སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

རྒྱལ་བའི་བཀའི་རྣམ་བཞག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

རྒྱལ་བའི་བཀའི་རྣམ་བཞག

བཀའ་འམ་དམ་པའི་ཆོས་དེ་ཡང་།  བླ་མེད་ཕ་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་དགུ་པ་ལས།  ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།  བཞི་སྟོང་གི་ནི་གྲངས་སྙེད་ཀྱི།  མཚན་གྱི་དོན་ནི་འདི་དོན་དུ།  ཡང་དག་འདུས་པར་ངས་བཤད་དོ། །ཞེས་དང་།  རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་རྡོ་རྗེ་འཕྲེང་བའི་ལེའུ་དང་པོ་ལས།  དཔལ་ལྡན་འདུས་པར་བརྡ་ཙམ་གང་།  རྣལ་འབྱོར་བླ་ན་མེད་རྒྱུད་དུ། །ཐུབ་པ་ཆེན་པོས་ཆོས་ཕུང་བོ། བརྒྱད་ཁྲི་དང་ནི་བཞི་སྟོང་ངོ་། །ཞེས་དང་།  ཐེག་ཆེན་ནམ་བྱ་བའི་རྒྱུད་དུ་གཏོགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་གང་ཞིག་མདོ་སྡེ་འདི་ཡི་གེར་འབྲིའམ་འབྲིར་འཇུག་ན་དེས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་འབྲི་འཇུག་པར་འགྱུར་རོ། །ཞེས་དང་།  གཉིས་མེད་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་མདོར་བསྡུས་གཉིས་པ་ལས།  དེའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་གསུམ་སྟོན་པར་བྱེད་པ་པོ་དང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་བྱེད་པ་པོ་ཡིན་ནོ། །ཞེས་སོགས་སྤྱིར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྦོམ་བཤད་ཀྱི་རིགས་དང་།  རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོན་ལ་འཇུག་པ་སློབ་དཔོན་ཤྲངྔྷཱ་ཀ་ར་ཝ་རྨའམ་དད་བྱེད་གོ་ཆས་མཛད་པ་ལོ་ཆེན་རིན་བཟང་གི་འགྱུར་ལས།  དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བཀའ་བསྩལ་པ་དེ་དག་ཀྱང་འབྲས་བུའི་ཚུལ་གྱིས་ཐེག་པ་གཅིག་ཏུ་འདུས་ཏེ།  ཐེག་པ་ཆེན་པོའོ། །ཞེས་དང་།  ཐེག་པ་ཆེན་པོ་ལའང་རྣམ་པ་གཉིས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་།  གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་བྱུང་བས་ཐེག་པ་ནི་ཡཱ་ནའི་སྒྲ་ལས་བཞོན་པ་སྟེ་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་བའི་ཆེ་ཆུང་གི་རིམ་པ་ཡིན་ལ།  སྡེ་སྣོད་ནི་བི་ཊ་ཀའི་སྒྲས་གོང་བུའམ་བསྡུས་པའི་དོན།  ཐེག་ཆེན་ལའང་སྡེ་སྣོད་གསུམ་དང་།  ཐེག་ཆུང་ལའང་ཉན་ཐོས་ལྟ་བུའི་སྡེ་སྣོད་གསུམ་དུ་བཤད་པས་མིང་འདོགས་ལུགས་ཐ་དད་ཀྱང་དོན་མི་འགལ་བས་གསང་བསྔགས་ཀྱང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་འདུས་པར་སོང་བ་དང་།  ཡང་དེ་ཉིད་ལས།  གསང་སྔགས་ཀྱི་ཐེགས་པ་སྡེ་སྣོད་གསུམ་དུ་འདུས་པར་ཡང་མཆེད་[འཆད་]དེ།  གསུང་རབ་ཡན་ལག་དགུ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ལ། གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ཀྱང་གསུང་རབ་ཡན་ལག་དགུར་འདུས་ཤིང་།  