི་རླུང་ཡིན་ནོ།།
༢ མཁྲིས་པ་ལ་སྤྱིའི་མཁྲིས་པ་དང་། བྱེ་བྲག་གི་དབྱེ་བ་ནི། འཇུ་བྱེད། མདངས་སྒྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་དང་ལྔ་བོ་ནི་རྣམ་གྱུར་མིན་པའི་མཁྲིས་པ་དང་། མན་རྒྱུད་ཀྱི་སྤྱི་བྱེ་བྲག་གི་དབྱེ་བ་བཞི་བཅུ་ཞེ་བདུན་པོ་ནི་ནད་ཡིན་ཏེ་རྣམ་གྱུར་ཡིན་ནོ།།
༣ བད་ཀན་ལ་སྤྱིའི་བད་ཀན་དང་། བྱེ་བྲག་གི་དབྱེ་བ་ནི་རྟེན་བྱེད། མྱག་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་དང་ལྔ་ཡོད་ཅིང་། མན་རྒྱུད་ཀྱི་སྤྱི་བྱེ་བྲག་གི་དབྱེ་བ་བཞི་བཅུ་ཞེ་གསུམ་པོ་ནི་རྣམ་གྱུར་ནད་ཅན་ཡིན་ནོ།།
ལྔ་བ་གནས་ཀྱི་རྣམ་བཤད།
དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི། ལུས་འདི་ཉིད་མའི་མངལ་དུ་ཆགས་པའི་ཐོག་མ་དེར་ཆགས་ཤིང་འཕེལ་བའི་རྩ་ལྟེ་བའི་གཟུགས་དོད་པ་དང་སྦྲགས་རྩ་དེའང་ལྟེ་བའི་དབུས་ནས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་སྟེ། ཆུའམ་ཟླ་བའི་ཁམས་ཤས་ཆེར་རྒྱུ་བའི་རྩ་གཅིག་གྱེན་ལ་སོང་བས་གཞི་དེ་ལ་བརྟེན་ནས་ཀླད་པ་གཙོ་བོར་གྱུར་བའི་མགོ་བོའི་ཆ་ཤས་རྣམས་ཆགས་ཤིང་གྲུབ་པ་ཡིན། ཉོན་མོངས་གཏི་མུག་ཀྱང་ཀླད་པ་དེ་ལ་བརྟེན་ནས་གནས་པ་དང་། དེ་ལས་ལུས་ཀྱི་གྲང་བའི་རངབཞིན་བད་ཀན་སྐྱེད་པ་སྟོད་ན་གནས་པས་རྒྱུ་འབྲས་རྟེན་བཅས་སྟོད་ན་གནས་པ་གྲུབ་སྟེ་རྨོངས་ཤིང་ལྕི་འཐིབ་སོགས་མགོ་བོ་ལས་འབྱུང་བ་མཐོང་བའི་ཕྱིར་རོ། །མེའམ་ཉི་མའི་ཁམས་རྒྱུ་བའི་རྩ་གཅིག་བར་དུ་ཟུག་ཅིང་དེ་ལ་བརྟེན་ནས་སྲོག་པ་རྩ་ཆགས་ཤིང་ཁྲག་མཁྲིས་ཚ་བའི་རྒྱུར་གྱུར་བའི་ཞེ་སྡང་ཡང་སྲོག་རྩའི་ཁྲག་ལ་བརྟེན་ནས་གནས་པ་སྟེ། རྒྱུ་དེ་ལས་མཁྲིས་པ་ཚ་བའི་རང་བཞིན་སྐྱེད་པས་བར་ན་གནས་པས་རྒྱུ་འབྲས་རྟེན་བཅས་བར་ན་གནས་པ་གྲུབ་པ་སྟེ། ཁོང་ཁྲོ་དྲག་པོ་སོགས་ལྡང་བའི་ཚེ་ཤས་ཆེར་ལུས་ཀྱི་བར་སྙིང་ཐད་ནས་འབྱུང་བའི་ཕྱིར་རོ།། ཟུང་འཇུག་རླུང་གི་ཁམས་རྒྱུ་བའི་རྩ་གཅིག་ཐུར་དུ་ཟུག