སྨན་རྩིས་དྲ་བ། - སྣ་ཚོགས།

ཡན་ལག་བརྒྱད་པའི་སྙིང་པོ་བཞུགས་སོ།།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2022
སྣ་ཚོགས། >>



༄༅། །ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

-          ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན།


           

༄༅། །རྒྱ་གར་སྐད་དུ། ཨཥྚ་ཨངྒ་ནཱམ་ཧྲིདཡ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད། །རྒྱུན་དུ་འབྲེལ་བས་ལུས་ཀུན་མ་ལུས་ཁྱབ། །འདོད་དང་ཁྲོ་བ་མ་ལུས་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ།།

            དེ་ནས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ། ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་བསྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པས་མཉན་པར་བྱ། །ཚངས་པས་ཚེ་ཡི་རིག་བྱེད་དྲན། །སྐྱེ་དགུའི་བདག་ལ་བཤད་པ་ཡིན། །དེ་ཡིས་ཐ་སྐར་དེས་བརྒྱ་བྱིན། །དེས་རྒྱུན་ཤེས་སོགས་དྲང་སྲོང་ལའོ། །དེ་ཡིས་མེ་བཞིན་འཇུག་ལ་སོགས། །དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས། །ཤིན་ཏུ་འཐོར་བ་དེ་རྣམས་ལས། །རབ་གཅེས་ཕལ་ཆེར་བཏུས་པ་ནི། །ཤིན་ཏུ་བསྡུས་མིན་རྒྱས་མིན་པའི། །ཡན་ལག་བརྒྱད་པའི་སྙིང་པོ་བྱས། །ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་སྤྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །རླུང་དང་མཁྲིས་པ་བད་ཀན་ཡང་། །ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །ཁྱབ་དང་མྱུར་དུ་བྱེད་ཕྱིར་དང་། །སྟོབས་ལྡན་གཞན་དག་འཁྲུགས་བྱེད་ཅིང་། །རང་རྒྱུད་རྩུབ་དང་ནད་མང་ཕྱིར། །ཀུན་ལས་རླུང་ནི་སྟོབས་ལྡན་ཡིན། །དེ་ནི་རྣམ་གྱུར་མ་གྱུར་ཡིས། །ལུས་ནི་འཇོམས་དང་གནས་པ་ཡིན། །དེ་ཁྱབ་གྱུར་ཀྱང་སྙིང་ཁ་དང་། །ལྟེ་བའི་འོག་བར་སྟེང་ན་གནས། །ན་ཚོད་ཉིན་ཞག་ཟས་ཟོས་ནས། །དེ་ནི་མཐའ་དབུས་སྤོགས་རྟོགས་རིམ། །དེས་ནི་འཇུ་བ་མི་སྙོམས་རྣོ། །ཆུང་དང་མཉམ་པས་མཉམ་པར་འགྱུར། །དེ་ནི་ལྟོ་བ་སྲ་སྙི་རན། །མཉམ་པས་ཀྱང་ནི་བར་མར་འགྱུར། །སྐྱེ་བའི་དང་པོ་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །དེ་ནི་རང་བཞིན་རྣམ་གསུམ་སྟེ། །ཆུང་འབྲིང་ཆེན་པོ་སོ་སོར་ལྟ། །མ་ལུས་པ་ལ་ཁམས་མཉམ་པ། །མཆོག་ཡིན་ཉེས་པ་གཉིས་འབྱུང་སྨད། །དེ་ལ་རླུང་ནི་རྩུབ་ཅིང་ཡང་། །གྲང་ཞིང་སྲ་ལ་ཕྲ་ཞིང་གཡོ། །མཁྲིས་པ་སྣུམ་བཅས་རྣོ་ཞིང་དྲོ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར། །བད་ཀན་སྣུམ་བསིལ་ལྕི་བ་དང་། །རྟུལ་ཞིང་འཇམ་བརྟན་འབྱར་བག་ཅན། །དེ་གཉིས་གསུམ་ཟད་འཁྲུགས་པ་ལས། །ལྡན་པ་དང་ནི་འདུས་པ་ཡིན། །ལུས་ཟུངས་དྭངས་མ་ཁྲག་དང་ཤ །ཚིལ་དང་རུས་རྐང་ཁུ་ཆུ་སྟེ། །གནོད་བྱ་བདུན་ཡིན་དྲི་མ་གཅིན། །བཤང་བ་རྔུལ་ལ་སོགས་པའང་ཡིན། །ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང་། །དེ་ལས་ལྡོག་པས་གནོད་པར་འགྱུར། །ཀུན་གྱི་རྣམ་ཀུན་འཕེལ་བ་ནི། །རྫས་དང་ཡོན་ཏན་བྱ་བས་མཚུངས། །ལྡོག་པ་ཡིས་ནི་དངོས་པོ་རྣམས། །དེ་ལས་གཞན་དུ་གྱུར་པ་ཡིན། །རོ་ནི་མངར་སྐྱུར་ལན་ཚྭ་དང་། །ཚ་དང་ཁ་དང་སྐ་བ་སྟེ། །རྫས་དྲུག་ལ་གནས་དེ་རྣམས་ཀྱང་། །གོ་རིམ་བཞིན་དུ་སྟོབས་ཆེན་ཡིན། །དེ་ལས་དང་པོ་གསུམ་པོ་ནི། །རླུང་འཇོམས་ཚ་སོགས་བད་ཀན་སེལ། །སྐ་དང་ཁ་དང་མངར་བ་ནི། །མཁྲིས་སེལ་གཞན་དག་སྐྱེད་པ་ཡིན། །དེ་ལྟར་རྫས་ནི་རྣམ་པ་གསུམ། །ཞི་འཁྲུགས་ཐ་མལ་གནས་ལ་ཕན། །དེ་ཡི་ནུས་པ་བཤད་པ་ནི། །ཚ་བསིལ་ཕུལ་བྱུང་བདག་ཉིད་པས། །ནུས་པ་རྣམ་པ་གཉིས་སུ་བཤད། །རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ། །མངར་སྐྱུར་ཁ་བའི་བདག་ཉིད་ཅན། །ཡོན་ཏན་ལྕི་རྟུལ་བསིལ་དང་སྣུམ། །འཇམ་ཞིང་སྐ་བ་མཉེན་དང་བརྟན། །ཕྲ་བ་དང་བཅས་སྐམ་བག་ཅན། །དེ་ལྡོག་པ་དང་ཉི་ཤུ་ཡིན། །དུས་གདོན་ལས་ཀྱིས་སྦྱོར་བ་རྣམས། །དམན་དང་ལོག་དང་ལྷག་པ་རྣམས། །ཡང་དག་སྦྱོར་བས་ནད་དང་ནི། །ནད་མེད་རྒྱུ་གཅིག་ཡིན་ཞེས་བཤད། །དེ་ཡི་དབྱེ་བ་བསྟན་པ་ནི། །དེ་ལ་ནད་ནི་རང་བཞིན་གནས། །གློ་བུར་ཆ་ཡིས་གཉིས་སུ་བཤད། །དེ་རྣམས་ལུས་སེམས་དབྱེ་བ་ཡིས། །གནས་ཀྱང་རྣམ་པ་གཉིས་ཡིན་ནོ། །འདོད་ཆགས་གཏི་མུག་ཀྱང་ཡིད་ཀྱི། །ཉེས་པ་གཉིས་སུ་བསྟན་པ་ཡིན། །ནད་པ་ལྟ་དང་རེག་པ་དང་། །དྲི་བ་ཡིས་ནི་ཡོངས་སུ་བརྟག །ནད་ཀྱི་གཞི་ནི་དང་པོའི་ཚུལ། །མཚན་ཉིད་རེ་རེ་བསྟེན་ཐོབ་པ། །ས་དང་ལུས་ཀྱི་བྱེ་བྲག་གིས། །འདི་ལ་ཡུལ་པས་རྣམ་གཉིས་བཤད། །སྐམ་ས་ཕལ་ཆེར་རླུང་འཕེལ་ཞིང་། །རླན་ཅན་བད་ཀན་འཕེལ་བ་ཡིན། །ཆ་མཉམ་ཉེས་པ་མཉམ་པ་སྟེ། །ས་ཡི་ཕྱོགས་ནི་གསུམ་དུ་བཤད། །སྐད་ཅིག་ལ་སོགས་ནད་ཀྱི་སྐབས། །དུས་སུ་སྨན་ནི་སྦྱོར་བར་བྱེད། །སྔ་དྲོའི་དུས་སུ་སྐྱུག་སྨན་བཏང་། །ཉི་མའི་གུང་ལ་བཀྲུ་སྨན་བཏང་། །ཉི་མ་གུང་ལས་ཅུང་ཟད་ཡོལ། །སྨད་ནས་སྨན་ནི་མཁས་པས་གཏང་། །མདོར་ན་སྨན་ནི་རྣམ་གཉིས་ཏེ། །སྦྱང་བ་དང་ནི་ཞི་བའོ། །ལུས་ལས་བྱུང་པའི་ནད་རྣམས་ཀྱི། །རིམ་གྱིས་སྨན་གྱི་དམ་པ་ནི། །མས་བཏང་འཁྲུ་སྨན་བཟློག་སྨན་དང་། །དེ་བཞིན་ཏིལ་མར་སྦྲང་རྩི་དང་། །བློ་དང་བརྟན་བདག་སོགས་ཤེས་པ། །སེམས་ཀྱི་ཉེས་པའི་སྨན་མཆོག་ཡིན། །གསོ་བ་དག་ཏུ་བསྟན་པ་ཡང་། །སྨན་པ་སྨན་དང་ནད་གཡོག་བཅས། །ནད་པའི་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་པ་བཞི་བཞི་ཡིན། །སྦྱོར་ཞིང་རང་སྦྱོར་ཤེས་པས་ན། །འདི་ནི་སྨན་པ་གཙོ་བོ་ཡིན། །སྨན་པ་མཁས་སྟེགས་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན། །སྨན་ནི་ཆོ་ག་མང་པོ་དང་། །ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད། །ནད་གཡོག་རྗེས་རྩེ་གཙང་སྦྲ་ཅན། །སྒྲིན་ཞིང་བློ་དང་ལྡན་པ་ཡིན། །ནད་པ་ཕྱུག་ཅིང་བསྒོ་བ་ཉན། །སྨན་ཀུན་བཟོད་པར་ནུས་པའི་ལུས། །སྐྱེས་བུ་གཞོན་ཞིང་བདག་ཉིད་ཐུལ། །གནད་དུ་མ་སོང་རྒྱུ་སྔར་ཚུལ། །མཚན་ཉིད་ཆུང་དང་གནོད་པ་མེད། །གནོད་བྱ་ཡུལ་དུས་རང་བཞིན་རྣམས། །མཚུངས་མིན་ཡན་ལག་ཕུན་སུམ་ཚོགས། །བཟའ་ནི་རྗེས་སུ་མཐུན་པ་ལ། །ཉེས་པ་ལམ་གཅིག་གསར་གསོ་སླ། །ནད་ནི་མཚོན་སོགས་ཀྱིས་བཏབ་ཅིང་། །གསོ་བར་དཀའ་ཞིང་དེ་ལས་འདྲེས། །གསོ་བ་ཙམ་དུ་བཤད་པ་ནི། །ཚེ་ཡི་ལྷག་མ་ལུས་ཕྱིར་འཚོ། །གོ་ཟློག་པ་ལ་གོམས་པ་ཉིད། །སྤང་བར་བྱ་བའི་ནད་པ་ནི། །བཅོས་པའི་ཐབས་མེད་ཉིད་དུ་འགྱུར། །ཤིན་ཏུ་ཕྱིན་ཅི་ལོག་པར་གནས། །འདོད་དང་རྨོངས་དང་ཁྲོ་བར་བྱེད། །འཆི་ལྟས་སྣང་ཞིང་དབང་པོ་ཉམས། །སྨན་པ་རྒྱལ་པོ་ལ་སྡང་དང་། །དེ་དང་མི་མཛའ་སྡང་བ་དང་། །ཡོ་བྱད་མི་འབྱོར་བྲེལ་བ་དང་། །ཉན་དུ་མི་བཏུབ་ཚེ་ཟད་དང་། །གཏུམ་ཞིང་མྱ་ངན་ལ་གནས་འཇིགས། །བྱས་པ་མི་གཟོ་སྨན་བརྙས་སྤང་། །དེ་ནས་གཞན་ཡང་རྒྱུད་འདི་ཡི། །ལེའུ་བསྡུས་པ་བཤད་བྱ་སྟེ། །ཚེ་རིང་ཉིན་རེ་དུས་སྤྱོད་དང་། །ནད་མེད་བྱ་དང་བཏུང་བ་དང་། །ཟས་ཤེས་བྱ་དང་ཟས་བསྡམ་དང་། །ཟས་ཚོད་སྨན་དང་རོ་ལ་གནས། །ནད་ཤེས་བྱ་དང་དེའི་དབྱེ་བ། །དེ་གསོ་བ་དང་གསོ་ཐབས་གཉིས། །སྦྱང་སོགས་སྣུམ་བཅོས་ཁྲུས་བརྟ་བྱ། །སྨན་དུད་ཁ་དོར་མིག་བཀྲུ་དང་། །གསོ་དང་དབྱུང་ཐབས་ཟུག་རྔུ་མཚོན། །གཏར་དཔྱད་ཟུག་རྔུ་དབྱུང་བའི་དཔྱད། །མཚོན་དང་ཐལ་སྨན་མེ་བཙའི་ལས། །མདོ་གནས་ལེའུ་སུམ་ཅུ་ནི། །འདི་ཡི་ལུས་ཀྱི་བརྗོད་བྱ་སྟེ། །མངལ་དུ་འཇུག་དང་དེ་ཡི་ནད། །ཡན་ལག་གནད་ཀྱི་བྱེ་བྲག་དང་། །རྣམ་འགྱུར་བང་ཆེན་ལས་བྱུང་དྲུག །ནད་ཀུན་འབྱུང་བའི་ནད་གཞི་དང་། །རིམས་ཁྲག་དབུགས་མི་བདེ་གཅོང་སོགས། །ཆང་དང་གཞང་འབྲུམ་ཚད་པའི་ནད། །ཆུ་འགགས་གཅིན་ནི་སྙི་བ་དང་། །ཁོང་སྐྲན་དམུ་རྫིང་དག་དང་ནི། །སྐྱ་རྦབ་མཛེ་དང་རླུང་གིས་གཟིར། །དྲེག་ནད་དག་དང་བཅུ་དྲུག་ཡིན། །རིམས་ནད་གསོ་དང་ཁྲག་དང་ནི། །ལུད་པ་དབུགས་མི་བདེ་དང་གཅོང་། །སློན་དང་ཆང་ནད་གཞང་འབྲུམ་དང་། །ཚད་ནད་ཕོ་བ་གཅིན་ནད་གཉིས། །ཁོང་འབྲས་སྐྲན་དང་དམུ་རྫིང་དང་། །སྐྱ་རྦབ་འོར་ནད་མེ་དབལ་དང་། །མཛེ་དང་ཤ་བཀྲ་རླུང་ནད་དང་། །དྲེག་ནད་གསོ་བའི་དཔྱད་རྣམས་སོ། །ལེའུ་ཉི་ཤུ་གཉིས་འདི་ཡིན། ༑ །དེ་ལས་གཞན་པ་ཆོ་ག་གྲུབ། །སྐྱུག་སྨན་བཀྲུ་སྨན་ཆོ་ག་དང་། །དེས་གྲུབ་མས་གཏོང་ཆོ་ག་དང་། །མས་གཏོང་ཉེས་གྲུབ་དྲུག་ཡིན་ནོ། །སྨན་ཡིན་དེ་ནས་ཕྱི་མ་ནི། །བྱིས་པ་ཉེར་སྤྱོད་དེ་ཡི་ནད། །དེའི་གདོན་འབྱུང་པོར་གཏོགས་པ་ཉིད། །སྨྱོ་དང་རྗེད་བྱེད་སོགས་གཉིས་གཉིས། །མིག་ཆུ་རྫི་མའི་གྲ་མཚམས་དང་། །མིག་འབྲས་རབ་རིབ་མཐོང་ཉམས་གསུམ། །གཉིས་གཉིས་ཀུན་ལའང་འགྲོ་བ་ཡིན། །རྣ་ནད་སྣ་དང་ཁ་ནད་མགོའི། །རྨ་དང་ཆག་གྲུགས་མཚན་བར་རྡོལ། །འབྲས་སོགས་ཕྲ་མོའི་ནད་རྣམས་དང་། །གསང་བ་སྦྲུལ་དང་སྲིན་བུ་དུག །བྱི་བ་དང་ནི་བཅུད་ཀྱིས་ལེན། །བུད་མེད་ས་བོན་གསོ་བ་སྟེ། །ལེའུ་བཞི་བཅུ་ཉིད་ཡིན་ནོ། །དེ་ལྟར་ལེའུ་བརྒྱ་ཉི་ཤུ། །གནས་ནི་དྲུག་ཏུ་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཚེ་རིང་བར་བྱ་བའི་ལེའུ་སྟེ་དང་པོའོ།།

 

