སྨན་རྩིས་དྲ་བ། - ཆེད་རྩོམ།

རེག་པ་རྩའི་བལྟ་གནས་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.04.2014
ཆེད་རྩོམ། >>

 


༄༅། །ཕྱི་མ་ཕྲིན་ལས་རྒྱུད་ཀྱི་རེག་པ་རྩ་མདོ་ལས་རྩའི་བལྟ་གནས་ལས་འཕྲོས་པའི་གཏམ་ལུང་རིག་དཔྱད་གསུམ་དག་པའི་

རྗེས་སུ་འཇུག་པ་བློ་གསར་གཞོན་ནུའི་མཛེས་རྒྱན།

 ཨེ་པ་བསོད་ནམས་རིན་ཆེན།

  

ན་མོ་བཻཥཛྱེ།

སྒྲིབ་གཉིས་ཆ་བཅས་ཟད་པའི་གོ་ལའི་གཞིར།།

དོན་གཉིས་ཟེར་བརྒྱའི་འོད་ཀྱིས་སྲིད་གཞིའི་མུན།།

མཁྱེན་གཉིས་སྣང་བས་རབ་ཏུ་སེལ་བྱེད་པའི།།

སྐུ་གཉིས་མངོན་གྱུར་འཇམ་མགོན་ཉིན་བྱེད་རྒྱལ།།


དེ་ལས་འདིར་དཔལ་ལྡན་གསོ་རིག་རྒྱུད་བཞི་ལས་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་རྩ་མདོའི་ལེའུ་ལས། བལྟ་གནས་མཁྲིག་མའི་གཉེར་མ་དང་པོ་ནས། །ཚོན་གང་མར་བཅལ་རུས་པ་འབུར་པོའི་ལྡེབས། །ཞེས་པའི་བལྟ་གནས་ངེས་པ་ཅན་གྱི་ངོས་འཛིན་ལ་སྔར་བྱོན་རྒྱུད་འགྲེལ་མཛད་པ་པོའི་དགོངས་པ་གཅིག་མཐུན་དུ་འགྱུར་པ་གང་ཡང་ཕྱི་རབས་གསོ་བྱེད་པ་རྣམས་ནས་གོ་བ་ལེན་ཚུལ་མི་འདྲ་བའི་དབང་གིས་དེང་གི་བློ་གསར་དོན་གཉེར་མཁན་རྣམས་གྲགས་དང་མ་གྲགས། དག་དང་མ་དག ངེས་དང་མ་ངེས་གང་གི་རྗེས་སུ་འཇུག་སྙམ་པའི་བློ་དོག་གི་དྲ་བར་ཚུད་པའི་དུས་འདིར། དེ་རྣམས་ལ་རྣམ་པར་དག་པའི་དགོངས་པ་མ་ནོར་ངོས་འཛིན་ཇི་དགོས་ཀྱི་གཏམ་སྔོན་དུ་གླེང་བའི་ཐོག་ནས་དངོས་དོན་རྩའི་བལྟ་གནས་དག་པ་གསུམ་གྱི་རྗེས་སུ་དྲངས་འོས་པར་གདམས་པ་ལ།


