སྨན་རྩིས་དྲ་བ། - མདུན་ངོས།

རྒྱལ་སྤྱིའི་རྩ་རླུང་སྒོམ་སྒྲུབ་ཀྱི་ཉིན་མོ་སྲུང་བརྩི་ཞུ་འཆར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.06.2015
མདུན་ངོས། >>

 

འདི་ཟླའི་ཚེས་༢༡ ཉིན་རྒྱལ་སྤྱིའི་རྩ་རླུང་སྒོམ་སྒྲུབ་ཀྱི་ཉིན་མོ་ཞེས་(International Day of Yoga) ཐོག་མ་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ངང་སྲུང་བརྩི་ཞུ་འཆར་འདུག་ལ། ལྷག་པར་དུ་རྒྱ་གར་གྱི་རྒྱལ་ས་དིལླིར་མི་མང་༤༥༠༠༠ ཙམ་གྱིས་རྩ་རླུང་སྒོམ་སྒྲུབ་ལས་ལུས་ཀྱི་འདུག་སྟངས་སྐོར་སྐར་མ་༣༥ རིང་སྦྱོང་བརྡར་གནང་འཆར་ཡོད་འདུག

 

དེ་ཡང་ན་ནིང་ཕྱི་ཟླ་དགུ་པའི་ནང་རྒྱ་གར་གྱི་སྲིད་བློན་ནརེནྡྲ་མོདྰི་མཆོག་གིས་མཉམ་སྦྲེལ་རྒྱལ་ཚོགས་རྒྱལ་ཡོངས་འཐུས་ཚོགས་སྐབས་རྒྱལ་སྤྱིའི་རྩ་རླུང་སྒོམ་སྒྲུབ་ཉིན་མོ་ཞེས་ལོ་ལྟར་ཕྱི་ཟླ་༦ ཚེས་༢༡ ཉིན་འཛམ་གླིང་ཡོངས་ཀྱིས་སྲུང་བརྩི་དགོས་གལ་སྐོར་གསུང་བཤད་གནང་སྟེ། རྒྱལ་ཚོགས་ནས་ན་ནིང་ཕྱི་ཟླ་༡༢ ནང་དངོས་སུ་གཏན་འབེབས་གནང་བ་ཞིག་རེད་འདུག  སྲིད་བློན་མཆོག་གིས་རྒྱལ་ཚོགས་སུ་གསུངས་དོན། རྩ་རླུང་སྒོམ་སྒྲུབ་ནི་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཀྱིས་ཕུལ་བའི་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་ཡིན་པ་དང་། དེས་ལུས་སེམས་གཉིས་གོང་བུ་གཅིག་ཏུ་འབྲེལ་བར་བྱེད་པ་དང་། དེ་བཞིན་བསམ་པ་དང་སྦྱོར་བ་འབྲེལ་བར་བྱེད་པ། སྒྲིག་རང་འཁུར་དང་བློ་ཡིད་ཚིམ་པ། རང་བྱུང་ཁམས་དང་མིའི་བར་ལ་ཞི་མཐུན་ཡོང་ཐབས་བྱེད་པ། ལུས་སེམས་གཉིས་ཀའི་འཕྲོད་བསྟེན་དང་བདེ་ཐང་ལ་ཕན་ཐོགས་བྱེད་ཀྱི་ཡོད། ཡང་ཁོང་གིས་། རྩ་རླུང་སྒོམ་སྒྲུབ་ནི་ལུས་སྦྱོང་ཙམ་མ་ཡིན་པར། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་དང་རང་ཉིད་ཁ་བྲལ་ཐབས་མེད་པ་གཅིག་ཡིན་པའི་བསམ་བློ་རང་རྒྱུད་དུ་སྐྱེ་ཐབས་ཤིག་ཡིན། རྩ་རླུང་སྒོམ་སྒྲུབ་ལ་བརྟེན་ནས་ང་ཚོས་མི་འཚམ་པའི་བྱ་སྤྱོད་ལ་འགྱུར་བ་གཏོང་ཐུབ་པ་དང་རང་བྱུང་ཁམས་གཅེས་འཛིན་ཀྱི་བསམ་བློ་རྒྱ་སྐྱེད་གཏོང་ཐུབ་ཀྱི་ཡོད་སྟབས། ད་ལྟ་ང་ཚོར་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བར་ཕན་ཐོགས་ཡོང་ངེས་ཡིན། དེར་བརྟེན་ང་ཚོ་ཚང་མས་རྒྱལ་སྤྱིའི་རྩ་རླུང་སྒོམ་སྒྲུབ་ཉིན་མོ་ཞེས་ཡོང་བར་མཉམ་རུབ་ཀྱིས་ལས་ཀ་བྱེད་དགོས་བཅས་ཕྱི་ཟླ་༩ ཚེས་༢༧ ཉིན་རྒྱལ་ཚོགས་སུ་འབོད་བསྐུལ་ཞུས་འདུག

 

