སྨན་རྩིས་དྲ་བ། - ཆེད་རྩོམ།

རིན་པོ་ཆེ་བརྟག་པའི་གཏམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.11.2022
ཆེད་རྩོམ། >>



རིན་པོ་ཆེ་བརྟག་པའི་གཏམ་ཙིནྟ་མཎིའི་མཛོད་ཁང་ཞེས་བྱ་བ།

རིག་འཛིན་འཇིགས་མེད་གླིང་པ།

སངས་རྒྱས་ལ་ཕྱག་འཚལ་ལོ།། རྒྱལ་བ་བྱོན་ནས་ཀླུ་ཡི་དབང་པོའི་བར། །གྲོག་དང་སྒྲུབ་པའི་འཁོར་ལོས་མ་བསྙེངས་བཞིན། །གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གྱི། །བྱ་བའི་འཁོར་ལོའང་ཡར་ངོའི་གང་བ་བཞིན། །གངས་རིའི་ཁྲོད་འདིར་སེམས་སྟོབས་ཆེན་པོའི་ལྷ། །མེས་དབོན་གསུམ་གྱི་རྒྱལ་བའི་ལུང་རྟོགས་དང་། །བསྟི་གནས་ཆོས་འཁོར་རིན་ཆེན་རྣམ་གསུམ་གྱིས། །གཏམས་པའི་རྣམ་ཐར་སྒོ་གཏན་སུས་ཁུར་བཟོད། །གང་ཞིག་ས་འདིར་རིན་ཆེན་འབྱུང་གནས་དང་། །བཟོ་གནས་སྤྲུལ་པའི་རྣམ་རིག་ཐབས་ཤེས་སུ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ལ། །རྟོན་ན་ཡིད་བཞིན་ནོར་བུའི་མཛོད་ཁང་བཤད། །འདི་ལ་གཉིས། རིན་པོ་ཆེའི་རྣམ་གཞག་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་སྨོས་པའོ།།

དང་པོ། རིན་པོ་ཆེའི་རྣམ་གཞག་སྤྱིར་བཤད་པ། 

དང་པོ་ནི། མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་ལ་སོགས་པའི་བཀའ་དངོས་དང་། པཎ་གྲུབ་རྣམས་ཀྱི་བསྟན་བཅོས་ལས་རིན་པོ་ཆེའི་རྣམ་གྲངས་ལྔ་དང་། བདུན་དང་། བཅུ་དང་། བཅོ་ལྔ་དང་། བཅུ་དགུ་ལ་སོགས་མཆོག་འབྲིང་དམན་པར་ཕྱེ་བ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ལྷ་དང་མི་དང་བྱང་ཆུབ་སེམས་དཔའི་ནོར་བུ་གསུམ་དུ་འདུ་བའི་ཚུལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། རིན་པོ་ཆེ་རིགས་གསུམ་གྱི་དམན་པ་མིའི་ནོར་བུ་ནི་མཐུ་ཆུང་བ་སྟེ། དེ་ཡང་ཡོངས་སུ་དག་པའི་ཁ་དོག་དང་ལྡན་པས་ཀྱང་། དུག་དང་། གདོན་དང་། མུན་པ་དང་། སྐྲངས་པ་དང་། ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་པས་ན་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ལ། ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་དེ་བདུན་གྱི་སྟེང་དུ། རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང་། ཡང་དག་པ་དང་། སྨྲ་བར་རུང་བ་དང་། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང་། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེ་ནི་སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བརྟག་པ་དང་། སྐྱེ་བའི་མཐའ་ཤེས་པ་དང་། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་བ་སྟེ་ཡོན་ཏན་གྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ཞེས་སོ།།

            དེ་ལ་བྱང་ཆུབ་སེམས་དཔའི་ནོར་བུ་ནི། ལོངས་སྤྱོད་རྫོགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱན་དང་། མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་དང་གཞལ་མེད་ཁང་གི་རྒྱན་དང་། གཞི་དང་། ལྗོན་པ་ལ་སོགས་པ་དཔེར་ན་འོད་དཔག་མེད་པའི་ཞིང་གི་བཀོད་པ་ལས་བཤད་པ་ལྟར་རོ།། ལྷའི་ནོར་བུ་ནི། དབང་པོའི་རིན་པོ་ཆེ་ཨིནྡྲ་རྙིལ་དང་། མཐོན་ཁ་ཆེན་པོ་དང་། སཱ་རཱ་ཛ་ཏིའོ།། ལྷ་མ་ཡིན་གྱི་རིན་པོ་ཆེ་ཛམྦུཀ་དང་། ཀླུའི་རྒྱལ་པོ་དག་གི་གཙུག་ནོར་བཻཌཱུརྱ་སྔོ་སྐྱ་ཟུར་བརྒྱད་པ་ལ་སོགས་པ་སྡེ་ཚན་མཐུན་པར་བསྡུས་ཀྱང་རུང་སྟེ་ལྷ་མ་ཡིན་ནི་གནས་རིགས་སྣ་ཚོགས་པ་ཅན་གྱི་ཕྱིར་རོ།།

            དེ་ལས་མིའི་རིན་པོ་ཆེ་ནི་རྣམ་པ་ལྔར་འདུ་སྟེ། སློབ་དཔོན་ཀླུས། གསེར་དང་། དངུལ་དང་། མུ་ཏིག་དམར་པོ་དང་། བཻཌཱུརྱ་དང་། ཙིནྟ་མཎི་སྟེ་ལྔར་བཤད་དོ།། ཞེས་སོ།། འདིར་གཞན་པ་རྣམས་ནི་འོག་ཏུ་འགོད་པར་བྱེད་ལ། ཁྱད་པར་དུ་གྱུར་པ་ཙིནྟ་མཎི་འམ། ཡིད་བཞིན་ནོར་བུ་ལ་མཆོག་དམན་གཉིས་ལས།

དང་པོ་ནི། དེ་བཞིན་གཤེགས་པའི་རིང་བསྲེལ་རྣམ་པ་ལྔ་དང་། ཁྱད་པར་ཉུང་འབྲུ་ལྟ་བུའི་རིང་བསྲེལ་ཏེ། མདོ་སྡེ་སྐལ་བཟང་ལས་ཀྱང་། སྐུ་གདུང་ནི་རྒྱས་པར་འགྱུར་རོ།། ཞེས་པ་ལྟར་འདྲེན་པ་བཞི་པའི་བསྟན་པ་འདི་ལ་རྒྱ་གར་གྱི་མཆོད་རྟེན་པདྨའི་སྙིང་པོ་ཅན་ནས་བླངས་པ་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པ་ལས་ཀྱང་འཕེལ་བ་བཞིན་ནོ།། དེ་ལྟ་བུའི་རིང་བསྲེལ་ནི་མི་འབའ་ཞིག་པ་ལས་བདེ་འགྲོ་གཞན་པས་མི་ཐོབ་ཅེས་གྲགས་པ་ནི་དགོངས་གཞི་ཅན་དུ་མ་ཤེས་ན་སྐུ་གདུང་ཆ་བརྒྱད་དུ་བགོས་པའང་དོན་མེད་ལ། འོན་ཀྱང་ཀླུ་སྒྲུ་ཞབས་ཀྱིས། མིའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་ལས་འབྱུང་སྟེ། དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཡུལ་དེའི་གདུལ་བྱ་སྐྱོབ་ལ། དམ་པའི་ཆོས་ནམ་ནུབ་པར་གྱུར་པ་ན་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུའི་གཟུགས་སུ་འགྱུར་རོ།། དཔེར་ན་ལོ་སྟོང་ལོན་པའི་ཆབ་རོམ་རིན་པོ་ཆེ་སྦུག་ཏུ་གྱུར་པ་བཞིན་ནོ།། ཞེས་པའི་དོན་ནི་བསྟན་པ་ནུབ་པ་ན་རིང་བསྲེལ་གྱི་ཡོན་ཏན་ཤེས་པར་མི་ནུས་པས་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུར་གནས་གྱུར་ནས་ཀླུ་རྣམས་ཀྱི་དོན་བྱེད་པ་ལ་དགོངས་པའོ།།

གཉིས་པ་ནི། གསོལ་བ་བཏབ་ན་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་སྟེ། རིང་བསྲེལ་ལས་སླར་གྱུར་པའི་མཆོག་ཀླུ་དབང་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་། ལྷ་དང་དྲང་སྲོང་རྣམས་ལ་ཕུལ་བས་འཇིག་རྟེན་གྱི་བསོད་ནམས་སུ་གྱུར་པ་ཉིད་ཀྱང་། རིན་ཐང་འཛམ་བུའི་གླིང་དང་མཉམ་པས་སྐྱེ་བོ་ཕལ་པ་རྣམས་ཀྱི་ལག་ཏུ་མི་འབྱུང་ངོ་།། དེ་ལ་ཙིནྟ་མ་ཎིའི་མཚན་ཉིད་ནི། ཁ་དོག་ནམ་མཁའ་ཞུན་མ་ལྟ་བུ་ལ་སེར་མདངས་ཅུང་ཟད་མངོན་པ། རྨ་བྱའི་མདོངས་ལྟ་བུའི་རི་མོ་བདུན་གྱིས་ཤིན་ཏུ་མཛེས་པར་བྱས་ཤིང་། ཆེ་ཤོས་བྱ་གག་གི་དར་སྒོང་ཙམ་ལ་ཟུར་མང་ཉུང་དུ་མངོན་པ། ནམ་མཁར་བཏེག་ན་དེ་དང་འགྲོ་ཞིང་མིག་ལ་བཀབ་པས་ཉིན་མོའི་འོད་ཀྱང་ཟིལ་གྱིས་ནོན་པ་ལྟར་སྐར་ཚོགས་ཐམས་ཅད་མཚན་མོ་ལྟར་མཐོང་བ། དགོས་འདོད་འབྱུང་བའི་རྟགས་སུ་ངོ་བོ་ཉིད་ལ་ཀ་ཤི་ཀའི་རས་བརྩེགས་མར་བཀབ་ནས་བདེན་པའི་སྟོབས་བརྗོད་ན། དེའི་མོད་ལ་བླ་འོག་བརྗེ་བ་ཁྱད་པར་གྱི་ཆོས་སོ།།

གཉིས་པ། བྱེ་བྲག་ཏུ་སྨྲོས་པ།

གཉིས་པ་ལ་བཞི། རྟེན་ཁྱད་པར་ཅན་འགྲུབ་པའི་རྒྱུ་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་མཚན་ཉིད། དེ་ལ་བརྒྱན་པར་འོས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རྣམ་དབྱེ། གང་ཞིག་གྲུབ་པའི་འབྲས་བུ་རྟེན་གྱི་ངོ་བོ་ལ་དཔྱད་པ། གང་ལ་རིམ་གྲོ་བསྐྱེད་པའི་ཕན་ཡོནབཤད་པའོ།།

དང་པོ། རྟེན་ཁྱད་པར་ཅན་འགྲུབ་པའི་རྒྱུ་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་མཚན་ཉིད།

དང་པོ་ནི། དེལ་བཞུ་བའི་ཁམས་ཀྱི་རིན་ཆེན་བཤད། །རྒྱ་གར་ཕྲལ་སྐད་སོན་ཞེས་བྱ་སྟེ། །འཁོར་ལོས་སྒྱུར་བའི་ལྕགས་ཀྱི་དང་པོ་གསེར། །འདི་ལ་རིགས་ཕྲན་མང་ཡང་རིགས་ཆེན་གཉིས། །ཁ་དོག་གིས་བརྟག་དམར་སེར་གཉིས་སུ་ཡོད། །མཆོག་ཏུ་གྱུར་པ་གསེར་དམར་ཉིད་ཡིན་ཏེ། །མ་དྲོས་མཚོ་ནང་འཛམ་བུ་ཏྲིཀྵའི་འབྲས། །ཀླུ་མཆོག་རྣམས་ཀྱིས་རིན་ཅེན་སྣ་བདུན་དང་། །བསྲེས་ནས་ཟོས་པའི་ངོ་བོ་གསེར་དམར་ཏེ། །རྟེན་འབྲེལ་ཚོགས་པའི་རང་བྱུང་ཇྷིཀྵིཾ་ཡིན། །རླབས་ཀྱིས་དེད་པས་སིནྡུའི་འགྲམ་དུ་ཆགས། །དེ་ཉིད་མེ་ཟན་ཞེས་བྱའི་འདབ་ཆགས་ཀྱིས། །ཟོས་པས་ཚེ་རིང་བྱར་གྱུར་དེའི་དྲོད་ཀྱིས། །བཞུ་བཏུལ་སྦྱངས་པས་བཙོ་མ་ལྟ་བུར་གྱུར། །ཇིང་གིར་དང་ནི་ཧོར་གྱི་ཡུལ་དུ་མོད། །ཟངས་དམར་མཚུར་གྱིས་མདོག་འདོན་བྱས་པ་འདྲ། །སེར་པོ་མཆོག་དམན་གཉིས་ལས་ས་ལེ་སྦྲམ། །མཆོག་སྟེ་ངོ་བོ་བིཀྵིའི་འབྲས་བུ་ནི། །ཉ་ཡིས་ཟོས་བྱུང་དམར་སེར་གུར་ཀུམ་མདོག །འོད་ཟེར་སྣུམ་བག་གཉིས་ཀ་ལྡན་པ་ཡོད། །ཕལ་པ་རི་རྡོ་བྱེ་མ་ཟངས་ལས་བྱུང་། །སེར་ལ་དམར་མདངས་ཆགས་པ་རབ་ཡིན་ལ། །སྟོད་གསེར་སྔོ་ཞིང་མཉེན་ལ་བོད་གསེར་གྱོང་། །སྔོ་དང་སྐྱ་དང་ནག་དམས་རིམ་པས་དམན། །རྒྱ་བོད་ཐོ་གར་ལི་ཡུལ་ཀུན་ནས་ཐོན། །ར་གན་བསྲེས་དང་གསེར་འགྱུར་བྱས་པ་ཡི། །གསེར་མེན་དག་དང་མ་འཁྲུལ་གཅེས་པའོ། །ནུས་པས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །

རུ་པཱཾ་དངུལ་ནི་ས་རྡོ་ཤིང་ལས་བྱུང་། །མཆོག་ཏུ་གྱུར་པ་གླིང་ཕྲན་ཨ་ལ་ཡིར། །ས་གཤོར་བྱུས་པའི་ནང་དུ་ཆར་པའི་ཆུ། །བབས་པའི་རྐྱེན་ལས་ཆབ་རོམ་ལྟ་བུར་ཆགས། །རྡོ་ལས་བྱུང་བ་དངུལ་རྡོ་འོད་ཕྲོམ་པ། །དབྱེ་ན་རྡོ་ཡི་བྱེ་བྲག་ལྔ་ལས་བྱུང་། །དང་པོ་ལྕགས་སམ་གཤའ་དང་ཞ་ཉེ་དང་། །ཟངས་འབབ་དེ་ནས་སླར་བཞུ་དངུལ་འབྱུང་བའི། །རིགས་བཞིར་ངེས་ཀྱང་བོད་དུ་རྡོ་དངུལ་ཉིད། །དེ་ཡང་ར་དངུལ་སྔོ་ལ་ལུག་དངུལ་དཀར། །འཁར་བ་སུམ་ཆ་འདྲེས་པ་ཧ་ཡང་ཧོ། །གུ་ལང་ཤིང་ཀུན་གར་ལོག་དངུལ་མདོག་བཟང་། །ཉིས་བཞུས་ལྕགས་དངུལ་སྔོ་ལ་གཤའ་དངུལ་དཀར། །ཞ་དངུལ་ཁམ་ལ་ཟངས་དངུལ་དམར་ཞེས་གྲགས། །ཤིང་ལས་བྱུང་བ་ཁབ་ར་ས་ན་ནས། །རུ་བ་ད་རུ་ཞེས་བྱའི་ཤིང་བསྲེགས་ཞུན། །བབས་པ་དེ་ལས་ཆགས་པ་དཀོན་པར་སྣང་། །ཆུ་སེར་རྣག་ཁྲག་སྐེམ་པར་བྱེད་པ་ཡིན། །