དང་པོ།

དེ་ཡང་། སློབ་དཔོན་སངས་རྒྱས་གཉིས་པས། ཆོས་རྣམས་ཐམས་ཅད་སྒྲིབ་པ་མེད་པའི་སྤྱན། །མདོ་རྒྱུད་ཡིན་པས་ཚད་བཟུང་དཔང་པོས་བཏུབས། །ཞེས་དང་། ཡང་བཤད་སྦྱར་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་དང་། །ཞེས་གསུངས་པ་ལྟར། ཆོས་རྣམས་ཐམས་ཅད་ཅེས་མ་རིག་འཁྲུལ་པའི་སྣང་ངོ་ལས་འབྱུང་ལྔའི་རྫས་ཀྱིས་བསྡུས་མ་བསྡུས་ཀྱི་ཆོས་གང་ཡང་རུང་བའི་གནས་ལུགས་སྒྲིབ་མེད་གསལ་བར་མཁྱེན་པའི་སྤྱན་ནི་སྟོན་པ་སངས་རྒྱས་ཉིད་ལས་མ་འདས་པས་གང་གིས་གསུངས་པའི་གསུང་བཀའ་མདོ་རྒྱུད་གཉིས་ནི་འཁྲུལ་བའི་ཆ་ཙམ་ཡང་མ་མཆིས་པས་ཚད་མར་བཟུང་དུ་རུང་ལ། དེ་བཞིན་བསྟན་བཅོས་ཞེས་པ་བསྟན་འཛིན་སྐྱེས་བུས་མཛད་པའི་མདོ་རྒྱུད་གཉིས་ཀྱི་དགོངས་འགྲེལ་ཡིན་པས་འདི་གཉིས་ལས་ལྷག་པའི་ཚད་བཟུང་མི་མངའ་བས་སྔར་བྱོན་མཁས་པའི་དབང་པོ་དག་གིས་རང་རང་གི་རྣམ་དཔྱོད་རྩལ་ལས་བརྙེས་པའི་གནས་ལུགས་གང་ཡང་ཚད་མར་འཛིན་རུང་མི་རུང་བཀའ་བསྟན་གཉིས་ལ་བསྟེན་པ་ཡིན་པས་ཐམས་ཅད་མགྲིན་གཅིག་ཏུ་འདི་ལ་རྒྱབ་རྟེན་ལུང་ཞེས་གོང་དུ་བསྙེན་པར་བྱེད་ལ།

དེ་ཡང་། གྲགས་པ་དང་ཟེར་སྒྲོས་བསམ་པ་ཙམ་མིན་པར་གང་ཟག་རང་རང་གི་དཔྱད་པའི་མྱོང་བ་ལས་ཐོན་པའི་དཔྱད་འབྲས་གང་ཡང་དག་པ་གསུམ་ཞེས། ཡིད་ཆེས་ཁུངས་བཙུན་གྱི་ལུང་དང་། དཔྱད་པ་ཟབ་རྣོའི་རིགས་པ། བུ་རམ་གྱི་རོ་མྱོང་བ་ལྟ་བུའི་ངེས་པ་ཉམས་མྱོང་གསུམ་ཆ་ཚང་ཅན་དང་། གང་ཡང་རུང་བ་དཔང་པོར་བྱས་ཏེ་གཏན་ལ་དབབ་ཅིང་གླེང་སླང་བ་ཤ་སྟག་ཡིན་པས་རང་རེའི་རྗེས་འཇུག་སུ་རུང་གིས་དག་པ་གསུམ་གྱི་རྗེས་སུ་འཇུག་པའི་དགོངས་འགྲེལ་ལ་ཡིད་ཆེད་དུ་རུང་ལ་ཕྱིས་སུ་གསོ་བ་རིག་པའི་གནད་དོན་གང་ཞིང་གླེང་འདོད་པའང་ཐོག་མར་དག་པ་གསུམ་གྱིས་རྩིས་ཟིན་པ་ཞིག་དགོས་པ་གནད་དམ་པ་ཡིན་ནོ། །ཡིན་ཏེ། རིག་པའི་གཞུང་ལུགས་ལས་འཕྲོས་པའི་གཏམ་གང་ཞིག་གླེང་བར་འདོད་རུང་ཐོག་མར། གླེང་གཞི་འདི་ལུང་འདི་ལ་བསྟེན་ཞེས་གསོ་བ་རིག་པ་ལྟ་བུ་ཡིན་ན་གསོ་རིག་རྒྱུད་ཀྱི་རྩ་བ་ལུང་དུ་བྱེད་དགོས་ལ་དེ་ལས་ཀྱང་བཀའ་བསྟན་གང་རུང་ལུང་དུ་འཛིན་རུང་ཞིང་། དེ་རྗེས་གླེང་གཞིའི་དོན་གང་ཡང་དངོས་པོའི་གནས་ལུགས་དང་མི་འགལ་བའི་<<གསོ་རིག་དང་འགྲེལ་བའི་གླེང་གཞི་ཡིན་ན་དངོས་དོན་གསོ་རིག་རྒྱུད་ཀྱི་གཞུང་གོང་འོག་གང་དང་ཡང་མི་འགལ་ཞིང་དོན་ལ་གནས་པ།>> རིགས་པས་འགྲེལ་བརྗོད་དཔྱིད་ཕྱིན་པ་གླེང་རུང་བ་ཞིག་དགོས། མཐའ་དོན་ལུང་ལ་བསྟེན་ཅིང་རིགས་པ་དང་མི་འགལ་བའི་ཐོག་ནས་རང་གི་ལག་ལེན་དུ་བུ་རམ་ལ་ལྕེས་མྱོང་བ་ལྟ་བུའི་ངེས་པ་གདེང་དང་ལྡན་ཞིང་དངོས་དོན་ར་འཕྲོད་པ་ཞིག་དགོས་པ་ཡིན་པས་དག་པ་གསུམ་པོ་འདི་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན་པས་ལེགས་པར་བཟུང་ཞིག

