སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

འོ་རྫོང་བློ་བཟང་སྦྱིན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


འོ་རྫོང་བློ་བཟང་སྦྱིན་པ།

- བྱམས་པ་འཕྲིན་ལས།
 

            འོ་རྫོང་བློ་བཟང་སྦྱིན་པ་ནི་རབ་བྱུང་བཅོ་ལྔ་པའི་ནང་བྱུང་ཞིང་། རྣམ་ཐར་སོགས་ཞིབ་ཆ་མ་མཐོང་། བསྟན་རྩིས་རེའུ་མིག་ནང་འོ་རྫོང་པཎྜིཏ་ཡིས། 《རྩིས་གཞུང་སྣང་གསལ་འོད་ཐིག》བརྩམས་ཞེས་འདུག་པས་དེ་རང་ཡིན་པར་སེམས།
 

            ཁོ་བོས་མཇལ་བའི་《དཔྱད་མཆོག་གཏར་ཁ་གདབ་པའི་རྩའི་ངོས་འཛིན་སོགས་གསལ་བར་བཀོད་པ་དྲང་སྲོང་བླ་མའི་ཞལ་ལུང་དཔྱད་ཀྱི་གཅེས་ཕྲེང་》ཞེས་བྱ་བ་ནི་འོ་རྫོང་བློ་བཟང་སྦྱིན་པས་བརྩམས་འདུག དཔྱད་ཀྱི་གཅེས་ཕྲེང་འདིའི་ནང་གཏར་རྩ་དོན་བདུན་གྱི་འཇལ་ཚད་དང་ཕན་ཡོན་ཟུང་འབྲེལ་གྱི་རྒྱས་བཤད་གནང་བའི་ཁར། རྒྱུད་ལས་དངོས་སུ་མ་བསྟན་ཀྱང་ཤུགས་ཐོབ་སོགས་ཀྱིས་མཁས་པ་སྔ་མའི་ཕྱག་བཞེས་ཀྱི་འགག་རྩའི་སྦས་རྩ་རེ་བདུན་ཞེས་པའི་གསང་མིག་ངོས་འཛིན་དང་། འཇལ་ཚད། ཕན་ཡོན་བཅས་ཀྱང་རེ་རེ་བཞིན་ངོ་སྤྲོད་མཛད་སྟབས་འཚོ་བྱེད་བློ་གསར་རྣམས་ལ་མེད་དུ་མི་རུང་བའི་སྨན་དཔེ་ཞིག་ཏུ་མཐོང་། ལྷག་པར་མཇུག་བསྡུའི་སྐབས་སུ་སྨན་པའི་བསམ་བློ་དང་། ཀུན་སྤྱོད་བཟང་ངན་གྱི་ཚད་གཞི་ལྟ་བུར་ནན་བཤད་དང་འབྲེལ་ལར་ནི་སྨན་དཔྱད་ཚད་ལྡན་བྱ་བ་ལ་རང་གཞན་མང་པོ་འཚོ་བྱེད་ཀྱི་སྨན་པ་ཡིན་པར་རློམས་པ་རྣམས་ཀྱིས་འདི་ལྟར་གོ་དགོས་ཏེ། 《རིགས་པའི་མེ་ལོང་》ལས། རིགས་བརྒྱུད་མེད་ཅིང་བརྟག་ཐབས་བཅོས་ཚུལ་རྨོངས། །མཐོང་ཐོས་གོམས་ཆ་མེད་ཅིང་བརྩོན་འགྲུས་ཞན། །བླ་མ་སློབ་དཔོན་མི་བསྟེན་དཔེ་མི་འབྱོར། །ཕྱག་འཁྲིད་མེད་པར་རང་ཚོད་རང་བཟོར་སྤྱོད། །རང་ཉིད་རྨོངས་ཀྱང་མཁས་ལ་སྡང་ཞིང་གཤེ། །སྨན་རྫས་ཆ་བྱད་ཀུན་མེད་རང་མཐོང་ཆེ། །ཚུལ་འཆོས་ངོ་ཚ་འཇོ་སྒེག་བག་མ་འདྲ། །དམ་ཚིག་སྙིང་རྗེ་ངོ་ལྐོག་རྐུན་མ་འདྲ། །ཟ་འདོད་སྙེགས་བརྡར་རློམས་སེམས་ཁྭ་ཏ་འདྲ། །ངས་སྐད་སྟོང་སྐད་ཕོ་ཟོབ་སེར་སྣ་ཆེ། །བྱམས་དང་སྙིང་རྗེའི་གཞན་ཕན་འགྲོ་དོན་ཆུང་། །སྨན་པ་དེ་འདྲ་སངས་རྒྱས་གླེང་འདུག་ཀྱང་། །ནག་པོའི་བདུད་སྤྲུལ་སྲོག་གི་གཤེད་མ་སྟེ། །ཁ་ལག་འབྲེལ་ཚད་ངན་སོང་དམྱལ་བར་ལྷུང་། །ཞེས་གསུངས་པ་ལྟར། སྨན་པ་ངན་པའི་ཉེས་སྐྱོན་རྣམས་ངོ་ཤེས་ཕྱིར་རང་གི་སྤྱོད་ཚུལ་ལ་རང་གིས་ཡང་ཡང་བརྟགས་ཏེ་ཉེས་སྐྱོན་སྤང་དགོས།
 