རྔུལ་ཆུ་རྒྱ་མཚལ་ཕ་ཝང་ལོང་བུ་དང་། །རྡུལ་དྲེག་ཆགས་པའི་གོས་དང་རེ་བ་དང་། །ཕྱུགས་ལྷས་སྔོ་སྣེའུ་ཕུག་རོན་སྡིག་པ་ནག །རྡོ་ལས་འབྱུང་བ་དཀར་ཞིང་གཡོ་བ་བཟང་། །སྔོ་ལ་བུལ་པ་ངན་ཅིང་འདར་འཕྲིག་ཅན། །ཟངས་ནི་མཆོག་དང་ཕལ་པ་གཉིས་སུ་འདུ། །མཆོག་ནི་ཟངས་རྡོ་སྤང་མ་དག་གི་ལྡེབས། །འབྱར་དང་རང་བྱུང་ཐིག་པོ་ས་ལས་འབྱུང་། །ཕལ་པ་གཉིས་ནི་ཟངས་རྡོ་བཞུས་པ་ལས། །ཕོ་ཟངས་དམར་ནག་གྱེད་ལ་སྐད་ཐག་ཐུང་། །མོ་ཟངས་མཉེན་ཞིང་དམར་ལ་སྐད་ཐག་རིང་། །གསེར་བཙོད་ལི་ལྕགས་ཟངས་བཞིར་དབྱེ་བའང་གྲགས། །

ལྕགས་ནི་རྡོ་ཡི་སྙིང་པོ་ཉིད་ཡིན་ཏེ། །སྲོག་ཆགས་དག་ལས་བྱུང་དང་གནམ་ལྕགས་སོགས། །ངེས་པ་མེད་ཀྱང་མཐིང་རྡོ་ལྕགས་རྡོ་དང་། །ཁབ་ལེན་མདུང་རྩེ་སོགས་ལས་བྱུང་བ་ལ། །འབྱུང་བ་ལྔ་ཡི་མིང་འདོགས་གྲགས་ན་ཡང་། །ཕོ་མོ་མ་ནིང་རྗེས་སུག་སྣ་འདུས་ལྔ། །དཀར་ལ་གྱོང་ཞིང་དར་ཐོག་གནག་པ་ཕོ། །གནག་ལ་མཉེན་ཞིང་དར་ཐོགས་དཀར་བ་མོ། །སྔོ་སྐྱ་མ་ནིང་རྗེས་སུག་སྔོ་ལ་དམར། །སྣ་འདུས་རི་མོ་ཅན་དུ་འདོད་པ་ཡིན། །ཀུན་ལ་རྣོ་ཁྱད་འདོན་པ་ངར་གྱི་འཕྲུལ། །ངར་ལ་ཚ་ངར་གྲང་ངར་རྣམ་གཉིས་ལས། །ཕོ་མོ་སྣ་འདུས་མ་འདྲེས་བཞི་པོ་ལ། །རིམ་བཞིན་ཆུ་སྣ་ཚྭ་སྣ་དུག་སྣ་དང་། །སྨན་སྣས་ཚ་ངར་འདོན་པ་ཁྱད་པར་ཡིན། །མ་ནིང་གྲང་ཆུ་རྗེས་སུག་ཚ་འོ་ཡིས། །སྦྲུས་པའི་འཇིམ་པ་གཡོགས་པས་གྲང་ངར་འདོན། །ལྕགས་ལ་ངར་གྱིས་བརྒྱན་པ་ཞེས་སུ་གྲགས། །མགར་ལ་མཁས་པ་སོག་པོ་ཐུབ་རྒྱལ་དང་། །བུད་མེད་གྲི་ལང་ཐོ་བཞའ་བ་ཟབ་མོ། །ཧོ་གེ་ཧོར་དང་གྲི་བཀུམ་བཙན་པོའི་རུས། །ལི་ཟི་སྤུན་དགུ་འཇའ་ཡུལ་ཐལ་མགོ་སོགས། །བཟོ་ཁྱད་ཆུབ་པས་བྱས་པའི་རལ་གྲི་ནི། །ཆོད་ཚད་ཕལ་པའི་བརྒྱ་འགྱུར་ལ་སོགས་ཡོད། །ཁྱད་པར་ཁབ་ལེན་ལྕགས་ནི་རིགས་བཞི་ལ། །འགུགས་དང་བཅོད་དང་འབིགས་དང་སྐོར་བྱེད་བཞི། །དང་པོས་ས་ལས་རྒྱ་ཁབ་ལེན་པ་ཡིན། །གཉིས་པས་ལྕགས་གཞན་གཅོད་ལ་གསུམ་པས་འབིགས། །སྐོར་བྱེད་ལྷུན་པོའི་ངོས་ལ་ཁབ་ལེན་གྱི། །བྲག་རི་ཡོད་པས་ལྕགས་གཞན་རང་ཕྱོགས་ལ། །བསྐོར་ཚུལ་ཙི་ནའི་ཕྱོགས་བརྟག་འཁོར་ལོས་མཚོན། །དེ་བཞིན་རྒྱལ་ཁབ་དེ་ཡི་ལྕགས་རི་ལ། །ལྕགས་ཀྱི་ཕྱག་རྡོར་བར་སྣང་ལྡིང་བ་ཡང་།(ཆག་ལོའི་ལམ་ཡིག་ལས་གསལ།) །ཁབ་ལེན་ལས་བྱས་ལྕགས་རིའི་འཕྲུལ་དུ་སྨྲ། །དུག་ལྕགས་རྡོ་སོལ་ལས་གཞན་བཞུ་མི་ནུས། །གནམ་ལྕགས་རིགས་ལྔར་འབྱུང་ཞིང་སྒྲ་དབྱངས་རིང་། །སྣུམ་ཞག་ཆེ་ལ་དམས་ནག་དངས་ཆ་ཆུང་། །གདོན་བགེགས་འཇོམས་པའི་གཉེན་པོ་ཡིན་པས་ན། །གཏེར་ཕུར་རྩོད་མེད་འདི་དར་འགུགས་བྱེད་མང་། །ཐོག་ལྕགས་ལི་འདྲས་རུམ་བསྐལ་པ་རུ། །གནས་ཀྱང་བཙའ་ཡིས་མི་འཇིག་གཟུགས་བརྙན་ཅན། །ཁ་དོག་དཀར་སེར་དམར་ནག་མང་བ་ཡིན། །

གཤའ་འམ་ཀླུ་ནི་གཤའ་རྡོ་བཞུས་ལས་འབྱུང་། །རྒྱ་གར་རྒྱ་ནག་ལས་བྱུང་དཀར་ལ་མཉེན། །བོད་ཀྱི་གཤའ་དཀར་འབྲིང་ལ་གཤའ་ནག་ངན། །ཚ་བ་རོང་ནས་དོན་པའི་གཤའ་དཀར་དང་། །འཇུས་ནས་ཐོན་པའི་གཤའ་ནག་གཉིས་སུ་སྲིད། །རྨ་གསོ་གདོན་འཇོམས་སྤུ་ནག་དངུལ་ཆུ་འཚིང་། །ཏི་ཚ་སྔོ་དམར་རྡོ་རིགས་གཉིས་ལས་ཏེ། །དངུལ་བས་སྔོ་མདངས་ཆེས་ཆེ་སོ་བར་གསེག །སྟོད་ནས་ཐོན་པ་མོ་རིགས་ལྷེབ་མོ་བཟང་། །སྨད་ནས་བཅག་འཕྲོ་ལྟ་བུ་ཕོ་རིགས་ངན། །གང་ཡང་སོལ་མེར་བསྲེགས་ན་དུད་པར་ཡལ། །མིག་ནད་སྤྱི་དང་ལིང་ཏོག་འཇོམས་པའི་མཆོག །ཟི་ལི་རྒྱ་ནག་ནས་འོང་གཤའ་དཀར་འདྲ། །དེ་ལས་སྲ་ཞིང་སོ་བར་བལྡད་མི་སེག །ཟངས་རག་ལ་བསྲེས་ཏོང་དཀར་ཏང་དམར་འབྱུང་། །བཏུལ་མས་རེག་དུག་ནད་ལ་ཕན་པའོ། །ཁྲོ་ནི་རྡོ་བཞུས་ལས་བྱུང་བརྡུང་དུ་མེད། །གདོན་གཟེར་འབུ་སྲིན་ལ་སྦྱར་དུག་ནད་སེལ། །ཞ་ཉེ་དངུལ་རྡོ་འདྲ་བའི་རྡོ་ལས་སམ། །དངུལ་གྱི་ཐལ་གདན་ལས་དང་ས་འོག་ནས། །འབྱུང་བའི་རྡོ་བ་ལྗང་སེར་ལྕི་ལྡན་གསུམ། །བཞུ་བའི་ཁུ་བ་དཀར་དམར་གཉིས་སུ་འབྱུང་། །དུག་ནད་ཤ་རོ་འཇོམས་པའི་ནུས་པར་ལྡན། །དེ་ལྟར་འཇུ་བའི་ཁམས་ཅན་བཅོ་ལྔ་ལས། །ཟངས་ལ་སྟོང་གཤའ་བརྒྱད་དང་དྲུག་སྐོར་བསྲེས། །དེ་ལས་འཁར་བ་དཀར་དམར་འབྱུང་བ་ཡང་། །ནཻ་པལ་ལས་སར་ལི་དངོས་རྒྱུ་དག། ར་ཁན་ལ་ནི་རྒྱ་རག་བོང་རག་གཉིས། །ཕོ་རག་སྐྱ་ལ་མོ་རག་ལྗང་སེར་ཏེ། །རག་རྡོ་དང་ནི་ཏི་ཚ་བསྲེ་ལུགས་ཁྱད། །སར་མདངས་ཤིན་ཏུ་ཐོན་པ་གར་ནག་རག །ལི་ལ་རང་བྱུང་བཅོས་བུ་གཉིས་སུ་ཡོད། །རང་བྱུང་སིངྒལའམ་ལི་ཡུལ་གྱི། །རི་བོ་རྒྱལ་བས་བྱིན་བརླབས་ལི་རྡོའི་ཞུན། །བཅོས་བུ་འོད་ལ་སོགས་པར་བྱུང་བ་སྟེ། །གསེར་དངུལ་ཟངས་ལྕགས་བཤའ་དང་ཏི་ཚ་དང་། །ཟིལ་ཁྲོ་དང་ཞ་ཉེ་རྣམ་པ་དགུ། །ཀུན་ནས་འདུས་སམ་གཙོ་ལ་འཁོར་དུ་ལྡན། །དམན་པ་བསྲིངས་ལས་བཟང་ངན་ཁྱད་པར་ཆེ། །དེ་ཡང་མདོག་ལི་སྐད་ལི་གཉིས་སུ་ཡོད། །མདོག་ལི་སྐུ་གསུང་ཐུགས་རྟེན་གསུམ་ཀར་གཅེས། །གཤའ་རིགས་དྲུག་ལ་ཟངས་ཀྱི་སྐོར་ཐང་དང་། །ཏི་ཚ་གསེར་དངུལ་བསྲེས་པ་མདོག་ལི་སྟེ། །བསྲེ་ལུགས་ལག་རྒྱུན་མཁས་པས་ལི་དཀར་དང་། །ལི་དམར་ལི་སྨུག་ལི་ནག་འབོལ་ཞག་ཅན། །སྐད་ལི་ལ་ནི་ཟིལ་བསྲེ་བ་གནད། །དེང་སང་ཁ་ཆུར་ཡུལ་ནས་དོན་པའི་རྡིག །སྐུ་རྒྱུར་བསྲེས་ནས་ཁྱད་པར་འཕགས་པའི་རྒྱུ། །དེ་དག་ཀླ་ཀློའི་ཆོས་ལུགས་འཛིན་པའི་ཕྱིར། །སྔོན་བྱུང་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན། །སྦྱངས་ནས་དཔྱད་པ་ཟོན་མི་ཁོམ་པའི། །གནས་ངན་ལེན་ལའང་སྐྱོ་བ་བསྐུལ་བྱས་ནས། །ཇི་ལྟར་བཤད་པའི་དགོས་པ་རིན་པོ་ཆེ། །རྙེད་ན་བསོད་ནམས་དམ་པའི་ནོར་ཉོས་ཤིག །དེ་སྐད་དུ་ནི་དཔའ་བོ་ཡིས། །ཁྱོད་ཀྱིས་མཐོ་རིས་བྱང་གྲོལ་གྱི། །ཐེམ་སྐས་མི་མཉམ་མཉམ་པའི་ཕྱིར། །བསོད་ནམས་ལས་བྱུང་བཟོ་རིག་ཆེ། །རྟག་ཏུ་ལྷ་ཁང་དག་ཏུ་བསོགས། །ཞེས་སོ།།

གཉིས་པ། དེ་ལ་བརྒྱན་པར་འོས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རྣམ་དབྱེ།

གཉིས་པ་དེ་ལ་བརྒྱན་པར་འོས་པ་ཡི། །རིན་པོ་ཆེ་ཡི་རྣམ་དབྱེ་བཤད་ཀྱིས་ཉོན། །འཇིག་རྟེན་གང་ན་སྙིང་པོས་བཏང་བའི་ལུས། །སོ་བྱས་ཉ་ལ་བཞིན་དུ་འཆི་བདག་གིས། །བདེ་བླག་ཉིད་དུ་སྒྲེན་མོར་བྱེད་པ་ལ། །ནོར་བུའི་དོ་ཤལ་དཔྱད་པ་ཤིན་ཏུ་བླུན། །དེ་ཕྱིར་རིན་ཆེན་རྙེད་ཙམ་བསོད་ནམས་མིན། །བྲམ་ཟེ་དགེ་བས་བཛྲ་ཨ་ས་ནའི། །མཧཱ་བོདྷི་བཞེངས་ཚེ་ག་ཤེད་ནས། །ཨཱཏྤ་གརྦྷ་རྙེད་པ་སྤྱན་འབྲས་དང་། །ཨིནྡྲ་ནི་ལ་མཛོད་སྤུར་ཕུལ་བ་ལས། །མཚན་མོའང་ནོར་བུའི་འོད་ཀྱིས་གསལ་བ་ལྟར། །རྒྱལ་དང་དེ་སྲས་རྣམས་ལ་རྒྱན་མཆོག་གིས། །མངོན་པར་བརྒྱན་པར་བྱ་ཕྱིར་དོན་འདི་བཤད། །དེ་ལ་བཞུ་བ་མ་ཡིན་རིན་པོ་ཆེའི། །དང་པོ་བཻཌཱུརྱ་ལ་རིགས་གསུམ་གྱི། །མཆོག་ནི་གྱི་ལ་མིག་སྟེ་སེར་ཞིང་བཀྲག །གསོན་པོའི་མིག་འདྲ་མཚན་མོ་འོད་ཟེར་འབར། །དེ་བཞིན་མེ་ལ་བཅུག་ན་བཀྲག་མདངས་ཆེ། །ཁྱོད་དངས་གསེར་སྐུད་ལྟ་བུའི་ཟེར་གདངས་མང་། །རིན་ཐང་གླིང་བཞི་དང་མཉམ་སྦྲུལ་དུག་བསྲུང་། །མཉྫུ་བཻཌཱུརྱ་ཞེས་གྲགས་པ་ཡིན། །སུག་ཉ་ནི་ཁ་དོག་ལྗང་གུ་ལ། །མཚན་ཕྱེད་འོད་ཟེར་འབར་བས་མུན་པ་འཕྲོག །དཀར་ལ་འོད་ཟེར་མེད་པ་ལ་རྐུ་སྟེ། །རིམ་པས་དམན་ལ་གསེར་སྐུད་ལྟ་བུ་ཡང་། །སྔ་མ་སྔ་མའི་སུམ་ཆ་ཙམ་གྱིས་ཉུང་། །འདི་དག་འོག་སྲན་ཆུང་ཙམ་གནས་ཀྱང་། །ནམ་མཁའ་འོད་ཀྱིས་གང་ཞེས་རྒྱུད་ལས་བཤད། །བཅངས་དང་འོད་ཟེར་འཕོག་པས་ནད་ཀུན་སེལ། །ཨིནྡྲ་ནི་ལ་ཁ་དོག་ལས་སྨོས་ཏེ། །རིགས་ཅན་གསུམ་ལས་མཆོག་ནི་སྟོན་གནམ་འདྲ། །སྟེང་དུ་དར་རས་བཞག་ན་རང་གི་འོད། །དེ་ལ་གདུགས་ལྟར་འཁོར་ཏེ་སྔོན་པོར་འགྱུར། །ནཱི་མ་ལ་ནི་སྔ་མ་ལྟ་བུ་ལས། །བཀྲག་མདངས་དེ་ཡི་སུམ་ཆ་ཙམ་ལས་མེད། །