 

གཉིས་པ།

དངོས་དོན་རེག་པ་རྩའི་བལྟ་གནས་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་པ་ལས་དག་པ་གསུམ་ལྡན་གྱི་འགྲེལ་ཚུལ་དག་གླེང་བར་འདོད་དེ། འདི་ལ་རྒྱུད་འགྲེལ་མཛད་པོ་སྔ་མ་རྣམས་ཀྱི་དགོངས་པ་གཅིག་མཐུན་ཡིན་ཚུལ་ནི། རྒྱུད་འགྲེལ་ཕལ་ཆེ་ཚིག་གི་འགྲེལ་བ་གཅིག་མཐུན་དུ་བྱུང་བས་སོ།།

དེ་ལ། རྒྱུད་འགྲེལ་བཻ་སྔོན་དང་མེས་ཞལ་ལས། ནད་པ་རང་གི་ཚོན་གང་མར་བཅལ་བར་རུས་པ་འབུར་པོའི་ལྡེབས་དེར། ཞེས་དང་། སྐྱེམས་འགྲེལ་ལས། བལྟ་ཡུལ་རང་གི་ཚོན་གང་མར་བཅལ་བའི་རུས་པ་འབུར་པོའི་ཟད་མཚམས་ཀྱི་ལྡེབས། བྱང་པ་བཀྲ་ཤིས་དཔལ་བཟང་གིས། དགྱེ་རྒུ་འགྲེང་དང་འཁྱོག་པོ་སྤང་། །གཉེར་མ་དང་པོའི་མཐེ་བོང་ངོས། །ཕྱག་ཚད་ནད་པའི་མཐེ་བོང་ཚོན། །ཚང་ཞིང་མ་འདྲེས་ཚང་སྐུད་འདྲ། །ཀུན་ལ་ཤས་ཆེའི་རྩ་དེར་གཉན། །ཞེས་དང་། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས། ནད་པ་རང་གི་ཚོན་གང་གི་ཚད་ཐུར་འཇལ། མཁྲིག་མའི་ཚིགས་འོག་རུས་པ་འབུར་པོའི་ལྡེབས་དེར་ཞེས་གསུངས་བས་རྟོགས།

རྒྱུད་འགྲེལ་གྱི་དོན་འདིར་ཕྱི་རབས་པ་རྣམས་ནས་གོ་བ་ལེན་ཚུལ་མི་འདྲ་བའི་དབང་གིས་ལག་ཏུ་ལེན་ཚུལ་ཀྱང་མི་འདྲ་བ་གསུམ་ཙམ་དུ་འགྱུར་བ་དེང་གི་བར་གནས་པ་ཀུན་གྱི་མཐོང་ཆོས་སུ་འགྱུར་བས། སྐབས་སུ་བལྟ་གནས་ངོས་འཛིན་གསུམ་པོ་གང་ཡིན་ཞེ་ན།

དང་པོ། མཁྲིག་གཉེར་དང་པོ་ནས་ཚོན་གང་མར་བཅལ་བའི་རུས་པ་འབུར་པོའི་ལྡེབས་སུ་འཛིན་པ།

གཉིས་པ། མཁྲིག་གཉེར་དང་པོ་ནས་ཚོན་གང་མར་བཅལ་བའི་རུས་པ་འབུར་པོའི་འོག་ནས་འཛིན་པ་དང་། གསུམ་པ། ཚད་ངེས་པ་མེད་པར་བར་བར་དུ་འཛིན་པ་གསུམ་བྱུང་བ་འདི་དག་གང་ཞིག་འཐད་ལྡན་ཡིན་མིན་གཤམ་དུ་འཇམ་མགོན་མི་ཕམ་གྱིས་མཛད་པའི་ <<བདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊི་ཀ>> དང་། ཕྱིས་རབས་འཚོ་མཛད་ཟངས་རི་པ་ཟླ་བ་ཚེ་རིང་གིས་མཛད་པའི་བརྟག་པ་ <<རྩ་ཆུའི་རྒྱས་སྤྲོས་གོ་དོན་རེག་མཐོང་ཡིད་ཀྱི་མེ་ལོང་།>> གཉིས་ལས་ཇི་ལྟར་བཀྲལ་བའི་གོ་དོན་གླེང་བ་ལ།

