སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

རྒྱལ་པོའི་བླ་སྨན་དགུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

རྒྱལ་པོའི་བླ་སྨན་དགུ།

- བྱམས་པ་འཕྲིན་ལས།

         
རྒྱལ་པོའི་བླ་སྨན་དགུ། མིང་གཞན་ཕྱོགས་རིགས་ཀྱི་སྨན་པ་དགུ་ཞེས་པ་ནི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སླར་ཡང་གསོ་དཔྱད་དར་རྒྱས་ཡོང་ཕྱིར་སྙུན་པའི་ཚུལ་བསྟན་ཏེ། བློན་འབངས་ཀུན་ལ་ཕྱོགས་རིགས་ཀྱི་སྨན་པ་སྤྱན་འདྲེན་རྒྱུར་གྲོས་བྱེད་དགོས་པའི་བཀའ་བསྩལ། ཚང་མས་གསོ་རིག་ཕུལ་དུ་ཕྱིན་པའི་སྨན་པ་གདན་འདྲེན་རྒྱུར་ཞལ་འཆམས་ཏེ་(འཆམ་སྟེ་)གསེར་གྱི་པ་ཏྲ་སོགས་བསྐུར་ནས་ཕོ་ཉ་བ་ཡུལ་སོ་སོར་མངགས་པའི་ཤོད་སྲོལ་གཅིག་དང་།

          གཞན་ཞིག་ནི་ཁྲི་སྲོང་གི་ཐུགས་དགོངས་ལ་སྔར་ཡབ་མེས་རྣམས་དང་།  ཕྱིས་བདག་ཉིད་ཀྱིས་ཀྱང་གསོ་བ་རིག་པའི་བཀའ་སྲོལ་ལེགས་པར་བཏོད་པས་དར་རྒྱས་བྱུང་ཡོད་རུང་།  ད་དུང་སྔོན་ཆད་མ་བསྒྱུར་བའི་སྨན་གཞུང་མཐའ་དག་བོད་ལ་དར་བར་བྱའོ་དགོངས་ཏེ་ཕྱོགས་ཕྱོགས་ཀྱི་སྨན་པ་དུ་མ་འབོད་པའི་དོན་དུ་གསེར་ལ་སོགས་བྱ་དགའ་མང་པོ་བསྩལ་ཏེ་ཕོ་ཉ་བ་སོ་སོར་བཀའ་ཡིས་མངགས་པ་ལས། འཕགས་ཡུལ་ནས་ཤནྷི་(ཤྰནྟི་)གརྦྷ(1)། ཁ་ཆེ་ནས་གུཧྱ་བཛྲ(2)། རྒྱ་ནག་ནས་སྟོང་གསུམ་གང་བ་དང་།  ཧྭ་ཤང་བ་ལ(3)། ཧང་ཏི་པ་ཏ་གསུམ། ཏ་ཟིག་ནས་ཧ་ལ་ཤིནྟ། གྲུ་གུ་ནས་སེང་མདོ་འོད་ཆེན། དོལ་པོ་ནས་ཁྱོལ་མ་རུ་ཙེ། བལ་པོ་ནས་དྷརྨ་ཤཱི་ལ(4)། མཐའ་བཞི་ནས་བྱོན་པའི་རྒྱལ་པོའི་བླ་སྨན་དགུ་ཞེས་གྲགས།