            དེ་ནས་ཉིན་རེ་ཞིང་སྤྱད་པའི་ལེའུ་བཤད་པར་བྱའོ། །བདེར་གནས་ཚེ་ནི་བསྲུང་བའི་ཕྱིར། །ཡུད་ཙམ་ཚང་ཕྱིར་གནས་དེ་ལོངས། །ལུས་ཀྱི་བྱ་བ་རྫོགས་བྱས་ནས། །དེ་ནས་གཙང་སྦྲའི་ཆོ་ག་བྱ། །སྐ་དང་ཚ་དང་ཁ་བ་དང་།  །རྩེ་འཇམ་ནང་པར་ཟས་སྤྱད་ནས། །སོ་དང་རྙིལ་ལ་མི་གནོད་པར། །སོ་ཡི་དག་བྱེད་བཅའ་བར་བྱ། །རྟག་ཏུ་མིག་སྨན་སྐྱེར་ཁཎྜ། །མིག་ལ་ཕན་པས་དེ་ཕྱིར་བསྟེན། །དེ་ནི་མེ་ཡི་རང་བཞིན་ཏེ། །ལྷག་པར་བད་ཀན་ལ་འཇིགས་པས། །མཆི་མ་འཛག་ཕྱིར་སྐྱེར་ཁཎྜ། །ཞག་བདུན་ཞིང་ནི་བླུགས་པར་བྱ། །རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་པ། །དེ་ནི་རྒས་ངལ་རླུང་འཇོམས་ཤིང་། །མིག་གསལ་ལུས་རྒྱས་ཚེ་འཕེལ་ཏེ། །གཉིད་འོང་ལྤགས་འཇམ་རྟས་བྱེད་ཡིན། །དེས་ནི་མགོ་དང་རྣ་བ་དང་། །རྐང་པར་ཁྱད་པར་རྟག་ཏུ་བསྟེན། །བད་ཀན་སྐྱེས་དང་མ་ཞུ་དང་། །བཀྲུ་སྨན་སོགས་བཏང་བསྐུ་བྱུག་སྤང་། །ཡང་ཞིང་དྲོད་སྐྱེད་མཁྲེགས་པ་ཉིད། །རྩོལ་བ་ལས་ནི་འབྱུང་བར་འགྱུར། །རླུང་མཁྲིས་ནད་ཅན་བྱིས་པ་དང་། །རྒས་ཤིང་འཁོགས་པས་དེ་ཡང་སྤང་། །སྟོབས་ལྡན་སྣུམ་བག་ཟ་བ་དང་། །གྲང་བའི་དུས་དང་དཔྱིད་དུས་དང་། །ནུས་ལྡན་དག་གིས་དེ་བསྟེན་བྱ། །དེ་ལས་གཞན་ཚེ་དལ་བ་ཉིད། །ཁྲུས་ནི་དྲོད་སྐྱེད་རོ་ཙ་ཞིང་། །ཚེ་དང་མདངས་དང་སྟོབས་རབ་སྐྱེད། །ལྟོ་སྦོས་ཆམ་པ་མ་ཞུ་དང་། །ཟོས་མ་ཐག་པ་རྣམས་ལ་སྨད། །སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར། །རྩོམ་པ་ཀུན་ལ་འཇུག་པར་འདོད། །བདེ་བ་ཆོས་མེད་པར་མ་ཡིན། །དེ་བས་ཆོས་ལ་བརྩོན་པར་བྱ། །མོས་པས་དགེ་བའི་བཤེས་གཉེན་བསྟེན། །ཅིག་ཤོས་རིང་དུ་སྤང་བར་བྱ། །འཚེ་དང་རྐུ་དང་འདོད་ལོག་སྤྱོད། །ཕྲ་མ་ངག་རྩུབ་རྫུན་ཚིག་དང་། །མ་འབྲེལ་སྨྲ་དང་གནོད་སེམས་དང་། །བརྣབ་སེམས་ལྟ་བ་ཕྱིན་ཅི་ལོག །འདི་ལྟར་སྡིག་པའི་ལས་ལམ་བཅུ། །ལུས་ངག་ཡིད་ཀྱིས་མི་སྤྱོད་དོ། །ཕོངས་དང་ནད་པ་མྱ་ངན་གཟིར། །ཅི་ནུས་པར་ནི་ཕན་གདགས་བྱ། །འབུ་སྲིན་གྲོག་སྤུར་དག་ལ་ཡང་། །རང་དང་འདྲ་བར་རྟག་ཏུ་བལྟ། །ལྷ་དང་དགེ་སྦྱོང་བྲམ་ཟེ་དང་། །སྨན་པ་རྒན་རྒྱལ་མགྲོན་འོངས་མཆོད། །སློང་ལ་རྒྱབ་ཀྱིས་ཕྱོགས་མི་བྱ། །བརྙས་པར་མི་བྱ་ཚར་མི་གཅད། །གནོད་པར་བྱེད་པའི་འགྲོ་གཞན་ལ། །ཕན་གདགས་པར་ནི་གཙོ་ཆེར་བྱ། །དུས་སུ་ཕན་པར་སྨྲ་བ་དང་། །བསླུ་བ་མེད་ཅིང་དེས་པར་བྱ། །སུ་ཡང་བདག་གི་དགྲ་ཡིན་དང་། །བདག་ནི་སུ་ཡང་དགྲར་གྱུར་ཀྱང་། །བརྙས་དང་བདག་ལ་གཙོ་བོ་ནི། །མི་བྱམས་ཞེས་ནི་སྨྲ་མི་བྱ། །འགྲོ་བའི་བསམ་པ་ཤེས་ནས་ནི། །གང་ཞིག་ཇི་ལྟར་ཡོངས་མགུ་བ། །དེ་ལ་དེ་བཞིན་རྗེས་འཇུག་ཅིང་། །གཞན་དག་དགའ་བྱེད་མཛངས་པ་ཡིན། །དབང་པོ་གཟིར་བར་མི་བྱ་ཞིང་། །སྤྱོད་པ་བཟང་ཞིང་སྙིང་རྗེ་འཇམ། །ཆོས་རྣམས་ཀུན་གྱི་ལམ་ལ་ནི། །དབུ་མའི་ལམ་གྱི་རྗེས་འཇུག་བྱ། །ཆུ་བོར་བརྒལ་ཏེ་འགྲོ་མི་བྱ། །མེ་ཆེན་ཕུང་པོར་གནས་མི་བྱ། །ཐེ་ཚོམ་བྱས་པའི་གྲུ་ཤིང་དང་། །བཞོན་པ་མི་བསྲུན་ལ་མི་འཛེག །རྣམ་ཀུན་ཉི་མ་ལ་མི་བལྟ། །མགོ་བོས་ཁུར་ནི་བསྐུར་མི་བྱ། །ཆང་སོགས་ཆགས་དང་བུད་མེད་ལ། །ཡིད་རྟོན་དབང་དུ་གྱུར་པ་སྤང་། །བློ་ལྡན་སྤྱོད་པ་ཐམས་ཅད་ལ། །འཇིག་རྟེན་ཉིད་ནི་སློབ་དཔོན་ཡིན། །དེ་བས་འཇིག་རྟེན་པ་ཡི་དོན། །རྟོག་པར་བྱེད་པས་དེ་ཉིད་བྱ། །སྙིང་རྗེས་བརླན་ཞིང་གཏོང་དང་ལྡན། །ལུས་དང་ངག་ཡིད་དུལ་བ་དང་། །གཞན་གྱི་དོན་ལ་རང་དོན་སེམས། །དེ་དག་དམ་པའི་སྤྱོད་མཐར་ཐུག །དེ་ལྟར་བདག་ནི་ཉིན་མཚན་དུ། །ཇི་ལྟ་བུར་ནི་གནས་འགྲོ་ཞེས། །རྟག་ཏུ་དྲན་པ་ཉེར་འཇོག་པ། །སྡུག་བསྔལ་སྣོད་དུ་མི་འགྱུར་ཞིང་། །ཚེ་དང་དབང་ཕྱུག་ནད་མེད་དང་། །འཇིག་རྟེན་གྲགས་པ་ཐོབ་པར་འགྱུར། །མདོའི་གནས་ལས་ལེའུ་གཉིས་པའོ།།

 

            དེ་ནས་དུས་སུ་སྤྱད་པའི་ལེའུ་བཤད་པར་བྱ་སྟེ། དགུན་ནི་མངར་ཞིང་སྐྱུར་བ་དང་། །ལན་ཚྭའི་རོ་ནི་བསྟེན་པ་བྱ། །རླུང་གཞོམ་ཏིལ་མར་གྱིས་བྱུག་ཅིང་། །སྤྱི་བོ་རྐང་པ་རན་པར་མཉེ། །རང་བཞིན་དྲོ་ཞིང་ཡང་བ་ཡི། །གོས་བགོ་མལ་སྟན་བསྟེན་པར་བྱ། །ཉི་མའི་འོད་ལ་རན་པར་འདེ། །དུགས་བྱ་ལྷམ་ནི་རྟག་ཏུ་བགོ། །ཆུང་མ་གཞོན་ཞིང་ཡིད་འོང་རྒྱགས། །གུར་གུམ་གྱིས་བྱུགས་སྤོས་ཀྱིས་བདུག །ནུ་མ་བརླ་དང་རོ་སྨད་རྒྱས། །ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ། །སོས་ཀ་ཉི་མ་རབ་ཚ་བས། །སྟོབས་འཕྲོག་ཟས་ནི་མངར་ཞིང་ཡང་། །སྣུམ་བསིལ་སླ་བ་བསྟེན་བྱ་ཞིང་། །རབ་བསིལ་ཆུ་ཡིས་ལུས་ཀུན་བཀྲུ། །ཆང་མི་བཏུང་ཞིང་འཐུང་ན་ཡང་། །ཉུང་བའམ་ཆུ་མང་སྲེས་ལ་བཏུང་། །གཞན་དུ་དེ་ནི་ཁ་སྐམ་ལྷོད། །ཚ་དང་རྨོངས་པར་བྱེད་པ་ཡིན། །དབྱར་གྱི་སྤྱོད་པ་སྨྲས་པ་ནི། །མཁའ་ལ་སྤྲིན་འདུས་ཆུ་ཡི་བརླན། །ཟས་ནི་རབ་སྐྱུར་ལན་ཚྭ་སྣུམ། །ཁུ་བ་སྦྲང་རྩི་བསྔགས་པ་ཡིན། །ཆར་འབབ་ཚེ་ན་བསགས་པ་ཡི། །མཁྲིས་པ་སྟོན་ནི་ལྡང་བར་འགྱུར། །དེ་བསལ་ཕྱིར་ནི་ཁ་མངར་སྐ། །བཀྲུ་སྨན་བཏང་དང་གཏར་ཀ་བྱ། །མདོའི་གནས་ལས་ལེའུ་གསུམ་པའོ།།

 

            དེ་ནས་ནད་མི་འབྱུང་བའི་ལེའུ་བཤད་པར་བྱ་སྟེ། ཕྱེན་དབུགས་བཤང་ལྕི་སྦྲིད་པ་དང་། །བཀྲེས་སྐོམ་གཉིད་དང་ལུས་ངལ་དང་། །གཡལ་དང་མཆི་མ་སྐྱུགས་པ་དང་། །ཁུ་བའི་ཤུགས་ནི་དགག་མི་བྱ། །ཤུགས་ཀྱིས་བཀག་དང་བཙིར་བ་ཡིས། །ནད་གཞི་རྣམས་ནི་ལྡང་བར་བྱེད། །དྲི་མ་རྣམས་ནི་སྦྱང་བའི་ཕྱིར། །ཇི་བཞིན་དུས་སུ་ནན་ཏན་བྱ། །ཕན་པའི་ཟས་ཀྱིས་ལུས་བརྟས་ཤིང་། །ཡིད་འོང་དྲོད་སྐྱེད་སྨན་སྦྱར་བ། །བསྐུ་ཞིང་དྲིལ་ཕྱིས་ཁྲུས་བྱས་དང་། །དྲག་པོ་འཇམ་རྩི་མས་གཏོང་བྱ། །དེས་ནི་དྲོད་སྐྱེ་སྟོབས་ལྡན་ཞིང་། །བློ་མདོག་དབང་པོ་དྲི་མ་མེད། །དེ་བཞིན་ཚེ་རིང་རོ་ཙ་དང་། །དཔལ་དང་གཟི་མདངས་ཐོབ་པར་འགྱུར། །ཤེས་པས་ཉེས་པ་སྤང་བ་དང་། །དབང་པོ་ཉེར་ཞི་དྲན་པ་དང་། །ཡུལ་དུས་བདག་ཉིད་ཤེས་པ་དང་། །དམ་པའི་སྤྱོད་པའི་རྗེས་འཇུག་པ། །འབྱུང་པོ་དུག་དང་རླུང་དང་མེ། །མཚོན་དང་ཆག་གྲུགས་སོགས་འབྱུང་དང་། །འདོད་ཆགས་ཞེ་སྡང་འཇིགས་སོགས་གང་། །དེ་ནི་གློ་བུར་ནད་ཅེས་བྱ། །ལྷན་ཅིག་སྐྱེས་དང་གློ་བུར་ནད། །མདོར་ན་མ་སྐྱེས་མི་སྐྱེད་དང་། །སྐྱེས་པ་ཞི་བར་བྱ་བའི་ཕྱིར། །ཆོ་ག་འདི་ཉིད་བསྟན་པ་ཡིན། །གྲང་བ་ལས་བྱུང་ཉེས་ཚོགས་དཔྱིད་ཀྱི་ཚེ། །གནམ་གསལ་སོ་ག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལེགས་སྦྱང་ན། །དུས་བྱུང་ནད་ནི་ནམ་ཡང་འབྱུང་མི་འགྱུར། །རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན་སེམས་སྙོམས་བདེན་དང་བཟོད་ཅིང་བརྩོན། །ཉམས་ལྡན་བསྟེན་པར་བྱེད་ན་གནོད་མེད་འགྱུར། །མདོའི་གནས་ལས་ལེའུ་བཞི་བའོ།།

 