                ཀ་ཀ་ནཱི་ལ་སྔ་མ་གཉིས་ལས་ནག །རང་འོད་ཉི་མ་གང་ཡོད་ཕྱོགས་ལ་སྦྲེལ། །ཟུར་ཆག་སྒྲ་ལས་ཨིནྡ་རྙིལ་ཞེས་གྲགས། །དབང་པོའི་རྒྱན་ཡིན་རིན་ཐང་རིམ་པ་ལྟར། །གསེར་དང་སྟོང་སྐོར་བརྒྱ་དང་བཅུ་ཕྲག་གོ། །ནད་དོ་ཅོག་རྣམས་སེལ་བའི་སྨན་མཆོག་ཡིན། །དེ་བཞིན་རྡོ་ཡི་སྙིང་པོ་མ་རྒད་ལ། །མ་ར་ཀ་ཏི་ཞེས་ཀྱང་གྲགས་པ་སྟེ། །ཁ་དོག་སྔོ་ལ་དངས་པ་རབ་ཡིན་ལ། །སྔོ་སྐྱ་འབྲིང་པོ་དཀར་ལ་དམར་མདངས་ཞེར། །ཁ་དོག་ལྗང་སྔོན་དག་ཀྱང་བཤད་པ་ཡོད། །ཀུན་ཀྱང་དངས་ལ་ཆེ་ཚད་སྟར་ཁ་ཙམ། །ནད་ལ་ཕན་པ་ལགྨན་སིངྒར་འབྱུང་། །པདྨ་རཱག་ལ་ནི་རིགས་དགུ་སྟེ། །དུར་དམར་དངས་པ་པདྨ་རཀྟ་སྟེ། །སོར་གསུམ་ཙམ་དུ་རང་འོད་གསལ་བ་ཡིན། །དམར་སྨུག་དངས་པ་ཧ་རི་གེ་རི་སྟེ། །ཟེར་གདངས་དམར་སེར་གཉིས་ཀ་ཡོད་པ་ལེགས། །པུཥྤ་དམར་སྨུག་རང་གི་བདུན་འགྱུར་འོད། །ཛ་ཏི་མཚམས་སྤྲིན་མདངས་ལ་འོད་ཁྲུ་གང་། །ལ་ལ་སོལ་མེ་ལྟར་བཀྲག་འོད་སོར་གསུམ། །མུ་ལ་སེ་འབྲུ་སྨིན་འདྲ་འོད་ཟེར་དམར། །སྤུག་ནི་དམར་ལ་འོད་ཟེར་སོར་དོ་ཙམ། །རྣམ་རྒྱལ་མེ་འདྲ་འོད་ཟེར་སོར་མོ་གང་། །གོ་མོ་ད་ནི་ཕྱི་བལྟས་མཆིན་ཁ་ལ། །ནང་ནི་མེ་འདྲ་མཁའ་ལ་བཏེག་ན་ཟེར། །ཀུན་ཀྱང་འོད་ཟེར་ཕྱོགས་གཅིག་འཕྲོ་བ་ཡིན། །ཆ་ཚད་མཐེབ་མཛུབ་ཙམ་ནས་ཙུ་ཏའི་འབྲུ། །ཙམ་པའི་བར་ལ་ངེས་པ་མེད་པ་ཡིན། སིངྒལར་འབྱུང་ནད་གདོན་གཉིས་ཀར་ཕན། །འདི་དག་ཕལ་ཆེར་རིན་ཐང་ཅན་དུ་འདོད། །ཆུ་ཤེལ་ལན་ནི་ཙནྡྲ་ཀནྟི་ནི། །དཀར་ལ་སྔོ་དངས་ཅུང་ཟད་ལྡན་པ་སྟེ། །བཅོ་ལྔའི་ཟླ་བ་ཉ་དང་ཟེར་འདྲེས་པས། །ཆུ་ཐིགས་གྲང་མོར་འབབ་པ་ཆུ་ཤེལ་རིགས། །བཅངས་ནས་ཚད་སེལ་བ་ཁ་ཆེ་དང་། །མ་ལ་ཝར་འབྱུང་བོང་དུའང་མངོན་རྟོགས་སྲིད། །ཀརྟིཀའམ་ཀ་ཀེ་རུ་ལྗང་སེར། །ཆུ་ཡི་ནོར་བུ་གངས་སམ་ཆབ་རོམ་ལོ། །སྟོང་ཕྲག་ལོན་པ་ཁ་དོག་ལྗང་སེར་རམ། །ཁྲ་བོར་བཤད་པའི་ཕྱོགས་གཉིས་ངོ་བོ་སྤུག །རཱ་གའི་སྤུག་དང་མ་ནོར་ཚད་པ་སེལ། །གངས་ལྡན་དྲག་འགར་ཆ་ཐེགས་འབབ་མ་རག །རྔོ་བ་སྔོ་ཟར་འདྲ་བ་ཆགས་པ་ཡང་། །པུ་ཤ་ལོ་གྲངས་མ་རྫོགས་ཉིད་དུ་ངེས། །མེ་ཡི་འཇིགས་པ་སྐྱོབ་པའི་ཆུ་སྙིང་ནི། །ཁ་དོག་དཀར་ལ་སྤ་བ་ཤལ་ལྟར་དངས། །ཆུ་ནང་བཅུག་ན་འདྲེས་པ་ཀླུང་ལ་བརྟག །མེ་སྟེང་བཞག་ན་མེ་ཡང་མོད་ལ་འཆི། །སྲན་སྦོས་ཙམ་པ་ཕྱུར་བུའི་དབྱིབས་སུ་འོང་། །ངོ་བོ་ཆུང་ཡང་གསེར་སྲང་རིབ་ཡིན། །ནི་ལ་ཚ་ནི་མེ་ཡིས་མི་འཇིག་སྟེ། །སྔོན་པས་ཆེས་ཆེ་རྒྱ་གར་ཕལ་ནས་འབྱུང་། །ཙུ་ཏ་མ་ནི་ཁ་དོག་སེར་པོ་ལ། །གང་བལྟས་ཕྱོགས་ལ་མིག་གི་རི་མོ་མངོན། །འོད་ཟེར་མི་འཕྲོ་གྲིབ་གདོན་རྨི་ངན་བསྲུང་། །སི་ར་ཀ་ཞེས་བྱ་སེར་དངས་དོ་ཀར་འོད། །སོར་གསུམ་འཕྲོ་དང་གཉིས་ཀ་མེས་མི་འཇིག །འདི་དག་ཧོངྨུ་ཙ་དང་ཀ་ལིངྐ། །མུ་ཙེ་ར་ཏ་ཞེས་པའི་ཡུལ་ལས་འོང་། །ཁྱད་པར་ཆུ་ཡི་སྙིང་པོ་རིན་ཐང་ཅན། །ནི་ཙུ་ལ་ནི་ཁ་དོག་སེར་པོ་ལ། །ཀུན་ནས་མིག་རིས་གསལ་ཞིང་ཉི་མའི་སེར། །ལག་མཐིལ་དུ་བཞག་མོད་ལ་ཆུ་འབྱུང་ཞིང་། །ཁ་ནང་བཅུག་ན་སིམ་པ་ཐོབ་པ་སྙམ། །འདི་ནི་གནམ་ཐོག་འབབ་སར་ཐོག་ལྕགས་ལས། །བྱས་པའི་ཡོལ་གོ་ཆུས་བཀང་དེ་ཡི་ནང་། །འཁར་གཞོང་བཟེད་པས་ནོར་བུ་དེ་རུ་འབབ། །འཁར་གཞོང་བཤིག་ཀྱང་ནོར་བུ་ཆུང་ནང་ལས། །གཞན་དུ་མི་འཕོ་ཐོག་གི་འཇིགས་པ་བསྲུང་། །ཨཏྨ་གརྦྷ་ལནི་རིགས་གཉིས་ཏེ། །ངོ་བོ་གནག་སྣུམ་དམར་མདངས་ཆགས་པ་ལས། །ཅུང་ཟད་གསལ་དངས་ཆེ་ལ་དྲུ་མར་གྲགས། །ཆུ་ནང་རྡོ་ལས་སྐྱེས་པས་རྡོ་སྙིང་སྟེ། །མཆིན་དུག་སེལ་ལ་མཆོག་ཏུ་བསྔགས་པ་ཡིན། །ཏོ་ར་མ་ཎི་ཞེས་བྱ་རིགས་གསུམ་སྟེ། །ཁ་དོག་ལྗང་གུ་འོད་སོར་དོ་པ་དང་། །ཤཀྐ་མདོག་ནག་མིག་འབྲས་འདྲ་བ་རབ། །ཀ་ན་ཀ་ནི་གསེར་གྱི་འོད་ཅན་ནོ། །བུ་གནྟི་ལ་རིགས་གཉིས་རཀྟ་ནི། །ཟངས་ཀྱི་མདོག་ལ་འོད་སོར་ཕྱེད་པ་སྟེ། །ནཱི་ལ་སྔོ་ནག་འོད་སོར་གསུམ་པ་ལེགས། །ཟུར་གསུམ་རང་བྱུང་མ་ག་དྷ་ནས་ཐོན། །ཛ་ཏི་རུ་པ་རིགས་གཉིས་སྔོ་སྐྱ་་དང་། །དམར་སྐྱས་དབྱེ་སྟེ་གཉིས་ཀ་བླང་བའི་དུས། །རྔུལ་ཆུ་བཞིན་དུ་འགྲོས་སྐྱེན་ཁ་ཆེར་ཡོད། །སྲིད་སྤེལ་བྱིས་གདོན་ཐུབ་པས་ཞོ་བརྒྱ་རི། །པཱ་ནའམ་རྨ་བྱའི་མགྲིན་འདྲ་སྔོན་པོ་ལ། །རི་མོ་ནག་པོ་ཕྲ་མོ་མངོན་ཙམ་པ། །དེ་ཝི་ཀོ་ཊ་ནས་འབྱུང་ཚེ་བར་ཕན། །ནལ་ནི་མཆིན་མདོག་དངས་ཤས་ཆེ་བ་ལ། །དུང་གི་སྟེང་བཞག་དེ་ལ་དམར་མདངས་འཕོ། །ཆེ་ཤོས་མཐེབ་ཙམ་གྲུ་བཞིར་ཡོད་པ་མང་། །སྨུག་ཡོས་དུག་དང་དམར་པོས་མཆིན་ཁྲག་སེལ། །བྷི་རོ་ལ་ལ་དྷ་ལ་སིངྒ་གཉིས། །དྷ་ལ་མདོག་སེར་མཐེ་བོང་ལྡབ་འགྱུར་ཙམ། །སེར་གངས་བཞི་འཕྲོ་སེངྒ་ལར་འབྱུང་བཟང་། །གཡུ་སྦྲང་མདོག་འདྲ་ཟེར་མེད་ཆུང་བང་ན། །ཤངྐ་ཤི་ལ་མེ་ཤེལ་དཀར་པོ་སྟེ། །ཉི་འོད་དངས་ལ་མེ་འབྱུང་ཁ་ཆེ་དང་། །མཎྜལར་འོད་གྲང་ནད་གཟའ་གདོན་བསྔགས། །རྒྱ་ཡི་འདྲ་ཅོག་ལྦུ་བ་ཅན་དུ་ཡོད། །ཁྱུང་གིས་རྒྱ་མཚོར་ནོར་བུ་མིད་སྐྱུགས་པས། །ཁྱུང་སྐྱུགས་ཞེས་གྲགས་གཞིག་ངན་ལྗང་སྐྱ་མང་། །གཞན་དུ་ཁ་དོག་རིགས་ལྔས་གྲ་རིགས་དབྱེ། །ཁྱད་པར་ཅན་ནི་མཁའ་ལྡིང་རྫུས་སྐྱེས་ཀྱིས། །དུག་སྤྲུལ་ཟོས་པས་སྐྱུག་ཅིང་འཆི་བའི་ཚེ། །ལུས་ནི་ཞུགས་སྦྱངས་དོན་སྙིང་བཻཌཱུརྱའི། །ངོ་བོར་གྱུར་བ་བརླ་ཙམ་ཤིན་ཏུ་སྔོ། །དབང་པོས་ཐོབ་ན་གཙུག་ནོར་བྱེད་ཟེར་ཡང་། །ཁང་བཟང་རྣམ་པར་རྒྱལ་པའི་ཀ་བ་ནི། །བརྒྱད་ཁྲི་བཞི་སྟོང་ལྷ་ཡི་བཻཌཱུརྱ། །སྔོན་པོར་མདོ་ལས་གསུངས་པ་མ་མཐོང་ཉམས། །འཁོར་ལོས་སྒྱུར་ཐོབ་ཁྱད་ནོར་བྱེད་པས་དཀོན། །ཕལ་པ་གཡུ་རྙིང་འདྲ་འོ་མཐིང་མདངས་ཅན། །མཁའ་ལ་བཏེག་ན་ཕྱི་ནང་བསྒྲིབ་མེད་གསལ། །དམར་སེར་འབོལ་ཉམས་ཤེལ་ལྟར་དངས་པ་རབ། །ཀོང་ཡུལ་ནད་རྡོ་ལྗང་སེར་འདྲ་ཅོག་ཙམ། །གཞི་ལྡན་དཀར་ལ་སྔོ་དམར་ལྗང་སེར་འདྲེས། །ཤང་ཤང་གིས་འཁྱོངས་དཀར་གྱི་ཕྲ་མན་གྲགས། །སྦྲུལ་གྱི་ཁ་ནས་བྱུང་བའི་ནོར་བུ་ནི། །ཁ་དོག་སེར་པོ་ཆུ་ལ་མི་བྱིང་དངོས། །དུག་ནད་བསྲུང་བ་ཙི་ནའི་ཡུལ་ནས་འོང་། །ཏར་མི་དཀར་སྨུག་ཁྲ་དང་ཞུ་ཧུ་རྫོང་། །མཆིང་བུའི་རིགས་རྣམས་དངས་ཆ་ཆུང་བ་ཡིན། །གྲྀཥྞའི་རྭ་ནི་གཅུས་ཤིང་ཁྲུ་གང་ཙམ། །བསེ་རུ་སྣ་གོང་ལ་ཡོད་འཆི་བའི་ཚེ། །སྒྲ་བཅས་ཡ་རབས་གཟུགས་དང་ལྷན་ཅིག་མིན། །སྡེར་ཆགས་སྟག་གི་ར་ཅོ་སེར་གང་ཙམ། །བྱུ་རུའི་མདོག་ཅན་དེ་བཞིན་ཅེ་སྤྱང་དྲ། །ཤ་བ་ཡུ་མོའི་ར་ཅོ་མཐེ་བོང་ཙམ། །རྟ་ཡི་རྭ་ཅོ་རྣ་བའི་ནང་དུ་འོང་། །ཆ་བདུན་ལི་འོས་གླང་བའི་མཆེ་བ་ནི། །ག་ཛ་དནྟ་ཞེས་གྲགས་ཐལ་ཀར་ཆེ། །རབ་ཏུ་གྱུར་ལ་མཆེ་བ་དྲུག་ཡོད་པ། །གང་ལས་ཐམས་ཅད་ནོར་སྣར་འདོང་པ་འཁྲུལ། །རྡོ་ནག་པོ།  པ་ཆར་འབེངས་རྐྱང་ལས་འབྱུང་བ་མང་། །ཀླད་རྡོ་ཞེས་གྲགས་སྲོག་ཆགས་མ་ངེས་པའི། །ཀླད་པའི་སྙིང་པོ་རྡོ་བར་གྱུར་པ་ནི། །ངང་སྒྱ་ཀླད་པ་དངོས་དང་འདྲ་བ་ཡིན། །དེ་ཉིད་ཆུར་བཅུག་ཆར་པ་འབེབས་ལ་སྤགས། །ཆར་དབབ་ཆུ་གནས་སྲོག་ཆགས་ལས་བྱུང་བཟང་། །དབང་པོའི་རིལ་བུ་རྒྱལ་རིགས་ལ་སོགས་པ། །རིགས་ཅན་བཞིར་བཤད་དཀར་པོ་མཆོག །ཡིན་ལ། དེ་བཞིན་དམར་དང་ངང་སེར་སྔོན་པོ་སྟེ། །གླ་བ་གླང་ཆེན་རྨ་བྱ་ར་རྒོད་སྤྲུལ། །ཕོ་ལོང་གྲོད་པའི་ནང་བྱུང་སྦྱར་དུག་སེལ། །སྔོན་བྱུང་བདུད་རྩིའི་ཟེགས་མ་འཐོར་བའི་རྒྱུན། །སྲོག་ཆགས་ཁར་སོང་དེ་ལས་ཆགས་པ་ཡིན། །ནང་ན་ཆུ་ཐིགས་བྱུང་ན་བདུད་རྩི་དངོས། །ལྕིད་ལ་ཙནྡན་ལྟར་གྲང་སོ་མི་སང་། །ཤུན་པར་མི་ཅན་འབོལ་ཞག་ཆེ་བ་ཡིན། །ཉམས་མེད་རྣམས་ལ་སྐྲན་དང་འཇོལ་ས་ཡོད། །དེ་བཞིན་གླ་བའི་རྩི་རིལ་འོད་ཅན་ནང་། །སྦྲུལ་དུག་བསྲུང་བ་དང་ཡང་ཕྱེད་པ་གཅེས། །མུ་ཏིག་མིང་ཅན་དྲུག་ལས་དང་པོ་ནི། །ངོ་བོ་ཉིད་ཀྱི་དམར་བས་རཀྟ་སྟེ། །རྒྱ་མཚོར་གནས་པའི་སྲོག་ཆགས་དམར་པོ་ཡིས། །བདུད་རྩིར་མཚུངས་པའི་ཆར་ཆུ་འཐུངས་པ་ལས། །གྱུར་པ་མཆོག་སྟེ་གསེར་དང་བཅུ་སྐོར་ཐད། །ག་ཛ་མུ་ཏིག་གླང་པོ་ཕལ་པ་རྣམས། །ཟིལ་གྱིས་གནོན་པའི་གླང་མཆོག་སྤྱི་བོའམ། །མཆེ་བའི་ནང་འབྱུང་འཇམ་འབྲས་ཙམ་པ་ལ། །དཀར་ལ་བཀྲག་ཆེ་གསེར་གྱི་བཅུ་སྡེ་བྱེད། །སརྦ་མུ་ཏིག་སེ་འབྲུ་རློན་པ་འདྲ། །སྦྲུལ་གྱི་ཀླད་པ་ལས་བྱུང་གསེར་དང་བརྗེ། །ཤིས་མ་མུ་ཏིག་ཉ་ཕྱིས་ཆ་ཡང་རྩིས། །ཆར་ཆུ་འཐུངས་འབྱུང་དཀར་ལ་འཇའ་མདངས་ཅན། །གསེར་དང་འདབ་འཕར་བ་ཡུ་མུ་ཏིག་ནི། །རྒྱ་གར་ལྷོ་ཕྱོགས་དུ་ལའི་ལྗོན་ཤིང་གི། །འདབ་མར་ཆར་ཆུའི་རྐྱེན་གྱིས་ཆགས་པ་ཡོད། །རི་པ་མུ་ཏིག་ཤར་ཕྱོགས་གླིང་ཕྲན་དུ། །ཀེ་ལའི་འདབ་མར་ཆགས་ཚུལ་གོང་དང་འདྲ། །རིམ་པས་གསེར་འབུན་ཞོ་གང་བཞི་ཆ་ནི། །ཕལ་པ་བཞི་ཡི་ནང་ན་ནག་པོ་མཆོག །རྒྱ་ཏིག་དཀར་ལ་ཨ་མདོ་སྔོ་བ་ཡིན། །སྦྱང་ཏིག་སོབ་ལ་ཤུན་པ་ཅན་དུ་འབྱུང་། །ཀླད་པ་འཛག་གཅོད་དུག་ནད་ཞི་བའི་སྨན། །ཉ་སྐྱོགས་དང་ནི་པཏྲ་ཞེས་བྱ་བ། །འབུ་སྐྱོགས་རིགས་ཡིན་ནུས་པ་མུ་ཏིག་མཚུངས། །རྡོ་ཡི་རྒྱལ་པོ་གཡུ་ལ་འཕགས་ཡུལ་དུ། །རིགས་བཞིར་དབྱེ་ཡང་བོད་དུ་གཡུ་རྙིང་གསུམ། །བར་གཡུ་གཉིས་དང་གཡུ་གསར་གསུམ་དུ་གྲགས། །དང་པོ་གསུམ་ནི་མཆོག་ཏུ་གྱུར་པ་སྟེ། །སྔོ་གདངས་དཀར་ལ་མུན་པར་བཀྲག་པ་དང་། །དམར་ངམས་སྣུམ་ལ་དྲུག་དཀར་དྲུག་དམར་བཏགས། །གང་དང་བསྒྲིགས་ཀྱང་མི་འདྲེ་ཆེས་བཀྲག་ཅིང་། །གཉི་ག་ཟིལ་གནོན་གཡུ་སྦྱང་ཞེས་སུ་གྲགས། །བཀྲག་པའི་ཆོད་ལ་སེམས་ཡོང་འགུལ་བ་སྙམ། །བར་གཡུ་གཉིས་ནི་གོང་ལས་བཀྲག་ཞག་ཆུང་། །དམར་ངམས་བང་དམར་འོ་ཁ་ཅན་གཡུ་སྔོན། །གཡུ་གསར་བརྟག་སླ་འཇིག་རྟེན་གཡུ་དང་ཆེ། །མ་དྲོས་ལས་འོང་རྒྱ་ནག་ཞང་ཞུང་དང་། །གངས་ཅན་གསུམ་ལས་རྒྱ་གར་ལས་མི་འབྱུང་། །བྱེ་རུལ་ནི་དམར་ནག་དཀར་པོ་གསུམ། །རྒྱ་མཚོའི་འགམ་དང་བྲུ་གུའི་ཡུལ་གྱི་མཐའ། །བྲག་སེར་ཆུ་དང་བྱེ་མ་འཐབ་སར་སྐྱེ། །རྒྱལ་མོ་ལག་གཡས་ལ་སོགས་ཤིང་གི་དབྱིབས། །དེ་ཡང་རླན་གཤེར་ཆེ་སར་སྐྱེས་ན་དམར། །སྐམ་སར་ཆད་པས་གདངས་པས་སྐྱ་བ་ཡིན། །ནག་པོ་སོ་ཀི་དྷ་རིའི་གླིང་ནས་འབྱུང་། །དཀར་པོ་དུང་དང་འདྲ་ཡང་ནོར་མིག་ཡོད། །བྱེ་རུ་ཡང་ཞིང་གཞན་དག་ལྕི་བས་ཤེས། །སྤོས་ཤེལ་ལ་ཡང་རང་བྱུང་བཅོས་པུ་གཉིས། །རང་བྱུང་ཐང་ཆུ་རྒྱ་མཚོར་ལྷུང་ལས་བྱུང་། །ཁ་ཆེ་ཤིང་ཏོག་སྨིན་འདྲ་སེར་ལ་ལུམ། །དམར་ལ་དངས་ཆ་ཆུང་བ་སྟོད་ཧོར་ཏེ། །དཀར་སྐྱ་སྤྲིན་རིས་ཆེ་བ་སོག་པོའི་ཡིན། །བཅོས་བུ་ཐང་ཆུ་ཁ་ཆེ་ག་པུར་གསུམ། །བསྲེས་པས་ལྦུ་བ་ཤར་དང་འགའ་ཞིག་ལ། །སྲོག་ཆགས་ཚུད་དང་ཚུད་ཤུལ་ཡོད་པ་ཡིན། །སྦུར་མ་ལེན་པས་སྤུར་ལེན་ཞེས་ཀྱང་གྲགས། །འདོད་ཚུལ་གཅིག་ཏུ་ནི་མ་རི་པ་ཏ། །ཞེས་པའི་རྡོ་དཀར་ན་རི་ཀེ་ལའི་ཆུས། །སྦྲུས་ལ་མཚལ་དང་ཡུང་མཉམ་བསྲེས་པ། །ཤེལ་དང་སྦ་སྣོད་བསྙལ་ནས་ཆགས་ཞེས་ཟེར། །མིག་འགྲིབས་འབྱེད་པ་སྤོས་ཤེལ་རྙིང་མར་འདོད། །མུ་མེན་རིགས་གསུམ་གསེར་ཐིག་ཡོད་པ་དང་། །སྔོ་ནག་བསླད་མེད་མཐུང་ཤུན་འདྲ་བ་དང་། །སྔོ་སྐྱ་ཁྲ་ཐིག་ལྡན་ལ་རིམ་པ་བཞི། །གསེར་མཐིང་བ་ཡི་མུ་མེན་བརྡ་ཆད་བཏགས། །གཟི་ལ་སྟག་ལོག་རྐང་རིང་ཁྲ་ཆུང་གསུམ། །དང་པོ་དབྱིབས་ཟླུམ་ངང་པ་འགྱུར་དབུ་འདི། །མིག་ལ་ཕྱིས་དད་ཆུ་ནང་ཞག་བཞག་ནས། །ཆུ་ལྕག་བརྡེག་དང་བཏུངས་པས་ཁྲག་གཟེར་དང་། །གཟའ་ནད་ལ་ཕན་ལྡེའུར་སྦྱར་བྱས་ནས། །བྱ་གདོན་གཟིང་སྟེང་གདོན་བསྲུང་ཞེས་བཤད། །འདོག་འདྲེས་དང་གཟི་དཀར་འབའ་ཞིག་ཡོད། །ཕྱི་ནང་བསྒྲིབ་པ་མེད་ལ་ཆོད་དུ་གྲགས། །དངས་མིན་དཀར་ལ་དམར་དངས་མ་ན་ཏུཾ། །རྟ་ཡི་ཀླད་པ་འདྲ་བ་གཡང་ཏྲེའུ། །ལུག་ཀླད་དང་འདྲ་དཀར་ཤས་ཆེ་བ་ཡིན། །འདི་དག་སྡེ་བརྒྱད་གནོད་པ་བསྲུང་བ་བསྔགས། །དེ་དག་ཀུན་གྱི་ནང་ནས་དབང་ཆེ་བ། །རྡོ་རྗེ་རིན་ཆེན་ཕ་ལམ་ཉིད་ཡིན་ཏེ། །ཆོས་ཉིད་རང་བཞིན་རྣམ་པ་ཀུན་གྱི་མཆོག །གཞོམ་གཞིང་ཁྲལ་བའི་དོན་ལ་གནས་པ་ལྟར། །ཆོས་ཅན་རྫས་ཀྱི་རྡོ་རྗེ་ཕ་ལམ་གྱིས། །རིན་པོ་ཆེ་ཡི་རིགས་སུ་གྱུར་ཏོ་ཅོག །བརྡར་དང་འབུགས་གཅོད་དང་བཟོ་ཡི་དཔྱད། །ཐམས་ཅད་གདོན་ཅིང་ཚུར་ལ་གང་གིས་ཀྱང་། །གླགས་བལྟ་མི་ནུས་བཛྲ་ཧིར་སྟེ། །རི་རབ་ཁོང་ན་བདེན་ཚིག་འགྲུབ་པའི་ལྷ། །དྲང་སྲོང་ཞོ་འཐུང་འཕོས་པའི་རུས་པ་ནི། །ཕ་ལམ་རྡོ་རྗེའི་ངོ་བོར་གྱུར་པ་ལས། །རྐང་རུས་ལས་ནི་དབང་པོའི་རྩེ་བརྒྱ་པ། །རྩིབ་མ་ལས་ནི་དབང་ཕྱུག་མདུང་ཐུང་དང་། །སོག་པའི་ཆ་ལས་ཁྱབ་འཇུག་འཁོར་ལོ་བཟོས། །སྡང་ལ་རྒྱབ་དང་རྒྱབ་ཚད་ཕོག་པ་དང་། །ཕོག་ཚད་མཐར་བྱེད་ཤི་ཚད་འདྲེན་པ་ཡི། །དམ་བཅའ་བཞི་དང་ལྡན་པའི་མཚོན་ཆར་གྲགས། །དེ་དག་བཟོས་པའི་ཕྱེ་མ་འཐོར་བ་གང་། །འཛམ་བུའི་གླིང་དབུས་བབས་པས་རྡོ་རྗེའི་གདན། །བསྐལ་པ་ཞིག་ཀྱང་འཇིག་ཏུ་མེད་པ་ཆགས། །གཞན་ཡང་རྡུལ་ཕྲན་གང་དུ་འཆགས་པ་ལས། །རྒྱལ་དང་བྲམ་ཟེ་རྗེའུ་དམངས་རིགས་བཞིའི། །རྡོ་རྗེ་རིན་པོ་ཆེར་གྲུབ་དེ་ཡང་ནི། །རྒྱལ་རིགས་ལས་འབྱུང་སྟེ་མེས་མི་འཇིག །བརྡུངས་པས་མི་འཇིག་གཅད་པས་མི་ཆོད་ལ། །བརྡར་བས་མི་འཇིག་རྡོ་རྗེ་ཆེན་པོ་སྟེ། །དམར་ཞིང་སྨུག་པ་ཤིན་ཏུ་དངས་པར་ཡོད། །གསེར་དང་ཉི་ཤུ་རྩ་ལྔའི་སྐོར་ཐང་རི། །རྡོ་ལས་བྱུང་བ་བྲམ་ཟེའི་རིགས་སུ་འདོད། །མེ་ཡིས་འཇིག་ཅིང་གལ་ཏེ་འཆག་ན་ཡང་། །སྲིད་དུ་དུམ་བུ་གསུམ་པ་ཁོ་ནར་འཆག །སྔོན་པས་ཆེས་དམར་རྡོ་རྗེ་ཆུང་བ་ཟེར། །རིན་ཐང་སྔོན་ལས་ལྔ་སྐོར་ཙམ་གྱིས་དམན། །འདི་གཉིས་ཡུལ་དབུས་དང་ནི་ལྷོ་ཕྱོགས་པ། །བྷཻཏ་བྷེ་རའི་ཡུལ་ནས་འཐོན་པའི་ཁུངས། །རྗེའུ་རིགས་ནི་དམར་སྨུག་དངས་ཆ་ཅན། །རིན་ཅེན་གཞན་ན་མི་ཐོགས་སྟོད་ནས་འཐོན། །དམངས་རིགས་རྡོབ་ཀོ་རཉྫ་ནི་སྨུག །ཡར་ལྷ་ཤམ་བོའི་མདུན་ནའང་ཤིན་ཏུ་མོད། །གང་ཡང་གཞན་ལ་ཐོགས་ན་ཕ་ལམ་མིན། །དུང་ལ་རིགས་ལྔ་མཆོག་ཏུ་གྱུར་པ་ནི། །སྐྱེ་བ་ལྔ་ཕྲག་བསྟུད་པས་གཡས་འཁྱིལ་ཏེ། །འཁྱིལ་ངོས་དུང་མཇུག་ཡིན་པས་དེ་ལྟར་གྲགས། །བཀྲ་ཤིས་རྫས་མཆོག་གསེར་དང་མཉམ་བརྗེ་བྱེད། །ཆུང་དུ་ཅུང་ཟད་མོད་ཀྱང་བོད་ན་དཀོན། །རི་མོ་ཅན་ལ་གཟི་དུང་ཞེས་སུ་བརྗོད། །རང་མདོག་སེར་ཁྲ་སོང་ལ་སྟོད་སྨད་རིང་། །གཡས་འཁྱིལ་མཆོག་ལ་གཟི་དུང་རབ་ཏུ་ངེས། །འབྲིང་རྣམས་བཅག་ལ་དམར་མདངས་ཡོད་པ་བཟང་། །ཚོར་མ་ཅན་ཞེས་རྭ་མང་སྐྱེས་པའང་ཡོད། །དུད་དམར་ཞེས་གྲགས་དམར་སེར་རིམ་པས་དམན། །མཱ་རག་ཏིསི་ཀོདྷར་དང་། །རྡོབ་རི་ཀ་སོགས་པའི་རྒྱ་མཚོར་འབྱུང་། །དེ་དག་རྒྱན་དང་མཆོད་སྦྱིན་ལ་འོས་པའི། །རིན་པོ་ཆེ་ཡི་རྣམ་དབྱེ་ཤེས་པར་བྱ།།

