ཡུ་རོབ་ཁུལ་དུ་སྨན་རྩིས་སྐོར་སྐྱོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.07.2022 |
ཡུ་རོབ་ཁུལ་དུ་སྨན་རྩིས་སྐོར་སྐྱོད།
སྨན་རྩིས་ཁང་གི་ཡུ་རོབ་ཁུལ་དུ་སྨན་རྩིས་སྐོར་སྐྱོད་ཀྱི་ལས་རིམ་འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༨ ནས་ཟླ་ ༦ ཚེས་ ༦ བར་ཉིན་ཉི་ཤུའི་རིང་སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་པ་ཡེ་ཤེས་ཚེ་རིང་ལགས་དང་། སྐར་དཔྱད་རྩིས་རིག་པ་བསོད་ནམས་མཚམས་གཅོད་ལགས། དི་ལླི་ཕྱིར་ཚོང་ལྡེ་ཚན་ལས་བྱེད་སྤེན་པ་ལགས་དང་། དྷ་ས་ནས་སྒྲོལ་མ་ལྷ་མོ་ལགས་བཅས་མི་སྣ་བཞི་མཉམ་དུ་ཕེབས་ཡོད།
དེ་ཡང་རུ་ཁག་འདི་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ Germany དང་ Spain, Switzerland, France བཅས་ཁག་བཞི་རུ་ཕེབས་ཏེ། ནད་པ་ཁྱོན་ ༢༤༡ ལ་བོད་ཀྱི་གསོ་རིག་ལུགས་ཀྱི་བརྟག་དཔྱད་སྨན་བཅོས་དང་། ཟས་སྤྱོད་སྤང་བླང་དང་འཕྲོད་བསྟེན་བསླབ་བྱ་གནང་། དེ་བཞིན་བོད་ཀྱི་སྐར་རྩིས་རིག་པར་དོན་གཉེར་ཡོད་པའི་མི་སྣ་ ༢༣ ལ་ངག་ཐོག་རྩིས་འབྲས་འདོན་གནང་། ལྷག་པར་ས་གནས་དེ་དག་ཏུ་བོད་ཀྱི་སྨན་རྩིས་རིག་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། བོད་ཀྱི་སྨན་རྩིས་རིག་པའི་སྐོར་གྱི་ཐང་ཀ་འགྲེམ་སྟོན་དང་། གསོ་རིག་ཐོན་སྐྱེད་ཚོང་སྒྱུར་བཅས་ཞུས་ཡོད།
ད་ཐེངས་སྐོར་སྐྱོད་འདི་ལེགས་གྲུབ་བྱུང་བར་མཐུན་འགྱུར་གནང་མཁན། བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ཚན་པའི་འགོ་འཛིན་དང་ཇར་མ་ནི་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་ཐོས་བསམ་ལགས་དང་། སི་པེན་ Fundacio CASA Del Tibet, Barcelona ངེས་སྟོན་པ་ཐུབ་བསྟན་དབང་ཆེན་ལགས། སུད་ཙི་དང་ལིཀ་ཊཧན་སཊཡེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐར་མ་ཆོས་སྐྱིད་ལགས། ཕ་རེན་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐར་མ་འཕྲིན་ལས་ལགས་བཅས་དང་གཞན་ཡང་སྨན་རྩིས་ཁང་ལ་བློ་དཀར་ཅན་གྱི་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་མའི་འདོན་ཐེངས་།: 02.07.2022 ཉིན། 4:27 PM
<< སྔ་མ།