འདི་སྐབས་སྔོན་གྱི་གཏམ་རྒྱུད་ལྟར་བྱས་ན་སྨན་པ་རྣམས་ལ་ཉམས་སད་ཆེད་རྒྱལ་པོས་སྙུན་བརྫུ་བཏབ་སྟེ་ཕོ་བྲང་འཕང་ཐང་ཀ་མེད་ཀྱི་ནང་དུ་བཞུགས། སྨན་པ་རྣམས་སྒོའི་ཕྱིར་བཞག་ནས་ཁྱེད་ཅག་གསོ་བ་རིག་པ་ལ་མཁས་ཤིང་གྲགས་པ་དང་ལྡན་པ་ཡིན་པས་རྩ་ལག་པ་དངོས་ལ་བལྟ་བར་ངོ་མཚར་མི་ཆེ་ཡི། ཐ་གུ་འདི་ལ་བརྟགས་ལ་ཁ་དམར་ཐོགས་ཤིག་གསུངས་ཏེ་ཟ་འོག་གི་ཐ་གུ་སྒྲིལ་མ་ཞིག་སྒོ་རྟེན་གྱི་བུ་ག་བརྒྱུས་ནས་ཐོག་མར་བྱི་ལའི་ལག་པར་བཏགས་ནས་བརྟག་ཏུ་བཅུག་པས། སྨན་པས་རྒྱལ་པོ་གྲོངས་སམ་བདག་ཅག་ཉམས་པ་ཇི་ལྟར་ནའང་ཕྱི་དལ་ཁོང་འཁྱུག་པ་གཅན་གཟན་ཐ་མ་བྱི་ལའི་རྩ་འདྲ་བ་ཞིག་སྣང་ཞེས་ཞུས་པ་དང་།  ཡང་རྒྱལ་པོས་དེ་ཕོའི་ལག་པར་ཐ་གུ་བཏགས་པ་བསྟན་མཛད་པས། སྨན་པས་ཁ་འདར་ལ་གཏིང་སྤུན་པ་འདབ་ཆགས་ཐ་མ་ཁྱིམ་བྱའི་རྩ་ཙམ་ལས་མི་འདུག་ཅེས་ཞུས། དེ་རྗེས་རྒྱལ་པོས་ཐ་གུ་རང་འཐག་ལ་བཏགས་ནས་བསྟན་པས། སྨན་པས་ཁ་བྱིང་ལ་གཏིང་སྲ་བ་གོར་མོ་རྡོ་དང་འདྲ་ཞེས་ཞུས། མཐའ་མར་རྗེའི་ཕྱག་གིས་ཐ་གུ་ནས་བཟུང་ཏེ་བསྟན་པར་མཛད་པས་འདི་དག་ནི་མངའ་བདག་ཉིད་ཀྱི་ཕྱག་རྩ་ལགས་ཏེ་རྟེན་འབྲེལ་ལོག་པས་སྐུ་ཚེ་མཐར་མི་འཁྱོལ། ད་ལྟ་སྙུང་གཞི་མི་མངའ་ཞུས་པས། སྨན་པ་རྣམས་མཁས་རབ་ཕུལ་དུ་ཕྱིན་པར་ཐུགས་ཡིད་ཆེས་ནས་རྒྱལ་པོ་དད་དེ་སྨན་པ་རྣམས་ཕོ་བྲང་དུ་དར་ལམ་ལ་སྤྱན་དྲངས། ཁྲི་ཟ་འོག་དགུ་བརྩེགས་བཏིང་པ་ལ་བཞུགས་སུ་གསོལ། ཞལ་ཟས་གསེར་གྱི་སྐྱོགས་སུ་དྲངས། ཆིབས་རྟ་ལ་ཟ་འོག་གི་གདན་དང་།  སེང་ལྡེང་གི་སྒ། གསེར་གྱི་སྲབ་རྨེད་གཡུ་ཐུར་གྱིས་བརྒྱན་པ་ཕུལ་ཏེ་རྗེས་བཀའ་བསྩལ་པ།