དང་པོ། མི་ཕམ་པའི་གསུང་ལས། བལྟ་གནས་ནི། ལག་པའི་མཁྲིག་མ་ལ་གཉེར་མ་གཉིས་ཡོད་པ་ལས། ལག་པའི་རྩ་བར་ཡོད་པའི་གཉེར་མ་དང་པོ་ནས་ནད་པ་རང་གི་མཐེ་བོང་གི་ཚིགས་མཚམས་དང་སེན་མོའི་དྲེག་པ་དཀར་ནག་གི་མཚམས་ཀྱི་བར་ཆ་ལ་ཚོན་གང་ཞེས་བྱ་བ་དེ་ཡི་ཚད་ཙམ་མར་བཅལ་བའི་བར་དེར་དོན་སྣོད་དྲུག་གི་རྩ་ཆ་མཉམ་པར་རྒྱུ་བས་ན་དེར་བརྟག་པར་བྱའོ། །དེ་ཡང་མཁྲིག་གཉེར་དང་པོ་ནས་ཚོན་གང་མར་གཞལ་བའི་སྣ་དང་ལག་པའི་རུས་པ་འབུར་པོ་ཐད་ཀར་འོང་བས། རུས་པ་འབུར་པོའི་ལྡེབས་ཞེས་མི་ནོར་བའི་གཟེར་བཤད་པའོ། །དེ་ལྟར་མཁྲིག་གཉེར་དང་པོ་དང་། རུས་པ་འབུར་པོའི་བར་གྱི་ཆ་ཚོན་གང་པོ་དེ་ལ་ཆ་གསུམ་དགོས་པའི་གནས་དེ་ལ་རྒྱ་ནག་སྐད་དུ་ཚུན་ཀྭན་ཆི་ཞེས་གྲགས་པ་ཡིན་ལ། དེ་སོར་མོ་གསུམ་གྱིས་བརྟག་ཚེ་གནས་ཀྱི་མིང་གནས་ཅན་སོར་མོ་གསུམ་ལ་བཏགས་ཏེ་མཛུབ་མོ་ལ་ཚོན། གུང་མོ་ལ་ཀན། སྲིན་ལག་ལ་ཆག་ཅེས་ཟུར་ཆག་པའི་བརྡ་བྱས་པ་དེ་དག་ཆ་ཆེ་ཆུང་མེད་པར་སྙོམས་པར་བཞག་ནས་བལྟ་བར་བྱ་ཞེས་གསུངས་སོ། །འདི་ལ་བོད་ཀྱི་འཚོ་བྱེད་པ་སྔ་མ་དག་གིས་མཁྲིག་གཉེར་དང་པོ་ནས་ཚོན་གང་མར་གཞལ་བའི་འོག་ནས་ད་གཟོད་སྨན་པའི་མཛུབ་མོ་གསུམ་སྙོམས་པར་བཞག་སྟེ་བལྟ་ཞེས་བཤད་ཀྱང་ལུང་རིགས་དང་མི་མཐུན་ཏེ། ལུང་ནི། རྒྱ་ནག་ཡུལ་དུ་རྩ་ཆུ་གསལ་པོར་བསྟན། །ཞེས་གསུངས་པ་ལྟར་རྒྱ་ནག་གི་རྩ་མདོ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་གསར་འགྱུར་ལས། བལྟ་གནས་མཁྲིག་མའི་གཉེར་མ་ནས། །རུས་པ་འབུར་པོའི་ལྡེབས་སུ་སྟེ། །ཞེས་སོགས་གསལ་པོར་བསྟན་པ་ཉིད་ལས་ཤེས་ཤིང་། རིགས་པ་ནི། ནད་པ་རང་གི་ལག་རྩ་ལ་གོང་བཤད་ལྟར་ས་ཁྱོན་ངེས་པ་ཅན་ཡོད་ན་གནས་དེ་དང་དེར་དོན་སྣོད་ཀྱི་རླུང་ཁྲག་སོ་སོར་རྒྱུ་བའི་ངེས་པ་ཞིག་རུང་གི། རུས་འབུར་གྱི་གཤམ་ལ་ཡ་མཐར་བྱས་ནས་དེ་མན་ཆད་ངེས་པ་ཅི་ཡང་མེད་པར་མཛུབ་མོ་གསུམ་བཞག་པ་ཙམ་གྱིས་གནད་མི་ཟིན་ཏེ། ནད་པ་ལུས་ཆེ་ཆུང་མ་ངེས་པ་ལ་སྨན་པ་སོར་མོ་ཆེ་ཆུང་མ་ངེས་པས་གང་ལྟར་བལྟས་ཀྱང་སོར་མོའི་རྗེས་དོན་སྣོད་ཀྱི་རྩ་བསམ་པ་བཞིན་འོང་བའི་རྒྱུ་མཚན་མེད་པས་ལུགས་དེ་ལ་བརྟགས་ན་དཔྱད་མི་བཟོད་པའོ།།