            དེ་ནས་ཆུ་སྣ་ཚོགས་ཀྱི་ལེའུ་བཤད་པར་བྱ་སྟེ། ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག །ལུས་ཀྱང་དེ་ཡི་རང་བཞིན་ཡིན། །མཁའ་ལས་བབས་པ་གངྒཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང་། །ཚིམ་ཞིང་སེམས་ནི་གསལ་བྱེད་པ། །བསིལ་ཞིང་ཡང་བ་བདུད་རྩིར་མཚུངས། །གཞན་དུ་མཚོ་ཆུ་སྟོན་ཟླ་ནི། །འབྲིང་པོ་མིན་པར་བཏུང་མི་བྱ། །ཆར་པའི་ཆུ་ནི་སྣོད་བཟང་བཞག །འགྱུར་བ་མེད་པར་རྟག་ཏུ་བཏུང་། །དེ་མེད་ན་ནི་ཐང་ལ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནག་གཙང་ཞིང་ཡངས། །ཉི་འོད་རླུང་གིས་ཕོག་པ་བསྔགས། །ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ། །གང་ཡང་མྱུར་འབབ་རྡུལ་མེད་ཆུ། །དེ་ནི་བཟང་ཞིང་དགེ་བ་ཡིན། །དེ་ལས་བཟློག་པ་བཟང་མ་ཡིན། །ཆུ་བསིལ་ཆང་ནད་བརྒྱལ་བ་དང་། །སྐྱུག་དང་ངལ་དང་མགོ་འཁོར་དང་། །སྐོམ་དང་ལུས་ཚ་མཁྲིས་པ་དང་། །ཁྲག་རྒྱས་དུག་ནི་སེལ་བྱེད་ཡིན། །ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང་། །མགུལ་བདེ་ལུས་ཡང་གཅིན་ནད་སེལ། །སྐྱིགས་བུ་ལྟོ་སྦོས་རླུང་བད་ཀན། །རིམས་གསར་འཕྲལ་དུ་ཟློག་བྱེད་ཅིང་། །ལུད་པ་ཆམ་གསར་དབུགས་མི་བདེ། །རྩིབས་ལོགས་ཟུག་ལ་བསྔགས་པ་ཡིན། །ཆུ་ནི་བསྐོལ་ནས་གྲང་བ་དག །བད་ཀན་མི་སྐྱེ་ལུས་ཡང་ཞིང་། །མཁྲིས་པ་ཅན་ལའང་ཕན་པ་ཡིན། །དེ་ནི་ཞག་ལོན་ཉེས་གསུམ་སྐྱེད། །དབྱར་གྱི་ཆར་ཆུ་ཆུ་བོའི་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད། །འོ་མ་ཕལ་ཆེར་རོ་ཞུ་མངར། །སྣུམ་ཞིང་མདངས་སྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས་སེལ་རོ་ཙ་བྱེད། །བད་ཀན་སྐྱེད་ལྕི་བསིལ་བ་ཡིན། །བ་ཡི་འོ་མ་འཚོ་བྱེད་ཅིང་། །བཅུད་ཀྱིས་ལེན་ཡིན་གློ་རྡོལ་དང་། །གློ་གཅོང་ལ་ཕན་ཡིད་གཞུངས་བྱེད། །སྟོབས་སྐྱེད་ནུ་ཞོ་བསྐྱེད་དང་འཁྲུ། །ངལ་དང་མགོ་འཁོར་མྱོས་དཔལ་ཉམས། །ཁྲག་དང་མཁྲིས་པ་སེལ་བ་ཡིན། །བུད་མེད་ནུ་ཞོ་རླུང་མཁྲིས་ཁྲག །ཚིམ་བྱེད་མིག་དང་སྣར་བླུགས་ཕན། །རྨིག་པ་གཅིག་པའི་འོ་མ་ཚ། །འོ་རློན་བད་ཀན་སྐྱེད་ཅིང་ལྕི། །རིགས་པ་བསྐོལ་བས་དེ་ལས་གཞན། །ཤིན་ཏུ་བསྐོལ་ན་འཇུ་དཀའ་ལྕི། །བཞོས་མ་ཐག་དྲོ་བདུད་རྩིར་མཚུངས། །ཞོ་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐེམ་ལྕི་དང་རླུང་ནད་སེལ། །ཡི་ག་འབྱེད་ཅིང་ཁ་ཟས་ལེན། །རིམས་ནད་ཆམ་པ་འཁྲུ་ནད་སེལ། །ཞོ་དྲོན་དཔྱིད་དང་སོས་ཀ་དང་། །སྟོན་དུས་མཚན་མོ་བཏུང་མི་བྱ། །དར་གསར་ཡང་ལ་སྐ་ཞིང་སྐྱུར། །མར་མ་ཞུ་དང་བད་མཁྲིས་སེལ། །ཆུར་བ་ལ་སོགས་སྟོབས་སྐྱེད་ཅིང་། །རྟུག་སྐམས་བྱེད་ལྕི་ཉེས་པ་ལ། །བ་མར་འོ་མ་མཆོག་ཡིན་ཏེ། །ལུག་ལས་བྱུང་བ་ཚ་ཞིང་སྨད། །འཕྲལ་གྱི་མར་གསར་རོ་ཙ་ཞིང་། །བསིལ་ཞིང་མདོག་སྟོབས་དྲོད་སྐྱེད་བྱེད། །ཞུན་མར་བློ་རྣོ་དྲན་གསལ་ཞིང་། །ཡིད་གཞུངས་དྲོད་སྐྱེད་སྟོབས་ཚེ་འཕེལ། །སྣུམ་གྱི་ནང་ན་སྣུམ་མཆོག་ཏེ། །སྦྱོར་བ་ལས་ནི་སྟོང་བྱེད་འགྱུར། །མར་སྙིང་སྨྱོ་དང་བརྗེད་བྱེད་བརྒྱལ། །ཀླད་ནད་སྣ་མིག་མངལ་ནད་དང་། །རྨ་རྣམས་སྦྱོང་ཞིང་འཚོ་བྱེད་པས། །ནད་ལས་རྒྱལ་བྱེད་དམ་པ་ཡིན། །ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོང་བརྟས་དགའ། །མངར་བཅས་ཁ་ཞིང་ཚ་བ་དང་། །ཞུ་རྗེས་སྐྱུར་ཅིང་ཅུང་ཟད་འཁྲུ། །སྐ་བཅས་གདངས་སྙན་ནད་མེད་དང་། །སྤོབས་སྐྱེད་མདོག་འགྱུར་ཁོང་ཡངས་ཤིང་། །གཉིད་མེད་པ་དང་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་སྐྱེད། །རིགས་འཐུང་སྐེམ་དང་སྦོམ་ཕན་ཞིང་། །རྩུབ་རྣོ་ལུས་སྒོ་ཁྱབ་ཅིང་སྦྱོང་། །རླུང་དང་བད་ཀན་སེལ་བ་ཡིན། །གཞན་དུ་བསྟེན་ན་དུག་དང་མཚུངས། །ཚ་བའི་སྤྱོད་པར་ལྡན་མི་བཏུང་། །མདོའི་གནས་ལས་ལེའུ་ལྔ་པའོ།།

 

            དེ་ནས་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། གང་གཞན་འབྲས་ནི་རོ་མངར་ལ། །བསིལ་ཞིང་གཅིན་མང་ཡང་བ་ཡིན། །ནས་ནི་རྩུབ་བསིལ་ལྕི་ལ་མངར། །སྲན་མ་ཤིན་ཏུ་རླུང་སྐྱེད་ཅིང་། །ཏིལ་འབྲུ་དྲོ་ཞིང་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་སྐྱེད་འབྲི། །ཐུག་སྐ་དྲོད་སྐྱེད་ཟས་འཇུ་ཞིང་། །བཀྲེས་སྐོམ་དྲི་མ་འགགས་པ་སེལ། །ཐུག་སླ་འཁྲུ་བཅད་ཡི་གར་འོང་། །སྐོམ་སེལ་བཀྲུ་སྨན་རྗེས་ལ་ཕན། །རྒོ་བ་ལ་སོགས་རི་དྭགས་བསིལ། །རྩལ་མཐུས་ཤ་རློན་ཟ་བའི་ཡང་། །ར་ཤ་ཤིན་ཏུ་བསིལ་མིན་ཞིང་། །ལུག་ཤ་དེ་ལས་བཟློག་པས་ན། །ལུས་བརྟས་ཡིན་པར་ཤེས་པར་བྱ། །བ་གླང་ཤ་ནི་ལུད་སྐམ་དང་། །ཚོ་དང་རིམས་དང་ཆམ་པ་སེལ། །ཤ་ནི་འཕྲལ་བསད་པ་དག་དང་། །དར་ལ་བབ་པ་བསྟེན་པར་བྱ། །རང་ཤི་རིད་དང་ཤིན་ཏུ་ཚོ། །ནད་ཆུ་དུག་གིས་ཤི་བ་སྤང་། །ལན་ཚྭ་ཀུན་ཀྱང་བད་ཀན་བསྐྱེད། །འཁྲུ་ཞིང་བཤང་ལྕི་འབྱིན་ལ་འཇམ། །རླུང་འཇོམས་འཇུ་བྱེད་སྟོབས་འཕྲོག་ལ། །ཡི་ག་འབྱེད་ཅིང་བད་མཁྲིས་སྐྱེད། །ཨ་རུ་ར་སྐ་ཞུ་རྗེས་མངར། །བློ་དང་དབང་གསལ་སྟོབས་རབ་སྐྱེད། །སྐྱུ་རུ་ར་ཡང་དེ་འདྲ་བསིལ། །རོ་སྐྱུར་བད་ཀན་མཁྲིས་པ་སེལ། །ཡོན་ཏན་ཅུང་དམན་བ་རུ་ར། །ཞུ་རྗེས་ཚ་མངར་སྐྲ་མིག་ཕན། །འབྲས་བུ་གསུམ་པོ་འདི་དག་ནི། །བཅུད་ཀྱི་ལེན་མཆོག་མིག་ནད་སེལ། །པི་པི་ལིང་རྣོ་བད་བསྐྱེད་མངར། །ཤིང་ཀུན་རླུང་དང་བད་ཀན་སེལ། །ཙི་ཏྲ་ཀ་སྟོབས་མེ་དང་མཉམ། །མདོའི་གནས་ལས་ལེའུ་དྲུག་པའོ།།

 

            དེ་ནས་ཁ་ཟས་བསྲུང་བའི་ལེའུ་བཤད་པར་བྱ་སྟེ། རྒྱལ་པོའི་ཕོ་བྲང་ཉེ་འཁོར་དུ། །སྲོག་འཚོའི་སློབ་དཔོན་བཞག་པར་བྱ། །དེ་ལྟར་བྱས་པས་ཐམས་ཅད་དུ། །ཐམས་ཅད་ལས་ནི་བསྲུང་པར་འགྱུར། །ཁྱད་པར་དུ་ནི་ས་བདག་གི། །ཟས་སྐོམ་དུག་ལས་བསྲུང་པར་བྱ། །ཆོས་ལ་སོགས་དང་གང་འབྲེལ་པའི། །འབྱོར་བདེ་དེ་ལ་རག་ལས་སོ། །དུག་སྟེར་ཁ་ནི་སྔོ་བསྐམས་ལ། །གནོང་བག་གིས་ནི་ཕྱོགས་སུ་བལྟ། །བཏུང་བ་ཤ་དང་ཞོ་ལ་སོགས། །མདོག་འགྱུར་རྨ་བྱའི་མགྲིན་པ་འདྲ། །མི་འཕྲོད་སྤངས་དང་འཕྲོད་པ་གོམས། །དེ་ལྟར་མ་བསྟེན་ཉེས་པ་འབྱུང་། །ཟས་དང་མལ་སྟན་འདོད་ལ་སྤྱོད། །རན་ཞིང་རིགས་པར་སྦྱར་བ་ཡིས། །ཁང་ཁྱིམ་འཆོས་པ་ལྟ་བུར་ནི། །རབ་ཏུ་ལུས་ནི་གཟུང་བར་བྱ། །དུས་མིན་ཧ་ཅང་ཐལ་ཆེས་དང་། །གཉིད་ནི་འགེགས་པར་བྱེད་པ་དག །བདེ་དང་ཚེ་ནི་ཉམས་བྱེད་དེ། །དུས་མཚན་གཉིས་པ་ལྟ་བུ་ཡིན། །དེ་བས་མཚན་མོ་དུས་བཞིན་དུ། །གཉིད་ནི་ཅི་བདེར་ལོག་པར་བྱ། །བུད་མེད་དག་ལ་ལེགས་བསྡམས་ན། །དྲན་དང་ཡིད་གཞུངས་ནད་མེད་ཚེ། །དབང་པོ་བརྟས་ཤིང་གྲགས་སྟོབས་རྣམས། །ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར། །མདོའི་གནས་ལས་ལེའུ་བདུན་པའོ།།

 

            དེ་ནས་ཟས་ཚོད་རན་པར་བཟའ་བའི་ལེའུ་བཤད་པར་བྱ་སྟེ། དུས་ཀུན་ཏུ་ནི་ཚོད་ཟིན་བཟའ། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །ལྕི་བ་ལས་ནི་ཕྱེད་འགྲངས་བཟའ། །ཡང་བ་ལས་ནི་རབ་འགྲངས་མིན། །བདེ་བླག་འཇུ་བ་དེ་ཙམ་ལ། །ཚོད་ཟིན་ཞེས་ནི་བཤད་པ་ཡིན། །ཕན་དང་མི་ཕན་བསྲེས་པ་དག །ཟོས་པ་མཉམ་ཟ་ཡིན་པར་འདོད། །དུས་མིན་ཆེའམ་ཆུང་ཟོས་པ། །མི་མཉམ་པར་ནི་ཟ་བ་ཡིན། །ཚོད་མ་ཟས་ངན་མང་བ་དང་། །ཚ་ཆེས་ལན་ཚྭ་མང་བ་སྤང་། །མིག་དང་སྟོབས་ཕྱིར་མཚན་མོ་ནི། །འབྲས་གསུམ་སྦྲང་རྩི་མར་གསར་བཟའ། །ལྟོ་ཡི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་སྐོམ་གྱིས་དགང་བར་བྱ། །ཆ་བཞི་པ་ནི་སྟོང་པར་བཞག །ཟོས་རྗེས་སྐོམ་ནི་བསིལ་བའི་ཆུ། །སྐྱེམས་པོ་རྒྱས་ཕྱིར་ཆང་བཏུང་སྟེ། །སྦོམ་པོས་སྦྲང་རྩིའི་ཆུ་བཏུང་ངོ་། །གཅོང་ཆེན་ནད་ལ་ཤ་ཁུ་བཏུང་། །སྐེམ་དང་བྱིས་པ་རྒན་པོ་ལ། །འོ་མ་བདུད་རྩི་ལྟ་བུར་ཕན། །མདོའི་གནས་ལས་ལེའུ་བརྒྱད་པའོ།།

 

            དེ་ནས་སྨན་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། ཕོ་བའི་མེ་དང་འཕྲད་པ་ལས། །གང་ཞིག་རོ་གཞན་འབྱུང་འགྱུར་བའི། །རོ་རྣམས་ཀྱི་ནི་མཐར་ཞུ་བ། །དེ་ནི་ཞུ་བ་ཞེས་བཤད་དོ། །མངར་དང་ལན་ཚྭའི་ཞུ་རྗེས་མངར། །སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན། །ཁ་དང་ཚ་དང་སྐ་བ་རྣམས། །ཞུ་རྗེས་ཕལ་ཆེར་ཁ་བ་ཡིན། །མདོའི་གནས་ལས་ལེའུ་དགུ་པའོ།།

 

            དེ་ནས་རོ་ཐ་དད་པར་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རོ་ནི་མངར་བ་དག །གང་ཞིག་མྱངས་པའི་ཚེ་ན་ནི། །ལུས་དང་དབང་པོ་རབ་བརྟས་ཤིང་། །གྲོགས་མོ་ལ་སོགས་དགའ་བར་བྱེད། །སྐྱུར་བས་ཁ་ནས་ཆུ་འཛག་ཅིང་། །སོ་རྩེ་སྤུ་ནི་ལྡང་བ་དང་། །མིག་དང་རྫི་མ་འཛུམ་པར་བྱེད། །ལན་ཚྭས་ཁ་རུ་མཆིལ་མ་འདུ། །མཁུར་བ་གྲེ་བ་ཚ་བར་བྱེད། །ཁ་བས་ཁ་ཡི་དྲི་མ་སྦྱོང་། །ལྕེ་ནི་འཇོམས་པར་བྱེད་པ་ཡིན། །ཚ་བས་ལྕེ་རྩེ་སྐྱོད་འགྱུར་ཞིང་། །ཙག་ཙག་བྱེད་པར་འགྱུར་བ་ཡིན། །སྐ་བས་ལྕེ་ནི་བེམ་པོར་བྱེད། །གྲེ་བ་རྩ་སྦུབས་འགག་པའོ། །ལས་ནི་མངར་བ་དག་གིས་ནི། །མདོག་སྐྱེད་རླུང་མཁྲིས་དུག་རྣམས་སེལ། །སྐྱུར་བ་དྲོད་སྐྱེད་སྣུམ་ཞིང་བསིལ། །ལན་ཚྭ་དྲོད་སྐྱེ་འགགས་པ་འབྱིན། །བསྟེན་དྲགས་སྐྲ་དང་སྟོབས་འབྲི་བྱེད། །ཁ་བ་རང་བཞིན་ཞིམ་མིན་ཞིང་། །ཚ་དང་མཁྲིས་པ་བད་ཀན་འཇོམས། །ཚ་བས་ལྐོག་ནད་མ་ཞུ་ན། །དྲོད་བསྐྱེད་འཇུ་བྱེད་ཡི་ག་འབྱེད། །བསྟེན་དྲགས་སྐོམ་སྐྱེད་སྟོབས་འཛད་པའོ། །སྐ་བས་ཁྲག་མཁྲིས་བད་ཀན་སེལ། །བསྟེན་དྲགས་རྩ་སྒོ་འགགས་པའོ། །མངར་བ་ཕལ་ཆེར་བད་ཀན་སྐྱེད། །སྐྱུར་བས་ཕལ་ཆེར་མཁྲིས་པ་སྐྱེད། །ལན་ཚྭ་ཕལ་ཆེར་མིག་ལ་གནོད། །ཁ་དང་ཚ་བ་ཕལ་ཆེར་ནི། །རོ་ཙ་འབྲི་ཞིང་རླུང་སྐྱེད་བྱེད། །སྐ་ལས་ཨ་རུ་ར་མ་གཏོགས། །ཕལ་ཆེར་བསིལ་ཞིང་སྲི་བར་བྱེད། །རོ་ཚ་སྐྱུར་དང་ལན་ཚྭ་རྣམས། །གོ་རིམ་བཞིན་དུ་དྲོ་ནུས་ལྡན། །ཁ་དང་སྐ་དང་མངར་བ་རྣམས། །དེ་བཞིན་དུ་ནི་བསིལ་བ་ཡིན། །མདོའི་གནས་ལས་ལེའུ་བཅུ་པའོ།།

 

            དེ་ནས་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། ནད་དང་ལུས་ཟུངས་དྲི་མ་རྣམས། །རྟག་ཏུ་ལུས་ཀྱི་རྩ་བ་ཡིན། །ལུས་ནི་དྲི་མས་བརྟེན་པ་ན། །འཕེལ་དང་ཟད་པ་གནོད་པ་ཡིན། །ཕལ་ཆེར་འཕེལ་དང་ཟད་པ་དག །མི་མཁས་པ་ཡིས་མི་ཤེས་སོ། །གང་ཞིག་མཉམ་པས་ལུས་ནི་འཕེལ་བར་བྱེད། །ཉེས་པ་དེ་ཉིད་མི་མཉམ་གསོད་པར་བྱེད། །དེ་བས་ཟད་པའམ་འཕེལ་བ་ལྟ་བུར་ནི། །ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ། །མདོའི་གནས་ལས་ལེའུ་བཅུ་གཅིག་པའོ།།

 