          འཚོ་བྱེད་སྐུ་སྤྲུལ་ཐུགས་རྗེ་སྨན་པ་རྣམས། །འགྲོ་བའི་དོན་དུ་མཁས་རིགས་བོད་དུ་བྱོན། བདག་ཅག་རྗེ་འབངས་རྣམས་ལ་བཀའ་དྲིན་ཆེ། །བདག་ཅག་རྗེ་འབངས་རྣམས་ལ་གསོ་དཔྱད་བྱས། །སྔོན་ཆད་མ་བྱུང་དེ་ཕྱིར་ཁྱེད་ལ་ཞུ། །ཁྱེད་ཀྱི་སྨན་དཔྱད་དམ་པ་ཁྱད་པར་ཅན། །རྗེ་ཡི་སྐུ་འཚོ་འབངས་ཀྱི་སྲིད་འཛིན་ཅིང་།  །བློ་གཏད་ཐུབ་ཅིང་ཟུག་རྔུ་སེལ་བ་ཡི། །སྨན་དཔྱད་དམ་པ་བདག་ལ་གནང་དུ་གསོལ། །ཞེས་གསུངས་པས། སྨན་པ་རྣམས་ཀྱིས་གསོལ་བ། མི་རྗེ་ལྷས་མཛད་རྒྱལ་པོ་ངོ་མཚར་ཅན། །སྤུར་རྒྱལ་བོད་ལ་ཤིན་ཏུ་བཀའ་དྲིན་ཆེ། །དམ་ཆོས་རྟེན་དུ་བོད་ཀྱི་བསམ་ཡས་བཞེངས། །ཕྱི་མའི་དོན་དུ་དམ་པའི་ལྷ་ཆོས་བསྒྱུར། །ཀུན་རྫོབ་བདེན་པས་འཕྲལ་གྱི་ཟུག་རྔུ་སེལ། །ཕུགས་ཀྱི་ཚེ་བསྲིངས་ཡུན་དུ་བདེ་བྱེད་པའི། །ནད་ཀྱི་གཉེན་པོ་གསོ་དཔྱད་ལ་སོགས་པའི། །ངེད་ལ་ཡོད་ཚད་ཁྱེད་ལ་འབུལ་བར་བྱ། །བཀའ་དྲིན་ཆེ་བའི་མངའ་བདག་ཁྱེད་འདྲ་དཀོན། །བོད་འབངས་ཡོངས་ཀྱི་དཔལ་དུ་ཤར་བ་སྟེ། །ཁྱེད་ཀྱི་བཀའ་བསྩལ་ཇི་ལྟར་བྱོན་པ་ལྟར། །རང་ཅག་རྣམས་ཀྱིས་ལེགས་པར་སྒྲུབ་འཚལ་ལོ། །ཞེས་ཞུས་ནས་སྨན་པ་རྣམས་གྲོས་བྱས་ཏེ་སློབ་དཔོན་པདྨ་དཔང་པོ་དང་།  སྐ་ཅོག་གཉིས་སོགས་རང་རང་གི་སྐད་ལ་བྱང་པའི་ལོ་ཙཱ་བ་དང་བཅས་པར་སྨན་དཔྱད་ཀྱི་གཞུང་ལུགས་སྒྱུར་ཅིག་པར་བཀའ་གནང་བས། རྒྱ་གར་ཤནྟི་གརྦྷས་སངས་རྒྱས་ཀྱིས་གསུངས་པར་གྲགས་པའི་《བསེ་སྒྲོམ་སྨུག་པོའི་རྒྱུད་》དང་《ཤོ་ལོ་ཀ་སྟེ》 《བདུད་རྩི་ལྷུང་བཟེད་ཆེ་ཆུང་།》 《བདུད་རྩི་དུམ་སྙིང་།》 སྤྱན་རས་གཟིགས་ཀྱི་གསུང་དུ་འབོད་པ་《སྤུངས་པ་སྡེ་ལྔ།》 ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་《མདོ་ལྔ།》 སྒྲོལ་མས་གསུངས་པར་གྲགས་པ་《སྔོ་འབུམ་》ལེའུ་བརྒྱ་དང་ཉི་ཤུ་བཅས་དང་།

          རྒྱ་ནག་གི་སྨན་པ་གསུམ་པོས། འཇམ་དཔལ་གྱིས་གསུངས་པར་གྲགས་པ་《སྦྱོར་བའི་ཕྲེང་བ་》དང་། 《བྱང་ཁོག་དོན་འགྲེམས་འཕྲུལ་གྱི་རྒྱ་ལོངས།》 《ཡན་ལག་ཕྱག་གི་བརྡ་ལས་བྱུང་བ་རིན་པོ་ཆེའི་མཛོད་ལྔ》 《ཇ་ལོག་ནོར་བུ་དྲི་མ་མེད་པ།》 《མེ་ཆུ་གོ་ལྡོག》 《དུག་དཔྱད་མེ་ལྕེ་འཁོར་ལོ། 》 《ཐོར་བུའི་ནད་ཀྱི་སྒོས་བཅོས།》 《ཆུ་དཔྱད།》 《མཁྱུད་དཔྱད།》 《མེ་བཙའི་ལག་ལེན་སྒྲོན་མ་》བཅས།

          ཁ་ཆེའི་སྨན་པས། 《དཔྱད་འཕྲང་སེལ་བར་བྱེད་པ་མུན་པའི་སྒྲོན་མེ་》དང་།  《དཔྱད་མདོ་དགུ་པ།》 《མན་ངག་གནད་ཀྱི་པྲ་ཡིག》