ཉམས་མྱོང་། འདིར་ནི་ནད་པའི་ལག་རྩའི་ས་ཁྱོན་དེ་དེ་ལྟར་ཤེས་ནས་སོར་མོ་གསུམ་མམ་སོར་མོ་གཅིག་གིས་བལྟས་ཀྱང་གནས་དེ་དང་དེའི་རྩ་ནི་དེ་ལྟར་ནམ་ཡང་མི་འགྱུར་བས་ངེས་པ་དང་ལྡན་ནོ། །འོན་ཀྱང་ཉམས་མྱོང་དང་བསྟུན་ན་ལྟ་རྩ་ཚོན་གང་རེའི་བར་དུ་དོན་སྣོད་དྲུག་གི་རླུང་ཁྲག་ཚན་རེ་རྒྱུ་བ་མ་འདྲེས་པ་འདྲ་སྟེ། གཉེར་མ་དང་པོ་དང་རུས་འབུར་བར་གྱི་དོན་སྣོད་ཀྱི་རྩའི་དྲག་དལ་ཇི་ལྟ་བ་རུས་འབུར་ནས་མར་ལ་སླར་ཡང་ནད་པའི་ཚོན་གང་གཞལ་བའི་བར་གྱི་ཁྱོན་ལ་དོན་སྣོད་ཀྱི་རྩ་བརྟག་པའང་སྔ་མ་དང་འདྲ་བར་འབྱུང་བའི་གནད་འདིས་དེ་ལྟར་ཡིན་པ་དང་། བོད་སྔ་རབས་པ་རྣམས་ཀྱིས་ལག་རྩ་ལྟ་ཚུལ་དེས་ཀྱང་ཕྱོགས་ཙམ་རྟོགས་པ་གནད་འདི་ལ་ཐུག་པ་ཡིན་ནམ་སྙམ་དུ་རང་གི་སེམས་སོ།།