བསླབ་པ་གསུམ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་གོ།  ཞེས་གསང་སྔགས་ཀྱང་ཆོས་ཕུང་དུ་གཏོགས་པ་ཚིག་གསལ་བའི་རིགས་དང་།  གསང་སྔགས་སྔ་འགྱུར་དུ།  ཐང་ཡིག་ཤེལ་བྲག་མའི་ལེའུ་ཉེར་བདུན་པར།  ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ༔འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ༔མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ༔མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ༔གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེ༔བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་འདུས༔བསྡུས་པས་འདུལ་བ་མདོ་སྡེ་མངོན་པ་གསུམ༔ཞེས་དང་།  རིག་པ་རང་ཤར་གྱི་རྒྱུད་ལས།  ཐེག་པའི་དབྱེ་བ་འདི་ལྟ་སྟེ།  མདོ་དང་རྒྱས་པ་ཆེན་པོ་དང་།  ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ།  བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་།  དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་བ་དང་།  དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་།  དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཞེས་པའི་དོན་ཀློང་ཆེན་པའི་ཐེག་མཆོག་མཛོད་དུ་བསྟན་པ་ནི། །སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། །ཐེག་པ་ཙམ་དུ་བསྡུ་ན། །ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ།  རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ།  རྒྱས་པར་བཤད་ན།  དབང་པོ་དམན་པ་གསུམ་ལ།  ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་བོ་གསུམ་ལ། ཀྲི་ཡ་ཨུ་བ་ཡོ་ག་གསུམ་དང་།  རྣོན་པོ་གསུམ་ལ།  མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། །ཨ་ཏི་བཀོད་པ་ཆེན་པོ་ལས། །ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ། རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྤགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཅེས་སོ་ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། །བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ།  སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས་མདོ་སྡེ་དང་།  འདུལ་བ་དང་།  མངོན་པ་དང་།  དེ་གསུམ་ཆ་མཉམ་སྟེ་བཞི་སོ་སོ་ལ་ཉིས་ཁྲི་ཆིག་སྟོང་རེས་སྤྱིར་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་དང་བཞི་སྟོང་སྟེ།  དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་ཤིང་།  རྫོགས་ཆེན་སེམས་སྡེ།  ཀློང་སྡེ།  མན་ངག་གི་སྡེ་གསུམ་རང་ལའང་ནང་གསེས་ཀྱི་གྲངས་ནི།  ཐལ་འགྱུར་ལས།  རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམས་འཕྲོས་པ། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་སྡུད་པ་ལས་ཤོ་ལོ་ཀ །འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག ། བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལས་བརྗོད་བྱ་ཉེར་བསྡུས་པ། །གསེར་བུ་བརྒྱ་དང་བརྒྱད་ཅུ་ལ། །གགས་[གེགས་]ནི་སྟོང་ཕྲག་ཕྱེད་དང་གཉིས། །གནས་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་བཤད་པ་དེ་དག་ཀྱང་སྡེ་སྣོད་ཀྱི་དབང་དུ་བྱས་ན་མངོན་པ་ཆེན་པོའི་སྡེ་སྣོད་དུབསྡུ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་མདོ་སྔགས་གཉིས་ཀ་འདུས་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ལུགས་སུའང་བཤད།  གཞན་ཡང་མཚན་བརྗོད་ཀྱི་འགྲེལ་བ་རིགས་ལྡན་པདྨ་དཀར་པོས་མཛད་པ་དྲི་མེད་འོད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཞེས་པ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པའོ། །ཐེག་པ་གཅིག་གིས་འབྲས་བུར་གནས།  ཞེས་པ་དབྱེར་མི་ཕྱེད་ལ་གསང་སྔགས་རྡོ་རྗེའི་ཐེག་པ་གསུམ་པོ་ཡང་འདུས་པའོ། །ཞེས་དང་།  མཁས་མཆོག་བུ་སྟོན་གྱི་རྒྱུད་སྡེ་སྤྱི་རྣམ་དུ། །སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་།  ཞེས་ཐེག་པ་དམན་པའི་སྡེ་སྣོད་དང་།  ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་སུ་འདུས་ལ།  ཐེག་པ་ཆེན་པོའི་སྡེ་སྣོད་ལ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་།  འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཞེས་བྱུང་བ་དང་། འཇམ་དགོན་ཙོང་ཁ་བ་ཆེན་པོའི་སྔགས་རིམ་དུ།  བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས།  རིག་འཛིན་གྱི་ཐེག་པ་སྡེ་སྣོད་གསུམ་དུ་མ་གཏོགས་པའི་སྡེ་སྣོད་བཞི་པར་འདོད་པ་དང་།  སྡེ་སྣོད་གསུམ་དུ་གཏོགས་པའི་ལུགས་གཉིས་བཤད་ཀྱང་།  དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང་།  གཞན་ཡང་རྒྱུད་མང་པོ་ལས་མདོ་དང་མདོ་སྡེར་བཤད་པས།  ཤིནྟི་པས་ཟབ་དོན་བསྡུས་ཏེ་སྟོན་པས་མདོ་སྡེར་བཞེད་པ་ལྟར་ལེགས་ལ།  དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན་སྡེ་སྣོད་གཞན་གཉིས་ཀྱིའང་དོན་སྟོན་པས་ན་ཨ་བྷྱས་སྡེ་སྣོད་གསུམ་གར་གཏོགས་པར་བཞེད་པ་ཡང་འཐད་དོ། །ཞེས་དང་།  མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་དུས་འཁོར་འགྲེལ་ཆེན་དེ་ཉིད་སྣང་བར་རྗེ་བཙུན་ཙོང་ཁ་བའི་དགོངས་པ་ལྟར་བཤད་ནས།  དེ་མདོ་སྡེའི་སྡེ་སྣོད་ཡིན་པ་དང་།  དེའི་ནང་ཚན་གྱི་ཆ་ཤས་སུ་གྱུར་པའི་མངོན་པ་དང་འདུལ་བའི་སྡེ་སྣོད་ཀྱང་ཡོད་པ་མི་འགལ་བར་ཤེས་པར་བྱའོ། །ཞེས་སོགས་སྡེ་སྣོད་གསུམ་གྱི་ཁོངས་སུ་གསང་སྔགས་གཏོགས་པ་ལ་ཆོས་ཕུང་གིས་ཁ་གསལ་མེད་པའི་རིགས་དང་།  རྒྱུད་སྡེ་སྤྱི་རྣམས་དུ།  རྒྱལ་བའི་གསུང་རབ་ཐམས་ཅད་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་དུ་འདུས་ཏེ།  གདུལ་བྱའི་རྒྱུད་ཀྱི་འདོད་ཆགས་ལ་ཤས་ཆེར་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང་།  ཞེ་སྡང་ལ་ཤས་ཆེར་སྤྱོད་པ་དང་།  