་པས་དེའི་རྩེ་མོ་བཤད་རྒྱུད་ཆགས་ཚུལ་ལེའུ་ལས། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། །ཞེས་པ་དེ་ཉིད་ཡིན་ཅིང་། དེའི་གཤམ་སྣེ་མན་རྒྱུད་བྱང་ཁོག་རྨ་གསོ་བའི་སྐབས། རྩ་ཡི་རྒྱལ་པོ་སྲོག་རྩ་བཅོས་པ་ནི།།ལྟེ་འོག་སོར་བཞི་མིག་དམར་ལ་སོགས་དང་།།ཞེས་སོགས་དེ་ལ་བརྟེན་པའི་གསང་བ་ཆགས་ཤིང་། ཟུང་འཇུག་རླུང་གི་རྒྱུར་གྱུར་བའི་འདོད་ཆགས་ནི་ཕོ་མོའི་གསང་བར་གནས་པ་སྟེ། དེ་ལས་ཚ་གྲང་གཉིས་ཀྱི་རང་བཞིན་རླུང་སྐྱེད་ནས་སྨད་ན་གནས་པ་ཡིན་པས་རྒྱུ་འབྲས་རྟེན་བཅས་སྨད་ན་གནས་པ་གྲུབ་པ་སྟེ། འདོད་སྲེད་ཤས་ཆེར་སྨད་ནས་འབྱུང་བ་མཐོང་བའི་ཕྱིར་རོ།། ཞེས་དྲང་སྲོང་བཤད་ལུང་བཤད་རྒྱུད་ལེའུ་བཞི་བའི་རྣམ་བཤད་དུ་གསུངས་པ་བཞིན་ནོ། །དེ་བཞིན་དུ་བཤད་རྒྱུད་ལེའུ་བཞི་པ་ལས། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས།།རྩ་གཅིག་གྱེན་ལ་སོང་བའི་ཀླད་པ་ཆགས།།གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་སྐྱེད་པའི་སྟོད་ན་གནས།།རྩ་གཅིག་བར་དུ་ཟུག་པའི་སྲོག་རྩ་ཆགས།།ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས།།དེ་ལས་མཁྲིས་པ་སྐྱེད་པའི་བར་ན་གནས།།རྩ་གཅིག་ཐུར་དུ་ཟུག་པའི་གསང་བ་ཆགས། །འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ།།དེ་ལས་རླུང་སྐྱེད་སྨད་ན་གནས་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་ཉེས་པ་གསུམ་གྱི་གནས་ས་ནི་སྤྱིར་ལུས་ཡོངས་ལ་ཁྱབ་པར་གྱུར་བ་ཞིག་ཡིན་མོད་ཀྱང་། བྱེ་བྲག་ཏུ་སྙིང་གའི་ཐད་ནས་ཐིག་གཅིག་འཐེན་པའི་སྟེང་སྟེ་ཡན་ཆད་དུམ་བུ་གཅིག་དང་། ལྟེ་བའི་ཐད་ནས་ཐིག་གཅིག་འཐེན་པའི་འོག་སྟེ་མན་ཆད་དུམ་བུ་གཅིག་དང་། དེ་གཉིས་ཀྱི་བར་བཅས་གནས་གསུམ་ན་ལྟེ་བའི་འོག་བར་སྟེང་བཅས་ན་མས་ནས་རིམ་བཞིན་གྱེན་དུ་རླུང་མཁྲིས་བད་ཀན་གསུམ་གྱི་གནས་ས་ཡིན་ནོ། །བཤད་རྒྱུད་ལེའུ་ལྔ་བ་ལས། གནས་ས་ལུས་ཁྱབ་གྱུར་ཀྱང་སྙིང་ག་དང་། །ལྟེ་བའི་འོག་བར་སྟེང་ན་མས་རིམ་གནས། ཞེས་གསུངས་པ་དང་། གཞན་དུ་རྩ་རྒྱུད་ལེའུ་གསུམ་པ་ལས། བད་ཀན་ཀླད་པ་ལ་བརྟེན་སྟོད་ན་གནས།། མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ན་གནས།།རླུང་ནི་དཔྱི་སྐེད་ལ་བརྟེན་སྨད་ན་གནས། །ཞེས་པ་ལྟར་དང་། བྱེ་བྲག་གི་དབྱེ་བ་ལྔའི་གནས་ནི། སྲོག་འཛིན་རླུང་སྤྱི་བོར་གནས་པ། གྱེན་རྒྱུའི་རླུང་བྲང་ལ་གནས་པ། ཁྱབ་བྱེད་རླུང་སྙིང་ལ་གནས་པ། མེ་མཉམ་རླུང་ཕོ་བར་གནས་པ། ཐུར་སེལ་རླུང་གཞང་ལ་གནས་པའོ། །གཞན་དུ་ན་སྲོག་འཛིན་དང་ཁྱབ་བྱེད་ཀྱི་གནས་གོ་ལྡོག་ནས་ངོས་འཛིན་མཁན་ཡང་ཡོད་ཀྱང་དེ་ལ་རྗེས་ཟུར་མཁར་བ་བློ་གྲོས་རྒྱལ་པོས་མེས་ཞལ་དུ་དགག་སྒྲུབ་ངོ་མཚར་བ་མཛད་འདུག་པས་གོང་ལྟར་རོ།། བྱེ་བྲག་མཁྲིས་པ་ལྔའི་གནས་ནི། འཇུ་བྱེད་ཕོ་བ་སྟེ་ཞུ་མ་ཞུའི་གནས་རྒྱུ་མར་གནས་པ་དང་། མདངས་སྒྱུར་མཆིན་པར་གནས་པ་དང་། སྒྲུབ་བྱེད་སྙིང་ལ་གནས་པ་དང་། མཐོང་བྱེད་མིག་ལ་གནས་པ་དང་། མདོག་གསལ་པགས་ལ་གནས་པའོ།། བྱེ་བྲག་བད་ཀན་གྱི་དབྱེ་བ་ལྔ་ནི། རྟེན་བྱེད་བྲང་ལ་གནས་པ་དང་། མྱག་བྱེད་ཕོ་བ་ལ་གནས་པ་དང་། མྱོང་བྱེད་ལྕེ་ལ་གནས་པ་དང་། ཚིམ་བྱེད་མགོ་ལ་གནས་པ་དང་། འབྱོར་བྱེད་ཚིགས་མིག་ཀུན་ལ་གནས་པའོ།། དབྱེ་བ་འདི་དག་ནི་རྣམ་པར་མ་གྱུར་བའོ། །གོང་དུ་བཤད་པའི་གནས་འདི་དག་ནི་གཙོ་ཆེར་གནས་སའི་ཡུལ་ཡིན་པ་ལས་གཞན་དུ་ཉེས་པ་འདི་དག་ལུས་ཡོངས་ལ་གནས་ཤིང་ཁྱབ་པར་བྱེད་པ་ཡིན་ནོ། ། ད་དུང་རྣམ་པར་གྱུར་བའི་སྐབས་སུ་རྒྱུ་ལམ་གྱི་དབང་གིས་གནས་གཞན་ཡོད་པའང་ཞར་ལ་ཤེས་དགོས་སོ། ། སརྦ་མངྒ་ལཾ།
དཔྱད་གཞིའི་ཡིག་ཆ།
དཔལ་ལྡན་རྒྱུད་བཞི། ཡན་ལག་བརྒྱད་པ། ཟླ་ཟེར། བཻ་སྔོན། མེས་ཞལ། དྲང་སྲོང་ཞལ་ལུང་། མངོན་པ་མཛོད། མངོན་པ་ཀུན་བཏུས། རྩ་བ་ཤེས་རབ། ཚད་མ་རྣམ་འགྲེལ། གཡུ་ཐོག་དགོངས་རྒྱན། དུང་དཀར་ཚིག་མཛོད། དག་ཡིག་གསར་བསྒྲིགས།
མཐའ་མའི་འདོན་ཐེངས་།: 18.11.2013 ཉིན། 4:40 PM
<< སྔ་མ།