          ཏ་ཟིག་གི་སྨན་པས་《མགོ་བཅོས་མུ་སྟེགས་ཀྱི་སྐོར་བརྒྱད་པ་རྩ་འགྲེལ་》དང་།  《རྩ་བཅོས་མན་ངག་ལྗོན་ཤིང་ཆེ་ཆུང་།》 《འདུས་པ་བཅོས་ཐབས་རིན་ཆེན་སྲོག་གི་འཁོར་ལོ།》 《སོག་པོ་ཤ་སྟག་ཅན་གྱི་རྒྱུད།》 《དུག་གསོ་བ་གར་ལོག་རྒྱལ་པོའི་ཤི་གསོས།》

          གྲུ་གུའི་སྨན་པས་མཛད་པ་《སོག་པོའི་རྒྱུད་གསུམ་》དང་།  《དེའི་མདོ་བྱང་ཆེ་ཆུང་།》 《འདྲ་ཡིག་དུང་གི་མིག》 《ནགས་སུ་འཇུག་པ་གཡུའི་དྲྭ་བ།》 《གུ་ཎ་ཤ་ཏ་བམ་པོ་ལྔ་བརྒྱ་པ།》 《རྟའི་དཔྱད་མེ་ལོང་སྐོར་གསུམ།》

          དོལ་པོའི་སྨན་པས་མཛད་པ་《མི་འཇིགས་པ་བརྒྱད་ཀྱི་མཚོན་ཆ་》དང་།  《ཀབ་པ་གསལ་བྱེད།》 《འཚོ་འཆི་རྟགས་ཀྱི་ལེའུ།》 《རྩའི་ལ་ཉེ།》 《གཏར་ཁའི་དཔྱད།》

          བལ་པོའི་སྨན་པས་མཛད་པ་《འགྲམ་པ་ཏི་》དང་། 《སྦྱོར་བ་བརྒྱ་པ།》 《རིན་པོ་ཆེ་སྨན་གྱི་འཁྲུངས་དཔེ།》 《ཐུར་དཔྱད་དང་ལྷོག་པའི་གསོ་ཐབས།》 རྣམས་བརྩམས་ཤིང་བསྒྱུར།

   གཞན་ཡང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་《སྨན་དཔྱད་རིན་པོ་ཆེ་འདུས་པ།》བམ་པོ་བདུན། ཀེ་ཏུ་པྲཛྙཱས་བྱས་པའི་《མགོ་དཔྱད་བདུད་རྩིའི་ཐིགས་པ།》 སྐབས་བདུན་པ་བེ་རུ་རས་བྱས་པའི་གཞུང་།  《བདུད་རྩི་མེ་ལོང་》ལེའུ་བརྒྱད། ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་《སྒྲོན་མ་ལྔ་སྐོར།》 འཇམ་དཔལ་གྱི་སྤྲུལ་པ་ནེ་ཙོས་མཛད་པ་《དུག་དཔྱད་མེ་ལྕེ་འཁོར་ལོ།》 དྲང་སྲོང་ཉི་མའི་སེངྒེས་བྱས་པའི་《དུག་དཔྱད་ཤ་མོ་ལས་དཀྱུས།》 《རིན་པོ་ཆེ་སྐེ་རགས་འཆིང་འགྲོལ།》 《ཟླ་གསང་འཁོར་ལོ་མཚོན་ཆ་ལས་ཀྱི་རྒྱུད་》ལེའུ་བཅུ་པ། 《དེ་འགྲེལ་ཤ་མོ་ལས་དཀྱུས་ཆ་ལག》དང་བཅས་པ་རྣམས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། གནུབས་རང་གི་མཛད་བྱང་སྨོས་པ་《བསྲུང་བ་རིན་པོ་ཆེ་འོད་ཀྱི་གདམས་པ།》དང་།  《བརྟག་པ་རིན་པོ་ཆེ་འོད་ཀྱི་གཟུགས་བརྙན།》 《གསོ་བ་དཀར་པོ་ལམ་གྱི་སྒྲོན་མ་》དང་གསུམ།