རྒྱལ་སྤྱིའི་རྩ་རླུང་སྒོམ་སྒྲུབ་ཀྱི་ཉིན་མོ་དེ་ཕྱི་ཟླ་༦ ཚེས་༢༡ ལ་གཏན་འབེབས་ཞུ་དགོས་དོན་ནི། ཉིན་དེར་འཛམ་བུ་གླིང་གི་བྱང་ཕྱོགས་ས་ཁུལ་རྒྱ་གར་གྱི་གནས་ཡུལ་ལྟ་བུར་ཉི་མའི་འོད་ཟེར་ཤུགས་ཆེན་ཐད་ཀར་ཕོག་པའི་དུས་ཤིག་ཡིན་པ་དང་། དུས་འདི་ནི་ལོ་གཅིག་ནང་གི་ཉིན་མོ་རིང་ཤོས་དེ་ཆགས་ཡོད་ལ། ཡོངས་གྲགས་སུ་དབྱར་ཁ་ཤར་བར་ངོས་འཛིན་བྱེད་པ་དང་། སྐར་དཔྱད་རྩིས་རིག་ནང་དབྱར་ཉི་ལྡོག་ཅེས་ཉི་མ་བྱང་བགྲོད་ཀྱི་མཐར་བསླེབས་ནས་སླར་འཛམ་གླིང་གི་ལྷོ་ཕྱོགས་སུ་བགྲོད་འགོ་འཛུགས་པའི་སྐབས་ཤིག་ཀྱང་ཡིན། དུས་དེ་ཉིད་རང་བྱུང་གནམ་གཤིས་འགྱུར་ལྡོག་ཆེ་བའི་སྐབས་ཤིག་ཡིན་པ་དང་། རྩ་རླུང་སྒོམ་སྒྲུབ་ཀྱི་ལམ་ནས་རང་བྱུང་ཁམས་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུ་དམིགས་ནས་དེ་ལྟར་གཏན་འབེབས་གནང་བ་ཞིག་ཡིན་པར་སྣང་།

 

ཡོ་ག་འམ་རྩ་རླུང་སྒོམ་སྒྲུབ་རྒྱ་གར་ནང་དར་ཁྱབ་བྱུང་ནས་ལོ་ངོ་ལྔ་སྟོང་ལྷག་སོང་ཟིན་པར་གྲགས་པ་དང་། ཡང་ཉམས་ཞིབ་པ་ལ་ལས་ལོ་ངོ་ཁྲི་བཅུའི་སྔོན་ནས་རྩ་རླུང་སྒོམ་སྒྲུབ་བྱུང་བར་འདོད། དེ་བཞིན་བོད་གངས་ཅན་ལྗོངས་སུའང་ན་རོ་ཆོས་དྲུག་དང་། ལོ་ཆེན་བེེ་རོ་ཙཱ་ནས་བརྩམས་པའི་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར་དང་། རྗོགས་པ་ཆེན་པོ་ནམ་མཁའི་ནོར་བུས་བརྩམས་པའི་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར་གྱི་རྩ་འགྲེལ། དགེ་རྒན་ཆེན་མོ་བ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་རྩ་རླུང་འཕྲུལ་འཁོར་སོགས་མང་དག་ཅིག་ཡོད་དོ།།

 

དུས་རབས་ཉི་ཤུ་རྩ་གཅིག་ནང་ཚན་རིག་ལག་རྩལ་ཚད་མཐོ་པོར་སོན་ཡོད་ནའང་ཕྱི་ལུགས་སྨན་གྱིས་ནད་ཐམས་ཅད་བཅོས་མི་ཐུབ་པའི་ཁར་ཟུར་ཕོག་ཧ་ཅང་ཆེ་བས་ནད་པ་རྣམས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་པའི་སྐབས་འདིར། གནའ་བོའི་སྲོལ་རྒྱུན་སྨན་ལུགས་ལ་ཁ་ཕྱོགས་བཞིན་ཡོད་ན་ཡང་སྲོལ་རྒྱུན་གྱི་སྨན་རྒྱུ་ཇི་སྙེད་རང་བྱུང་ཁམས་ལས་བྱུང་བས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་དོ་ཕོག་འགྲོ་བཞིན་ཡོད། རྩ་རླུང་སྒོམ་སྒྲུབ་ནི་དེང་རབས་དང་སྲོལ་རྒྱུན་སྨན་ལུགས་གཉིས་དང་མི་འདྲ་བར་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་ཕན་པ་ཙམ་དུ་མ་ཟད་ཟུར་ཕོག་མེད་ལ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པར་ཁྱད་ནུས་ཧ་ཅང་ཆེན་པོ་ལྡན་ཡོད། དེར་བརྟེན་རྒྱལ་སྤྱིའི་ངོས་ནས་རྩ་རླུང་སྒོམ་སྒྲུབ་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཏེ། ཀུན་གྱིས་སྔར་བས་དོ་སྣང་དང་ཉམས་ལེན་གནང་རེ་བྱེད་ཀྱི་ཡོད།།

མཐའ་མའི་འདོན་ཐེངས་།: 13.07.2015 ཉིན། 12:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།