            དེ་ནས་ནད་ཀྱི་དབྱེ་བ་ཤེས་པའི་ལེའུ་བཤད་པར་བྱ་སྟེ། ཞུ་བའི་གནས་ནི་རྐེད་པ་དཔྱི། །རྣ་བ་རུས་པ་རེག་དབང་པོ། །རླུང་གནས་ཡིན་ཏེ་དེ་ལས་ཀྱང་། །ཞུ་བའི་གནས་སུ་ཁྱད་པར་གནས། །མཁྲིས་གནས་ལྟེ་བ་ཕོ་བ་རྔུལ། །ཆུ་སེར་དྭངས་མ་ཁྲག་དང་ནི། །མིག་དང་པགས་པ་དག་ཡིན་ཏེ། །དེ་ལས་ལྟེ་བ་ཁྱད་པར་གནས། །བད་ཀན་བྲང་དང་མགུལ་པ་མགོ། །གློ་བ་རུས་ཚིགས་མ་ཞུའི་གནས། །དྭངས་མ་ཚིལ་དང་རྣ་ལྕེ་སྟེ། །བྲང་ནི་ཁྱད་པར་དག་གི་གནས། །རང་གནས་གནས་པས་མཉམ་ཉིད་དང་། །འཕེལ་དང་འགྲིབ་པས་ནད་དུ་འགྱུར། །ནད་ནི་འདི་ལྟར་རྣམ་གསུམ་སྟེ། །ལ་ལ་ཚེ་འདིའི་ཉེས་ལས་འབྱུང་། །ལ་ལ་སྔོན་གྱི་ལས་ལས་འབྱུང་། །གཞན་དག་དེ་གཉིས་འདྲེས་ལས་འབྱུང་། །དང་པོ་མི་མཐུན་བཟའ་བ་ཡིན། །ལས་སྐྱེས་ལས་ནི་ཟད་པ་སྟེ། །གཉི་ཀ་ལས་བྱུང་ཉེས་དང་ལས། །ཟད་པས་ཟད་པར་འགྱུར་བ་ཡིན། །དེ་ལས་གཞན་ཡང་ནད་རྣམས་ཀྱི། །འཕེལ་ཟད་དབྱེ་བ་བཤད་པ་སྟེ། །ཐ་དད་པ་ལས་གསུམ་ཞེས་བྱ། །ལྡན་གསུམ་དེ་ཡང་དེ་དགུ་ཡིན། །མཉམ་པར་འཕེལ་ལས་གསུམ་ཉིད་དོ། །གཅིག་རབ་ལྷག་པས་དྲུག་ཏུ་འགྱུར། །མ་ལུས་པ་ལས་བཅུ་གསུམ་ཡིན། །གཉིས་གཅིག་ལྷག་པ་ལས་དྲུག་སྟེ། །མཚུངས་ལས་གཅིག་ཡིན་རབ་དང་ནི། །རབ་མཆོག་བརྟགས་པ་ལས་དྲུག་ཡིན། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །འཕེལ་བའོ་ཟད་པའང་དེ་སྙེད་ཡིན། །དེ་དག་རེ་རེ་འཕེལ་མཉམ་ཟད། །དྲུག་སྟེ་སླར་ཡང་དེ་དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ནི། །གོ་བཟློག་བཅས་ལས་དྲུག་ཏུ་འགྱུར། །དབྱེ་བ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །མདོའི་གནས་ལས་ལེའུ་བཅུ་གཉིས་པའོ།།

 

            དེ་ནས་ནད་གསོ་ཐབས་ཀྱི་ལེའུ་བཤད་པར་བྱ་སྟེ། རླུང་ནད་གསོ་བ་སྣུམ་དང་ནི། །དུགས་དང་འཇམ་རྩི་ཤ་ཚོན་སོགས། །མཁྲིས་པ་མར་གསར་བཀྲུ་སྨན་དང་། །ཁ་མངར་དྲི་ཞིམ་ཡིད་འོང་བསིལ། །བད་ཀན་གསོ་བ་སྐྱུག་སྨན་དང་། །ཟས་ནི་རྩུབ་ཆུང་རྣོ་ཞིང་དྲོ། །ཚ་དང་ཁ་དང་སྐ་བ་བཟའ། །ནད་རྣམས་སོ་སོར་གསོ་བ་དག །ནད་ལས་དཔགས་ཏེ་བཤད་པ་ཡིན། །ལྡན་པ་དང་ནི་འདུས་པ་དག །དེ་ནི་སོ་སོའི་ཚུལ་བཞིན་བརྟག །རླུང་ནི་ཟུང་དུ་འཇུག་པས་ན། །རླུང་མཁྲིས་ཕལ་ཆེར་སོས་ཀྱི་བྱ། །བད་ཀན་རླུང་ལ་དཔྱིད་ཀྱི་བྱ། །བད་ཀན་མཁྲིས་ལ་སྟོན་གྱི་བྱ། །ཁོང་པའི་དྲོད་སྟོབས་ཆུང་ཉིད་ཀྱིས། །ལུས་ཟུངས་དང་པོ་མི་འཇུ་བ། །ནད་ནི་ཕོ་བར་ཞུགས་པ་དག །དྭངས་མ་མ་ཞུ་ཡིན་པར་བཤད། །ནམ་ཚོང་ཡན་ཆད་སྣ་སྨན་གྱིས། །ཞུ་བའི་གནས་ཡོད་མས་གཏོང་བསལ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །སྨན་དང་ཟས་བཅས་སྦྱར་བར་བྱ། །མདོའི་གནས་ལས་ལེའུ་བཅུ་གསུམ་པའོ།།

 

            དེ་ནས་གསོ་ཐབས་རྣམ་པ་གཉིས་བསྟན་པའི་ལེའུ་བཤད་པར་བྱ་སྟེ། གསོ་བྱ་རྣམ་པ་གཉིས་ཡིན་ཕྱིར། །གསོ་ཐབས་རྣམ་པ་གཉིས་སུ་འདོད། །དེ་གཅིག་བརྟ་བར་བྱ་བ་ཡིན། །གཉིས་པ་ཉམས་ནི་སྨད་པའོ། །བརྟ་བ་དག་ནི་རླུང་དང་ནི། །རླུང་བཅས་མཁྲིས་པ་ཞི་བྱེད་པའོ། །སྦྱང་དང་ཞི་བར་བྱ་བའི་ནད། །རྣམ་པ་གཉིས་པ་སྨྱུང་བ་ཡིན། །བརྟ་བས་སྟོབས་ནི་འཕེལ་བ་དང་། །དེ་ཡིས་བསྒྲུབ་བྱའི་ནད་ཟད་འགྱུར། །སྦོམ་ཞིང་ལྕི་ལ་སྨྱུང་བ་མཆོག །གསོ་བ་གཉིས་ལས་ཡོད་མ་ཡིན། །མདོའི་གནས་ལས་ལེའུ་བཅུ་བཞི་པའོ།།

 

            དེ་ནས་སྦྱང་བ་ལ་སོགས་པ་སྨན་གྱི་སྡེ་ཚན་འདུས་པའི་ལེའུ་བཤད་པར་བྱ་སྟེ། པོ་སོན་ཆ་དང་ཤིང་མངར་དང་། །པི་པི་ལིང་དང་རྒྱམ་ཚ་དང་། །ཤུ་དག་སུག་སྨེལ་ཉུངས་དཀར་སོགས། །འདི་དག་སྐྱུག་པའི་སྨན་གྱི་སྡེ། །དནྡ་དུར་བྱིད་ཁྲོན་བུ་དང་། །འབྲས་གསུམ་དོང་ཁྲ་འོ་མ་འཁྲུ། །དུག་ཉུངས་རུ་རྟ་ཤུ་དག་དང་། །ཤིང་མངར་སྦྲང་རྩི་རྒྱམ་ཚ་སོགས། །འདི་དག་མས་བཏང་ཁྲུས་སྨན་ཏེ། །གོ་སྙོད་ལ་སོགས་མགོ་ནད་སྦྱོང་། །མདོའི་གནས་ལས་ལེའུ་བཅོ་ལྔ་པའོ།།

 

            དེ་ནས་སྣུམ་གྱི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། རླུང་ཅན་ལུས་ཡང་མཁྲང་འདོད་པའི། །ལུས་ཅན་རྣམས་ལ་ཏིལ་མར་ཕན། །མངལ་དང་རྣ་བ་ཀླད་ནད་ལ། །ཚིལ་ཡང་མཆོག་ཏུ་ཕན་པ་ཡིན། །སྣུམ་གྱི་ལས་ནི་ལྟོ་སྙི་འཁྲུ། །ཉམ་ཆུང་བ་ལ་བསྔགས་པ་ཡིན། །ཁར་ཆགས་པ་ནི་བསལ་བའི་ཕྱིར། །སྣུམ་དག་འཐུང་རྗེས་ཆུ་ཚན་བཏུང་། །འབྲས་གསུམ་གུ་གུལ་པི་པི་ལིང་། །ཨ་རུ་ར་ལ་སོགས་བསྐོལ་བ། །དེ་དག་སྣུམ་ལ་ཇི་བཞིན་དུ། །གནོད་པ་མེད་པར་སྦྱར་བར་བྱ། །སྐྱེས་བུ་སྣུམ་ལ་བརྟེན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་ཁོང་པ་དག་པ་དང་། །ལུས་ཟུངས་འཕེལ་བརྟ་སྟོབས་དང་མདོག་བཟང་ལྡན། །དབང་བརྟན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤད། །མདོའི་གནས་ལས་ལེའུ་བཅུ་དྲུག་པའོ།།

 

            དེ་ནས་དུགས་ཀྱི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དུགས་བསྲོ་བཅིང་དང་ཐ་མལ་པ། །ཆུ་དུགས་དབྱེ་བས་རྣམ་པ་བཞི། །བསྲོ་བ་གོས་དང་སྣོད་དང་ནི། །ལག་མཐིལ་ཡོགས་པ་མེར་བསྲོས་བསྲོ། །བཅིང་བ་འབྲུ་དང་སྦང་མ་དང་། །ཆེར་བཙོས་ཤུག་པ་ལ་སོགས་གླན། །སྤུ་འཇམ་ལྤགས་རུལ་མིན་པས་དཀྲི། །མཚན་མོ་དཀྲིས་པ་ཉིན་པར་དཀྲོལ། །ཉིན་དཀྲིས་མཚན་མོ་དགྲོལ་བར་བྱ། །ཐ་མལ་པ་ནི་འབྲུ་རྣམས་དང་། །གསོ་མའི་ལོ་མ་ལྕི་བ་སོགས། །བསྲོས་ལ་ཡུལ་དུས་དཔགས་ཏེ་སྦྱར། །ཆུ་དུགས་བསིལ་སྨན་གྱིས་བཏབ་ལ། །སྦུ་གུ་བཀང་ནས་ཅི་བདེར་བླུགས། །དུགས་ཀྱིས་དྲངས་དང་ཟུག་གཟེར་འབྲལ། །ཡན་ལག་མཉེན་པར་གྱུར་པ་དང་། །དྲགས་ན་ཁྲག་མཁྲིས་སྐྱེད་པར་བྱེད། །ཉམ་ཆུང་སྦྲུམ་མ་སོགས་ལ་སྤང་། མདོའི་གནས་ལས་ལེའུ་བཅུ་བདུན་པའོ།།

 

            དེ་ནས་སྐྱུག་སྨན་དང་བཀྲུ་སྨན་གཏོང་བའི་ལེའུ་བཤད་པར་བྱ་སྟེ། བད་ཀན་རྒྱས་ལ་སྐྱུག་སྨན་བཏང་། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། །མཚན་མོ་གཉིད་ལོག་ཟས་ལེགས་ཞུ། །སྔ་དྲོའི་དང་པོར་བཀྲ་ཤིས་བྱ། །སྨན་ལ་སྔགས་ནི་མངོན་བཟླས་བྱ། །ལྐོག་མར་ཕྱིན་པའི་བར་དུ་བླུད། །ཚངས་པ་སྐྱེ་དགུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང་། །དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང་། །འབྱུང་པོའི་ཚོགས་ཀྱིས་ཁྱོད་ནི་བསྲུང་བར་ཤོག །དྲང་སྲོང་རྣམས་ཀྱིས་བཅུད་ཀྱིས་ལེན་པ་དང་། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང་། །ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །ན་མོ་བྷ་ག་བ་ཏེ། བྷྱཻ་ཥ་ཛྱེ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུ་དྡྷཱ་ཡ། ཏདྱཐཱ། ཨོཾ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། [བྷཻ་ཥ་ཛྱེ།] རཱ་ཛ་ས་མུངྒ་ཏེ་སྭཱཧ། ཤར་དུ་ཁ་བསྟན་འཐུང་དུ་གཞུག །འཐུང་ནས་དེ་ལ་སེམས་དམིགས་ཏེ། །ཡུད་ཙམ་བསྡད་ལ་དང་གར་འཁྱིལ། །མཆིལ་མང་དེ་ནས་སློན་དུ་གཞུག །སྐྱུག་མི་བྲོ་བར་མི་དྲང་ངོ་། །སྐྱུག་སྨན་མ་ཞུ་བར་ནད་འབྱིན། །བཀྲུ་སྨན་ཞུ་ནས་འབྱིན་པ་ཡིན། །བད་ཀན་དུས་འདས་ལྟོ་ཤེས་ནས། །ལེགས་པར་བཀྲུ་སྨན་གཏོང་བར་བྱ། །ཟས་ལ་རིམ་གྱིས་སྤྱད་ནས་ནི། །དེ་འོག་ནར་མའི་ཁ་ཟས་བསྟེན། །སྐྱུག་སྨན་བཀྲུ་སྨན་ལ་སོགས་པ། །སླར་ཡང་བར་སྐབས་བར་སྐབས་སུ། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །གོས་ཀྱི་དྲི་མ་འཁྲུད་དང་མཚུངས། །སྣུམ་དུགས་མ་བྱས་ལས་བྱེད་པ། །ཤིང་སྐམ་འགུགས་པར་བྱེད་པ་འདྲ། །སྦྱང་བ་ལེགས་པ་ཉེ་བར་བསྟེན་པས་ནི། །བློ་གྲོས་གསལ་ཞིང་དབང་པོ་སྟོབས་དང་ལྡན། །ལུས་ཟུངས་བརྟན་ཞིང་ཁོང་པའི་མེ་དྲོད་འབར། །ན་ཚོད་དག་ཀྱང་རིང་དུ་འཇོག་པར་བྱེད། །མདོའི་གནས་ལས་ལེའུ་བཅོ་བརྒྱད་པའོ།།

 

            དེ་ནས་མས་གཏོང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། རླུང་ལ་མས་གཏང་བསྔགས་པ་དེ། །ཁུ་བ་རླུང་དང་དྲི་མ་འགགས། །རླིག་རླུགས་རྡེའུ་ནད་ཟླ་མཚན་འཛག །སྦུ་གུ་ཤིང་རུས་གསེར་སོགས་ལ། །བ་གླང་མཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ཁ་ཟླུམ་པ། །རྩ་བའི་བུ་ག་སོར་གསུམ་ཚད། །མཐར་ནི་བུག་པ་འགེགས་པར་བྱ། །རྩེ་མོའི་འཁོར་ལོར་རྐྱལ་བུ་གདགས། །བཀྲུ་སྨན་དྲག་ཚད་ཇི་ལྟ་བ། །དེ་ཡི་བཞི་ཆ་འཇམ་རྩིའི་ཚད། །ཡང་ན་སྨན་གྱི་རེང་བུ་དང་། །མས་བཏང་ཆོ་ག་གཞན་ཡང་བྱ། །བུད་མེད་རོ་སྨད་མངལ་ནད་ལ། །གཉིས་གསུམ་ལ་སོགས་དྲག་པར་བཀྲུ། །གོས་ནི་བཀྲུས་པས་ཚོས་ལེན་ལྟར། །མས་གཏོང་སྟོབས་བསྐྱེད་ནད་རྣམས་འབྱིན། །གསོ་བའི་ཕྱེད་ཅེས་ལ་ལ་འདོད། །མདོའི་གནས་ལས་ལེའུ་བཅུ་དགུ་པའོ།།

 

            དེ་ནས་སྣ་སྨན་གཏོང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། ནམ་ཚོང་ཡན་ཆད་ནད་རྣམས་ལ། །ལྷག་པར་སྣ་ནས་བཏང་བ་ཕན། །སྣ་ནི་ཀླད་པའི་སྒོ་ཡིན་ཏེ། །དེས་ན་དེ་ནས་ནད་དེ་འཇོམས། །ཤིང་མངར་རྒྱམ་ཚ་ཆང་རྙིང་དང་། །འུ་སུ་ལ་སོགས་ཅི་རིགས་པ། །ཆུར་བཅས་བླུགས་པའམ་ལྡེ་གུའམ། །ཕྱེ་མ་སྦུ་གུས་བུད་པར་བྱ། །སྣ་སྨན་གྱིས་ནི་པགས་མདོག་གསལ། །དབང་བརྟན་སྐྲ་དཀར་མེད་པར་འགྱུར། །མདོའི་གནས་ལས་ལེའུ་ཉི་ཤུ་པའོ།།

 