          དེ་མིན་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་《དུག་བཅོས་དཔའ་བོ་ཐུབ་པའི་རྒྱུད་》དང་།  《གཞའ་འོད་འཁྱུག་པའི་རྒྱུད།》 《ཤྲཱི་བཛྲ་དང་ཆོས་ཀྱི་དབང་ཕྱུག་གི་འགྱུར།》 ཕྱག་ན་རྡོ་རྗེ་དང་ཀླུ་སྒྲུབ་ཞུས་ལན་དུ་མཛད་པའི་《གཟའ་རྒྱུད་རིན་ཆེན་སྤུངས་པ།》ལེའུ་ཞེ་དྲུག་པཎྜི་ཏ་རིན་ཆེན་རྡོ་རྗེ་དང་བཻ་རོའི་འགྱུར། 《གཟའ་བཅོས་སྙིང་ཏིག་གསལ་སྒྲོན་》རྒྱ་ནག་མ། ཀླུ་སྒྲུབ་དང་ཀླུ་རྒྱལ་འཇོག་པོ་གཉིས་ཀྱི་《ཞུས་ལན་ཆེ་བ་ལེའུ་སུམ་ཅུ་སོ་བཞི།》 《འབྲིང་པོ་མེ་ལོང་རབ་གསལ།》 《ཆུང་བ་མངོན་པར་རྟོགས་པ།》 《དོན་གསལ་སྒྲོན་མ།》 《གསལ་བྱེད་སྒྲོན་མ།》 《འཕྲུལ་གྱི་མེ་ལོང་།》 《ཐུགས་ཀྱི་སྒྲོན་མ།》 རོ་ལངས་མཁའ་འགྲོ་མས་གསུངས་པར་གྲགས་པ་《མཛེ་བརྟག་མིག་ཡིག་》བཅུ་དྲུག་པ་དྲང་སྲོང་མེ་ཁྱེར་གྱི་འགྱུར། འཇམ་དཔལ་དབྱངས་ཀྱི་གསུང་དུ་འདོད་པ་《རིན་པོ་ཆེའི་སྒྲོན་མའི་མཛོད།》 སྒྲོལ་མས་མཛད་ཟེར་བ་《མཁྲིས་རིམས་དུག་ཐབས་ཞི་བྱེད་》དང་།  《སྔོའི་འཁྲུངས་དཔེ་རིན་ཆེན་སྒྲོན་མ།》ལེའུ་གསུམ་པ་ཤནྟི་གརྦྷའི་འགྱུར། འཕགས་པ་འཇམ་དཔལ་དང་དྲང་སྲོང་བཞིས་ཞུས་ལན་དུ་མཛད་པ་《སྔོ་སྦྱོར་བདུད་རྩི་འཆི་མེད་གསང་བ་སྐུ་གསུང་ཐུགས་ཀྱི་རྒྱུད།》 《དེའི་འགྲེལ་པ་》དཔལ་མགོན་ཀླུས་མཛད་པར་གྲགས་པ། ཧྭ་ཤང་མཧཱ་ཀྱིན་དས་བྱས་པའི་《སྔོ་སྦྱོར་ལེའུ་བཅུ་པ་བེ་བུམ་སྨུག་པོར།》འབོད་པ་《དེ་འགྲེལ་གསང་བའི་ཡང་ཏིག །དྲང་སྲོང་ཙ་ར་ཀས་མཛད་པ་《ཚེའི་རིག་བྱེད་ཀྱི་རྒྱུད་རིན་པོ་ཆེ་ཁྲི་མཛོད་འོད་ལྡན་》དེ་ལས་བསྡུས་པ་ལེའུ་བདུན་ཅུ་པ། 《བཅུད་ལེན་ཤ་སྦྱོར་རྩ་བའི་རྒྱུད་བདུད་རྩི་ལྗོན་ཤིང་》ལེའུ་བདུན་པ། སྤྱན་རས་གཟིགས་ཀྱིས་སྒྲོན་མར་གསུངས་པའི་《མཁྲིས་རིམས་དུག་ཐབས་གསོ་བ》ལ་སོགས་པ་ཇི་སྙེད་བསྒྱུར་ནས་གསོལ་བ།