གཏི་མུག་ལ་ཤས་ཆེར་སྤྱོད་པ་དང་།  དེ་གསུམ་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་རེ་སྟེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་སོ། །ཞེས་ཐང་ཡིག་དང་དགོངས་པ་མཐུན་པར་གསུངས།  བོ་དོང་བའི་དེ་ཉིད་འདུས་པ་ལས།  འོ་ན་རྒྱུད་སྡེ་བཞི་པོ་སྡེ་སྣོད་གསུམ་དུ་འདུ་ན་སྡེ་སྣོད་དུ་འགྱུར་ཞིང་།  མ་འདུས་ན་བཀའ་མ་ཡིན་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ།  ཕལ་ཆེར་བྱང་ཆུབ་་སེམས་དཔའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཡིན་པའི་ཕྱིར་དང་།  སྡེ་སྣོད་གསུམ་ཆར་འདུས་པའི་མདོ་སྡེ་ཁྱད་པར་ཅན་ཡིན་པའི་ཕྱིར།  ཞེས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཁ་མ་གསལ་ཀྱང་གསང་སྔགས་སྡེ་སྣོད་གསུམ་གྱི་ནང་དུ་གཏོགས་པར་བཞེད་པས་དོན་གྱི་དགོངས་པ་སྔ་འགྱུར་སོགས་གོང་མ་རྣམས་དང་ཡང་མི་འགལ་མོད།  འོན་ཀྱང་དཀོན་ཅོག་ཏ་ལའི་མདོ་བམ་པོ་གསུམ་པ་ལས།  ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པ་ལས་མངོན་དུ་ཐོས་ན།  ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ནི་ནམ་ཡང་མ་ཐོས་སོ། །ཞེས་བྱུང་བ།  མདོ་འདིའི་ཚིགས་བཅད་རྣམས་ཕལ་བོ་ཆེ་བཟང་པོའི་དཔལ་གྱི་ལེའུ་བཅུ་བདུན་པ་དང་འགྱུར་ཁྱད་ལས་དོན་གཅིག་པས་ཕལ་བོ་ཆེའི་ལེའུ་འདི་ཡང་གསུང་དུས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་བསྩལ་ཟིན་པ་ལྟ་བུ་དང་། དཀོན་ཅོག་ཏ་ལ་བྱ་རྒྱུད་དེ་བཞེད་པ་མང་བ་ལྟར་ན་ཡང་སྔགས་ཕྱོགས་རྣམས་དེ་ཁོངས་མི་འདྲེན་པ་སོར་བཞག་སོགས་ཐེ་ཚོམ་གྱི་གཞི་ཆེ་གཤིས།  སྔོན་གྱི་མཁས་པ་རྣམས་ཀྱི་ཞལ་གསལ་མི་གསུངས་མོད།  འོན་ཀྱང་སྟག་ལོ་ཤེས་རབ་རིན་ཆེན་གྱི་རིག་ཀུན་ཏུ།  དཔལ་ལྡན་གསང་བ་འདུས་པས་རྩ་རྒྱུད་ནི། །མདོ་སྡེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི། །སྣོད་དང་རྒྱུད་སྡེ་སུམ་ཁྲི་སུམ་སྟོང་གི། །རྩ་བར་གསུངས་པས་སྣོད་དང་རྩ་བའི་ཁྱད། །ཕྱེ་ཕྱིེར་རིག་པ་འཛིན་པའི་སྡེ་སྣོད་ཅེས། །བཞི་བར་རྒྱ་བོད་མཁས་རྣམས་བཞེད་པར་འཐད། །ཅེས་རིག་པ་འཛིན་པའི་སྡེ་སྣོད་བསྣན་པའི་གཞི་ལྟ་བུ་དང་།  སྣོད་དང་རྩ་བའི་ཁྱད་ཀྱི་དབྱེ་བ་ཕྱེ་བར་གསུངས།  དུས་འཁོར་སྤྱི་དོན་དུ།  དེས་ན་མཁས་རློམ་ཁ་ཅིགབདག་གིས་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད། །ཅེས་པ་དང་།  མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་སོགས་དང་།  དེ་ཉིད་འདུས་པའི་རྩ་རྒྱུད་ལ་ཐེག་པ་ཆེན་པོའི་མདོ་ཞེས་བཤད་པ་དང་།  སྒྲུབ་ཐབས་མདོ་དང་བསྲེས་པ་ཞེས་པའི་མདོ་སྡེ་གསང་འདུས་རྩ་བཤད་ཀྱི་རྒྱུད་ལ་གསུངས་པ་སོགས་མང་བས་མདོ་རྒྱུད་མི་འགལ་ཞེས་ཟེར་བ་དང་།  དེ་བས་ཀྱང་མཁས་པར་རློམ་པ་དགའགལ་ཡང་སྡེ་སྣོད་གསུམ་གྱི་ནང་ནས་མདོ་སྡའི་སྡེ་སྣོད་དུ་སྡུད་པ་ཡིན་པར་ལུང་དེ་དག་གི་བསྟན་ཏོ་ཞེས་ཟེར་བ་ནི།  འོ་ན་ཀ་ལཱ་པའི་མདོ་དང་།  ཙནྡྲ་པའི་མདོ་དང་།  ཚད་མ་མདོ་དང་།  ཙ་ར་ཀའི་མདོ་ཞེས་སོགས་བཤད་པས་དེ་དག་དང་ནང་རིག་གི་མདོ་མི་འགལ་བའམ་མ་འགལ་བ་ཡང་མདོ་སྡེའི་སྡེ་སྣོད་དུ་བསྡུ་དགོས་པར་འགྱུར་རོ། །ཞེས་སོགས་རྟོགས་གེའི་རིག་པ་ནས་བསྒྲུབས་པའི་སྙིང་པོ་རྗེ་བཙུན་ཙོང་ཁ་བའི་བཞེད་པ་བཀག་པར་སོང་འདུག་ཀྱང་།  སྡེ་སྣོད་གསུམ་མདོ་སྡེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་རྒྱུད་སྡེའི་ནང་ཚན་སུམ་ཁྲི་སུམ་སྟོང་པོ་དེར་མ་འདུས་པའི་ཤེས་བྱེད་དཔལ་འབྱོར་རྒྱ་མཚོར།  མདོ་སྡེའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྒྱུད་སྡེ་ནང་ཚན་སུམ་ཁྲི་སུམ་སྟོང་དུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་བཤད།  ཅེས་བྱུང་བ།  ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་བདེ་བ་ཆེན་པོའི་རིམ་པར་ཕྱེ་བ་གཉིས་པ་ལས།  བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོའི་རྒྱུད་དང་།  གཉིས་ཀའི་རྒྱུད་དང་།  སྤྱོད་པའི་རྒྱུད་དང་།  བྱ་བའི་རྒྱུད་དང་།  རྟོག་པའི་རྒྱུད་རྣམས་ཀྱི་ཚད་ཇི་ལྟར་ལགས།  བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ།  རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ།  རྒྱས་པར་ཕྱེ་ན་གྲངས་མེད་དོ། །གཉི་གའི་རྒྱུད་སྟོང་ཕྲག་དྲུག་གོ།  སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ། །དེ་དག་ནི་སྟོང་ཕྲག་སུམ་ཅུ་རྩ་བཞི་སྟེ།  ཞེས་འདི་དང་ཕག་མོ་མངོན་འབྱུང་སོགས་ལ་རྒྱུད་སྡེ་ཡང་ལྔར་བཤད་པ་སོགས་ཡོད་ཀྱང་མདོ་སྡེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྒྱུད་འདིར་བསྟན་མེད་ཅིང་།  སྟོང་ཕྲག་སུམ་ཅུ་རྩ་བཞི་ཞེས་པའང་སྤྱན་གྱིས་མ་གཟིགས་པའམ་གང་ལྟར་རྫུན་གྲོག་མོ་མགོ་རྡུམ་དུ་སོང་ཞིང་།  རིག་གནས་ཀུན་ཤེས་ཀྱི་འགྲེལ་བར་ཡང་གོང་གི་ཚིགས་བཅད་ཟུར་ཙམ་ལས་མ་སྨོས་པར་སྦམ་འཇོག་མཛད་དགོས་བྱུང་འདུགབདག་གི་བླ་མ་ལྔ་པ་ཆེན་པོའི་གསན་ཡིག་གངྒཱའི་ཆུ་རྒྱུན་དུ།  ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་བ་རྒྱུད་འབུམ་ནི།  དཔུང་བཟང་གིས་ཞུས་པའི་རྒྱུད་ལས།  གསང་སྔགས་མདོ་སྡེའི་ཚུལ་གྱིས་བཤད་ཀྱིས་ཉོན། །ཞེས་རྒྱུད་རྣམས་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་འདུ་བར་གསུངས་པས་སྔགས་གསར་རྙིང་གི་རྒྱུད་མཐའ་དག་སྔར་སྨོས་པའི་སྡེ་སྣོད་གསུམ་གྱི་ཁོངས་སུ་བཀོད་ཀྱང་མི་རུང་བ་མ་ཡིན་ལ།  འོན་ཀྱང་གསན་ཡིག་ཁ་བའི་རྒྱབ་ཏུ་སྔ་འགྱུར་དགོངས་པ་འདུས་པར་འགྱུར་མི་འདྲ་བ་ཡོད་པ་དེ་ཡིན་པར་བསྩལ་ཞིང་།  བསྟན་འགྱུར་གྱི་གྲས།  སློབ་དཔོན་ཛྙཱ་ན་ཤྲིའི་མཐའ་གཉིས་སེལ་བར་གསང་བ་ལུང་བསྟན་པའི་མདོའི་ལུང་དྲངས་པར་སྣང་བས།  དེ་དག་རྣམས་དང་གདམས་ངག་འབོགས་པ་གཅིག་པར་དགོངས་པའི་ལུང་།  རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག ། མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པས་སྤྱིར་རྒྱུད་སྡེ་རྣམས་སངས་རྒྱས་ཀྱིས་གསུངས་ནའང་གདུལ་བྱ་ཐུན་མོང་པའི་སྣང་ངོར་སྡེ་སྣོད་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ཙམ་ནས་འབྲས་བུའི་ཐེག་པ་དར་བར་གསུངས་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཞེས་སོ་སོར་གྲགས་ཞེས་བསྩལ་བ།  རྣམ་སྣང་མངོན་བྱང་རི་རབ་ཀྱི་རྩེ་དང་།  གཤེད་སྐོར་རྣམས་བདུད་འདུལ་གསུངས་པ།  ནཱ་རོ་པས་དུས་འཁོར་རྩ་རྒྱུད་ཀྱི་ལུང་དབང་མདོར་བསྟན་གྱི་འགྲེལ་བར་དྲངས་པར།  སྟོན་པས་བྱ་རྒོད་ཕུང་བོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་དང་།  ཨ་ནུ་ས་མ་རཀྵ་ཏའི་མཚན་བརྗོད་འགྲེལ་བར།  དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། །ཞེས་ནས།  ལྷ་ལ་སོགས་པ་ཐམས་ཅད་ལ། །དབང་བསྐུར་བྱིན་ཏེ་རྒྱུད་སྡེ་བཞི། །སྙིང་པོའི་རྒྱུད་དང་ལྔ་པོ་དག །རྡོ་རྗེ་འཆང་གིས་རྒྱས་པར་གསུངས། །ཞེས་དུས་འཁོར་བའི་ལུགས་ལ་གསང་སྔགས་ཐམས་ཅད་མྱ་ངན་ལས་འདའ་རྒྱུའི་ལོ་གསུངས་པར་བཞེད་པ་དང་།  མཁའ་འགྲོ་རྒྱ་མཚོའི་ལེའུ་ང་གཅིག་པ་ལས།  ཤཱཀྱ་སེང་གེས་གསུངས་པའི་རྒྱུད།  རྣལ་འབྱོར་ཕ་རོལ་སོན་པའོ། །ཞེས་བདེ་མཆོག་སྐོར་དང་།  གསང་འདུས་ཀྱང་མྱ་ངན་ལས་མ་འདས་གོང་དུ་གསུངས་ཟིན་པར་འདོད་པ་སོགས་གསང་སྔགས་ཐུན་མོང་བར་སྣ་ཚོགས་སུ་གྱུར་ཀྱང་ཐུན་མོང་མ་ཡིན་པ་རྣམས་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོའམ་གསང་བ་ལུང་བསྟན་པའི་མདོ་ལས།  ད་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ནི། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །མི་ལས་བསྐལ་ལྡན་དྲི་མ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམས་འབྱུང་འགྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་གསུངས་པ་ལ་དགོང་པ་ཡིན་ནམ་སྙམ།  དེ་ལྟར་གསར་མའི་རྒྱུད་གྲངས་ནི་སྡེ་མཆོག་སྡོམ་འབྱུང་ལེའུ་ཉེར་གཉིས་པར་རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །འདི་དག་ཐམས་ཅད་ཐུབ་དབང་པོ། །སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །ཞེས་དང་།  སངས་རྒྱས་ཐོད་པའི་རྒྱུད་ལས། རྣལ་འབྱོར་གྱི་རྒྱུད་ལ་བྱེ་བ་ཕྲག་དྲུག་ཉིད་དོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ། །མདོ་སྡེ་སོ་སོ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི་བྱེ་བ་ལ་བསྒྲེས་པའི་འབུམ་ཕྲག་ལྔའོ། །འདི་དག་ཐམས་ཅད་ནི་ཐུབ་པའི་དབང་པོས་གསུངས་སོ། །ཞེས་པ་འདི་དང་གོང་གི་སྡོམ་འབྱུང་གཉིས་ནས་མདོ་སྡེའི་ཚད་གསུངས་པ་རྣམས་ཤོ་ལོ་ཀ་ལྟ་བུ་ཡིན་ན་མ་གཏོགས་བརྒྱད་ཁྲི་བཞི་སྟོང་ལས་ཆེས་བརྒལ་བས་དང་།  ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ལུང་དྲངས་མ་ཐག་པར།  རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་པ་ཡང་གསང་འདུས།  བདེ་མཆོག་ཅེས་རྒྱུད་ཀྱི་མཚན་རེ་རེ་བགྲངས་པ་ལྟ་བུ་ཡིན་པ་དང་།  རྡོ་རྗེ་སྙིང་རྒྱན་ལེའུ་བཅུ་གཅིག་པ་ལས།  ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོས་པའི་བྱེ་བྲག་གིས། །ང་ཡི་ཡང་དག་བསྟན་པར་བྱས།  ཞེས་གསང་འདུས་གཅིག་པོའི་ཕྱོགས་གཏོགས་ལ་བསྟན་བཅོས་སམ་རྒྱུད་ལྔ་བརྒྱ་དང་བདུན་ཡོད་པ་དང་དེའི་ནང་ཚན་རེར་ཡང་།  ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །ཞེས་པ་ལྟ་བུ་ཤིན་ཏུ་མང་ཞིང་།  བྱ་བའི་རྒྱུད་ལའང་རང་ལུགས་སུ་ནང་གསེས་ཡོད་པ་ནི།  དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་པ་ལས།  ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། །ངས་ནི་གསུང་པ་པོ་རྣམས་གཞོམ་པ་དང་།  དབུལ་བོའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། །དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡི། །གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། །ཕོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུན། །དེ་བཞིན་ཕྱག་བརྙན་དྲུག་བཅུ་རྩ་བཞི་དང་། །ང་ཡིི་སྙིང་པོ་དམ་པ་བརྒྱད་རྣམས་དང་། །ཁྲོ་བོ་དྲག་པོ་བདུད་རྩི་ཐལ་སྦྱོར་དང་། །རིག་པ་མཆོག་ལ་སོགས་པ་མཐུ་བོ་ཆེ། །རིག་པའི་བདག་པོ་གསང་སྔགས་རྗེས་འབྲང་བཅས། །དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ། །དེར་ནི་འདི་དག་ང་ཡིས་རྒྱ་ཆེར་བཤད། །སྤྱན་རས་གཟིགས་ཀྱི་གསང་སྔགས་བྱེ་བ་ཕྲག །གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང་། །དེའི་མིང་ཅན་དཀྱིལ་འཁོར་དམ་པ་གསུམ། །བཅུ་གཉིས་ཕྱག་དང་བཅུ་དྲུག་པ་དང་ནི། །ཐོར་ཚུགས་ཅོད་པན་འདོད་པ་འབྱོར་བྱེད་དང་། །ཞལ་བཞི་དོན་ཡོད་ཞགས་པར་བདུན་བསྟན་པ། །ས་སྟེང་གསང་སྔགས་ཉི་མ་བདུན་ལྟར་འབར། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། །མི་ལ་མཆོག་སྦྱིན་འཇིག་རྟེན་གསུམ་གྱི་འདུད། །སྒྲོལ་མ་དཀར་མོ་གོས་དཀར་ཅན་མ་དང་། །རྣམ་གཟིགས་རལ་བ་གཅིག་མ་དཀར་ཤམ་དང་། །གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས། །པདྨའི་རིགས་ཀྱི་རིགས་སྔགས་རྒྱལ་མོ་མཆོག །དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས་ཅན་དང་། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །རྒྱས་པའི་གསང་སྔགས་རྒྱུད་དུ་འོད་དཔག་ཅན། །རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་སྒོམ། །དེ་ཡིས་གསང་སྔགས་མི་ལ་གྲུབ་མཆོག་སྟེར། །དེ་ལ་ལྔ་རྩེན་ཡང་ནི་མངོན་པར་དགའ། །གནོད་སྦྱིན་དབང་ཕྱུག་དེ་དང་རྟག་མཐུན་པས། །དེ་ཡི་བཀའ་ཡིས་གསང་སྔགས་མཆོག་རྣམས་བཤད། །ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། །ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ། །གང་པོའི་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། །ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། །དད་པ་རྣམས་ཀྱི་གསང་སྔགས་མཐའ་ཡས་བཤད། །ཅེས་གསུངས་པས་གོ་བར་ནུས་ལ། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།