            དེ་ནས་དུད་པ་གཏོང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། ནམ་ཚོང་ཡན་ཆད་བད་རླུང་ལས། །བྱུང་བའི་ནད་རྣམས་བསལ་པའི་ཕྱིར། །མཁས་པས་རྟག་ཏུ་དུད་པ་རྔུབ། །ཆེས་ན་ཁྲག་དང་མཁྲིས་ལ་གནོད། །གུ་གུལ་གླ་སྒང་རྡོ་དྲེག་དང་། །སྤང་སྤོས་ལ་སོགས་དྲི་རྣམས་ལ། །རྒྱ་སྤོས་རུ་རྟ་མ་གཏོགས་པའི། །ནས་ཏིལ་ཚིལ་དང་རྐང་མར་ཞག །ཁམ་ཕོར་བུ་གའི་དུད་པ་ནི། །སྣ་ཁུང་རེ་རེའམ་ཁ་ནས་རྔུབ། །དུད་པ་རྔུབ་ལ་ལུད་པ་དབུགས་མི་བདེ། །སྐད་འགགས་དྲི་མི་ཚོར་དང་གདོང་པ་སྐྱ། །སྐྲ་སྐྱོན་རྣ་བ་མིག་ནད་རྨོངས་བག་དང་། །སྙོམ་དང་སྐྱིགས་བུ་ཆམ་པའི་ནད་མི་འབྱུང་། །མདོའི་གནས་ལས་ལེའུ་ཉི་ཤུ་རྩ་གཅིག་པའོ།།

 

            དེ་ནས་སྨན་ཁུས་མཁུར་བ་དགང་བའི་ལེའུ་བཤད་པར་བྱ་སྟེ། མཁུར་བཀང་རྣམ་པ་བཞི་ཡིན་ཏེ། །སྣུམ་དང་ཞི་བྱེད་རྨ་འཚོ་སྦྱོང་། །སྣུམ་ནི་ཚ་དང་བསྐོལ་བ་ཡིན། །ཞི་བྱེད་ཁ་སྐ་མངར་སྨན་བསྐོལ། །སྦྱོང་བ་ཁ་དང་ཚ་བ་སྐྱུར། །རྨ་འཚོ་བྱེད་པ་ཁ་དང་སྐ། །དེ་ལ་རླུང་ལ་དྲོན་པོའོ། །མཁྲིས་པ་ལ་ནི་གྲང་མོའོ། །བད་ཀན་ལ་ནི་རབ་དུ་ཚ། །ཁ་དང་རྨ་སྦྱོང་འཚོ་བྱེད་ཡིན། །མདོའི་གནས་ལས་ལེའུ་ཉི་ཤུ་རྩ་གཉིས་པའོ།།

 

            དེ་ནས་མིག་སྨན་བསྐུ་བའི་ལེའུ་བཤད་པར་བྱ་སྟེ། མིག་སྨན་ཐིགས་པ་བླུགས་བྱ་བ། །རླུང་ལ་དྲོ་དང་ཁྲག་མཁྲིས་བསིལ། །མིག་ནི་མེ་ཡི་རང་བཞིན་ཏེ། །བསིལ་བས་གནོད་མེད་བརྟན་པར་འགྱུར། །སྣ་སྨན་མིག་སྨན་བརྟ་བ་ལ་སོགས་པ། །མིག་མཐུ་བསྐྱེད་ཕྱིར་ཀུན་ཏུ་འབད་པར་བྱ། །མཐོང་བ་ཉམས་ན་འགྲོ་བ་སྣ་ཚོགས་པའང་། །མུན་པའི་རང་བཞིན་ཚུལ་གཅིག་ཉིད་དུ་འགྱུར། །མདོའི་གནས་ལས་ལེའུ་ཉི་ཤུ་གསུམ་པ་དང་བཞི་པའོ།།

 

            དེ་ནས་ཆ་སྤྱད་ཀྱི་ལེའུ་བཤད་པར་བྱ་སྟེ། །གང་ཕྱིར་ཆ་སྤྱད་ཆོ་ག་བཞིན། །སྣ་ཚོགས་ཚུལ་དུ་བརྡུང་བྱ་བ། །བཟུང་སྟེ་ཟུག་རྔུ་འབྱིན་པ་བློ་ཡི་སྤྱད། །ཆ་སྤྱད་ཀུན་གྱི་མཆོག་ནི་ཀང་ཀའི་མཆུ། །མགར་བ་མཁས་པས་ཆོ་ག་བཞིན། །བརྡུངས་པའི་གཏར་སྤྱད་ཉི་ཤུ་དྲུག །སྤུ་ནི་ཆོད་པར་ནུས་པ་དང་། །ཕལ་ཆེར་སོར་ནི་དྲུག་པར་བྱ། །གཟུགས་ལེགས་སོ་ནི་ལེགས་པ་དང་། །བཟུང་བ་བདེ་བ་ཉིད་དུ་བྱ། །ཡ་ཡོ་མེད་ཅིང་འཐར་ལེགས་པ། །ཤིན་ཏུ་རྣོ་བའི་ལྕགས་ལས་བྱ། །རྩེ་མོ་ཤིན་ཏུ་ལེགས་བརྡུངས་པ། །ཨུཏྤལ་སྔོན་པོའི་མདོག་འདྲ་བས། །རང་མིང་རྗེས་མཐུན་གཟུགས་ཅན་ནི། །རྟག་ཏུ་ཉེ་བར་བཞག་པར་བྱ། །སོར་བཞི་ཡི་ནི་སྲད་བུ་འམ། །རས་ཀྱིས་དམ་དུ་བཅིངས་ནས་ནི། །ཆུ་བ་ཚིགས་རུས་གནད་རྣམས་དང་།  །ཟབ་དང་ཉེ་དང་འཕྲེད་མི་གདབ། །རྩ་མདུད་སྲིན་བུས་ཁྲག་དབྱུང་ཞིང་། །གཏིང་ན་ཡོད་པ་པད་པས་དབྱུང་། །ཁྲག་ནད་འདུས་པ་ཞལ་ཞལ་བྱ། །ལུས་ཁྱབ་ཁྲག་ལ་གཏར་ཀ་ཉིད། །བེམས་པར་གྱུར་ལ་རྔབས་རུ་གདབ། །ཁྲག་ཕྱུང་ཏིལ་དང་ཞུན་མར་བསྐུ། །མདོའི་གནས་ལས་ལེའུ་ཉི་ཤུ་ལྔ་པ་དང་དྲུག་པའོ།།

 

            དེ་ནས་གཏར་དཔྱད་ཀྱི་ལེའུ་བཤད་པར་བྱ་སྟེ། །ཁྲག་འཁྲུགས་གྱུར་པ་དེ་ལ་ནི། །གཏར་ཀ་གདབ་པས་དབྱུང་བར་བྱ། །དེ་ཡང་བཅུ་དྲུག་མ་ལོན་དང་། །བདུན་ཅུ་འདས་ལ་ཁྲག་མི་དབྱུང་། །མ་བསྡམས་གཏར་ཀ་མི་གདབ་ཅིང་། །ཡོན་པོའམ་མི་སྣང་ལ་མི་གདབ། །ཚབས་ཆེའི་ནད་ནི་མ་གཏོགས་པ། །གྲང་དང་ཆར་དང་རླུང་དུས་མིན། །ཇི་སྐད་བཤད་པ་མ་མངོན་ན། །གནད་མ་གཏོགས་པ་གང་ཉེར་གདབ། །ལེགས་པར་བཏབ་ནས་ཁྲག་གཟགས་ཏེ། །ཆིངས་མ་བཀྲོལ་ནས་གཟགས་མི་བྱ། །ནད་ཁྲག་ཡོད་ན་ཕྱི་འཕྲེད་དམ། །ཕྱི་དེ་ཉིན་པར་སླར་ཡང་དབྱུང་། །རླུང་ཁྲག་གནག་ཅིང་དམར་ལ་རྩུབ། །ཤུགས་དྲག་གསལ་ཞིང་ལྦུ་བ་ཅན། །མཁྲིས་ཁྲག་སེར་ལ་རྩ་ཁྲག་མནམ། །སྦྱིན་བག་དྲོ་ཞིང་གཞའ་ཚོན་ཡིན། །བད་ཀན་ཁྲག་ནི་འཇམ་ལ་སྐྱ། །རྒྱུན་ཅན་འབྱར་ཞིང་སྐ་བ་སྟེ། །འདྲེས་པའི་མཚན་མ་འདྲེས་མ་ཡིན། །ཁྲག་གི་རྒྱུན་ནི་མ་ཆོད་ན། །ཟར་མ་སྣག་ཚ་ཤིང་ཁུན་ཚོགས། །བཏགས་པའི་ཕྱེ་མ་རྨ་ཁར་གདབ། །ཆུ་གྲང་ལ་སོགས་སྦྱོར་བ་བྱ། །ཡང་ན་རྩ་དེའི་གོང་དུ་གཏར། །རྨ་ཁ་བསྲེག་པ་ལ་སོགས་བྱ། །མདོག་དང་དབང་པོ་གསལ་ཞིང་དབང་པོ་ཡུལ། །འདོད་ཅིང་ཟས་འཇུ་ཤུགས་ཀྱང་བདེ་བར་འགྱུར། །བདེ་དང་ལྡན་ཞིང་སྟོབས་རྒྱས་ཕུན་སུམ་ཚོགས། །མི་དེ་ཁྲག་ནད་དག་པ་ཡིན་པར་བཤད། །མདོའི་གནས་ལས་ལེའུ་ཉི་ཤུ་བདུན་པའོ།།

 

            དེ་ནས་ཟུག་རྔུ་དབྱུང་བའི་ལེའུ་བཤད་པར་བྱ་སྟེ། ཡང་དང་ཡང་དུ་ཁྲག་འཛག་ལ། །རྨ་ཡི་ཉེ་སྐོར་མཐོ་ཞིང་གློ། །ཆུ་བུར་ལྟ་བུའི་ཐོར་བུ་འབྱུང་། །ཁོང་ན་ཟུག་རྔུ་ཡོད་ཅེས་བྱ། །པགས་གནས་མདོག་ཉམས་སྐྲངས་ཤིང་སྲ། །ཤར་གནས་བཙིར་ན་མི་བཟོད་ལ། །རྨ་ཡི་སྒོ་ནི་འདྲུབ་མི་ཤེས། །རུས་ཚིགས་བརྐྱང་བསྐུམས་ལས་ཤེས་བྱ། །མཚོན་ལུས་ཐུར་མས་བསྐྱོད་དེ་དབྱུང་། །སྟོབས་ཆེའི་གཡོག་གིས་བཟུང་བའམ། །རྟ་སྲབ་ཀྱི་ནི་ཁ་ལྕགས་སམ། །ཤིང་གི་ཡལ་ག་བཀུག་པས་བརྟགས། །གྲེ་བའི་ནང་ཞུགས་ཟུག་རྔུ་ལ། །སྐུད་པ་གྲེ་བར་གཞུག་པར་བྱ། །ཟུག་རྔུའི་གནས་དང་ཆ་སྤྱད་ཀྱིས། །ཚུལ་ནི་མང་པོས་ལེགས་བརྟགས་ཏེ། །བློ་ལྡན་ཐབས་ནི་དེ་དང་དེ། །ཤེས་པར་བྱས་ལ་ཟུག་རྔུ་དབྱུང་། །མདོའི་གནས་ལས་ལེའུ་ཉི་ཤུ་བརྒྱད་པའོ།།

 

            དེ་ནས་ཡང་གཏར་རབ་ཆོ་གའི་ལེའུ་བཤད་པར་བྱ་སྟེ། གང་ཞིག་མ་སྨིན་བརྟོལ་བ་དང་། །གང་ཞིག་སྨིན་ཀྱང་བཏང་སྙོམས་འཇོག །ཁྱད་པར་མི་ཤེས་དེ་དག་ནི། །རྨེ་ཤ་ཅན་དང་འདྲར་ཤེས་བྱ། །གང་དང་གང་དུ་འགྲོ་འགྱུར་བའམ། །གང་དུ་མཐོ་བ་ཤེས་བྱས་ལས། །དེ་དང་དེར་ནི་རྨ་བཏོད་དེ། །ལེགས་ཕྱེད་ཁྲག་ནི་མེད་པར་བྱ། །ཆུ་དང་ཞེང་དུ་ཅི་ནས་ཀྱང་། །ནད་ནི་གནས་པར་མི་འགྱུར་བྱ། །སྨན་པ་དཔའ་བརྟན་ལས་ལ་མཁས། །མཚོན་རྣོ་མི་རྟུལ་མི་འདར་ལ། །ཀུན་ཏུ་རྨོངས་པར་མ་གྱུར་པ། །བཙགས་བུ་འདེབས་པའི་ལས་ལ་བསྔགས། །འཇམ་ལ་མཉེན་པས་བཅིངས་ནས་ནི། །ཉིན་རེའི་ཀུན་སྤྱོད་བཤད་པར་བསྟན། །ཉིན་པར་གཉིད་ལོག་རྨ་གཡའ་ཞིང་། །ཁ་དམར་ནང་སྐྲང་རྣག་འཁྱིམ་འགྱུར། །བུད་མེད་དྲན་ནམ་རེག་པའམ། །མཐོང་བས་ཁུ་བ་འབྱུང་གྱུར་ན། །མ་ཕྲད་ནའང་འཁྲིག་པ་ལས། །བྱུང་བའི་སྐྱོན་ནི་ཐོབ་པར་འགྱུར། །སྐམ་སའི་ཤ་ནི་ཟོས་གྱུར་ན། །རྨ་ནི་མྱུར་དུ་འཚོ་བ་ཡིན། །བསྣད་པའི་རྨ་ནི་མྱུར་དུ་འཚེམ། །ཤ་ཆད་དུམ་བུ་འཕྱང་བའང་གླན། །རྨ་ཁ་ཁྲག་ནི་མེད་གྱུར་ན། །དེ་ནི་ཅུང་ཟད་འབྲུད་བྱ་སྟེ། །རྨ་འབྱོར་བྱེད་པ་ཁྲག་ཡིན་ནོ། །རན་པར་བཅིངས་པས་རེད་མི་འགྱུར། །མདོའི་གནས་ལས་ལེའུ་ཉི་ཤུ་དགུ་པའོ།།

 

            དེ་ནས་ཐལ་སྨན་དང་མེ་བཙའི་ལེའུ་བཤད་པར་བྱ་སྟེ། བཙགས་དཔྱད་མཚོན་དཔྱད་ཅེས་བྱ་བ། །མང་པོ་ཀུན་ལས་ཐལ་སྨན་མཆོག །སྨན་དང་ཐལ་སྨན་མཚོན་དཔྱད་ཀྱིས། །མ་གྲུབ་པའང་གྲུབ་པར་བྱེད། །པགས་པ་ཤ་དང་རྩ་རྒྱུས་དང་། །ཚིགས་དང་རུས་ཚོགས་རྣམས་ལ་གདབ། །ཁྲག་མ་ཆོད་དང་མིག་གི་ནད། །དེ་དག་ཉིད་ཀྱི་རྩ་སྲེག་གོ། །མ་ཚོས་པགས་མདོག་མི་སྡུག་ཚ། །ཆུ་བུར་འབྱུང་བར་མི་འགྱུར་རོ། །བསྲེག་ཉེས་ཆ་འཁུམས་ཆུ་བུར་ཆེ། །ལེགས་པ་ཟུག་འབྲི་མྱུར་དུ་འཚོ། །སྙིང་པོ་གསང་བ་ལྟ་བུ་ཡི། །གནས་འདི་རྫོགས་པར་བྱས་པ་ཡིན། །འདི་དོན་དཀའ་བ་མདོར་བཤད་ཀྱིས། །རྒྱ་ཆེར་ཀུན་ཏུ་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་མདོའི་གནས་ལས་ལེའུ་སུམ་ཅུ་པའོ། །མདོ་གནས་བསྟན་པ་རྫོགས་སོ།།

 