མི་རྗེ་ལྷས་མཛད་འགྲོ་བའི་མགོན་པོ་ཁྱེད། །འཁོར་རྣམས་ཐམས་ཅད་རྒྱལ་སྲས་བཞིན་བཀོད་པ། །དཀའ་བ་དང་བླང་ཕྱོགས་ཀྱི་སྨན་པ་བསྡུས། །གུས་པའི་ཚུལ་གྱིས་ཞུ་བ་ཕུལ་བའི་དོན། །བདག་ཅག་རྣམས་ཀྱིས་ཆེར་སྒྲོས་བསྡུས་ནས་ནི། །རྒྱལ་བའི་བཀའ་དང་མི་འགལ་གདམས་པ་རྣམས། །གསེར་ཞུན་ལྟ་བུ་ཡི་གེ་བཀོད་འདི་དག འགྲོ་བའི་དོན་ལ་དགོངས་ནས་ཕྱག་བཞེས་མཛོད། །ཅེས་རྒྱལ་པོའི་ཕྱག་ཏུ་ཕུལ་བས་རྒྱལ་པོ་ཤིན་ཏུ་མཉེས་ཏེ་སྨན་པ་དབུའི་མཆོད་གནས་སུ་བཀུར་བའི་ཆེད་དུ་དྲིལ་ཆེན་པོ་བསྒྲགས་ཏེ་འཁོར་འབངས་དུ་མ་ཚོགས་པའི་དབུས་སུ་ཁྲི་མཐོན་པོ་ལ་ཕྱོགས་ཀྱི་སྨན་པ་རྣམས་བཞུགས་སུ་གསོལ། འབུལ་བ་རྒྱ་ཆེན་པོ་བཤམས་ཏེ་རྗེའི་དབུ་ཐོད་ཕུད་ནས་སྨན་པ་ལ་ཕུ་དུད་མཛད་དེ་བཀའ་བསྩལ་བ།

          ཀྱེ། བོད་ཀྱི་ཞང་བློན་འབངས་སུ་བཅས་པ་རྣམས། །ང་ཡི་ཚིག་ལ་མ་ཡེངས་གུས་པས་ཉོན། །འཚོ་མཛད་སྨན་པར་གྱུར་པ་འདི་རྣམས་ལ། །བོད་འབངས་ཡོངས་ཀྱི་མཆོད་པའི་གནས་སུ་གྱུར། །ཅི་ཕྱིར་འདི་ན་ཚེ་སྲོག་སྟེར་བའི་ཕྱིར། །མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །ང་ཡིས་བཀུར་བས་མཚན་ཡང་ལྷ་རྗེར་ཐོགས། །འགྲོ་བའི་མགོན་ཡིན་གྲལ་གྱི་གོང་ལ་ཞོག །འབོལ་གྲུམ་སྟག་གཟིག་ཟ་འོག་གདན་དུ་ཐིངས། །སྐྱེལ་བསུ་རྟས་གྱིས་རྐང་གླ་གསེར་དུ་ཕུལ། །ཅི་གསུང་དང་ལོངས་སྨན་པའི་བཀའ་མ་བཅག །རྒྱལ་སྲིད་ཡིན་ཡང་མི་ཕངས་སྲོག་རིན་ཡིན། །བཅོས་ནོར་ལག་དགྲས་ཤི་ཡང་སྟོང་མ་ལེན། སྨན་དུ་ཐལ་བ་སྦྱར་ཀྱང་སྨན་རིན་གསེར་དུ་རྫངས། །ཞལ་དུ་སྐྱེམས་ཞུས་ཤ་གཟུགས་རྒྱུན་དུ་དྲོངས། །རྒྱུན་དུ་བསྟེན་ཕྱིར་ངོ་ཁ་ལྐོག་སྨྲས་སྤོངས། །ནམ་བེར་དར་ཟབ་ལྷྭམ་དང་རྒྱམ་ཐག་ཕུལ། །ཀུན་གྱིས་འཁུར་ལས་ཕྱག་དང་ཞེ་ས་གྱིས། །ཚེ་འདིར་དྲིན་ཆེ་དྲིན་ལན་ཡུན་དུ་སོམས། །ང་ཡིས་བཀུར་བའི་བླ་གཙིགས་བཅུ་གསུམ་པོ། །གང་གིས་འགལ་ཡང་ཆད་པས་བཅད་པར་བྱ། །ཞེས་གསུངས་ཏེ་སྨན་པ་ལ་མངའ་ཐང་བསྟོད་དེ་དགེ་བའི་བཤེས་གཉེན་དང་གྲལ་མཉམ་པོར་བྱས།