གཉིས། ཕྱིས་བྱུང་མཁས་པའི་ལེགས་བཤད་འཚོ་མཛད་ཟངས་རི་པ་ཟླ་བ་ཚེ་རིང་གིས་མཛད་པའི་བརྟག་པ་<<རྩ་ཆུའི་རྒྱས་སྤྲོས་གོ་དོན་རེག་མཐོང་ཡིད་ཀྱི་མེ་ལོང་ལས།>> བལྟ་གནས་ཀྱི་ཐད་གལ་ཆེའི་གྲོས་སུ་འདེབས་པ་རང་རེའི་ལུགས་ཀྱི་འཚོ་མཛད་པ་ཡོངས་ཀྱིས་དཔྱད་པར་ཞུ་བ་ལ། དེ་ཡང་མི་ཕམ་པས་རྩ་ཊིག་ཏུ། ལག་པའི་མཁྲིག་མ་ལ་གཉེར་མ་གཉིས་ཡོད་པ་ལས། ལག་པའི་རྩ་བར་ཡོད་པའི་གཉེར་མ་དང་པོ་ནས་ནད་པ་རང་གི་མཐེ་བོང་གི་ཚིགས་མཚམས་དང་སེན་མོའི་དྲེག་པ་དཀར་ནག་གི་མཚམས་ཀྱི་བར་ཆ་ལ་ཚོན་གང་ཞེས་བྱ་བ་དེ་ཙམ་མར་བཅལ་བའི་བར་དེར་དོན་སྣོད་དྲུག་གི་རྩ་ཆ་མཉམ་པར་རྒྱུ་བས་ན་དེར་བརྟག་པར་བྱའོ། །དེ་ཡང་མཁྲིག་གཉེར་དང་པོ་ནས་ཚོན་གང་མར་གཞལ་བའི་སྣ་དང་ལག་པའི་རུས་པ་འབུར་པོ་ཐད་ཀར་འོང་བས། རུས་པ་འབུར་པོའི་ལྡེབས་ཞེས་མི་ནོར་བའི་གཟེར་བཤད་པའོ། །ཞེས་གསུངས་པས་གསལ་ཅིང་། ལྡེབས་ཞེས་པ་ནི་ཕྱི་ལྡེབས་དང་ནང་ལྡེབས་ཞེས་ཐད་ཀའི་དོན་ཡིན་པས་རྒྱུད་དང་། རྒྱུད་འགྲེལ་ཁག་དང་ཡང་འགལ་བ་མེད་དེ་རུས་པ་འབུར་པོའི་འོག་ཏུ་མ་གསུངས་པས་སོ། །ཡང་དེ་ཉིད་ལས། དེ་ལྟར་མཁྲིག་གཉེར་དང་པོ་དང་། རུས་པ་འབུར་པོའི་བར་གྱི་ཆ་ཚོན་གང་པོ་དེ་ལ་ཆ་གསུམ་དགོས་པའི་གནས་དེ་ལ་རྒྱ་ནག་སྐད་དུ་ཚུན་ཀྭན་ཆི་ཞེས་གྲགས་པ་ཡིན་ལ། དེ་སོར་མོ་གསུམ་གྱིས་བརྟག་ཚེ་གནས་ཀྱི་མིང་གནས་ཅན་སོར་མོ་གསུམ་ལ་བཏགས་ཞེས་གསུངས་པས་བལྟ་གནས་ཞིབ་ཅིང་ཕྲ་བ་གསུངས་ཤིང་དེ་ལ་ལུང་རིགས་ནི་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། མཁྲིག་མའི་གཉེར་མ་དང་པོ་ནས། །མཐེབ་ཚོན་ <<སོར་མོ་གསུམ་པོས་>> བཅལ་བར་མཉམ་པར་མནན། །ཞེས་དང་། རྒྱ་ནག་གྱི་རྩ་མདོ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་གསར་འགྱུར་ལས། བལྟ་གནས་མཁྲིག་མའི་གཉེར་མ་ནས། །རུས་པ་འབུར་པོའི་ལྡེབས་སུ་སྟེ། །ཞེས་བྲང་ཏིའི་གསུང་དང་མཐུན་པ་གསལ་བར་གསུངས་ཤིང་། མི་ཕམ་པས། རྒྱ་ནག་ཡུལ་དུ་རྩ་ཆུ་གསལ་པོར་བསྟན། །ཞེས་པས་ལུང་འདི་ལ་གལ་ཆེན་དུ་འཛིན་གནང་བ་དང་རུས་པ་འབུར་པོའི་སྟེང་ན་བལྟ་རྩའི་གནད། ཅེས་པས་ཀྱང་གྲུབ་སྟེ།