གསུམ་པ། གང་ཞིག་གྲུབ་པའི་འབྲས་བུ་རྟེན་གྱི་ངོ་བ་ལ་དཔྱད་པ།

སྤྱི་དོན་གསུམ་པ་སྐུ་གསུང་ཐུགས་ཀྱི་རྟེན། །རྒྱུ་དང་རིགས་དང་ངོ་བོའི་སྒོ་ནས་དཔྱད། །རྒྱུ་ལ་འཕགས་པའི་ཡུལ་ནཛྙིཀྵིཾ་རིགས། །གཉིས་དང་གསུམ་དུ་འདོད་པའི་ཕྱོགས་གཉིས་ལས། །ཅིག་ཤོས་གསེར་དམར་ཡིན་པར་རྩོད་པ་མེད། །བཅོས་བྱའི་ཤྭ་ཀརྨའི་སྤྱོད་ཡུལ་ཏེ། །རིན་ཆེན་སྣ་བརྒྱད་བཞུ་བཏུལ་བྱས་བ་ལས། །ཨཥྚ་དྷ་རུའམ་ནི་ལི་ཁྲར་འབོད། །ལི་དཀར་ལས་དམར་ལི་སྨུག་གིས་མི་མཚོན། །སྣ་ཚོགས་འདུས་པའི་བྱེ་ཁ་མངོན་པ་ལ། །སྣང་མུན་མཚམས་སུ་འཇའ་མདངས་གསལ་པ་ནི། །སྟོན་པའི་ཞལ་སྐྱིན་ཤཱཀྱ་མུནེས་མཚོན། །ལི་སྨུག་ཁ་དོག་མཆིན་ཁ་སྔོ་ཞག་ཅན། །སྣང་བས་མདངསས་བསྐྱུར་བྱ་ལ་མདངས་རྙོག་ལས། །ད་དུང་མངོན་རྟོགས་གཞན་དུ་སྣང་བ་ཡིན། །ལི་དཀར་ལི་མདངས་སེར་ཞག་ཆེ་བ་དང་། །འདི་གཉིས་སིངྒའི་གླིང་གི་རི་བོ་ལ། །དེ་བཞིན་གཤེགས་པ་དྲུག་གིས་བྱིན་བརླབས་སམ། །ལི་ཡུལ་རི་ལ་ཐུབ་དབང་བཞིས་བརླབས་ཟེར། །ལི་དམར་ཕལ་བ་རང་བྱུང་ལྗོན་ཉིད་དེ། །དམར་མདངས་ཉིད་ལ་ཅུང་ཟད་སེར་བ་ཡིན། །འདི་ལྟར་མ་ཕྱད་གསེར་དམར་གཅིག་ཉིད་ལ། །མིང་དང་ཁ་དོག་གཉིས་སུ་འདདོ་པ་འཁྲུལ། །རིགས་ཀྱི་སྒོ་ནས་དཔྱད་ན་སངས་རྒྱས་ཀྱི། །བསྟན་པ་གང་ཡོད་དེ་ན་སྐྱེས་བུ་ཡི། །རྣམ་རིག་བཟོག་ནས་སྤྲུལ་བར་བྱིན་རློབ་པས། །སྐུ་གསུང་ཐུགས་རྟེན་བསྐྲུན་པའི་བཟོ་བོ་མཁས། །མུ་སྟེགས་ཀླ་ཀློ་དར་ཆེ་དེ་དག་ནུབ། །དེ་ལ་སྟོན་པ་འཚོ་ཞིང་གཞེས་པའི་དུས། །རི་མོ་མཁན་གྱི་སྤྱོད་ཡུལ་ལས་འདས་པའི། །སྣང་བརྙན་རས་ལ་བཀོད་དེ་སིངྒ་ལར། །སྤྲིངས་བས་མུ་ཏིག་འཁྲི་ཤིང་བདེན་པར་བཀོད། །དེ་བཞིན་གཟུགས་ཅན་སྙིང་པོའི་སྐྱེས་ལན་དང་། །ཨུ་ཊ་ཡ་ནའི་ཙནྡན་ཇོ་བོ་ལྟར། །སྟོན་མཆོག་མྱ་ངན་འདས་ནས་ལྷའི་བཟོ་བོ། །མི་རུ་སྤྲུལ་པས་བཛྲ་ཨ་སཱ་ནའི། །གནྡྷོ་ལ་ཡི་བྱང་ཆུབ་ཆེན་པོ་དང་། །དེ་ཡི་ཤར་ངོས་ཆུ་གནོད་བཟློག་པའི་ཕྱིར། །ཀླུ་སྒྲུབ་ཞབས་ཀྱིས་ཕ་ཝང་བདུན་དག་ལ། །སྣང་བརྙན་བརྐོར་སྩལ་ཐུབ་པ་ཆུ་ལོན་མ། །དེ་བཞིན་ཀླུ་ཡི་བཟོ་བོས་མང་དག་བྱས། །མ་གདྷཱ་ཡི་འཇམ་དཔལ་རྔ་སྒྲ་དང་། །མྱ་ངན་མེད་དུས་གནས་བརྒྱད་མཆོད་རྟེན་སོགས། །གནོད་སྦྱིན་གྱི་ནི་བཟོ་བོས་བཞེངས་པ་ཀུན། །བཟོ་གནས་ཁྱད་འཕགས་དངོས་དང་འཁྲུལ་པ་བསྐྱེད། །དེ་ཡི་ཕྱི་ནས་བཟོ་རྒྱུན་མང་དག་ལས། །སངས་རྒྱས་ཕྱོགས་དུས་རིམ་པ་སར། །ལྷ་དང་མཐུན་པའི་དབུས་ཀྱི་བཟོ་བོར་གྲགས། །རྒྱལ་པོ་ངང་ཚུལ་དུས་ན་མ་རུའི་ཡུལ། །སྲི་ག་དྷརི་ཞེས་པའི་བཟོ་བོ་བྱུང་། །གནོད་སྦྱིན་དང་མཐུན་ནུབ་ཕྱོགས་རྙིང་མའི་ལུགས། །བལ་པོ་རྙིང་མའི་བཟོ་རྒྱུན་འདི་དང་གཅིག      །རྒྱལ་པོ་ལྷ་སྐྱོང་དང་ནི་ཆོས་སྐྱོང་དུས། །བ་རེ་ནྟརུ་དྷཱིམཱ་ན་དང་ནི། །དེ་ཡི་བུ་བིཏྭ་ལོ་བྱ་བ་གཉིས། །ཀླུ་དང་མཐུན་པའི་བཟོ་རྒྱུན་ཡིན་པ་ལས། །བུ་ནི་བྷཾག་ལར་སོང་དེའི་ཐུགས་ཀྱིས། །གཉིས་པོའི་རྗེས་སུ་འབྲང་བ་ཡིན་ཕྱིན་ཆད། །བཟོ་བོའི་སྐྱེ་ཡུལ་བཟོ་བོའི་གནས་ཡུལ་སོགས། །ཇི་འདྲའང་རུང་སྟེ་ལུགས་སུ་བྱས་ཀུན་ལ། །ཤར་ཕྱོགས་པ་ཡི་ལྷ་ཞེས་དཔྱོད་ལྡན་སྨྲ། །བལ་པོ་བར་རྙིང་རྣམས་ཀྱང་དེ་དང་འདྲེ། །འོན་ཀྱང་རི་མོ་མཁན་ནི་པ་རྗེས་སུ། །འབྲང་ལ་ཤར་བྲིས་བུ་ཡི་རྗེས་འབྲང་ལ། །དབུས་ཀྱི་རི་མོའི་རྒྱུན་ཞེས་གྲགས་པ་བརྟན། །དུས་ཚོད་དེ་ཡི་ཀ་སྨིར་པ་ཀུན། །བཟོ་རྒྱུན་དབུས་དང་ནུབ་གཉིས་ཡིན་པ་ལས། །ཕྱི་ནས་བྲིས་འབུར་གཉིས་ཀར་བྱང་ཆུབ་པ། །ཧ་སུར་ཛ་ཞེས་བྱའི་བཟོ་རྒྱུན་ལ། །ཁ་ཆེ་མ་ཞེས་མཁས་པ་རྣམས་ལ་གྲགས། །དེ་དག་ཀུན་ཀྱང་བྲིས་འབུར་བརྐོས་ལ་སོགས། །ཕལ་ལ་བློ་གྲོས་བཟོ་བོ་ཉིད་ཡིན་ཀྱང་། །ཨྰརྱ་པྰ་ལོའི་གླིང་གྲུབ་དངོས་མེད་དུ། །ཡལ་བའི་སྤྲུལ་པའི་བཟོ་བོའི་ཆར་མི་ཉེ། །གང་དག་སོ་སོ་སྐྱེ་བོའི་རྣམ་རིག་ནི། །ཤིན་ཏུ་ཐ་དད་ཕྱིར་ན་བཟོ་གནས་ཀྱི། །རྣམ་འགྱུར་དཔྱད་ཀྱང་དེ་ཡི་རྗེས་སོན་ཡང་། །བོད་འདིར་རང་ཉམས་བདེན་པར་སྨྲ་བའི་ཁ། །ཡི་གེའི་ཞལ་ལྕེས་འགོག་པའང་སངས་རྒྱས་མཐུ། །དེ་ལ་ངོ་བོའི་སྒོ་ནས་དབུས་འགྱུར་འཆང་། །ཝཱ་རཱ་ཎ་སཱིའི་ལྷ་ཡི་ཁྱད་པར་ནི། །ལི་སྨུག་དབུས་ཀྱི་ལྷ་རིགས་འདྲ་བ་ལ། །འཛམ་བུ་ཆུ་བོའི་ཚ་གསེར་གྱིས་བྱུགས་པ། །རྒྱུ་ཚོགས་ཁྱད་དུ་འཕགས་པ་ཁོན་སྟེ། །སངས་རྒྱས་ཕྱོགས་དེ་བསྟན་ལ་ཆེས་དད་པས། །རྒྱ་ནག་ཡུལ་དུའང་མདོ་སྡེ་སྨྲ་བ་བརྫངས། །ཧོར་གྱི་རྒྱལ་པོས་དྲིན་ལན་བསབ་པའི་ཕྱིར། །གསེར་རྐྱང་མི་ཁུར་བརྒྱ་སོགས་བསྐུར་བས་ན། །ཇྙེེ་ཀྵིིཾ་དངོས་དང་གསེར་གྱིས་བྱུག་པ་མོད། །ཆོས་རྒྱལ་དེ་ཡི་བཙུན་མོ་དང་བློན་པོ། །བསྟན་ལ་དད་པས་གཙུག་ལག་རྟེན་གསུམ་མང་། །དབུས་ལྷ་བྱིངས་རྣམས་ལི་དཀར་ལི་དམར་ལ། །སྐུ་ཤ་འཚམ་ཞིང་གཙུག་ཏོར་མཐོལ་དྲང་། །ཤངས་རྩེ་རྣོ་བའི་རྒྱུན་ལས་ཤངས་རྒྱུད་གཟར། །སྤྱན་དབར་ཤངས་སྟོད་འཛོམ་སར་མཛོད་སྤུ་འབུར། །ནུ་མ་དེར་མཚུངས་སྲིད་ཚང་ཤངས་རྩེ་མ། །ན་བཟའ་ཤ་མི་བསྒྲིབ་ཀྱང་བླ་གོས་ནི། །ཕྲག་པར་གཟར་བའི་གོན་རྒྱུད་ཤིན་ཏུ་དོད། །སྒྲོས་གཙང་རྣམས་ཀྱི་མདུན་ན་རྡོར་གདན་དང་། །ཕྱག་ཞབས་འཁོར་ལོས་མཚན་པ་དག་ཀྱང་ཡོད། །བཟོ་སྒྲོས་མཛེས་དང་ཅིག་ཤོས་མ་ངེས་ཀྱང་། །ཚུགས་བཟང་བསྟས་ཀྱིན་བྱིན་ཆགས་ཁྱད་ཆོས་ཡིན། །པདྨ་ཉིས་བརྕེགས་འགྲིག་པའི་ནང་མ་འབུར། །པད་ཁ་རྒྱས་ཞུམ་འཚམ་ཞིང་ཡས་མས་ལ། །མུ་ཏིག་ཡོད་མེད་གཉིས་ཅར་སྲིད་པ་ཡིན། །ཁྱད་པར་ཚུགས་བཟང་ཞལ་ཁྱིམ་གྲུ་སྟངས་ལ། །དཀྱུས་རིང་ཕྱག་ཞབས་མཉེན་དང་ཞབས་མཐིལ་སྟུག། གོས་འཁྱུད་ཞིབ་སྙོམས་དལ་འགྲོའི་གམ་བུ་བཞིན། །ལི་མཆོག་གཉིས་ལ་གསེར་དངུལ་ཟངས་སོགས་པས། །ཁྲ་བསྒྲིགས་བྱས་པ་སྙོད་ཧོར་ལི་མ་རུ། །འཁྲུལ་གཞི་ཆེ་བས་ཁྱད་པར་ཕྱེད་པ་གཅེས། །ཟངས་ཐད་མ་ནི་སྐུ་ཞ་ན་བཟའ་གཉིས། །ལི་དཀར་ལི་དམར་ཐ་དད་བྱས་ལ་བཏགས། །ཐུབ་དབང་སྐུ་མང་ཕྱི་ནས་བྱང་སེམས་སྐུ། །འགྱིང་ཉམས་རྒྱན་ཅན་ནོར་བུ་གཉིས་པའང་སྲིད། །དེ་བཞིན་ཁྲོ་བོའི་སྐུ་ནི་འགྱིང་བག་འཚམ། །སྔ་ཕྱིའི་རྒྱུ་མཚན་ཐེག་པ་ཆེན་པོ་གཉིས། །སྦས་དང་གྲགས་བའི་རྣམ་དབྱེས་གསལ་བ་ཡིན། །གདན་ཆུང་མར་གྲགས་རྡོ་རྗེ་གདན་པས་བཞེངས། །ལི་དཀར་དབུ་ཆུང་མཁུར་ཚོས་རྒྱས་པ་ཡིན། །དེ་ཡང་ཝཱ་རཱ་ཎ་སཱིར་ཆོས་འཁོར་མ། །མ་ག་དྷཱ་རུ་ཐུབ་དབང་བདུད་འདུལ་དར། །དབུས་འགྱུར་འཆང་གི་ནང་གསེས་ཤར་གྱི་ལྷ། །དཔྲལ་མཚམས་དབྱེས་ཆེ་སྐུ་སྟོད་ཅུང་ཟད་རྒྱས། །ཕྱག་སོར་འབྲེལ་ཞིང་གཙུག་ཏོར་རྒྱབ་ཏུ་ཉེ། །ཤར་ཕྱོགས་བ་ལ་ལི་དཀར་ཤས་ཆེ་སྟེ། །ལུགས་གཙབ་ཞལ་སྒོ་མཛེས་ལ་སྤྱན་དབར་དོག །ཤངས་འདལ་དེ་ཡང་ཤངས་སྨད་ཅུད་ཟད་མཐོ། །སྐེམ་ཞིང་ཚུགས་བཟང་གཙུག་ཏོར་རྒྱབ་ལ་ཉེ། །གོས་འཁྱུད་འཁྲིལ་ཞིང་ངད་འདབ་ཉིས་བརྩེགས་ཞུམ། །པདྨ་ཡས་མས་འགྲིག་བར་མ་ངེས་ཤིང་། །མུ་ཏིག་གོང་མ་ཞིབ་ལ་འོག་མ་རགས། །ཁྲི་རྒྱབ་ལ་སོགས་དབུས་ཀྱི་ལྷ་དང་མཐུན། །འོན་ཀྱང་པཱ་ལ་རྣམ་གཉིས་དུས་བྱུང་བས། །ཕ་བུ་གཉིས་ཀྱིས་བཟོ་རྒྱུན་ཁྱབ་ཆེ་ཞིང་། །ཁྱད་པར་དེཝ་པཱལ་ཀླུ་ཡི་བུར། །གྲགས་པས་བཟོ་རྒྱུན་དེར་བྱུང་བཟོ་ཡུལ་ཀྱང་། །ངེས་པ་མེད་པས་གཅིག་ཏུ་སྟངས་གཅོད་དཀའ། །དྷརྨ་པཱ་ལ་ཐེག་ཆེན་རྣམ་གཉིས་པ། །ལྷག་པར་དད་པས་བྱང་ཆུབ་སེམས་དཔའ་དང་། །སྔགས་སྐུ་དག་ཀྱང་འདི་ལ་མང་ངམ་སྙམ། །ཡུལ་དེའི་བྱེ་བྲག་བྷཾ་གལ་ཡི་ལྷ། །ལི་དཀར་ཞལ་སྤྱན་སོགས་ལ་གསེར་དངུལ་ཟངས། །ཕ་བྱེད་བཟོ་ཁྱད་བཏོན་དང་ཕྲ་ཁུང་དུ། །རིན་ཅེན་རྒྱན་སྤྲས་ཡི་གར་འོང་བ་ཡིན། །ནུབ་ཕྱོགས་ཀ་སྨིར་པ་རིགས་གཉིས་ལས། །ནུབ་རྙིང་ལི་དམར་ལི་དཀར་སེར་ཞག་ཚེ། །ཞལ་དཀྱུས་མཛངས་སམ་མོག་ས་མགུལ་པ་ཕྲ། །སྤྱན་དབར་དོག་ལ་ཤངས་རྒྱུད་རིང་ཞིང་ཟླུམ། །ཞལ་དང་སྤྱན་ལ་དབུལ་ཟངས་ལྷན་ཐབས་ཅན། །ཚུགས་གྱོང་ལྟུ་ཚིགས་ཐུང་ལ་ན་བཟའ་འཁྲིལ། །གསོ་འཁྱུད་རིང་སྙོམས་གཙུག་ཏོར་ནོར་བུ་ནུབ། །པདྨ་འདབ་ཆེ་རྐྱང་སྦྱར་གཉིས་ཀ་སྲིད། །མུ་ཏིག་ལ་སོགས་རྒྱན་གྱིས་སྦྲས་པའང་ཡོད། །བཟོ་བོ་དེ་ཡིས་སྟོད་ཧོར་ནས་བསྒྲུབས་པ། །ཁྲོ་ལི་དམར་སྨུག་ནག་པོ་རིགས་གསུམ་ལ། །ཞལ་རས་སྒོང་གཟུགས་དཀྱུས་ཐུང་གོས་འཁྱུད་རིང་། །ཆུ་གཉེར་དང་མཚུངས་མེ་ཏོག་དག་གིས་བརྒྱན། །པདྨ་སྐད་ཉག་འདབ་མ་སྦུབ་ཉམས་ཅན། །ཁྲི་གདན་གྲུ་བཞིའམ་ཟླུམ་པོ་ཀླུས་བརྒྱན་དང་། །རྒྱབ་ཡོལ་ཅན་ལ་ཚ་གསེར་ཡོད་མེད་གཉིས། །བྲག་གདན་དག་ཀྱང་རེ་རེ་སྲིད་པའོ། །ཡོན་ཏན་འོད་ཀྱི་སྐུ་ཚེའི་སྨད་བྱུང་བའི། །རྒྱལ་པོ་ངང་ཚུལ་དུས་ལ་ནུབ་རྙིང་ཟེར། །ཏུལ་ཏུ་ནས་སྟོད་ཧོར་ཞེས་སུ་གྲགས། །དེ་ཚེ་ཡུལ་དེར་རྒྱ་ནག་རྙིང་མའི་བཟོ། །ཁྲོ་ལི་སྨུག་པོ་ཚུགས་གླེན་ཞལ་སྒོ་ཀྱོང་། །སྤྱན་དང་མཆུ་སྒྲོས་མི་འདོད་གོས་འཁྱུད་མང་། །ཁྲི་རྟན་རྒྱ་རྟགས་གཟོང་རིས་བྱས་པའང་འབྱུང་། །ཡུལ་དེའི་བྱེ་བྲག་ཡུ་གུར་ཞེས་བྱའི་ལྷ། །ལི་དཀར་དངུལ་བསྲེས་ཆེ་དང་ཁྲོ་ལི་སྨུག །བཟོ་ཡི་ཁྱད་པར་ཤངས་འདལ་སྐྲ་ཆགས་སྟུག །གོས་འཁྱུང་ཉུང་ལ་ཕྱག་ཞབས་སྒྲོས་མི་གཙང་། །རྒྱན་ཉུང་དབྱིག་ཉམས་པད་གདན་མེད་པ་མང་། །དེ་བཞིན་ལི་ཡུལ་ཁ་ཤ་ཞེས་བྱའི་ལྷ། །ཁྲ་འབྲུག་གིས་མཆོན་ཆོས་ལི་སྔ་མ་འདྲ། །སྨད་ཧོར་ཞེས་གྲགས་རྒྱལ་པོ་གོ་དན་ནས། །རྒྱལ་རབས་དྲུག་གི་བར་དུ་ཅོད་ལི་དང་། །ལི་དམར་ཅི་རིགས་ཞལ་རས་སྟོད་ཆ་ཆུང་། །སྤྱན་དང་མཆུ་སྒྲོས་མི་དོད་ཞལ་ཁུང་ལྟེམ། །ཕྱག་ཞབས་གཞོན་ཤ་ཆགས་ལ་ཉིང་ལག་ཐུང་། །ཚ་གསེར་གྱིས་བྱུག་བཟོ་ཁྱད་དམིག་བསལ་རྣམས། །མ་གཏོགས་ཉོར་རིགས་བཞི་བོ་འདྲ་ཤས་ཆེ། །ལྷོ་ཕྱོགས་པ་ལ་རིགས་གཉིས་སྤྱི་ཚན་དུ། །ལི་དམར་ཚ་གསེར་སྨུག་ལ་ཤ་ཉམས་ལྷོད། །ཞལ་རས་དཀྱུས་ཐུང་ཨོལ་ཀོ་བཅུམ་པ་དང་། །ཤངས་དམའ་ཤངས་གོང་ཉག་ལ་སྤྱན་དབར་ཡངས། །མཆུ་ཙོང་ཞལ་ཁུང་ཀྱོང་ལ་དཔྲལ་དབྱེས་ཆུང་། །ན་བཟའ་འཁྲིལ་ཞིང་གཟོང་རིས་མེད་པ་ལ། །ཁྲི་ཡངས་པདྨ་རྐྱང་སྦྱར་གཉིས་ཕྲིད་པའི། །པད་མགོ་ཞུམ་ལ་ཟེ་འབྲུ་ཡོད་མེད་གཉིས། །འདི་ལ་ལྡེམ་སྐུ་མང་རྣམས་བདེ་ཉམས་ཆེ། །བྱེ་བྲག་ལྷོ་ཕྱོགས་བེ་ཏར་བསྐྲུན་པ་རྣམས། །ཞལ་རས་སོག་ཀ་གོང་ལས་ཚུང་བ་ལ། །ན་བཟའ་གཟོང་རིས་ཡོད་པའི་ཁྱད་པར་རོ། །བྱང་ཕྱོགས་པ་ནི་ལི་དཀར་ར་གན་དང་། །བསྲེས་བས་སྐྱ་ཉམས་ཞག་ཁ་ཆུང་བ་སྟེ། །ལི་དམར་སོགས་ནི་སྲིད་མཐའ་མ་བཀག་ཙམ། །ཤ་ཚུགས་མཉེན་ལ་འགྱིང་དང་བདེ་ཉམས་ལྡན། །ཞལ་ཁྱིམ་དཀྱུས་ཐུང་ལྷོ་ཕྱོགས་འདྲ་ལས་གཙང་། །ཤངས་བཟང་སྤྱན་དབར་དོག་ལ་ཁྲི་རྒྱན་མཛེས། །འདི་ཡང་གྲོང་ཁྱེར་མ་སོགས་ལྡེམ་སྐུ་མང་། །ཡུལ་དེའི་བྱེ་བྲག་པ་ལ་བོ་རྙིང་མའི་བཟོ། །ནུབ་རྙིང་དང་མཐུན་པར་རྙིང་ཤར་གྱོགས་པ། །གསར་པ་རྟོགས་སླ་དེང་སང་ཙནྡན་མང་། །དེ་བཞིན་འཕགས་པའི་ཡུལ་ན་བྱང་ཆུབ་ལྗོན། །དད་ཞིང་འབོལ་བ་རྡོ་རྗེའི་འདག་པའམ། །ཀླུ་སྒྲུབ་ལ་ཕུལ་ཀླུ་འབྱིན་ཞེས་སུ་གྲགས། །དཀར་ཞིང་བཅག་པ་ཀམ་རུ་པའི་རྡོ། །ནག་ཅིང་སྣུམ་པ་བསིལ་ཚལ་རྡོ་ནག་ལས། །གྲུབ་པའི་སངས་རྒྱས་བྱང་སེམས་སྐུ་ཡང་སྣང་། །རྒྱ་ནག་གསར་རྙིང་གཉིས་ལས་རྙིང་མ་ནི། །ཐང་ཅིའི་རབས་ཏེ་རྒྱུ་ནི་ཁྲོ་ལི་སྨུག །ཤ་ཚུགས་སྤེག་ཅིང་ཤངས་ལེབ་མཆུ་སྒྲོས་དོད། །ཞལ་དཀྱུས་མཛངས་ལ་སྤྱན་ཕྲ་གོས་འཁྱུད་གཙང་། །ཕྱག་དཀྱུས་ཐུང་ལ་སོར་མོ་དོད་པ་མང་། །རྒྱ་ནག་གསར་མ་ཏཱ་མིང་རྒྱལ་པོའི་རབས། །ལྗང་སེར་མང་སྟེ་རག་སྐྱ་དག་ཀྱང་སྲིད། །དེ་ལ་ཐུགས་དམ་མ་དང་སྐུ་རིམ་མ། །དང་པོ་ཚུགས་དང་བྲད་བརྡར་གོས་འཁྱུད་ལེགས། །ཞལ་རས་མཛངས་ལ་གྲུ་སྟངས་ཅུང་ཟད་དོད། །སྤྱན་དཀྱུས་རིང་ཞིང་པདྨ་ཁ་སྦྱར་གཙང་། །མུ་ཏིག་ཕྲ་ལ་སྙོམས་སམ་མེད་པའང་སྣང་། །ཚ་གསེར་སྟུག་ལ་མདོག་ལེགས་རྒྱབ་མདུན་གཙང་། །ཞབས་སྡོམ་རྒྱ་གྲམ་རྡོ་རྩའི་མལ་མཚལ་བྱུགས། །ཐུགས་དམ་མར་གྲགས་རྒྱ་རྟགས་བྱས་པའང་ཡོད། །གཙང་ཤ་ཆུང་དང་རག་སྐྱ་མང་བ་ལ། །སྐུ་རིམ་མར་གྲགས་གཟུངས་ཞུགས་གཞན་མེད་པར། །གོས་དར་ལས་བྱས་དོན་ལྔ་བཅུག་ཅེས་གྲགས། །བོད་ལ་ཆོས་རྒྱལ་ལིམ་སྔ་ཕྱི་གསུམ། །མེས་བོ་བདག་ཉིད་སྲོང་བཙན་སྒམ་པོའི་དུས། །ལི་དམར་ཤས་ཆེ་དེ་བཞིན་ལི་དཀར་དང་། །དཀར་དམར་ཤོ་བསྒྲིགས་གསེར་དངུལ་རྡོ་སྐུ་སོགས། །མཐའ་འདུལ་ཡང་འདུལ་བཞེངས་ཚེ་འཕེལ་བ་སྟེ། །ཞལ་ཁྱིམ་འབུར་ཀྱོང་ཆུང་བས་ཤ་ཉམས་འབོལ། །ཨོལ་ཀོ་རྒྱས་པས་ཞལ་དཀྱུས་རིང་བར་མངོན། །ཤངས་བཟང་སྤྱན་དཀྱུས་རིང་ལ་མཆུ་སྒྲོས་གཙང་། །གོས་འཁྱུད་ཉུང་ལ་ཐལ་མོ་ཉམས་འགྱུར་དོད། །པདྨ་རྐྱང་སྦྱར་ཅི་རིགས་པད་མགོ་མཉེན། །ཁྱད་པར་གཙུག་ལག་ཁང་གི་ལྷ་ཆེན་རྣམས། །ཞབས་ལ་ཕྱགས་དང་བེར་སོགས་ཁྱིམ་པའི་ཆས། །དབུ་རྒྱན་གསུམ་པ་རྩེ་མོ་ནང་དུ་ཉེ། །ལུགས་མ་རྣམས་ལ་གཟོང་རིས་བྱས་པ་མང་། །བདག་དན་མེད་དང་འབོལ་ལ་བཞུགས་པའང་སྲིད། །ཚ་གསེར་བྱིབ་བྱུགས་མཆོག་ཏུ་ཕྱིན་ཆགས་ཤིང་། །སེམས་དཔའི་རིགས་རྣམས་ཤིན་ཏུ་མཛེས་པ་དང་། །ཁྲོ་བོ་ཞི་ཉམས་བཞང་ཞལ་ཁོ་ནར་འོང་། །ཆོས་རྒྱལ་རང་གི་འདྲ་སྐུ་ཚ་གསེར་དང་། །རྡོ་རྕིས་ཕྱུགས་སམ་མ་བྱུགས་ཅི་རིགས་ཡོད། །འདྲ་ཅོག་རྣམས་ནི་སྐུ་རྒྱུ་ངན་པ་ཡིན། །བར་པ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་དུས། །མེས་ཀྱི་ལྷ་ལས་སྐུ་རྒྱུ་ཅུང་ཟད་སྨུག །ཞལ་རས་ཟླུམ་ལ་སོར་མོ་དྲད་བརྡར་ཆུང་། །ལུགས་ཁ་ཅུང་ཟད་འདལ་བའི་ཁྱད་པར་དང་། །ཇོ་རྩེ་འཐུག་པོ་བྱུགས་ས་མཚོན་ཁྲ་བཀྱེ། །བཙན་པོའི་འདྲ་སྐུལ་ཐོད་མེད་པ་ལ། །ལན་བུ་གཡས་གཡོན་འཕྱང་དང་དབུ་རྒྱན་ཡང་། །རྩེ་བྲན་གསུམ་པ་གྲང་གསེར་བྱུགས་པའང་ཡོད། །ཕྱི་མ་མངའ་བདག་རལ་པ་ཅན་གྱི་དུས། །ལི་དཀར་མང་ལ་བཟོ་བོའང་འཕགས་ཡུལ་བ། །ཡིན་པས་དབུས་འགྱུར་འཆང་དང་རིགས་འདྲ་ལ། །དེ་བས་ཤ་ཉམས་རྒྱས་ཤིང་འགྱིང་བག་ཆེ། །དངུལ་ཟངས་སྤྱན་འབྱེད་རྒྱས་དང་ཟངས་ཐད་མ། །ཟངས་མཆུ་དངུལ་སྤྱན་ལ་སོགས་ཅིར་ཡང་འབྱུང་། །འདྲ་ཅོག་ར་གན་ལས་གྲུབ་སྒྲོས་མི་གཙང་། །ཆོས་ལི་ཕྱི་མར་ཚ་གསེར་བྱུགས་པ་མང་། །བྱང་སེམས་ཁྲོ་བོ་ལི་རྣམས་སྔོན་དང་འདྲ། །ལི་དམར་རྣམས་ལ་ཟགས་བསེས་ཡོད་པས་སྨུག །གཞན་ཡང་བཀའ་གདམས་རག་སྐུ་ལྷོ་བྲག་དང་། །གཉལ་ལོར་ཡར་མོ་ནུབ་ནས་ཆོས་ལིའི་འདྲ། །མང་བ་སྔོན་བྱུང་རྒྱ་ལི་དངོས་བསྟན་དང་། །ཞག་རྩིའི་རྣམ་པ་ཀུན་ནས་འགལ་བས་དཔྱད། །རྒྱུས་ལ་འདྲིས་དང་མཐོང་མྱོང་ཆེས་ཆེ་བའི། །སྤྱོད་ཡུལ་ལས་གཞན་རང་དགར་སྟངས་མི་ཆོད། །འོན་ཀྱང་ལྷ་བཙུན་ཁུ་དབོན་རྣམ་གཉིས་དུས། །འཇོན་ལ་རྒྱུ་བཟང་འདྲེས་པའི་ལི་སྨུག་དང་། །ལི་ཁྲ་དག་ལ་ཛྷེེ་ཀྵཾི་ཞེས་བཏགས་པ། །རྒྱ་ལི་དང་ཡང་འཁྲུལ་པ་བསྐྱེད་ལ་ཁད། །ཚུགས་ཉམས་ཆོས་ལི་དང་མཚུངས་མང་མཐོང་བ། །འདི་དག་རྣམས་ཀྱང་རྒྱུ་ཚུགས་བཟང་པ་ཡིན། །དེ་བཞིན་རྒྱ་ནག་གསར་མར་འཁྲུལ་བྱེད་པ། །ཚུགས་བཟང་ཞལ་རས་མཚར་ལ་སྐྱིལ་ཀྲུང་ལྷོད། །བདའ་ཁོར་ཉིས་བརྩེགས་གཉེན་ལ་སྐེད་ཉག་ཐོན། །སྒྲོས་གཙང་ཚ་གསེར་འཐུག་པ་སླེའུ་ཆུང་། །དེ་ལས་བྲད་བརྡར་ཅུང་ཆུང་ཚ་གསེར་སབ། །ན་བཟའ་མེ་ཏོག་རིས་བཀྲ་བདེ་ཉམས་ཆེ། །ཨོལ་ཀོ་ཅུང་ཟད་བཅུམ་པ་པདྨ་མཁར། །ཁྱད་པར་རིན་པོ་ཆེ་ཡི་གཏམ་འདི་ཡི། །དུས་ན་སྟོན་པའི་ཞལ་སྦྱིན་མཆེད་ཀྱི་མདུན། །ལྷ་ཡུལ་ལྡན་གྱི་བཟོ་སྒྲོས་རྩེ་མོ་ནི། །རྒྱ་ནག་གསར་མར་མཚུངས་ཀྱང་བྲ་བཟོ་ཡིས། །བྱོན་ལས་འགྱུར་ཚུགས་རྣམ་པ་ཐ་དད་ཅིང་། །རྒྱུ་ལ་ཁ་ཆུར་འདྲེས་རྣམས་ཆོས་ལི་དང་། །མཚུངས་ཤིང་དྲངས་ཐང་མ་ལ་སྐུད་ཚག་གིས། །བལྟ་ན་སྡུག་བྱས་སྦྱར་ལིའི་མདངས་གདོན་ལ། །བཟོ་བས་ཛྷེེཀྵིཾ་དང་ཡང་འཁྲུལ་བ་བསྐྱེད། །དེ་བཞིན་ལི་དཀར་འདྲ་ལ་སེར་ཞག་ཆེ། །ལི་དམར་བཅོས་བུ་ཚ་གསེར་གྱིས་བྱུགས་ནས། །དབྱི་བའི་རྫུ་འཕྲུལ་བྱས་པས་རློམ་ལྡན་ཡང་། །རྒྱ་ལི་རྙིང་མར་འདུ་ཤེས་རྨོངས་པ་ཡོད། །འཕགས་པའི་ཡུལ་ན་ཐེག་དམན་གྲགས་ཆེ་ཞིང་། །ཐེག་ཆེན་དར་བ་ནས་ཀྱང་གསང་སྔགས་ནི། །ཤིན་ཏུ་གསང་བ་སྲུང་བ་ཉིད་ཀྱི་ཕྱིར། །སྔགས་སྐུ་ཉུང་བས་ཕལ་ཆེར་རྒྱ་ཧོར་བོད། །སྦུངས་སྐུ་རྒྱ་གར་ཤར་དང་རྒྱ་ནག་མང་།།

            གསུང་རྟེན་དྲིལ་བུ་ཧོར་དང་རྒྱ་གར་ནག །བོད་ཆེན་རིགས་བཞི་ལས་ནི་རྒྱུའི་སྒོ་ནས། །ཧོར་དྲིལ་གཉིས་ལས་ཤིང་ཀུན་མཆོག་ཏུ་བྲག་ལ། །རྒྱུ་ནི་ལི་དཀར་དངུལ་མདངས་བཀྲག་ཞག་ཆེ། །དྲིལ་བུའི་སྟོད་ཞུམ་བ་ལང་ཁ་ཁེབས་ལ། །ལུགས་གཙང་བརྡར་གདམ་བྱས་ལི་རྒྱུ་འཇམ། །ནང་ནི་ཞོ་ཁ་ཞེས་པའོ་སྤྲིས་འདྲ། །དྲ་ཕྱེད་འབུར་ལ་བར་སྟོང་འཇམ་སང་མང་། །དཔུང་པའི་པད་འདབ་རིགས་ཀྱི་ཕྱག་མཚན་སྤུས། །དྲིལ་བུའི་དཔུང་ཟུར་པད་མཐའ་གཅིག་ཏུ་འདྲེས། །སྐད་སྙན་སྦོམ་ལ་རྒྱད་གྲགས་ལྷག་པར་ཆེ། །དབུ་རྡོར་ཅོང་ལི་མང་ལ་དངུལ་དཀར་དང་། །ཛྷེེ་ཀྵིཾ་དབ་ཀྱར་ཉུང་ཟང་སྲིད་པ་ཡིན། །རྩེ་ལྔ་བ་མང་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་ལྡན་རྩེ་དགུ་ཉུང་བ་ཡིན། །རྒྱུ་དང་གསུང་ལ་དོ་ཟླ་མེད་ན་ཡང་། །བཟོ་སྒྲོས་བྱིལ་བས་ཉམས་མེད་བལ་གྱིས་དོར། །དངོས་བསྟན་ཉུང་ལ་འདྲ་ཅོག་མང་བ་ཡིན། །ཕལ་པ་ལུགས་ཁ་དམ་ལ་གཙང་ཤ་ཆུང་། །ནང་ལ་བྲད་བརྡར་སོང་བས་ཞོ་ཁ་མེད། །རབ་འབྲིང་ཐ་མའི་ཁྱད་པར་ཆེ་བ་སྣང་། །རྒྱ་གར་དྲིལ་བུ་ཆེ་ཚད་ཁྲུ་ལ་ཉེ། །ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ལ། །པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད། །ཉུང་ཟད་སྣང་བ་ལི་དམར་ཁོ་ནར་མཐོང་། །དྲིལ་བུའི་རྣམ་གཞག་རྒྱུད་སྡེ་ལས་གསུངས་བའི། །ཐ་སྙད་དང་ཡང་མཚུངས་པར་མ་ངེས་པ། །འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར། །ཁྱབ་གདལ་མ་དར་བཟོ་ལ་འདྲིས་པ་ཆུང་། །གངས་ཅན་ན་ནི་ཁྱིམ་པའི་འཆོར་ཆས་བྱེད། །བླ་མེད་སྔགས་སྐུ་བཞད་གད་གནས་ལྟུང་ན། །དམ་ཚིག་དྲིལ་བུ་དམིགས་པའི་དབྱིངས་ལ་བཞུགས། །རྒྱ་ནག་ཁྱད་དྲིལ་ཕལ་པ་ཏཱ་མིང་གསུམ། །ཁྱད་དྲིལ་སྐྱེ་མཆེད་བྲད་བརྡར་འགྲན་ཟླ་མེད། །དཀྱུས་ལས་ཅུང་ཆེ་བ་ལད་ཁ་སྦུབ་འཐུག །རི་མོ་དོད་ཀྱང་ཧྲོབ་ཉམས་གཏན་ནས་མེད། །རྩེ་ལྔ་པ་རྣམས་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་དང་རྩེ་དགུ་ཡིན་ནོ་ཅོག །རྩི་བར་དྲ་ཕྱེད་ཁོང་ན་ཕྱག་མཚན་ཅན། །མུ་ཏིག་སྐེ་རགས་ཞིབ་ལ་སྐད་སྙན་འཁྲོལ། །མགོ་རྡོར་གསེར་དང་གསེར་དམར་ལས་གྲུབ་སྲིད། །རྒྱ་རག་ཚ་གསེར་འཐུག་བ་ཀུན་ལ་ཡོད། །ཕལ་པ་སྐྱེ་མཆེད་ཅུང་ཟད་གཙང་ཤ་ཆུང་། །དབྱིབས་ཀྱང་ཙོ་བ་ལ་སྐད་ངར་གཉིས་སུ་འཚེར། །དྲྭ་ཕྱེད་སོགས་དང་པད་འདབ་ལྷོངས་ལ་འཇམ། །ས་བོན་ལཉྗར་ཡོད་པ་ཏཱ་མིང་མང་། །ཐེག་ཆེན་གན་དྲིལ་ལྷག་པར་ཆེ་བ་ལ། །ཁྱད་དྲིལ་མིང་དུ་གྲགས་པ་མེད་ན་ཡང་། །བཟང་ངན་ཁྱད་པར་ཆེ་བ་ཡོད་པའོ། །དགའ་ལྡན་གན་དྲིལ་དེ་བས་ཅུང་ཐང་ཞེལ། །དྲིལ་བུའི་སྟོད་ཞུམ་མགོ་རྡོར་རྩེ་དགུ་མང་། །བོད་དྲིལ་རྙིང་མ་མདོ་ཁམས་རྩི་ཡུལ་དུ། །ཆེ་ཆུང་གཉིས་བཟོས་བྱི་བྱད་རྒྱ་འདྲ་བས། །ཉམས་མེད་རྣམས་ཀྱིས་རྒྱ་རུ་ངོས་འཛིན་ཡང་། །རི་མོ་མི་གཙང་དབུང་མགོ་ཧོར་འདྲ་ལ། །བ་ལང་ཁ་ནི་རྒྱ་ཧོར་གཉིས་ཀ་དང་། །འགལ་ཞིང་ནང་ལ་སུལ་གྱི་རྣམ་པ་མང་། །བོང་དྲིལ་གསར་མ་ཟལ་མོ་སྒང་དུ་དར། །རི་མོ་ཧྲོབ་ལ་སྐད་དར་རིང་དུ་བསྲིང་། །ཁྱད་དྲིལ་རྣམས་ནི་སྐྱེ་མཆེད་གཙང་ཤ་ཆེ། །དེ་ལས་གཞན་པ་འཇངས་འབའ་ལོ་གྲོ་སོགས། །དྲིལ་བུའི་གཟུགས་བརྙན་བརྟག་པར་སླ་བས་སོ།།