            དེ་ནས་ལུས་ཀྱི་རུམ་དུ་ཞུགས་པ་ལ་སོགས་པའི་ལེའུ་བཤད་པར་བྱ་སྟེ། ཁུ་ཁྲག་སྐྱོན་མེད་པར་སེམས་ཅན། །རང་ལས་ཉོན་མོངས་ཀྱིས་བསྐུལ་ནས། །འཚོགས་པས་མངལ་དུ་ཆགས་འགྱུར་ཏེ། །རྩུབ་ཤིང་ལས་ནི་མེ་འབྱུང་མཚུངས། །ས་བོན་བདག་ཉིད་འབྱུང་བ་ཆེ། །ཕྲ་མོའི་སེམས་ཀྱི་རྗེས་འགྲོ་དང་། །མ་ཡི་ཁ་ཟས་དྭངས་མ་ལས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ། །ཇི་ལྟར་ཉི་མའི་ཟེར་གྱི་མེ། །མེ་ཤེལ་དང་ནི་འཕྲད་གྱུར་པའི། །ཤིང་ལ་འགྲོ་བར་མི་སྣང་སྟེ། །སེམས་ཅན་མངལ་གནས་དེ་དང་འདྲ། །རྒྱུ་ཡི་རྗེས་སུ་འགྲོ་བས་ན། །འབྲས་བུ་དེ་དང་སྐལ་མཉམ་ཉིད། །སེམས་ཅན་སྐྱེ་གནས་སྣ་ཚོགས་འཛིན། །ཟངས་མ་ལ་སོགས་བཞུ་དང་མཚུངས། །དེ་བས་ཁུ་བ་མང་བ་ལས། །ཕལ་ཆེར་སྐྱེས་པ་སྐྱེ་འགྱུར་ལ། །ཟླ་མཚན་མང་ལས་བུད་མེད་དེ། །དེ་གཉིས་མཉམ་ལས་མ་ནིང་འགྱུར། །བུད་མེད་ཟླ་བ་རེ་རེའི་ཁྲག །དྭངས་མ་ལས་བྱུང་ཞག་གསུམ་འཛག །ལོ་ནི་བཅུ་གཉིས་ཡན་ཆད་ནས། ལྔ་བཅུའི་བར་འཛག་དེ་ནས་ཆད། །བུད་མེད་ཉམ་ཆུང་བཞིན་རས་དང་། །ནུ་མ་རྐེད་པ་འགུལ་བ་དང་། །མིག་དང་དཀུ་གཡོ་སྐྱེས་པ་འདོད། །ཟླ་མཚན་ལྡན་པར་ཤེས་པ་བྱ། །དཔེར་ན་ཉི་མ་ནུབ་པ་དང་། །པདྨའི་ཁ་ནི་ཟུམ་པར་འགྱུར། །དེ་བཞིན་ཟླ་མཚན་དུས་འདས་པའི། །མངལ་ནི་ཁུ་བ་ལེན་མི་བྱེད། །ཟླ་བ་གཅིག་ཏུ་བསགས་པའི་ཁྲག །རྩ་ཆེན་གཉིས་ལས་དུས་སུ་ནི། །ཅུང་ཟད་གནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོ་རུ་འབྱིན། །ཟླ་མཚན་ཞག་ནི་བཅུ་གཉིས་དུས། །དེ་ལས་དང་པོའི་ཞག་གསུམ་དང་། །བཅུ་གཅིག་པ་སྨད་ཚེས་ཟུང་ལ། །བུར་འགྱུར་གཞན་དུ་བུ་མོར་འགྱུར། །འཕྲལ་དུ་མངལ་ཆགས་མཚན་མ་ནི། །མངལ་དུ་ས་བོན་འཛིན་པ་དང་། །འདོད་ངོམས་ལྕི་དང་གཡོ་བ་དང་། །ཁྲག་དང་ཁུ་བ་རྗེས་འདྲེས་དང་། །སྙིང་འཕར་བ་དང་སྙོམ་པ་དང་། །སྐོམ་དང་རྨྱ་དང་བ་སྤུ་ལྡང་། །ཟླ་བ་དང་པོར་མི་གསལ་ཞག །བདུན་ནས་ནུར་ནུར་པོར་སོགས་འགྱུར། །མངལ་གནས་ལྟེ་བ་མ་ཡི་ནི། །སྙིང་གི་རྩ་དང་འབྲེལ་པའི་ཕྱིར། །དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུར་པ་དག་དང་མཚུངས། ནུ་ཞོ་གཡས་པ་སྔར་འབྱུང་ཞིང་། །གཡས་ལོགས་ལ་ནི་བརྟེན་པ་དང་། །འདྲི་ཚིག་སྐྱེས་པའི་མིང་ཅན་སྨྲ། །དགའ་ཞིང་སྐྱེས་པ་མཐོང་བ་དང་། །དཀུ་ནི་གཡས་པ་མཐོ་བ་དང་། །མངལ་ཡང་ཀུན་ཏུ་ཟླུམ་པ་དག །བུ་སྐྱེ་གཞན་དུ་བུ་མོར་འགྱུར། །གང་ཡང་སྐྱེས་པ་འཕྲད་འདོད་དང་། །གླུ་གར་རོལ་མོར་དགའ་བ་དང་། །དྲི་དང་ཕྲེང་ཆགས་བུ་མོ་སྐྱེ། །དེང་ངམ་སང་ནི་བུ་བཙའི་རྟགས། །སྙོམ་ཞིང་དཀུ་དང་མིག་ལྷོད་དུབ། །སྨད་དུ་ལྕི་ཞིང་ཡི་ག་འཆུས། །མཆིལ་མ་དང་ནི་གཅིན་མང་འབྱུང་། །དེ་ནས་མངལ་ནས་འབྱུང་བ་རྩོམ། །མར་དང་བཅས་པའི་ཐུག་པ་བླུད། །ཤུ་ཏི་ཉུངས་དཀར་ཟི་ར་དང་། །སྣུམ་དང་ལན་ཚྭར་བཅས་པ་ནི། །མས་གཏོང་ཤ་མ་མྱུར་དུ་འབྱིན། །བཙས་ཚེ་བཀྲེས་པས་མར་བླུད་བྱ། །མངལ་དུ་འཕེལ་དང་བཙས་པའི་ནད། །གཤེར་དང་ཁྲག་འཛག་བཙིར་བ་ཡི། །ནད་དེ་གསོ་དཀའ་ཡིན་པའི་ཕྱིར། །བཙས་རྗེས་འབད་དེ་རིམ་གྲོ་བྱ། །ལུས་ཀྱི་གནས་ལས་ལེའུ་དང་པོའོ།།

            རླུང་ནི་རྣམ་པར་འཁྲུགས་གྱུར་པས། །མངལ་གྱི་གནས་སྐབས་སྣ་ཚོགས་བྱེད། །དེ་ཕྱིར་དེ་ནི་མཁས་པ་ཡིས། །གནས་སྐབས་དག་ནི་བལྟས་ཏེ་དཔྱད། །བུད་མེད་མངལ་དུ་རླུང་གིས་ཁྲག་བསྒོངས་ཏེ། །བུ་ཆགས་ཡིན་ཞེས་མི་མཁས་པ་དག་ཟེར། །ལུས་ཀྱི་གནས་ལས་ལེའུ་གཉིས་པའོ།།

            སྒྲ་དང་རེག་བྱ་གཟུགས་རོ་དྲི། །གོ་རིམ་བཞིན་དུ་ནམ་མཁའ་རླུང་། །མེ་ཆུ་ས་ཡི་ཡོན་ཏན་ཡིན། །ཡོན་ཏན་རེ་རེས་ཕྱི་མ་བསྐྱེད། །དེ་ལ་མཁའ་ལས་ལུས་བུ་ག །རྣ་བ་སྒྲ་དང་ཁོང་སྟོང་དང་། །རླུང་ལས་རེག་པ་པགས་དབུགས་འབྱིན། །མེ་ལས་མིག་དང་གཟུགས་འཇུ་ཉིད། །ཆུ་ལས་ལྕེ་དང་རོ་དང་གཤེར། །ས་ལས་སྣ་དྲི་རུས་པ་ཡིན། །རྩ་ཆེན་རྩ་བ་སྙིང་ལ་གནས། །དེ་དག་ཀུན་གྱིས་ལུས་ཀུན་ཁྱབ། །དྭངས་མའི་བདག་ཉིད་མདངས་སུ་འགྱུར། །དེ་ནི་ཕྲ་ལ་ཀུན་དང་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་གྱེས་པ་ཡིན། །གྱེས་པ་དེ་ལས་རྩ་ཕྲན་ནི། །བདུན་བརྒྱ་དག་ཏུ་གྱུར་པའོ། །ལྟེ་བར་རྩ་ཆེན་ཉི་ཤུ་བཞི། །འཁོར་ལོའི་ལྟེ་རྩིབས་བཞིན་དུ་བརྟེན། །དེས་ནི་སྟེང་འོག་ཐད་ཀ་རུ། །ལུས་ནི་རྗེས་སུ་འཛིན་པ་ཡིན། །དེ་ལ་གནོད་པས་ནད་སྐྱེད་ལ། །སྐྱོན་མེད་དག་པས་བདེ་བར་བྱེད། །མེ་དྲོད་ཉམས་ན་འཆི་འགྱུར་ཞིང་། །སྐྱོན་མེད་ན་ནི་ཡུན་རིང་འཚོ། །སྦྱིན་དང་ཚུལ་ཁྲིམས་སྙིང་རྗེ་བདེན། །ཚངས་པར་སྤྱོད་པ་བྱས་པ་གཟོ། །བྱམས་ལྡན་བཅུད་ཀྱིས་ལེན་བསྟེན་པ། །ཚེ་དང་བསོད་ནམས་འཕེལ་བའི་སྡེའོ། །ལུས་ཀྱི་གནས་ལས་ལེའུ་གསུམ་པའོ།།

            གནད་དུ་ཕོག་ན་ཆུང་དུས་ཀྱང་། །ཕལ་ཆེར་ཤིན་ཏུ་གནོད་པ་ཡིན། །དེས་ན་གནད་ལ་བརྟེན་པའི་ནད། །རབ་དུ་འབད་པས་གསོ་བར་བྱ། །ལུས་ཀྱི་གནས་ལས་ལེའུ་བཞི་པའོ།།

            ཇི་ལྟར་འབྲས་བུ་མེ་ཏོག་དང་། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །ཐ་མལ་པ་འམ་ནད་པ་ཡིས། །གང་གི་ཡོན་ཏན་སྐྱོན་རང་བཞིན། །སྔ་ལས་གཞན་དུ་འགྱུར་སྣང་བ། །དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག །ཚེ་ཡི་རིག་བྱེད་འབྲས་བུ་ཀུན། །ཚེ་ཤེས་པ་ལ་གནས་པ་ཡིན། །དེ་བས་འཆི་ལྟས་རྣམ་པ་ཀུན། །སྨན་པས་འབད་དེ་ཤེས་པར་བྱ། །ལུས་ཀྱི་གནས་ལས་ལེའུ་ལྔ་པའོ།།

            ཕོ་ཉ་ཡ་མཚན་དགེ་སྦྱོང་དང་། །རིགས་མཐུན་ལས་ནི་འགྲུབ་པར་འགྱུར། །དམན་དང་འཇིགས་རེངས་སྔངས་པ་དང་། །བཀྲ་མི་ཤིས་སོགས་ལས་མི་འགྲུབ། །མཐོང་དང་ཐོས་དང་ཉམས་མྱོང་དང་། །གསོལ་བ་བཏབ་དང་བརྟག་པ་དང་། །འབྱུང་བར་འགྱུར་དང་བག་ཆགས་དང་། །རྨི་ལམ་རྣམ་པ་བདུན་དུ་འདོད། །རྨི་ལམ་ངན་དང་བཟང་སོགས་དང་། །ནད་པའི་གཡོག་འཁོར་ལ་སོགས་པ། །འདི་དག་དེ་ཉིད་མཐོང་བ་ཡི། །དྲང་སྲོང་རྣམས་ཀྱིས་མཚན་མར་བཤད། །ལུས་ཀྱི་གནས་ལས་ལེའུ་དྲུག་པ་རྫོགས་སོ།།

ལེའུ་དང་པོ། ནད་རྣམས་ཀུན་གྱི་ནད་གཞི་ནི། །ཉེས་པ་འཁྲུག་པར་གྱུར་པ་སྟེ། །དེ་ནི་གནོད་འགྱུར་སྣ་ཚོགས་པ། །བསྟེན་པས་ལྡང་བར་འགྱུར་པར་བཤད། །དེ་ལྟར་སོ་སོའི་ནད་ལྡང་བ། །ནད་ཀྱི་གནས་སུ་འགྲོ་བྱེད་པས། །རྩ་སྦུབས་རྣམས་སུ་ཕྱིན་པ་དང་། །ནད་རྣམས་ལུས་ལ་སྐྱེད་པར་བྱེད།།

ལེའུ་གཉིས་པ། མ་ཞུའི་གནས་སུ་གྱུར་པ་དང་། །ལྷན་ཅིག་གནས་པས་རྩ་སྒོ་བཀག །ཞུ་བའི་གནས་ཀྱི་མེ་དྲོད་ནི། །ཕྱི་རོལ་དུ་ནི་འབྱིན་པར་བྱེད། །དེ་དང་ལྷན་ཅིག་མངོན་ཁྱབ་ནས། །ལུས་ཀུན་ཚ་བར་བྱེད་པ་ཡིན། །མགོ་ན་བརྒྱལ་སྙོམས་ལུས་ཚ་རྨོངས་བག་འགྱུར། །གྲེ་བ་ཁ་སྐམ་མི་དགའ་རུས་ཚིགས་ན། །གཉིད་མེད་མགོ་འཁོར་སྤུ་ལྡང་སྐོམ་དད་ཆེ། །ཁ་གླལ་ཚིག་མང་རླུང་མཁྲིས་འདྲེས་པའི་རིམས། །ལུས་རིམས་ཐོག་མར་ལུས་ཚ་བྱེད། །སེམས་ཀྱི་དང་པོར་སྙིང་ཚ་ཞིང་། །རླུང་དང་བད་ཀན་ཅིག་ཆར་ནི། །འབྱུང་ཚེ་གྲང་བའི་རིམས་སུ་འགྱུར། །མཁྲིས་པ་དང་ལྡན་ཚ་བ་སྟེ། །འདྲེས་པས་འདྲེས་པའི་རིམས་ནད་དོ། །ལུས་ནི་ཡང་ཞིང་རྨྱ་དང་རྨོངས་བག་ཚ་བ་མེད། །ཁ་ནང་ཐོར་བུ་འབྱུང་དང་དབང་པོ་བརྟས་ཤིང་བདེ། །ཡིད་ནི་སོར་གནས་རྔུལ་སྦྲིད་བདེར་འབྱུང་ཡི་ག་འབྱེད། །མགོ་བོ་གཡའ་བ་རིམས་ནད་འབྱང་བའི་མཚན་མ་ཡིན།།

ལེའུ་གསུམ་པ། མཁྲིས་པ་ཅན་གྱི་མཁྲིས་ནད་ནི། །གཤེར་དང་ཁྲག་རྒྱས་ནད་དུ་འགྱུར།།

ལེའུ་དྲུག་པ། གླང་ཆེན་ལྕགས་ཀྱུ་མེད་པ་ལྟར། །རྨོངས་པས་མི་བྱ་ཅི་ཡང་མེད། །སེམས་འགྱུར་ར་རོ་བག་མེད་པས། །འདི་ནི་ཁ་ན་མ་ཐོའི་གནས། །གང་དུ་དྲན་པ་ཉམས་འགྱུར་བས། །དེ་ལས་མི་དགེ་ཐམས་ཅད་འབྱུང་། །གང་ལ་ཆགས་པ་མི་ཤེས་པ། །དེ་ལ་མཁས་པས་ཇི་ལྟར་བསྟེན། །སྟོབས་དང་དུས་དང་ཡུལ་དང་གོམས་པ་དང་། །རང་བཞིན་གྲོགས་དང་ན་ཚོད་ནད་རྣམས་ནི། །ལེགས་བརྟགས་དེ་དང་རྗེས་མཐུན་གང་ཞིག་འཐུང་། །དེ་ནི་བདུད་རྩི་འཐུང་དང་མཚུངས་པ་ཡིན།།

ལེའུ་བཅུ་པ། མལ་སྟན་ཆོ་གར་མི་ལྡན་པ། །བསྟེན་ན་གཅིན་སྙི་ནད་སྐྱེད་བྱེད། །ཁུ་བ་གནས་ལས་འཕོས་ནས་སྐམ། །ལུགས་བཞིན་མི་འབྱུང་རྡེའུར་ཆགས། །གང་དུ་ཁ་དོག་སྣ་ཚོགས་པའི། །གཅིན་འབྱུང་ཟ་ཁུའི་ནད་ཅེས་བྱ།།

ལེའུ་བཅུ་གཅིག་པ། རླུང་ནི་རྒྱུན་ལམ་འགགས་པས་འཁྲུགས། །སྐྲང་ཞིང་གཟེར་ནི་སྐྱེ་བའི་རྒྱུ། །སྐྲན་ནི་ཟླ་མཚན་བྱེ་བྲག་གིས། །བུད་མེད་རྣམས་ལ་ཕལ་ཆེར་འབྱུང་།།

ལེའུ་བཅུ་གཉིས་པ། ནད་ཀུན་མེ་དྲོད་ཉམས་ལས་སྐྱེ། །ལྷག་པར་དམུ་རྫིང་ནད་སྐྱེད་ཅིང་། །མ་ཞུ་དྲི་མ་ཅན་གྱི་ཟས། །དྲི་མ་སོགས་ལས་སྐྱེ་བར་འགྱུར།།

ལེའུ་བཅུ་བཞི་པ། ཁ་ཟས་སྤྱོད་ལམ་མི་འཕྲོད་བསྟེན། །སྔོན་ཆད་ལས་བྱས་ནད་བསླངས་ནས། །ཆུ་སེར་རྩ་ལས་གྲམ་ནས་ནི། །ཤ་པགས་མི་སྡུག་མཛེ་རུ་འགྱུར། །ཟས་མངར་འོ་མ་བུ་རམ་དང་། །ཚ་དང་འབྲས་གསར་ཆན་དང་ནི། །ལོ་མའི་འདབ་མ་ལ་སོགས་དགའ། །མི་གཙང་བཤང་བའི་སྲིན་བུ་འབྱུང་།།

ལེའུ་བཅོ་ལྔ་པ། རླུང་ནི་ཕན་དང་གནོད་བྱེད་ལ། །འདི་ནི་སྣ་ཚོགས་རྒྱུ་གཅིག་པུ། །ཁྱད་པར་དུ་ནི་ལུས་ཀྱི་ནི། །ནད་དང་ནད་མེད་རྒྱུར་ཤེས་བྱ། །དེ་བས་དེ་ལྡང་མི་འགྱུར་བར། །རྟག་ཏུ་འབད་པ་ཉིད་དུ་གྱིས།

