སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

ཡན་ལག་སྤྱི་ཁྱབ་ཡིག་ཚང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


ཡན་ལག་སྤྱི་ཁྱབ་ཡིག་ཚང་།

སྡེ་ཚན་འདི་ནི་ྋསྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་སྨན་རྩིས་ཁང་གི་འགན་འཛིན་གནང་བའི་རིང་སྟེ་ཕྱི་ལོ་ ༡༩༨༣ ལོར་གསར་དུ་བཙུགས་ཏེ་ད་ལྟའི་བར་ཡན་ལག་སྤྱི་ཁྱབ་འགན་འཛིན་དྲུག་ཙམ་འཕོ་འགྱུར་བྱུང་ཞིང༌། སྡེ་ཚན་འདིའི་ལས་འགན་གཙོ་བོ་ནི། རྒྱ་བལ་གཉིས་སུ་ཡོད་པའི་ཡན་ལག་སྨན་ཁང་ཁག་གི་ལས་དོན་ལ་བལྟ་རྟོག་དང༌། ཞུ་སྒོ་ཁག་ལ་ལམ་སྟོན། རྒྱུན་གྲོན་སྟངས་འཛིན་དང་རྩིས་ཁྲར་ཞིབ་འཇུག སྨན་ལས་པ་བཀོད་སྒྲིག ཡར་རྒྱས་དང་རྒྱ་བསྐྱེད་སོགས་ཀྱི་འཆར་འགོད། ནང་ཞིབ་ནས་བཏོན་པའི་སྙན་ཐོ་མཇུག་སྣོན། ས་གནས་ཡན་ལག་སྨན་ཁང་ཁག་གི་དངོས་ཡོད་གནས་ཚུལ་དང་བདེ་སྡུག་སོགས་རྒྱུས་ལོན་གྱིས་གོང་རིམ་ལ་སྙན་འབུལ་ཞུ་རྒྱུ་བཅས་ཡིན།

བོད་ཀྱི་གསོ་བ་རིག་པའི་ཕན་ནུས་ཡུལ་གྲུ་གང་སར་རྒྱ་ཁྱབ་ཏུ་སོང་བ་དང་ཕྱོགས་མཚུངས་བོད་སྨན་ལ་བསྟེན་གཏུག་བྱེད་མཁན་གྱི་ནད་པ་ཇེ་མང་དུ་སོང་བའི་ཉེར་ལེན་ལ་བརྟེན་སྨན་པ་དང་སྨན་ཁང་ཡང་ཇེ་མང་ནས་ཇེ་མང་དུ་གྱུར། དེ་ཡང་ཕྱི་ལོ་ ༡༩༦༡ ནས་ ༡༩༧༠ བར་བཀསར་ཆོས་སྒར་དང་གློ་དམག་སྒར་སོགས་ཀྱི་བོད་མིའི་འཕྲོད་བཞེས་བདེ་ཐབས་ལ་དམིགས་ཏེ་འཕྲལ་སེལ་སྨན་ཁང་ཁག་ཅིག་བཙུགས་པ་ལས་དངོས་ཡོད་ཡན་ལག་སྨན་ཁང་གཅིག་ལས་མེད། ཕྱི་ལོ་ ༡༩༧༠ ནས་ ༡༩༨༠ བར་ཡན་ལག་སྨན་ཁང་ལྔ་དངོས་སུ་གསར་འཛུགས་གནང་ཞིང༌། རིམ་གྱིས་སྨན་རྩིས་མཐོ་སློབ་ནས་སྨན་པ་ཚད་ལྡན་གང་མང་གསོ་སྐྱོང་གནང་བ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་རྒྱལ་ས་དིལླིི་ནང་བོད་སྨན་གྱི་བདུན་ཕྲག་ཅེས་ནད་བཅོས་སྨན་སྐོར་དང་པོ་ཚུགས་པ་ལ་བརྟེན་མངའ་སྡེ་གཞན་གྱི་གྲོང་ཁྱེར་ཆེ་ཁག་དག་ནས་ཀྱང་རེ་སྐུལ་ཞུས་ཏེ་རིམ་པས་རྒྱ་བསྐྱེད་བྱུང་བ་ཞིག་ཡིན་ཞིང༌། དེ་ཡང་ཕྱི་ལོ་ ༡༩༨༠ ནས་ ༡༩༩༠ བར་ཏེ་ལོ་བཅུའི་རིང་ཡན་ལག་སྨན་ཁང་ཉེར་གསུམ་གསར་འཛུགས་གནང་ཡོད།

ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ བར་ཡན་ལག་བཅུ་གསུམ་དང༌། ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་ཡན་ལག་བཅུ་གསུམ། རྒྱ་བལ་འབྲུག་གསུམ་དང་ཕྱིའི་རྒྱལ་ཁབ་ཁག་ཅིག་བཅས་ས་གནས་ཁག་དྲུག་ཅུ་ཙམ་གྱི་ནང་སྨན་ཁང་འཛུགས་ཐུབ་པ་བྱུང་ཡང༌། ད་ལྟ་རྒྱ་བལ་གཉིས་ཀྱི་ནང་དངོས་ཡོད་ཡན་ལག་སྨན་ཁང་ལྔ་བཅུ་ང་བཞི་ཡོད་པས་བོད་མིའི་གཞིས་སྒར་ཆེ་ཁག་དང་རྒྱལ་ས་ཆེ་ཁག་བཅས་ས་གནས་ཕལ་མོ་ཆེའི་ནང་ཡན་ལག་སྨན་ཁང་གི་མཐུན་རྐྱེན་སྦྱོར་ཐུབ་པ་བྱུང་བ་བཞིན་སྨན་ལས་ཡོངས་ནས་སྤྱི་ཚོགས་འཕྲོད་བཞེས་བདེ་ཐབས་ལ་ལྷག་བློ་ཆེ་བསྐྱེད་ཀྱིས་ཞབས་ཕྱི་ཞུ་བཞིན་ཡོད།

ད་ལྟ་ཡན་ལག་ཁྱབ་ཁོངས་སུ་སྨན་ལས་ཕོ་མོ་ཉིས་བརྒྱ་དོན་ལྔ་ཡོད། དེ་ཡང་དབུས་ཡན་ལག་སྤྱི་ཁྱབ་སྡེ་ཚན་དུ་ལས་བྱེད་ ༥ དང༌། ཡན་ལག་སྨན་ཁང་ལྔ་བཅུ་ང་བཞིའི་ནང་སྨན་པ་ཕོ་གྲངས་ ༤༩ དང་མོ་ ༣༣། ལས་བྱེད་ཕོ་ ༥༤ དང་མོ་གྲངས་ ༨༡ བཅས་སྨན་ལས་གྲངས་ ༢༢༢ དང་ལས་མི་གྲངས་ ༨༨  བཅས་ཁྱོན་བསྡོམས་མི་གྲངས་ ༣༡༠ ཡོད།