            ༈ ཏིང་ཏིང་ཤག་ལ་ཧོར་དང་རྒྱ་བལ་བོད། །ཧོར་ལ་རིགས་གསུམ་ཛ་ལནྡྷར་མཆོག །ཤིང་ཀུན་འབྲིང་ལ་ཕལ་པ་ཐ་མ་སྟེ། །ཛ་ལནདྷར་གླིང་ཕྲན་ལས་འོངས་པའི། །ཤང་ཤང་ལས་བྱུང་ཐོད་པ་སྦུབ་ལ་ཟླུམ། །ལོ་མ་ཆུང་ཤོས་མཐེའུ་ཆུང་གི་རྒྱ། །ཁ་སྒོར་མཐུག་ཅིང་གཞན་ལས་ཆུང་བ་ལ། །སྐད་སྙན་རྒྱང་གྲགས་མཆོག་ཏུ་གྱུར་པ་ཡིན། །ཤིང་ཀུན་ཐོད་པ་དཔངས་མཐོ་རྩེ་མོ་ཕྱུར། །མཐའ་སྐོར་ཁ་སྦུབ་མཐུག་ལ་བར་སྐབས་སྲབ། །རྒྱང་སྐད་ཆེ་ལ་དབུགས་ཐག་རིང་བ་ཡིན། །ཕལ་པ་བརྡར་གང་ཅུང་དོེད་ཐོད་པ་དམའ། །ལི་ལ་ཁྲོ་ཉམས་ཡོད་པས་གྲུམས་པའང་སྲིད། །རྒྱ་ཏིང་ཐོད་བཟླུམ་ལ་ཁ་ཕྱར་ཐེག །ལོ་ཐོད་མཚམས་སུ་དཀྲི་ཁ་ཁོར་མོ་ལ། །ནག་གམ་སར་མདངས་གཡའ་སྟུག་སྐད་གཤིས་འབོལ། །བལ་པོ་ཧོར་ཕལ་ལས་ཆེ་ཐོད་པ་ཕྱུར། །སེར་སྐྱ་སྲབ་ཅིང་སྙན་ཆ་ཆུང་བ་ཡིན། །སྙེང་ཤང་ལ་སོགས་བོད་རྙིང་ཁ་དོག་ནག །སྐད་གཟེངས་མཐོ་ལ་སྙན་ཆ་ཆེ་བའོ། །ཟལ་མོ་སྒང་པ་ཐོད་པ་ཆུང་ལ་འདལ། །ལོ་མ་ཆེས་ཆེ་མཚམས་སུ་དཀྲི་ཁ་ཅན། །རྒྱུ་ཚོགས་ཆེ་ལ་སྐད་འབོལ་རྒྱང་གྲགས་ཆེ། ༈ །སིལ་སྙན་ལའང་ཧོར་རྒྱ་བལ་བོད་བཞི། །ཧོར་ལ་རིགས་གསུམ་ཛལནྡྷར་དང་། །ཤིང་ཀུན་མ་དང་སྤྱི་བོ་མཁར་པ་ལས། །ཛལནྡྷར་ཐོད་ཚེ་འཁོར་རྒྱ་ཆུང་། །རྒྱུ་ཚོགས་ཆེ་ལ་སྐད་སྙན་རྒྱང་གྲགས་ཆེ། །སྤྲེལ་ཐོད་སྦལ་ཐོད་ཇི་ལྟའང་གཞན་པས་ཆུང་། །ཤང་ཤང་ཏེའུ་རེག་པའི་དུག་ཅན་ཕྱིར། །ཡི་གེའི་བརྡ་ལས་རིན་ཐང་གཞལ་ཞེས་ཟེར། །དཀོན་པའི་ཕྱིར་ན་ནོར་སྣར་གྲགས་པ་ཡིན། །ཤིན་ཀུན་འཁོར་རྒྱར་དཔག་པའི་ཐོད་པ་ཆུང་། །ཐོད་དབྱིབས་གོང་འདྲ་སྐད་འབོལ་སེར་མདངས་ཆེ། །སྤྱི་བོ་མཁར་ལ་ཐོད་དབྱིབས་གསུམ་དུ་ཡོད། །ར་ཐོད་ཙོང་ལ་སྦལ་ཐོད་ཐོད་ཟུར་ཆག །སྤྲེལ་ཐོད་ཟླུམ་ལ་རྩ་བ་ཉག་པ་སྟེ། །འཁོར་རྒྱ་ཆེ་ཆུང་ངན་ལ་འཁྲོལ་ཆ་ཆུང་། །གསེར་ངམས་ཟིལ་པ་ཆགས་པ་ཚོ་འབྲུམ་ཅན། །ནང་ལ་ཐོ་རིས་གསལ་ཞིང་སྤུངས་རིས་མེད། །ཐོད་པའི་རྩ་ནས་ལོ་མཐུར་སེགས་སུ། །སྤོ་ལ་སོང་མཚམས་ཤང་ཁ་གྱེན་ལངས་ཀྱི། །ཁ་སྦྱར་བར་མཐའ་མ་རེག་ཙམ་དུ་ཡོད། །རྒྱ་ནག་ཆེ་ཆུང་འཚམས་ལ་ཆུ་ཞེང་གབ། །ཤང་ཁ་བཙན་ཆུགས་ཡོད་པས་འཁྲོལ་བ་དཀའ། །མཐའ་ལ་ཆ་གནང་ལ་ཐོ་རྗེས་གསལ། །སེར་ནག་སྐད་སིལ་ཧོར་ལས་སྙན་ཆ་ཆུང་། །སྦལ་ཐོད་མཎི་ལནྗར་ཡོང་བ་ཡིན། །བལ་སའི་སྲབ་དང་བོད་སིལ་རྒྱུ་ཚོགས་ཅན། །རྒྱ་ཧོར་གཉིས་དང་འགལ་བས་རྟོགས་པར་སླ། །དེ་ལས་བོད་སིལ་སྙན་ཆ་ཆེ་བ་ཡིན། ༈ །སྦུབ་ཆོལ་གསུང་རབ་དག་ལས་ཡོངས་མ་གྲགས། །ཕེག་རྡོག་ལ་པགས་རིག་པས་བསྐྲུན་ནམ་སྙམ། །དེ་ཉིད་ལ་ཡང་ཧོར་རྒྱ་བལ་བོད་བཞི། །ཧོར་རིགས་གསུམ་ལས་མཆོག་ཏུ་གྱུར་བ་ནི། །ཛལནྡྷར་ཐོད་ཁྱིམ་ཆེ་ལ་ཕྱུར། །འཁོར་རྒྱ་ཆུང་ལ་ཐོ་རྗེས་ཤིན་ཏུ་གསལ། །གཡའ་ངམས་སེར་ནག་སྐད་སྙན་རྒྱང་གྲགས་ཆེ། །ངོ་བོ་ཆུང་ལ་རྒྱུ་ཚོགས་སྟག་བ་དང་། །ཁ་སྒོར་ཟ་ར་ཚགས་སུ་མངོན་པ་ཡིན། །ཤིན་ཀུན་མ་ནི་ཐོད་པ་ཟླུམ་པ་ལ། །ལོ་ཐོད་བར་ཉག་འཁོར་རྒྱ་སྔོན་བས་ཆེ། །རྒྱུ་ཚོགས་ཆེ་ལ་ངར་པས་གཞན་དག་གནོན། །སྤྱི་བོ་མཁར་བ་ཐོད་པ་ཆུང་བ་ལ། །ལོ་མ་རན་ཞིང་སོན་པས་ཁ་དོག་སྔོ། །མཚན་ཉིད་གཞན་རྣམས་མཚུངས་ཤིང་རྒྱ་གསར་ཀྲོག །བལ་བོ་ཧོར་དུ་བརྫུས་དང་མ་འཛོལ་ན། །ཧོར་གྱི་མཇུག་དང་རྒྱ་ཡི་ཐོག་མ་རུ། །བྱུང་བའི་རོལ་མོ་ཁྱད་གཞིས་འཕགས་པ་སྟེ། །སྐྱེ་མཆེད་དོད་ལ་ཐོད་ལོ་མཆུ་ཞེང་གབ། །ཐོད་ཁྱིམ་ཟད་མཚམས་རྩ་རིས་བྱེ་ཁ་མངོན། །གཡའ་མདངས་གསེར་ཞག་ཅན་དང་སྔོ་ནག་སོགས། །སྣུམ་བག་གཞན་པས་བལྟ་ན་སྡུག་པ་ལ། །སྐད་སྙན་འཁྲོལ་ཞིང་རྒྱང་གྲགས་ཆེ་བ་ཡོད། །རྒྱ་སིལ་ལེགས་དང་དྲིལ་བུ་ཁྱད་འཕགས་དུས། །སྦུབ་ཚོལ་ཉུང་བས་བལ་རྣམས་ཕྱི་ནས་བྱུང་། །ཤིན་ཏུ་གསར་པ་ཁ་དོག་སྐྱའམ་གནག །རྒྱུ་ཚོགས་ལྡན་ཞིང་སྐད་མིང་སྙན་ཆ་ལྡན། །བལ་ཆོལ་སྤལ་མགོ་མ་དང་སྤྲེལ་ཐོད་མང་། །ཐོད་པ་ཅུང་ཆུང་དེ་ཡང་ཅིག་ཤོས་སུ། །ཅིག་ཤོས་ཤོང་ཞེས་ཟེར་ཡང་ཆེ་ཆུང་དུ། །མངོན་པ་ཀུན་ལ་ཡོད་པས་མ་ངེས་ལ། །སྲུབས་རིས་གསལ་ཞིང་ལི་མདངས་སེར་སྐྱར་སྣད། །བོད་ནི་གྲ་སྦུག་ཉིད་དང་དེ་བཞིན་དུ། །ལྷོ་མོན་དག་ནས་གསར་བྱུང་བལ་རྒྱུད་བཟོ། །རྒྱ་གསར་དག་དང་འཁྲུལ་པ་བསྐྱེད་པ་དང་། །སྔོན་རབས་འཇད་སྦུབ་སོགས་ནི་རྟོགས་པར་སླ། །གང་ཡང་རྒྱུ་ལ་རྒོད་གཡུང་བྱེ་བྲག་གིས། །ཡས་སྦུབ་མས་སྦུབ་ཁྱད་པར་ཆེ་བ་ཡིན། ༈ །ཐུགས་རྟེན་རྒྱ་གར་རྒྱ་ནག་བོད་གསུམ་ལ། །འཕགས་པའི་ཡུལ་ན་པདྨ་སྤུངས་པ་ནས། །མྱང་འདས་བར་གྱི་རྣམ་གྲངས་བརྒྱད་བཤད་ལས། །བོད་དུ་བྱོན་པ་ལྷ་བབས་རྣམ་རྒྱལ་གཉིས། །དེ་ཡང་པད་སྤུངས་དབུས་དང་ཤར་ནས་དར། །པདྨ་ཁ་སྦྱར་ཞུམ་ལ་བུམ་སྨད་རྒྱས། །རིམ་པས་སྙོང་ལ་དྲེ་ཡང་ཀྲོང་བ་ལ། །ཡ་མཐའ་བྱིལ་མོ་རྩེ་གདུགས་ཐེག་མོའི་སྟེང་། །ནོར་བུ་པདྨའི་འདུས་ནས་འཐོན་པའམ། །ཉི་ཟླས་སྤྲས་པ་ཕལ་ཆེར་ལི་དཀར་མོད། །བྱང་ཆུབ་ཤིང་དང་ཀ་མ་རུ་པའི་རྡོར། །རྡོ་རྗེ་གདན་གྱི་བཀོད་པའི་གནྡྷོལ། །དེ་ཡི་འདྲ་ཅོག་བོད་དུ་བྱས་པའང་སྲིད། །རྒྱ་ནག་བ་ནི་རྒྱ་རག་ཚ་གསེར་ཅན། །བོད་རྙིང་པདྨ་རྐྱང་སྦྱར་གཉིས་པ་མང་། །མས་མཐར་མུ་ཏིག་སྤྲས་དང་བུམ་སྟོད་རྒྱས། །བྲེ་དཔངས་དམའ་ལ་མ་མཐར་ཟེ་བྲོག་ཅན། །ཆོས་འཁོར་སྲིད་ཐུབ་སྦོམ་ལ་ཆར་ཁེབས་སྦུབ། །རྩེ་མོ་པད་འབུས་ཏོག་གམ་ཉི་ཟླས་སྒྲས། །དབུས་ན་སྕགས་མངོན་ལྕགས་ལྟེ་མ་རུ་གྲགས། །ཞབས་བགགས་མེ་ལོང་ཅན་ལ་མེ་ཞབས་མ། །ལ་མཚལ་མ་ནི་རྒྱ་གྲམ་དེ་ཡིས་བྱུགས། །བྲེ་ངོས་སྤྱན་སོགས་མདུན་རྟགས་བྱས་པའང་ཡོད། །རྙིང་མ་རྣམས་ལ་ནང་བཞུགས་རིང་བསྲེལ་དང་། །ཇོ་བོས་རབ་གནས་འཐོར་བ་གཉིས་སུ་ཡོད། །འདྲ་ཅོག་གསར་མ་བཀའ་གདམས་རག་སྐུར་མཚུངས། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ནི། །ལི་ཡི་ཞག་དང་སྐྱེ་མཆེད་ཁོ་ན་ལས། །འདྲིས་ཅན་རྣམས་ལ་རང་བཞིན་ལྷན་སྐྱེས་སུ། །རྣམ་པར་དཔྱོད་པའི་རྩལ་གསུམ་རྫོགས་མོད་དེ། །དེ་དུས་རྒྱུ་ཡང་འདུ་ཤེས་གཞུངས་པ་དང་། །དཔྱད་པ་ཆེ་ཞིང་རྒྱུས་ལ་གོམས་པ་དང་། །མིག་སྔར་མང་མཐོང་ནན་ཏན་དྲིས་པ་ལས། །འབྱུང་གིས་དཔྱད་སྟོན་མཐོང་བ་ཙམ་གྱིས་མིན། །འཇིག་རྟེན་དག་ན་ཟོང་གིས་སྤངས་པ་ལས། །ཉམས་ཀྱིས་སྤངས་པ་གོད་ཁ་ཆེ་བའི་ཕྱིར། །རྣམ་པར་དཔྱོད་པའི་མཐུ་ལ་གོམས་པར་མཛོད།།

བཞི་པ། གང་ལ་རིམ་གྲོ་བསྐྱེད་པའི་ཕན་ཡོན་བཤད་པ།

བཞི་པ་ཕན་ཡོན་གྱི་སྒོ་ནས་དེ་ལྟ་བུའི་རིན་པོ་ཆེས་སྐུ་གསུང་ཐུགས་རྟེན་འབའ་ཞིག་ལ་རིམ་གྲོ་བསྐྱེད་པའི་ལུང་སྟོན་པ་ནི་འཕགས་པ་སྒྲ་ཆེན་པོ་ལས། ཀུན་དགའ་བོ་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དཔལ་བར་བྱེད་པ་ལས། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་ར་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུག་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པདབྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་དེ་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱར་ཡང་ཉེ་བར་མི་འགྲོའོ།  །དེ་ཅིའི་ཕྱིར་ཞེ་ན།  དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།  །ཞེས་དང་། དགའ་བོ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲས་ཕ་རྒྱུན་དུ་ཞུགས་པ་བསད་ནས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་སྐུ་གདུང་གི་བརྒྱད་ཆ་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། བརྗེད་པར་བྱ་བ་དང་། གསོལ་བར་བྱ་བ་ལ་བརྩོན་པར་འགྱུར་རོ།  །ཞེས་སངས་རྒྱས་ཀྱིས་བསྔགས་པའི་ལས་དེ་དེས་བྱས་པས་སེམས་ཅན་དམྱལ་བར་ལན་ཅིག་སོང་ནས་ལས་དེ་ཉིད་དང་དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ནས་ཐར་ནས་བསྐལ་བ་ཉི་ཤུར་ལོག་པར་ལྟུང་པར་མི་འགྱུར་ལ། སྐྲ་དང་ཁ་སྤུ་དྲེགས་ནས་གོས་དུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ།  །ཞེས་པ་ལ་སོགས་པས་མཚོན་ཟད་མི་ཤེས་པ་མོད་དོ།  །རྙེད་ལ་ཁེངས་ཤིང་འབྱོར་ན་བརྐམ་པ་སྡུག་བསྔལ་བདེན་པའི་ས་བོན་ཏེ།  །བྱིས་པ་རྣམས་ཀྱི་སྦྱིན་འབྲས་སྔོན་མོད་དེ་ཡང་གློག་སྤྲིན་ཟློས་གར་ལས།  །དཔེར་བྱ་གཉིས་པ་ཡོད་མིན་རིག་པ་འཕགས་པ་རྣམས་ཀྱི་རྗེས་ཐོབ་ནི།  །གསེར་དང་བོང་བ་རིན་ཐང་མཉམ་པ་འཁོར་གསུམ་ཡང་དག་ཕྱོགས་སུ་ལྷུང་། །ཆོག་ཤེས་དམ་པའི་གན་མཛོད་ལ་དབང་རྣམས།  །རྙེད་ལ་དགའ་མགུར་མི་ལྡང་མི་རྩོལ་ཡང་།  །གནས་མ་ཡིན་པར་དེངས་སུ་མི་འཇུག་པ།  །རྣམ་སྨིན་ཟླ་ཞུན་ཁམས་སུ་བསྐྲུན་ཕྱིར་ཡིན།  །བརྒྱ་ཕྲག་ལྔ་ཡི་གླང་པོའི་ཐུར་སྲང་གིས།  །བཏེག་པའི་དངུལ་དཀར་ཞུན་མའི་མཆོད་སྡོང་ནི།  །བཙོ་སྦྱངས་རིན་ཆེན་མང་པོས་ཁུར་བཟོད་པའི།  །ནོར་བུའི་རྣ་ཆོག་ཡོ་བའི་དུས་ཀྱི་གཏམ།  །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་རྒྱལ་བསྟན་ཡུན་དུ་གནས་པ་དང་། གྲོ་བའི་བདེ་སྐྱིད་སྤེལ་བའི་སླད། དངུལ་སྲང་ལྔ་བརྒྱའི་རྒྱུ་ཚོགས་ལས་བྱང་ཆེན་མཆོད་སྡོང་གསར་དུ་བསྐྲུན་ནས་རྒྱལ་དབང་པདྨའི་ལུང་བསྟན་བཞིན་བསམ་ཡས་བར་ཁང་དུ་བཞུགས་སུ་གསོལ་བའི་ཚོ་སྦྱར་བའོ།  །གཏམ་ཚོགས་ལེའུ་བཞི་པའོ།།  །།

 




མཐའ་མའི་འདོན་ཐེངས་།: 11.11.2022 ཉིན། 11:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།