ལེའུ་བཅུ་དྲུག་པ། སྐྱིད་ཅིང་སྤྱོད་ལམ་འཁྲུགས་པ་ལས། །འཐེང་ནད་སྟོབས་འཇིག་རླུང་ཁྲག་འདྲེས། །དེ་ནི་ཕྱུག་པོའི་རླུང་ནད་དེ། །མིང་ནི་དྲེག་ཏུ་རྣམ་པར་བཤད། །ནད་གཞིའི་གནས་རྫོགས་སོ།།

 

            ལེའུ་དང་པོ། །སྨྱུང་བས་ནད་ནི་ཉམས་སྨད་ཅིང་། །མེ་དྲོད་བསྐྱེད་དང་ཁོང་ཡང་འགྱུར། །བདེ་ཞིང་ཡི་ག་འབྱེ་བ་དང་། །ཟས་འཇུ་སྟོབས་དང་མདངས་སྐྱེད་འགྱུར། །རླུང་གི་རིམས་ལ་བྱི་ཚེར་བ། །བཅའ་སྒ་སླེ་ཏྲེས་གླ་སྒང་ཕན། །མཁྲིས་རིམས་གླ་སྒང་དུག་མོ་ཉུང་། །པུ་ཤེལ་པར་པ་བྱི་ཚེར་ཕན། །བད་ཀན་དུག་ཉུང་བ་ཤ་ཀ །བྱི་ཚེར་གླ་སྒང་བཅའ་སྒ་ཕན། །འདུས་པའི་རིམས་ལ་བྱ་ཀྲི་དང་། སྐྱེར་པ་གླ་སྒང་པ་ཏོ་ལ། འབྲས་བུ་གསུམ་དང་པུ་ཤེལ་ཙེ། །སླེ་ཏྲེས་ཀཎྜ་ཀ་རི་ཕན། །མ་ཞུའི་རིམས་ལ་སྨན་འཐུངས་ན། །སྦྲུལ་ལ་འོ་མ་བླུད་དང་མཚུངས། །བྱིན་པ་ཚིགས་རུས་གཟེར་འགྱུར་ལ། །རྔུལ་དབྱུང་བ་ནི་རབ་དུ་བསྔགས། །བད་ཀན་བྲི་ནས་རླུང་མཁྲིས་ནི། །ཤས་ཆེའི་རིམས་ལ་ཞུན་མར་སྦྱིན། །ནད་སྨིན་པ་ལ་བདུད་རྩི་སྟེ། །གཞན་དུ་དེ་ནི་དུག་དང་མཚུངས། །རིམས་ནི་ཞི་བར་མ་གྱུར་ན། །སྦྱང་འོས་ལ་ནི་སྦྱང་བར་བྱ། །གང་ཞིག་རྨོངས་པས་མ་སྨིན་པའི། །རིམས་ལ་ནད་འབྱིན་སྨན་གཏོང་བ། །དེ་ནི་སྦྲུལ་ནག་གཉིད་ལོག་ལ། །ལག་པའི་རྩེ་མོས་རེག་དང་མཚུངས། །རང་གི་དཔྱད་ནི་ཇི་སྐད་བཤད། །གཏར་ཀ་ལ་སོགས་དག་གིས་གསོ། །གདོན་བྱུང་འབྱུང་པོའི་རིམས་པར་བཤད། །གཏོར་མ་སྔགས་ལ་སོགས་པས་གསོ། །བྱི་ལའི་རྟུག་པ་ལ་སོགས་དང་། །ཤུ་དག་རུ་རྟ་ཨ་རུ་ར། །གུ་གུལ་ཉུང་དཀར་སྤོས་ལ་སོགས། །དུད་པས་བདུག་པས་རིམས་ཀུན་སེལ། །སྨན་དང་ནོར་བུ་སྔགས་དང་བཅས་པ་དང་། །དམ་པ་བླ་མ་བྲམ་ཟེ་དཀོན་མཆོག་མཆོད། །ཡིད་ནི་དགའ་བར་བྱེད་པའི་ཡུལ་བསྟེན་པས། །ཁྱབ་འཇུག་གིས་བྱས་མ་རུངས་རིམས་ཀྱང་འཇོམས།།

ལེའུ་གཉིས་པ། ཙན་དན་གླ་སྒང་པུ་ཤེལ་ཙེ། །འབྲས་ཡོས་མུངྒ་པི་པི་ལིང་། །ཤིང་མངར་ཉེ་ཤིང་ཁ་ར་དང་། །སྦྲང་རྩིར་བཅས་པས་ཁྲག་མཁྲིས་འཇོམས། །གང་ཕྱིར་སྐྱེགས་བུ་དབུགས་མི་བདེ། །རྒྱུ་སོགས་མཚུངས་པས་དེ་ཡི་ཕྱིར། །གསོ་བའང་གཅིག་སྟེ་དེས་ཉེན་ལ། །ཐོག་མར་དུགས་ཀྱིས་ཉེ་བར་སྤྱད།

ལེའུ་དགུ་པ། འཁྲུ་བ་ཕལ་ཆེར་མ་ཞུ་བའི། །གནས་བརྟེན་མེ་དྲོད་ཉམས་པ་ལས། །འབྱུང་བས་དེ་ཕྱིར་རླུང་གྱུར་ལའང་། །དང་པོ་སྨྱུང་བ་བྱས་པས་ཕན། །རང་ཉིད་འཁྲུ་བ་དེ་ལ་ནི། །བཏང་སྙོམས་བཞག་པ་དེ་ཉིད་སྨན། །མ་ཞུ་འཁྲུ་ལ་དང་པོར་ནི། །གཅོད་པའི་སྨན་ནི་བཏང་མི་བྱ།

ལེའུ་བཅུ་པ། ཕོ་བ་ལ་ནི་བརྟེན་པའི་ནད། །མ་ཞུ་བ་ལྟར་གསོ་བར་བྱ།

ལེའུ་བཅོ་ལྔ་པ། སྦྱོར་བ་ཀུན་གྱི་རྗེས་ལ་ནི། །འོ་མ་ཉེ་བར་སྦྱར་བྱ་སྟེ། །ལུས་ཟུངས་ཐམས་ཅད་བརྟན་བྱེད་ཅིང་། །སྟོབས་སྐྱེད་ནད་ནི་ལྷག་ལུས་སེལ། 

ལེའུ་ཉེར་གཅིག་པ། མ་འདྲེས་རླུང་ལ་དང་པོར་ནི། །མར་དང་རྐང་དང་ཚིལ་དང་ནི། །ཏིལ་མར་བླུད་ཅིང་སྣུམ་གྱི་ནི། །སྦྱོར་བས་ལེགས་པར་གསོ་བར་བྱ། །གསོ་བའི་གནས་རྫོགས་སོ།།

 

            ལེའུ་དང་པོ། སྐྱུག་སྨན་མཆོག་ནི་པོ་སོན་ཆ། །དུར་བྱིད་རྩ་བ་བཀྲུ་སྨན་མཆོག།

ལེའུ་གསུམ་པ། སྐྱུག་སྨན་དྲགས་ལ་བཀྲུ་སྨན་བཏང་། །བཀྲུ་སྨན་དྲག་ལ་སློན་དུ་གཞུག

ལེའུ་གསུམ་པ། དྲན་པ་འཐོར་ལ་རིག་བྱེད་ཚིག །གླིང་བུ་གླུ་དབྱངས་མཉན་དུ་གཞུག །ལྡེ་གུ་སྦྲང་རྩི་མར་བཅས་པ། །མས་གཏོང་ཁུ་བ་འཕེལ་བར་བྱེད།།

ལེའུ་དྲུག་པ། ས་ཕྱོགས་ཆ་མཉམ་གཙང་ཞིང་བཟང་། །ཤིང་ཆེན་ལྷ་གནས་དཱུརྦར་ལྡན། །གཡས་ནས་ཆུ་འབབ་ས་བཅུད་ལྡན། །སྨན་སྐྱེས་པ་ནི་བསྔགས་པ་ཡིན། །དགེ་སྤྱོད་དད་ལྡན་གཙང་བྱས་པས། །སྨན་ནི་ལེགས་པར་གནས་པ་བཏུ། །གངས་ཅན་འབིགས་བྱེད་རི་ཡིས་ནི། །ས་གཞི་ཕལ་ཆེར་ཁྱབ་པ་ཡིན། །དེ་ལས་དང་པོ་བསིལ་ཞིང་ཕན། །འབིགས་བྱེད་སྨན་ནི་མེའི་རང་བཞིན།།

ལེའུ་གཉིས་(བཞི་)པ། གླ་སྒང་སླེ་ཏྲེས་བ་སྤྲུ་བ། །བཙོད་དང་དོང་ག་པུ་ཤེལ་ཙེ། །བ་རུ་ར་དང་པོ་སོན་ཆ། །ཆུར་བསྐོལ་བཞི་ཆར་ལུས་པ་དང་། །འོ་མ་དང་བསྲེས་སླར་ཡང་བསྐོལ། །ཆུ་ཟད་འོ་མ་ལུས་པ་ལ། །སྦྲང་རྩི་ཤིང་མངར་རྒྱམ་ཚ་དང་། །དུག་ཉུང་དུར་བྱིད་པི་པི་ལིང་། །སྐྱེར་ཁཎྜ་བསྲེས་འཇམ་རྩི་ནི། །ཤ་དྲོད་ལུས་སྟོབས་ཁུ་བ་སྐྱེད། །འོ་མ་སྦྲང་རྩི་མར་བཏབ་པ། །མས་གཏོང་རླུང་འཇོམས་ཁ་དོག་སྐྱེད། །ཆོ་ག་གྲུབ་པའི་གནས་རྫོགས་སོ།།

 

            ལུས་ཀྱི་ཡན་ལག་སྟེ་དང་པོ། །བྱིས་པ་བཙས་མ་ཐག་ཕྲུ་མ། །བསལ་ཏེ་རྒྱམ་ཚ་མར་བཅས་བསྐུ། །སོར་བཞིའི་འོག་ཏུ་ལྟེ་བ་བཅད། །རུ་རྟ་ཏིལ་མར་དག་གིས་བསྐུ། །རྒྱུ་སྐར་ལྷའམ་ཉེ་དུ་ལས། །དྲས་པའི་མིང་ནི་བཏགས་པར་བྱ། །མ་མའི་ཕང་དུ་སྤྲོ་བསྲིངས་ལ། །དགུན་གྱི་དུས་སུ་རྣ་བ་དབུག །བྱིས་པ་རྟག་ཏུ་མི་ཟད་པར། །ངུ་བ་ལས་ནི་ནར་ཤེས་བྱ། །གང་དུ་འཛིན་ཅིང་རེག་མི་བཟོད། །དེ་ན་ནད་ཡོད་ཤེས་པར་བྱ། །རླུང་ལ་སོགས་པའི་ནད་གཞོམ་ཕྱིར། །ཚེ་བློ་ཡིད་གཞུངས་སྨན་མར་སྦྱིན། །ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །བདུག་པ་རྣམས་ཀྱིས་བདུག་པའམ། །སྔགས་དང་ཁྲུས་ཀྱིས་འབྱུང་པོ་བསལ། །བྱིས་པ་གསོ་བའི་ཡན་ལག་སྟེ་ཉི་ཤུ་གཉིས་པའོ།།

ལེའུ་བཞི་པ། ཤེས་དང་སྤྱོད་དང་རང་བཞིན་འགྱུར། །དེ་ལ་འབྱུང་པོའི་གདོན་ཡོད་བཤད། །སྦྱིན་སྲེག་སྔགས་གཏོར་མཆོད་སྦྱིན་རྣམས། །ཕྱིན་ཅི་ལོག་ཏུ་བྱེད་པ་དང་། །ཆོས་ལུགས་ཉམས་དང་གཙང་སྦྲ་མེད། །དེ་ལ་གདོན་གྱིས་གླགས་སྐབས་ཚོལ། །འབྱུང་པོའི་འཚེ་བ་མི་འདོད་པས། །བཟླས་དང་སྦྱིན་སྲེག་གཏོར་མ་དང་། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང་། །སྦྱིན་ཤེས་བརྩེ་ལ་སོགས་པས་བསལ། །ཤིང་ཀུན་བ་བླ་ཚ་བ་གསུམ། །གླ་རྩི་སྒོག་སྐྱ་ཤུ་དག་དང་། །སྤང་སྤོས་སླེ་ཏྲེས་ཉུངས་དཀར་སོགས། །གདོན་འཇོམས་སྨན་ནི་གཞན་དག་དང་། །བོང་བུ་ཁྱི་རྟ་ལུག་བྱི་ལ། །པགས་པ་མཁྲིས་པ་བྲུན་ལ་སོགས། །སྦྱོར་བ་འདིས་བདུག་སྨྱོ་བྱེད་དང་། །རྗེད་བྱེད་བཅས་པའི་གདོན་རྣམས་འཇོམས། །ཕལ་ཆེར་བཀྲུ་སྨན་སྐྱུག་སྨན་དག །གཏང་བས་གདོན་ཡང་ཞི་བ་སྟེ། །ལུས་ནི་དག་པར་བྱས་གྱུར་ན། །ཡིད་ནི་དྲན་པ་རྙེད་པར་འགྱུར། །གདོན་གསོ་བའི་ཡན་ལག་སྟེ་ལེའུ་གསུམ་པའོ།།

ལེའུ་བཅུ་གསུམ་པ། མིག་ནད་རབ་རིབ་སྔོན་པོར་འགྱུར། །སྔོན་པོ་མ་བཅོས་ལོང་བར་འགྱུར། །དེ་བས་མིག་ནད་ལ་རབ་རིབ། །མི་བཟད་མྱུར་དུ་གསོ་བར་བྱ། །རླུང་འཁྲུགས་པས་ན་ཆུ་རྒྱུ་བའི། །རྩར་སོང་ནས་ནི་མཆི་མ་འཛག །ལིང་ཏོག་སོགས་པ་ཕལ་ཆེར་ནི། །འབྲས་གསུམ་སྦྲང་རྩི་མར་བཅས་ཕན།།

ལེའུ་བཅུ་དྲུག་པ། ལྕགས་ཀྱི་སྣོད་དུ་ཟངས་མ་བ་གཅིན་བརྡར། །མིག་བསྐུས་གཟེར་ནི་འཇོམས་པར་བྱེད་པ་ཡིན། །ཟངས་མའི་སྣོད་དུ་ནུ་ཞོ་དུང་བརྡར་བ། །བསྐུས་ན་སྐྲངས་དང་མཆི་མ་འཛག་པ་འཇོམས། །ལྡོང་རོས་སྐྱེར་པའི་ཁཎྜ་ཟངས་མ་ཡི། །ཕྱེ་མས་རྫི་མ་སྐྱེད་ཅིང་ཚག་པ་སེལ། །རྐང་པ་གཉིས་ཀྱི་བར་ན་རྩ་སྦོམ་པོ། །གཉིས་ནས་དེ་ཡིས་མིག་ནི་ཀུན་ཏུ་ཁྱབ། །དེ་བསྐུས་བྱུག་དང་དྲིལ་བ་ལ་སོགས་པ། །རྐང་པར་བྱས་ན་མིག་དུ་འགྲོ་བར་འགྱུར། །ཉི་མ་གཟས་ཟིན་མེ་འོད་གློག་ལ་སོགས། །བལྟས་པས་མིག་ཉམས་བསིལ་སྨན་སོགས་ཀྱིས་བཅོས། །མིག་བསྲུང་བ་ལ་ལྟག་ཏུ་མ་འབད་ན། །མི་ལ་ནོར་ཡོད་གྱུར་ཀྱང་དོན་མེད་ཡིན། །རྐང་པའི་རིམ་གྲོ་བྱ་སྒོང་ཞུན་མར་བསྟེན། །མི་འཕྲོད་སྤང་ཞིང་རབ་ཕྲ་འཚེར་མི་བལྟ།།

ལེའུ་བཅོ་བརྒྱད་པ། རླུང་ལས་གྱུར་པའི་རྣ་ནད་ལ། །ཤ་ཁུ་མར་ནི་མཚན་མོ་བླུད། །སྒྲ་བཅས་འོན་པ་དག་ལ་ནི། །རླུང་གི་གཟེར་འཇོམས་སྨན་གཏང་བྱ།།

ལེའུ་ཉེར་གཉིས། སྣ་ནད་ཀུན་ལས་དང་པོར་ནི། །སྣུམ་འཆོས་སྣ་བཤལ་དུད་པ་རྔུབ། །བཙོད་དང་སེང་ཕྲོམ་ཤུག་པའི་ཆུས། །བཀྲུས་ན་ཁ་ཡི་དྲི་ང་སེལ། །ཤིང་ཀུན་ནག་མཚུར་བྱི་ཏང་ཀ །རུ་རྟའི་ཕྱེ་མས་སོ་ཟུག་འཇོམས།།