རིགས་པ་ནི། ནད་པ་རང་གི་ལག་རྩ་ལ་གོང་བཤད་ལྟར་ས་ཁྱོན་ངེས་པ་ཅན་ཡོད་ན་གནས་དེ་དང་དེར་དོན་སྣོད་ཀྱི་རླུང་ཁྲག་སོ་སོར་རྒྱུ་བའི་ངེས་པ་ཞིག་རུང་གི། རུས་འབུར་གྱི་གཤམ་ལ་ཡ་མཐར་བྱས་ནས་དེ་མན་ཆད་ངེས་པ་ཅི་ཡང་མེད་པར་མཛུབ་མོ་གསུམ་བཞག་པ་ཙམ་གྱིས་གནད་མི་ཟིན་ཏེ། ནད་པ་ལུས་ཆེ་ཆུང་མ་ངེས་པ་ལ་སྨན་པ་སོར་མོ་ཆེ་ཆུང་མ་ངེས་པས་གང་ལྟར་བལྟས་ཀྱང་སོར་མོའི་རྗེས་དོན་སྣོད་ཀྱི་རྩ་བསམ་པ་བཞིན་འོང་བའི་རྒྱུ་མཚན་མེད་པས་ལུགས་དེ་ལ་བརྟགས་ན་དཔྱད་མོ་བཟོད་པའོ། །ཞེས་གསུངས་པ་ལ་གཞིགས་ཏེ་དཔེར་མཚོན་ཞུས་ན། གློག་གི་སྐུད་པ་ལྟ་བུའི་རྩ་ཡི་གཞི་གཅིག་ལ། བལྟ་གནས་ཀྱི་དོན་སྣོད་དང་ཚུལ་མཐུན་གློག བཏང་ཡུལ་གྱི་འཕྲུལ་ཆས་མི་འདྲ་བས་འཕུར་ཅིང་བསྐྱོད་པ། གཟུགས་སྟོན་པ་དང་། སྒྲ་སྒྲོགས་པ། འོད་འཚེར་བ། གཡོ་ཞིང་བསྒུལ་བ། ཚ་བ་ལ་གྲང་བའི་ནུས་པ་སྟོན་པ་བཅས་སྤྱོད་ཡུལ་ཡོ་བྱད་ཀྱི་བྱེད་ལས་མི་འདྲ་བས་སོར་སོར་བསྒྱུར་བ་བཞིན་ནོ། །གནས་ངེས་པ་ཅན་དུ་བརྟགས་ན་བཤད་པ་བཞིན་བརྟག་ཏུ་ཡོད་དེ། མི་ཕམ་པས། འདི་ན་ནད་པའི་ལག་རྩའི་ས་ཁྱོན་དེ་ལྟར་ཤེས་ནས་སོར་མོ་གསུམ་མམ་སོར་མོ་གཅིག་གིས་བལྟས་ཀྱང་གནས་དེ་དང་དེའི་རྩ་ནི་དེ་ལྟར་ནམ་ཡང་མི་འགྱུར་བས་ངེས་པ་དང་ལྡན་ནོ། །ཞེས་གསུངས་པ་ལྟར། གནས་ངེས་པ་ཅན་དུ་བརྟགས་ན་ནད་མེད་ལ་ངོ་མཚར་བའི་རྩ་དང་། ནད་ཅན་ལ་དོན་སྣོད་གང་ལ་བབས་པ་བཅས་དམན་བུ་བདག་ལྟ་བུས་ཀྱང་རང་གི་ལག་ལེན་གྱིས་རྒྱུད་མ་བསླད་ན་རྒྱུད་ཀྱིས་བདག་ཅག་མི་བསླུ་བར་ངེས་པ་ཡང་ཡང་རྙེད་དོ། །ཞེས་དང་།