          ད་དུང་རྒྱལ་པོས་སྨན་པ་རྣམས་ལ། སྨན་པ་ཕ་ཡིན་ནད་པ་སྙིང་རྗེས་སྐྱོངས། །ནད་པ་བུ་ཡིན་ངན་མཚང་ཕྱིར་མ་སྒྲོགས། །བཟང་པོའི་དམའ་འབེབས་ཁྱིམ་ནས་ནོར་མ་རྐུ། །མི་ཆེན་ཁྲེལ་པས་འཚོ་ཟས་ལ་མ་འཁང་།  །ལག་དགྲས་འཕུང་བས་སྐྱུར་ལ་དད་མ་ཆེ། །མི་སྲོག་ཐལ་ཆར་མ་ཤོར་དཔྱད་ལ་གཟོབ། །ཁྱད་པར་ནད་པ་དང་ནི་སྨན་པ་ཡི། །བར་དུ་ངོ་ཚ་མ་ཆེ་ནད་ཆེན་འཇུག །ཅེས་སོགས་ཀྱི་ཞལ་ཏ་མཛད། དེ་ནས་རྗེ་བློན་འབངས་སུ་བཅས་པ་རྣམས་ཀྱིས་རྒྱ་གར་རྒྱ་ནག་ལ་སོགས་ཕྱོགས་ཀྱི་སྨན་པ་རྣམས་བླ་ཡི་སྨན་པར་བཞུགས་པར་ཞུས་ཀྱང་ཞལ་མ་བཞེས་པས་ཁོང་རྣམས་རྫོངས་བཟང་པོ་དང་བཅས་ཏེ་འཇིགས་པ་མེད་པར་རང་རང་གི་ཡུལ་དུ་བསྐྱལ། དེའི་དུས་ཀྱི་གསོ་དཔྱད་ཀྱི་དཔེ་ཆ་རྣམས་སེང་ལྡེང་གི་གླེགས་ཤིང་གིས་བཀབ་སྟེ་ཕོ་བྲང་གི་རྩེར་བཞུགས་པ་ལ་《རྗེའི་བླ་དཔྱད་པོ་ཏི་སྨུག་པོར་》གྲགས་སོ།།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་》ནང་བཅོས་ལུགས་ལྔ་བཅུ་རྩ་དྲུག་དར་ཚུལ་བགྲངས་སྐབས། ཤིནྟ་གརྦྷས་མཛེ་ནད་ནད་གསོ་དར། །ཧྭ ཤང་ཡཱ་ནས་མེ་དང་བྱུག་པ་དར། །ཙན་པ་ཤི་ལས་ཐུར་དཔྱད་ཟས་སྤྱོད་དར། །གྲུ་གུ་སེང་མདོས་རྟ་ཡི་སྨན་དཔྱད་དར། །ཁྱོལ་མ་རུ་རྩེས་ཡན་ལག་ཆག་བཅོས་དར། །དྷརྨ་ཤཱི་ལས་དུག་གི་སྒོས་བཅོས་དར། །ཞེས་པ་ལྟར་རང་རང་གི་ཁྱད་ཆོས་རྣམས་དར་བ་མཛད་དོ།།

མཆན་བུ།

(1) ཤིནྟ་(ཤྰནྟི)གརྒྷ་ཞེས་པ་ལེགས་སྦྱར་སྐད་དང་།  བོད་སྐད་དུ་ཡེ་ཤེས་(ཞི་བ་)སྙིང་པོ་ཞེས་པའི་དོན་ཡིན།

(2) གུཧྱ་བཛྲ་ཞེས་པ་ལེགས་སྦྱར་སྐད་དང་།  བོད་སྐད་དུ་གསང་བའི་རྡོ་རྗེ་ཞེས་ཟེར།

(3) ཧྭ་ཤང་བ་ལ། ཧྭ་ཤང་ནི་དགེ་འདུན་པདང་།  བ་ལ་ལེགས་སྦྱར་སྐད་དེ། དོན་དུ་སྟོབས་ཞེས་པའོ།།

(4) དྷརྨ་ཤཱི་ལ་ནི་ལེགས་སྦྱར་སྐད་དང་།  བོད་སྐད་དུ་ཆོས་ཀྱི་ཚུལ་ཁྲིམས་ཞེས་ཞུ།     


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།