            ཡང་དེ་ཉིད་ལས། བླ་མར་ཡུན་བསྟེན་སློབ་དཔོན་མཁས་པར་གཏུགས། །གཞུང་དོན་ཀུན་ཤེས་ལག་ལེན་མིག་མཐོང་ལྡན། དྲི་བ་ནན་ཆེ་གོ་དོན་ཤེས་རབ་ཆེ། །སྨྲ་ལྕེ་བདེ་ལ་དབང་པོ་ཀུན་ཚང་གསལ། །རྒྱུད་དང་མན་ངག་མཐོང་ཐོས་དཔེ་ཡིས་ཕྱུག འབྲི་ཀློག་ཀུན་ལ་ཐོགས་མེད་ལག་པ་བཟོ། །ཉིན་མཚན་ཀུན་ཏུ་གཡེང་མེད་བརྩོན་འགྲུས་ལྡན། །སྨན་རྫས་ཀུན་འཛོམས་རྒྱལ་པོའི་བང་མཛོད་འདྲ། །ཆ་བྱད་ཀུན་འཚོགས་མགར་བའི་ལག་ཆ་འདྲ། །སྨན་གྱི་གཙང་སྦྲ་བྲམ་ཟེ་གཙང་མ་འདྲ། །བྱམས་དང་སྙིང་རྗེ་བུ་ན་ཕ་མ་འདྲ། །ནད་པར་གང་ཕན་ནད་གཡོག་ཟད་དང་སྨན། །ངར་སྣབས་ཁ་ཆུ་དྲི་མ་བྱི་དོར་ལ། །གཙང་བཙོག་མེད་པ་དུར་ཁྲོད་རྣལ་འབྱོར་འདྲ། །གཏར་བསྲེག་དབྱུག་བཅོས་ཐུར་མས་འབིགས་པ་ལ། །དཔའ་བརྗིད་བརླིང་སྤོབས་གྱད་པ་སྟོབས་ཆེན་འདྲ། །ནི་རུ་ཧ་དང་ཕོ་མོའི་མཚན་མའི་དཔྱད། །བུ་ཕྱུང་འཇམ་རྩི་མས་ནས་ཡར་བཏང་སོགས། །ངོ་ཚ་ཀུན་བྲལ་བྱིས་པ་བསམ་མེད་འདྲ། །ན་ལུགས་སློང་རྐྱེན་ནད་སྟོབས་སྤྱད་ཉམས་ལས། །དྲི་བཤད་མཁས་པས་མདུན་མཁས་གཙོ་བོ་འདྲ། །གང་འཕྲད་སྨན་རྣམས་འཛད་མེད་སྟེར་བ་ལ། །ཕངས་མེད་གཏོང་བས་རྣམ་ཐོས་སྲས་པོ་འདྲ། །ཟས་ནོར་གང་ཕུལ་མགུ་སླ་རྩོད་སྙེགས་མེད། །ནད་ཀྱི་རི་ཐང་མཚམས་སུ་ཁྲ་ལྟར་སྤྱང་། །ནད་སྟེང་ཟོ་ཡིས་ལེན་དུས་ལུག་ལྟར་གླེན། །ནད་གབ་གཉའ་གཅོག་དུས་སུ་ལྦ་ལྟར་སྡར། །གལ་ཆེན་དཔྱད་ལོག་དུས་སུ་སྟག་ལྟར་དཔའ། །འདི་རྣམས་ལྡན་པའི་སྨན་པ་གང་དང་གང་། །སངས་རྒྱས་སྤྲུལ་པ་མངོན་སུམ་བྱོན་པ་ཡིན། །རྩེ་གཅིག་གསོལ་བཏབ་དད་པས་བསྟེན་བྱས་ན། །ཚེ་ལ་བར་དུ་གཅོད་པ་ཀུན་སེལ་ཞིང་། །ཕྱི་མར་ཐུགས་རྗེས་འཛིན་པར་ཐེ་ཚོམ་མེད། །ཅེས་སོགས་གསུངས་པ་ལྟར་གྱི་སྨན་པ་ལ་འཛོམས་དགོས་པའི་ཡོན་ཏན་བླང་བྱ་རྣམས་ལ་ཅི་ནུས་ཀྱི་སྒོ་ནས་བསླབ་པར་བྱ་ཞིང་། དུས་དེང་སང་སྙིགས་མའི་རང་རྟགས་ཀྱིས་སུ་ལས་ཀྱང་མ་བསླབས། གང་ལ་ཡང་མ་སྦྱངས་ཀྱང་བསླབས་སྦྱངས་བྱས་པ་རྣམས་ལས་ཁྱད་པར་འཕགས་པའོ་ཟེར་བ་སོགས་ཀྱི་ཟོག་པོ་སྙིང་ཁམས་ཅན་མི་ཤེས་ཤེས་མདོག་གིས་བཅོས་ཉེས་ལག་དགྲས་འགྲོ་བའི་སྲོག་ལེན་པ་དེ་འདྲའི་ལུགས་སུ་སོང་ན་ཚེ་འདི་ཕྱི་གཉིས་འཕུང་ཞིག་འོང་བའི་ཉེན་ཡོད་ཕྱིར་དེ་འདྲ་མ་ཡིན་པར་སྔོན་བྱུང་མཁས་པའི་རྣམ་ཐར་ལ་རང་འཁོས་དང་བསྟུན་པའི་ཁ་མིག་ཡར་བལྟའི་སློབ་སྦྱོང་རྣམ་དག་ཅིག་བྱས་ཏེ་རིས་མེད་ཀྱི་འགྲོ་བ་རྣམས་སྡུག་བསྔལ་ལས་གྲོལ་འདོད་ཀྱི་སྙིང་རྗེ་དང་། བདེ་བ་དང་ལྡན་འདོད་ཀྱི་བྱམས་སེམས་དང་བཅས་པའི་བསམ་པ་བཟང་པོ་ཞིག་གིས་སྨན་ཐུན་གཅིག་ཡན་ཆད་སྦྱིན་པའི་ཕན་འདོགས་པ་ཞིག་བྱུང་ན། འདིར་སྣང་གི་གྲགས་པ་དང་སྨན་བསོད་ཆེ་ཆུང་ལ་མ་བལྟོས་པར་ནད་པ་དང་། ནད་གཡོག་ལ་སྨན་དང་ཟས་སོགས་སྦྱིན་པ་ནི། གཙུག་ལག་ཁང་བཞེངས་པ་སོགས་རྫས་ལས་བྱུང་བའི་བསོད་ནམས་བདུན་གྱི་ནང་ནས་གཅིག་ཡིན་ཕྱིར། བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསོད་ནམས་རྒྱུན་མི་ཆད་པའི་ཕན་ཡོན་དཔག་ཏུ་མེད་པ་ཡོད་པས་བྱང་ཆུབ་སེམས་དཔའ་ཞི་བ་ལྷས་ཀྱང་། འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་སྨོན་ལམ་དུ་མཛད་པ་ཡིན་ཞིང་། མདོར་ན་བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་པ་ལྟར་བསམ་པའི་ཁྱད་པར་ལ་བལྟོས་ཕྱིར་རང་གི་འདུན་མ་མ་ལོག་པ་ནི་གནད་དམ་པ་ལགས་སོ། །ཞེས་གདམས་ངག་ཚུལ་དུ་གསུངས་པ་རྣམས་རང་ཅག་རྣམས་ཀྱིས་སྙིང་དབུས་སུ་བཅངས་ནས་འགྲོ་བ་ནད་པ་ཇི་སྙེད་ཅིག་ལ་ཕན་འདོགས་རླབས་ཆེ་བ་ཡོང་རྒྱུ་གཞིར་བཅས།
 

            ད་ལམ་འོ་རྫོང་པཎྜིཏའི་རྣམ་ཐར་གྱི་ཚབ་ཏུ་བཀོད་པར་རང་གཞན་རྣམས་ཀྱིས་ལག་ལེན་འཁྱོལ་ཐབས་ཅི་ནས་ཀྱང་ཡོང་པར་ཞུ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 13.11.2017 ཉིན། 10:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།