ཁོ་བོས་རང་ལོ་བཅུ་བདུན་ནས་ལྔ་བཅུ་གཉིས་བར་དུ་རྩ་ལ་བརྟག་ཅིང་དཔྱད་པས་བལྟ་གནས་གོང་འོག་གཉིས་ལས་གོང་མ་ལུང་རིགས་ཀྱིས་གྲུབ་པ་དང་། ཤ་རྔམ་ཟབ་མིན་གྱིས་བརྟག་བདེ་བ། འབྲས་བུ་གསལ་བ་བཅས་མཐོང་བས་ད་ལྟ་བཞུགས་བཞིན་པ་དང་། མ་འོངས་འབྱོན་འགྱུར་གྱི་མཁས་དབང་རྣམས་པས་དཔྱད་པར་ཞུ་ཞིང་བལྟ་གནས་གོང་འོག་གཉིས་གང་ལའང་གཞི་འཛིན་ས་མེད་པར་དམུས་ལོང་གིས་ཁབ་བཙལ་བ་ལྟར་གནས་ལ་ངེས་པ་མེད་པས་གྱེན་ཐུར་གསེག་པ། མཛུབ་མོ་གསུམ་དོག་དྲག་པའམ་ཡང་ན་བར་ཐག་ལ་ངེས་པ་མེད་པ། ཚོན་ཀན་ཆག་གསུམ་མགོ་གཞུག་སློག་པ་སོགས་ནི་རྩ་རྒྱུད་འཕར་གྲངས་ཙམ་རྟོགས་ན་མ་གཏོགས་དུས་ཁམས་ཀྱི་མ་བུ་དགྲ་གྲོགས་ལ་བརྟེན་ནས་ལྐོག་གྱུར་གྱི་ལུང་སྟོན་པ། རྒྱུ་བ་བཅུ་གཉིས་ལ་བརྟེན་ནས་ནད་སྟོད་སྨད་དང་དོན་སྣོད་གང་བབས། མ་ཚང་གཅོད་སྡོད་ལ་བརྟེན་འཚོ་འཆི་ཁ་དམར་གདགས་པ་སོགས་མི་ནུས་ཤིང་བལྟ་གནས་གཅིག་མཐུན་ཞིག་མེད་ན་ནད་བརྟག་མཁན་སྨན་པ་སྔ་ཕྱིའི་བར་ངོས་འཛིན་མི་མཐུན་པ་མ་ཟད་སྨན་པ་གཅིག་གིས་བལྟས་ཀྱང་སྔ་ཕྱི་མཚུངས་པའི་ཐབས་མེད་པ་བཅས་སྨན་པ་རང་ཉིད་ཀྱིས་བརྟག་པའི་རྩ་ལ་རང་ཡིད་མི་ཆེས་པ་ལྟ་བུ་འབྱུང་སྲིད་པས་འདི་ལ་གཟབ་པར་རིགས་སོ། །ཞེས་གསུངས་པས་རྟོགས་ལ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལས། དྲག་རྒྱས་གྲིམས་རྐྱལ་པགས་པར་རེག་པས་གསལ། །འདྲིལ་མགྱོགས་མཁྲང་བ་ཤ་ཡི་དཀྱིལ་དང་ནི། །ཞན་རྒུད་བུལ་སྟོང་བྱིང་ལྷོད་རུས་ལ་ཉེ། །ཞེས་སོགས་ཀྱི་རྩའི་འཕར་ཚུལ་ངེས་པ་ཅན་འདི་དག་དང་ངོ་མཚར་རྩ་བདུན་སོགས་ཀྱི་ངེས་པ་གསལ་བར་བརྙེས་ཚུལ་ཀྱང་བལྟ་གནས་འདིར་གཞི་བྱས་པ་ལས་ཐོན་པའི་མྱོང་བ་རྨད་དུ་བྱུང་བ་ཡིན་པས་ལག་ཏུ་བླང་བར་རིགས་སོ།།

མཇུག་དོན། དེ་ལྟར་རྒྱུད་ཀྱི་རྩ་བས་གཞི་བྱས་མཁས་པ་གོང་མ་དག་གིས་ལག་ཏུ་བླངས་པའི་མྱོང་བ་དེ་བཞིན་འཁྲུལ་བྲལ་བདེན་དཔངས་ཐོབ་པའི་དངོས་སྟོབས་ཀྱི་རིགས་པ་བཅས་དག་པ་གསུམ་གྱིས་གཏན་ལ་དབབ་པའི་མཁས་པའི་གསུང་འདིར་གཞི་བྱས་ནས་ཕྱིས་འབྱུང་རང་གི་ལག་ཏུ་བླང་བྱ་གང་ཡིན་དཔྱད་གཞིར་བྱས་པའི་ཐོག་བལྟ་གནས་གོང་མ་གཉིས་གང་ལག་ཏུ་བླང་ན་འོས་པ་རང་གི་དཔྱད་བྱ་དང་། ལུང་རིགས་མྱོང་བའི་ཆ་ཙམ་སྨྲ་རྒྱུ་མེད་པའི་བལྟ་གནས་གཞན་དང་གཞན་དོར་བྱ་ཡིན་པས་མཁྱེན་པར་མཛོད་ཅིག་ཅེས།

སརྦ་མངྒལཾ།

མཐའ་མའི་འདོན་ཐེངས་།: 30.04.2014 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།