སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

རྒྱ་ཡེ་བློ་བཟང་ཉི་མ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2018
གསོ་རིག་མཁས་དབང་རིམ་བྱོན། >>

                                            
རྒྱ་ཡེ་བློ་བཟང་ཉི་མ།

- བྱམས་པ་འཕྲིན་ལས།

རྒྱ་ཡེ་བློ་བཟང་ཉི་མ་ནི་སྤྱི་ལོ་  1933 ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་རིག་སྨོན་ཞང་རྒྱ་ཡེ་སྡེ་བར་འཁྲུངས་ཤིང་།  དགུང་ལོ་བཅུ་བདུན་སྟེང་ནས་སྨན་པ་མཆོག་གྲུབ་སོགས་སྨན་པ་སྙན་གྲགས་ཅན་དུ་མ་དགེ་རྒན་ལ་བསྟེན་ནས་གསོ་རིག་རྒྱུད་བཞི་དང་ཤེལ་གོང་འཕྲེང་སོགས་བསླབས།  1961 ལོ་ནས་བཟུང་ཞིང་ཆེན་ཀྲུང་དབྱི་སྨན་ཁང་གི་བོད་ཀྱི་སྨན་པ་གྲགས་ཅན་ཚུལ་ཁྲིམས་རྒྱ་མཚོ་ལོ་ངོ་ཉི་ཤུ་ལྷག་རིང་ལ་བསྟེན་ནས་བོད་སྨན་གྱི་གཞུང་ལུགས་དང་ལྷག་ཏུ་མན་ངག་ལག་ལེན་གྱི་སྐོར་མང་པོ་བྱང་ཆུབ་པར་གྱུར།

ད་ལྟ་ཁོང་གིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་དང་སྨན་པ་འབུམ་རམས་པ།  ཞིང་ཆེན་རིམ་པའི་བོད་སྨན་རིགས་གཅིག་མཁས་ཅན།  ཞིང་ཆེན་ཚན་རིག་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་སྲིད་གྲོས་དང་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་ཁུར་ཡོད་པ་དང་།  སྨན་ཡིག་གཅེས་བསྡུས་སྙིང་ནོར་དང་།  ཟིན་ཏིག་མཛེས་རྒྱན།  མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་ཚོད་ལྟའི་སློབ་དེབ།  རྒྱལ་ཡོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁྲིད་རྩ་གནད།  བོད་སྨན་ཚད་གཞི་སོགས་ཀྱི་ལེགས་སྒྲིག་དང་རྩོམ་སྒྲིག་གི་འགན་བཞེས་མྱོང་ལ།  མཆིན་པའི་ནད་ཀྱི་རྟགས་བཅོས་དང་།  སྨན་གྱི་ནོར་འཕྲེང་འགའི་ངོ་སྤྲོད་ཞེས་པ་སོགས་ཀྱི་ཆེད་རྩོམ་སྤེལ་མྱོང་བ་མ་ཟད། ཁོང་ཉིད་རྩོམ་སྒྲིག་གི་ལས་ལ་ཞུགས་པའི་ཀྲུང་གོའི་བོད་སྨན་ཞེས་པའི་གསུང་པོད་གསུམ་ཡོད་པའི་དཔེ་ཆ་དེར་ཞིང་ཆེན་ཚན་རྩལ་སྔོན་ཐོན་གྱི་བྱ་དགའ་གཉིས་པ་ཐོབ།  1983  ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་།  ངལ་རྩོལ་མི་དོན་པུའུ།  ཀྲུང་གོའི་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་''གྲངས་ཉུང་མི་རིགས་ས་ཁུལ་དུ་དུས་རིང་པོར་ཚན་རྩལ་ཕྱག་ལས་གནང་མཁན་གྱི་ཕུལ་བྱུང་བྱ་དགའ་''གནང་།

ཁོང་གི་མཛད་རྣམ་དག་ཚིག་གཅིག་ཏུ་བརྗོད་ན།  ཉེ་རིང་ཆགས་སྡང་དང་མཐོ་དམའ་དྲག་ཞན་སོགས་ཅི་ཡང་མེད་པར་འགྲོ་བ་ནད་པར་སྙིང་རྗེ་དང་ཕན་སེམས་གཅིག་པུས་ཀུན་ནས་བསླང་ཏེ་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་ཅི་ཐུབ་དང་།  ཐ་ན་རང་གི་སྒོར་མོ་དང་ཅ་ལག་ཟས་སོགས་ནད་པ་ཆ་རྐྱེན་མེད་པའི་རིགས་ལ་སྦྱིན་ནས་སྨན་བཅོས་བྱེད་པ་བཅས་དུས་ད་ལྟའི་བར་བོད་དང་།  རྒྱ་ཁ་ཆེ།  སོག་པོ།  ཕྱི་གླིང་བ་ཚུད་པའི་ནད་པ་ས་ཡ་ལྷག་ནད་ཀྱི་ཟུག་གཟེར་དང་ཉེན་ཁ་ལས་གྲོལ་བར་བྱས་ཡོད།  མི་སྣ་གསོ་སྐྱོང་གི་ཐད་ནས་བཤད་ནའང་ཞིང་ཆེན་བོད་སྨན་ཁང་དུ་སྔ་ཕྱི་ཟབ་སྦྱོང་འཛིན་གྲྭ་ཐེངས་བཞི་ལྷག་གཉེར་བ་དེའི་དགེ་རྒན་གྱི་འགན་ཁུར་བ་དང་། ད་ལྟའང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་ནད་ཐོག་ལག་ལེན་དང་།  སྨན་རྫས་ངོས་འཛིན་དང་ལས་སྣོན་སོགས་ཐད་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད་དོ།།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་འཛུགས་པའི་བྱ་བཞག་གི་སླད་དུ་ 1979  ལོར་ཟི་ལིང་གྲོང་ཁྱེར་དུ་ཕེབས་ནས་ལོ་གསུམ་གྱི་རིང་ལ་འབད་འབུངས་དང་དཀའ་ལས་སྣ་ཚོགས་ཁྱད་དུ་བསད་ནས་ 1983  ལོར་ཞིང་ཆེན་བོད་སྨན་ཁང་དངོས་སུ་བཙུགས་ཏེ་སྒོ་ཕྱེ་ནས་ནད་པ་བལྟ་འགོ་བརྩམས།   བོད་སྨན་ཁང་འདི་ད་ལྟ་འཕེལ་རྒྱས་ཆེན་པོ་བྱུང་ནས་ལས་བཟོ་བ་བརྒྱ་དང་བཅུ་ཕྲག་ཙམ་ཡོད་ལ།  ལོ་གཅིག་གི་ཡོང་སྒོ་ཁྱོན་སྒོར་འབུམ་གཅིག་ལྷག་ཡོད་པ་དང་།  སྨན་བཅོས་དང་།  སློབ་གསོ།  ཚན་རིག་ཞིབ་འཇུག  བོད་སྨན་བཟོ་སྐྲུན་བཅས་ཕྱོགས་བཞི་ལུས་གཅིག་ཅན་གྱི་མ་ལག་ཆེན་པོ་ཞིག་ཏུ་གྱུར་ཡོད།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།



 

མཐའ་མའི་འདོན་ཐེངས་།: 19.02.2018 ཉིན། 4:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།