ལོ་ངོ་ལྔ་བཅུར་རང་ཡུལ་བྲལ་ནས་མི་ཡུལ་འདིར་བཙན་བྱོལ་དུ་གནས་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་བོད་མིའི་གཞུང་དང་སྒྲིག་འཛུགས་སྤྱི་མཚུངས་ལྟར་སྨན་རྩིས་ཁང་འདི་ཡང་རྩ་བ་ལས་ཡལ་ག་དང་ཡལ་ག་ལས་ལོ་འབྲས་རྒྱས་པའི་འཕེལ་རིམ་ངེས་ཅན་ཞིག་བརྒྱུད་ཡོད། དེ་ཡང་དབུས་སྨན་རྩིས་མཐོ་སློབ་ཁང་ནས་གསོ་སྐྱོང་བྱས་པའི་སྨན་པ་ཚད་ལྡན་གང་མང་རིམ་ཐོན་བྱུང་བ་རྣམས་དབུས་འཛིན་སྐྱོང་གི་ངོས་ནས་ལས་དོན་བཀོད་སྒྲིག་གང་ལེགས་གནང་ཐུབ་པ་བྱུང་བ་དང་། སྨན་སྦྱོར་ཁང་ནས་དུས་ཐོག་ཏུ་དགོས་མཁོའི་གསོལ་སྨན་རྣམས་སྦྱོར་བཟོ་ཐུབ་པ་བཅས་ལ་བརྟེན་སྨན་སྦྱིན་སློབ་ཁང་དང་རྩིས་རིག་སློབ་ཁང་གི་གནས་བབས་ལས་རིམ་པས་ཡལ་ག་དང་། དེ་ལས་ལོ་འབྲས་སྨིན་ཏེ་ད་ལྟའི་གནས་སྟངས་འདིའི་བར་དུ་འཕེལ་རྒྱས་བྱུང་པ་ནི་ཆེས་ངོ་མཚར་སྐྱེ་འོས་སུ་མཐོང་། ལོ་ངོ་དེ་དག་གི་ནང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱིའི་རྒྱལ་ཁབ་དང༌། ཡུལ་གྲུ་ཁག་ལ་ཡན་ལག་སྨན་ཁང་དྲུག་ཅུ་ཙམ་བཙུགས་ཐུབ་པ་བྱུང་ཞིང་། ད་ལྟ་དངོས་ཡོད་ཡན་ལག་སྨན་ཁང་ལྔ་བཅུ་ང་ལྔའི་ནང་ལོ་རེ་བཞིན་ནད་ཀྱིས་མནར་བའི་ནད་པ་ལྔ་འབུམ་ནས་དྲུག་འབུམ་བར་ལ་བརྟག་དཔྱད་སྨན་བཅོས་ཀྱིས་མི་འཇིགས་སྲོག་གི་སྦྱིན་པ་གཏོང་བཞིན་ཡོད་ལ། དེའི་འགན་གཙོ་བོ་ནི་ཡན་ལག་སྨན་ཁང་ཁག་གི་ནང་དུ་སྒྲུབ་བཞིན་ཡོད་པས་སྐབས་དོན་དབུས་སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་རྣམས་ལོ་དུས་ནམ་ཞིག་ལ་ས་གནས་གང་འདྲ་ཞིག་ཏུ་ཚུལ་ཇི་ལྟར་བཙུགས་པ་ནས་འཕེལ་རིམ་ཇི་བྱུང་གི་དུས་ཡུན་ནང་སྨན་པ་སུ་དང་སུས་དུས་ཡུན་ཅི་ཙམ་ཞིག་གི་ཡུན་ལ་ཐུགས་འགན་བཞེས་པ་བརྗོད་གཞིར་བཟུང་སྟེ་མདོར་བསྡུས་རེ་འགོད་རྒྱུ་ཡིན། དེ་ཡང་སྔར་ནས་སྨན་རམས་པ་ཆོས་བློ་ཐར་ལགས་ཀྱིས་ཡན་ལག་གང་མང་ཞིག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་སྒྲིག་གནང་ཡོད་པ་གཞི་རྩར་བཟུང་བའི་སྟེང་སྣོན་ཕྲི་ཁ་སྐོང་གང་དགོས་བྱས་ཏེ་དོན་དངོས་ཀྱི་བྱུང་བ་མཚོན་པར་བྱ་རྒྱུ་ཡིན། དེ་ཡང་གསར་དུ་བཙུགས་པའི་དུས་རིམ་ལྟར་བསྒྲིགས་ཡོད་ཀྱང་ཡན་ལག་སྨན་ཁང་མགོ་བཙུགས་པ་ནས་སྨན་པ་བསྐོ་བཞག་གནང་ཡོད་ཀྱང་འགན་འཛིན་སྨན་པའི་མཚན་གནས་དུས་ཐོག་ཏུ་མ་གནང་བ་དང་ཡིག་ཆ་རེ་ཟུང་བོར་བརླག་ཏུ་སོང་བ་སོགས་ཀྱི་རྐྱེན་གྱིས་གསར་དུ་བཙུགས་པའི་ལོ་དུས་དང་འགན་འཛིན་དང་པོའི་ལོ་དུས་མི་མཐུན་པའི་ཡན་ལག་རེ་ཟུང་ཡོད། སྨན་རྩིས་ཁང་གི་དྲ་རྒྱའི་ནང་འཁོད་པའི་ཡན་ལག་སྨན་ཁང་ཁག་གསར་དུ་བཙུགས་པའི་ལོ་དུས་དང་འགན་འཛིན་སོ་སོའི་སྐབས་སུ་ཡན་ལག་གང་དང་གང་བཙུགས་པའི་ལས་བསྡོམས་ཡིག་ཆ། གཞན་ཡང་སྨན་པ་རྒན་གྲས་དག་གི་ལོ་རྒྱུས་བཅས་ལ་ཟླ་གཅིག་ལྷག་རིང་ཞིབ་བསྡུར་གང་ལེགས་བགྱིས་ཡོད་པས་ཡིད་བརྟོན་རུང་བར་འདོད།།


 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།