ལེའུ་ཉེར་གསུམ་པ། དུ་བ་ཉིན་མཚན་གཉིད་ཡར་བ། །ཆང་འཐུང་སྨྲ་མང་མགོ་ནད་སྐྱེད། །མགོ་ནི་རྩ་བ་ཡན་ལག་ནི། །ཡལ་གར་དྲང་སྲོང་རྣམས་ཀྱིས་བཤད། །དེ་ཕྱིར་རྩ་བ་ལ་གནོད་པའི། །ནད་ནི་མྱུར་དུ་གསོ་བར་བྱ། །ལུས་ཀྱི་སྟོད་གསོ་བའི་ཡན་ལག་སྟེ་ཉི་ཤུ་བཞི་པའོ།།

ལེའུ་ཉི་ཤུ་རྩ་ལྔ་པ། རྨ་ནི་ལྷན་ཅིག་སྐྱེས་གློ་བུར། །རེད་དང་མ་རེད་དབྱེ་བས་གཉིས། །ནད་གཞིས་བསྐྱེད་དང་ལྷན་ཅིག་སྐྱེས། །ཕྱི་ཡི་རྒྱུས་བྱུང་གློ་བུར་པའི། །ནད་དང་འདྲེས་པ་རེད་པ་ཡིན། །དེ་མེད་དག་པ་མ་རེད་པའོ། །རྨ་རེད་ཁ་རྒྱས་སྲ་བའམ་སྙི། །མདོག་འགྱུར་དྲི་མནམ་ཚའམ་གྲང་། །སྐྱོན་མེད་རྨ་ལ་རྨ་འབྱོར་པའི། །སྨན་དང་ཤ་སྐྱེད་གང་ཡིན་བྱ། །ཇི་སྐད་བཤད་བཞིན་མ་གྲུབ་ན། །དེ་ཡིན་མེ་ཡིས་བསྲེགས་ལ་བཅོས། །འཕྲལ་གྱི་རྨ་ནི་རྒྱ་ཆེ་ལ། །སྦྲང་དང་མར་བསྐུ་བསིལ་བཅོས་བྱ།།

ལེའུ་སུམ་ཅུ་པ། རྨེན་བུ་མ་སྨིན་པ་ལ་ནི། །རང་རང་སྐྲངས་པའི་ནད་ལྟར་གསོ། །ཆག་གྲུགས་དབྱེ་བས་དུ་མར་འགྱུར། །དེ་དག་ཀུན་གྱི་གསོ་བ་ནི། །ཇི་ལྟར་འཚམས་པ་དེ་བཞིན་དུ། །བཅིང་བ་དག་ཀྱང་ལེགས་པར་བྱ། །ཆ་བྱད་ཀྱིས་གསོ་བའི་ཡན་ལག་སྟེ་ལྔ་པའོ།།

ལེའུ་སོ་ལྔ་པ། སྔོན་ནི་ལྷ་དང་ལྷ་མ་ཡིན། །བདུད་རྩི་འདོད་པས་བསྲུབས་པ་ན། །བདུད་རྩིའི་སྔོན་དུ་སྐྱེས་བུ་ནི། །འཇིགས་གཟུགས་མཆེ་བ་ཅན་བྱུང་སྟེ། །དེ་མཐོང་འགྲོ་བ་སྡུག་བསྔལ་གྱུར། །དེས་ན་འདི་ནི་དུག་ཅེས་བྱ།།

ལེའུ་སོ་དྲུག་པ། འབྲས་གསུམ་ཤིང་མངར་ནཱ་ག་པུཥ། །ཟངས་རྩི་པུ་ཤེལ་ཨུཏྤ་ལ། །ཤུག་པ་སྦྲང་རྩི་དང་སྦྱར་བ། །སྐྲང་དང་འབྲུམ་པ་སྦྲུལ་དུག་སེལ།།

ལེའུ་སོ་བརྒྱད་པ། སྲིན་བུ་སྡིག་པ་མི་ཟད་དུག །འབུས་ཟིན་སྦྲུལ་གྱིས་ཟིན་ལྟར་གསོ། །སྦྲང་མ་གདུག་པའི་དུག་ཀུན་ལ། །ཞོ་དང་མར་ནི་བླུད་པར་བྱ། །གཏར་ཀ་གདབ་ཅིང་སྣ་སྨན་དང་། །མིག་སྨན་གྱི་ནི་ཆོ་ག་བྱ། །ཁྱིམ་གྱི་དུད་པ་སྐྱེར་པ་དང་། །རྒྱམ་ཚ་དང་ནི་བཙོད་དག་གི། །ལྡེ་གུས་ལྟེ་བ་འབུར་འཇོམས་དང་། །བྱི་བའི་དུག་ཀུན་སེལ་བར་བྱེད། །མཆེ་བ་ཅན་གྱི་དུག་གསོ་བའི་ཡན་ལག་སྟེ་དྲུག་པའོ།།

ལེའུ་སོ་དགུ་པ། ཚེ་རིང་དྲན་དང་ཡིད་གཞུངས་དང་། །ནད་མེད་གཞོན་དང་ལང་ཚོ་དང་། །གཟུགས་བཟང་མདོག་དང་སྐད་གསལ་དང་། །ལུས་དང་དབང་པོའི་སྟོབས་སྐྱེད་ཅིང་། །ཚིག་གྲུབ་རོ་ཙ་མདངས་ལྡན་པ། །བཅུད་ཀྱིས་ལེན་གྱིས་འཐོབ་པར་འགྱུར། །སྣུམ་བཅོས་བྱ་ཞིང་གཏར་ཀ་གདབ། །རྣམ་པ་ཀུན་ཏུ་སྦྱང་བྱས་གཏོང་། །མ་སྦྱངས་པ་ཡི་ལུས་ལ་ནི། །བཅུད་ཀྱིས་ལེན་དང་རོ་ཙ་ཡི། །སྦྱོར་བྱས་དྲི་མ་ཅན་གྱི་ནི། །གོས་ཀྱི་ཚོན་ལྟར་དོན་མེད་འགྱུར། །རྩ་བ་ལྔ་དང་ཨར་སྐྱུར་དག །ཆུར་བསྐོལ་བཅུ་ཆ་ལུས་པ་ལ། །ཤིང་ཚ་སུག་སྨེལ་པི་པི་ལིང་། །ག་དུར་སྐྱེར་པ་ཨ་རུ་ར། །ཤང་ཀ་པུཥྤ་ཙནྡན་དང་། །ཤིང་མངར་ཀ་ར་བྱི་ཏང་ཀ །མར་དང་ཏིལ་མར་སྦྲང་རྩིར་སྦྱང་། །ཆ་སྙོམས་བསྟེན་པའི་བཅུད་ལེན་གྱིས། །སྙོམས་དང་སྐྲ་དཀར་གཉེར་མ་སྤོང་། །ཚེ་རིང་ཡིད་གཞུངས་སྟོབས་སྐྱེད་འགྱུར། །གཟེ་མ་འབྲས་བུ་སྐྱེར་པ་རྩ་བར་བཅས། །གྲིབ་སྐམ་བྱས་ནས་བཏགས་ཤིང་སྤངས་པ་ཡི། །ཁུ་བ་འོ་མ་དང་བཅས་བསྟེན་བྱས་ན། །དྲོད་སྐྱེད་མདངས་ལྡན་ལོ་བརྒྱ་ཐུབ་པར་འགྱུར། །སྒྲ་གཅན་བདུད་རྩི་བརྐུས་པ་ན། །སྐེ་བཅད་པ་ལས་འཛག་གྱུར་པའི། །བདུད་རྩི་ས་ལ་ལྷུང་གྱུར་པ། །སྒོག་སྐྱ་ཉིད་དུ་གྱུར་པ་ཡིན། །ལྷ་མིན་ལུས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེས་དེ་མི་ཟ། །མངོན་སུམ་(སྔོན་དུ་)བདུད་རྩི་ལས་བྱུང་བས། །དེ་ནི་བཅུད་ཀྱིས་ལེན་མཆོག་ཡིན། །སོས་ཀའི་ཚ་བས་གདུངས་བྲག་ལས། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང་། །བ་གཅིན་དྲི་བྲོ་གནག་པ་དང་། །གུ་གུལ་འདྲ་ཞིང་གསེག་མ་མེད། །བྲག་ཞུན་དེ་ནི་མཆོག་ཡིན་ཏེ། །ནད་ནི་ཀུན་ལ་ཕན་པ་ཡིན། །འོ་མ་དང་ནི་ལྷན་ཅིག་བཏང་། །བཅུད་ལེན་འབྲས་བུ་འགྲུབ་པར་འགྱུར། །གང་ཞིག་བྲག་ཞུན་གྱིས་ནི་མངོན་སུམ་དུ། །མ་བསལ་ནད་ནི་ས་སྟེང་ཡོད་མ་ཡིན། །བྲག་ཞུན་མར་དང་སྦྲང་རྩི་བྱི་ཏང་ཀ །འབྲས་བུ་གསུམ་དང་ལྕགས་ཕྱེ་དངུལ་ཆུ་བསྟེན། །རྨ་བྱ་ལྟ་བུར་མདངས་ལྡན་ཡིད་འོང་ཞིང་། །ཡར་ངོ་ཟླ་ཕྱེད་རྫོགས་པའི་ཟླ་བ་འདྲ། །བུ་རམ་སྦྲང་རྩི་ཚ་བ་གསུམ། །ཨ་རུ་ར་བསྟེན་ལོ་བརྒྱ་འཚོ། །གཟེ་མ་སླེ་ཏྲེས་སྐྱུ་རུ་ར། །སྦྲང་རྩི་མར་བཅས་དེ་བཞིན་ནོ། །བདེན་པར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་བསྡམས་ཤིང་བདག་ཉིད་ཐུལ། །ཞི་ཞིང་དམ་པའི་སྤྱོད་ལ་དགའ། །རྟག་ཏུ་བཅུད་ལེན་ཡིན་ཞེས་བྱ། །རྒས་སྲ་བར་བྱ་བའི་ཡན་ལག་སྟེ་བདུན་པའོ།།

ལེའུ་བཞི་བཅུ་པ། གཅིག་པུ་སྐྱོན་ནི་མེད་པ་ཡི། །ཚངས་པར་སྤྱོད་ལ་བདག་ཡི་རང་། །ལུས་ནི་ཟད་པ་བསྲུང་བའི་ཕྱིར། །རོ་ཙའི་ཆོ་ག་བརྗོད་པ་ཡིན། །དེ་ནས་སྣུམ་གྱུར་སྦྱང་བྱ་ཞིང་། །ནི་རུ་ཧ་དང་འཇམ་རྩི་དང་། །པི་པི་ལིང་དང་སྐྱུ་རུ་རའི། །ཁུ་བ་སྦྲང་རྩི་མར་བཅས་པ། །ཟོས་རྗེས་འོ་མ་འཐུངས་པ་གང་། །མི་དེ་བརྒྱད་ཅུ་ལོན་ན་ཡང་། །ལང་ཚོར་གནས་ཕྱིར་འདོད་སྤྱོད་འགྱུར། །ཤིང་མངར་མར་དང་སྦྲང་རྩི་དང་། །བ་ཡི་འོ་མའང་དེ་བཞིན་ནོ། །ར་ཐུག་རླིག་པ་འོ་མར་བཙོས། །ཏིལ་མར་དང་ནི་བསྲེས་པ་ཡི། །ཀ་ར་བཅས་ཟོས་གང་ཡིན་པ། །བུད་མེད་བརྒྱ་ལའང་སྤྱོད་པར་ནུས། །ཞོ་སྤྲིས་ཀ་ར་བཅས་ཟོས་པ། །རྒན་པོའང་གཞོན་ནུ་བཞིན་དུ་སྤྱོད། །མངར་སྣུམ་ཉམས་དགའ་བརྟས་བྱེད་པ། །འོ་མ་བཞོས་མ་ཐག་འཐུང་ན། །ལུག་བོང་ལྟ་བུར་སྤྱོད་པར་ནུས། །དེ་དག་ཐམས་ཅད་རོ་ཙར་བཤད། །གླ་སྒང་པརྤ་ཏ་ནི་རིམས་ལ་ཕན། །སྐོམ་དད་ཆེ་ལ་གྱོ་མོ་ཆུར་གདུས་པའི། །ཐང་ཕན་ཆུ་སོའི་ནད་ལ་བྲང་ཞུན་ནོ། །སློན་ལ་འབྲས་ཡོས་གཅིན་སྙི་སྐྱུ་རུ་ར། །རླུང་དང་བད་ཀན་ལ་ནི་ཨ་རུ་ར། །མཆེར་པའི་ནད་ལ་པི་ལིང་མཆོག་ཡིན་ཏེ། །གློ་བརྡོལ་བ་ལ་རྒྱ་སྐྱེགས་ཁུ་བ་བསྔགས། །ཁྲག་མཁྲིས་ནད་ལ་བ་ཤ་ཀ་ཡིས་ཕན། །འཁྲུ་བའི་ནད་ལ་དུག་མོ་ཉུང་ཕན་ཞིང་། །ཚོ་ཆེས་པ་ལ་སྐྱེར་ཁཎྜ་ཡང་བསྔགས། །སྲིན་བུའི་ནད་ནི་བྱི་ཏང་ཀ་ཡིས་འཇོམས། །མིག་གི་ནད་ལ་འབྲས་བུ་གསུམ་ཕན་ཏེ། །དྲེག་ལ་སླེ་ཏྲེས་མཛེ་ལ་སེང་ལྡོང་མཆོག །ནད་ཀུན་ལ་ནི་བྲག་ཞུན་བསྔགས་པ་ཡིན། །ཕོ་བའི་ནད་ལ་དར་བ་གསར་པ་བསྔགས། །སྨྱོ་བྱེད་སོགས་ལ་མར་རྙིང་བཏང་བྱ་ཞིང་། །མྱ་ངན་ལ་ནི་ཆང་ནི་བླུད་པས་ཕན། །གཉིད་མེད་འོ་མ་ཆམ་པར་ཞོ་དཀྲུགས་ཕན། །རླུང་གི་ནད་ལ་སྒོག་སྐྱ་རབ་ཏུ་བསྔགས། །ཡན་ལག་རེངས་པའི་ནད་ནི་དུགས་ཀྱིས་སེལ། །མགོ་བོའི་ནད་ཀུན་ལ་ནི་སྣ་སྨན་བསྔགས། །བརྒྱལ་ལ་ཆུ་གྲང་གཅིན་སྙི་གཟེ་མས་སེལ། །རྒས་སྲ་འོ་མ་ཞུན་མར་འབྲས་བུ་གསུམ། །དེ་ལྟར་ནད་རྣམས་ལ་ནི་སྨན་གྱི་མཆོག །ཡུལ་དུས་ཅི་རིགས་བརྟགས་ཏེ་སྦྱར་བར་བྱ། །རྒྱུད་ཕྱི་མའི་གནས་རོ་ཙ་དང་གསོ་སྤྱད་ཀྱི་ཡན་ལག་སྟེ་བརྒྱད་པའོ།།

སྨན་སྤྱད་གཞུང་ལུགས་རྒྱ་མཚོ་བསྲུབས་པ་ལས། །ཡན་ལག་བརྒྱད་བསྡུས་བདུད་རྩིའི་ཚོགས་ཐོབ་གང་། །དེ་ལས་དོན་ཆེན་རྩོལ་བ་ཞན་པ་རྣམས། །དགའ་བར་བྱ་ཕྱིར་རྒྱུད་འདི་ལོགས་ཤིག་བྱས། །འདི་ནི་ཚེ་ཡི་རིག་བྱེད་རྒྱ་མཚོ་ཡི། །སྙིང་པོ་ལས་ནི་སྙིང་པོ་བླངས་ནས་སུ། །རྣམ་པར་སྦྱར་ལས་དགེ་བ་གང་ཐོབ་པ། །དེ་ཡིས་འགྲོ་བས་བདེ་ཆེན་ཉིད་ཐོབ་ཤོག །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་རྫོགས་སོ།། །།

 

འདིར་མཛད་བྱང་མི་གསལ་ཡང་། དཔལ་ས་སྐྱའི་དཔེ་མཛོད་དུ་ས་པཎ་གྱི་བཀའ་འབུམ་བྲིས་མ་དཔེ་རྙིང་པོད་འགའ་བཞུགས་པའི་ནང་ནས་   ༼༼ཌྷ༽༽རྟགས་ཅན་གྱི་སྟོད་ཀྱི་ཆ་ལ་བཞུགས་ཤིང་ལྡེབ་གྲངས་ཉེར་བདུན་བཞུགས། སྤྱིའི་ཨང་གྲངས་སུམ་ཅུ་སོ་གཉིས་ནས་ལྔ་བཅུ་ང་བརྒྱད་བར་ཡིན་པ། འདི་ཉིད་སྣག་ཤོག་དང་ཡིག་གཟུགས་ཚང་མ་དཔེ་ཚན་གཞན་དང་གཅིག་གྱུར་ཡིན་པ་དང་། པོད་དེའི་ནང་ས་པཎ་གྱི་གསུང་མ་གཏོགས་མེད་པ་སོགས་ལ་བརྟགས་ན། ཐོག་མར་བཀའ་འབུམ་བསྒྲིག་དུས་ནས་བཀོད་པར་ཐེ་ཚོམ་མེད་པས་མཛད་པ་པོ་ས་སྐྱ་པཎྜི་ཏ་ཡིན་ངེས་སོ།།  །།



མཐའ་མའི་འདོན་ཐེངས་།: 11.02.2022 ཉིན། 3:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།