སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

འཛིན་སྐྱོང་དང་དངུལ་རྩིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ།


འཛིན་སྐྱོང་དང་དངུལ་རྩིས།

བོད་ཀྱི་སྨན་རྩིས་ཁང་ནི་རྒྱ་གར་གཞུང་གི་ཚོགས་སྡེ་དེབ་སྐྱེལ་ཁྲིམས་སྒྲིག་ལེའུ་ ༢༡ ཕྱི་ལོ་ ༡༨༦༠ ལོར་གཏན་འབེབས་བྱས་པའི་འོག་ ྋགོང་ས་ ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་དགེ་རྩའི་ཚོགས་པའི་ངོ་བོར་དེབ་སྐྱེལ་ཞུས་པའི་ཚོགས་སྡེ་ཞིག་ཡིན། དེ་ཡང་ཐོག་མར་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༩༦༡ ཟླ་ ༠༣ ཚེས་ ༢༣ ཉིན་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དགོངས་གཞི་ལྟར་ ྋསྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་དང༌། དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་རྣམ་གཉིས་ནས་སྨན་རྩིས་སློབ་ཕྲུག་བསྡུ་ལེན་དང་སློབ་ཁྲིད། སྨན་སྦྱོར་བཟོ་སྐྲུན། ནད་པར་བརྟག་དཔྱད་སྨན་བཅོས། ལོ་ཐོ་འདོན་སྤེལ་སོགས་ངལ་བ་བརྒྱ་ཕྲག་ལ་ཇི་མི་སྙམ་པའི་སྙིང་སྟོབས་ཀྱིས་སྨན་རྩིས་བསྟན་པའི་མེ་རོ་སླར་གསོ་གནང་། ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་གཉིས་ཟླ་བསྒྲིལ་བྱུང་བ་ནས་བཟུང་ད་བར་བསླབ་པ་མཐར་སོན་པའི་སྨན་རྩིས་པ་མང་ཆེ་བ་སྨན་རྩིས་ཁང་གི་ཁྱབ་ཁོངས་སུ་ལས་འཁུར་བྱེད་བཞིན་ཡོད། བར་སྐབས་ལོ་རབས་བརྒྱད་ཅུ་པའི་ནང་བོད་ནས་བླ་སྨན་བསྟན་འཛིན་ཆོས་གྲགས་གཙོས་སྨན་པ་ཁག་ཅིག་བཙན་བྱོལ་དུ་ཕེབས་ཐུབ་པ་ལ་བརྟེན་ནས་སྤྱིར་དྷ་ས་བོད་ཀྱི་སྨན་རྩིས་ཁང་དང་། བོད་ཀྱི་གསོ་བ་རིག་པའི་མཚན་སྙན་གྲགས་དང་། འགྲོ་དོན་འཕྲིན་ལས་སྔར་ལས་ལྷག་པ་མཆེད་ཐུབ་པའི་ཕན་ཐོགས་ངེས་ཅན་བྱུང་ཡོད། ད་ལྟའི་སྨན་རྩིས་ཁང་གི་སྣོད་བཅུད་རང་བཞིན་དེ་ཡར་ངོའི་ཟླ་བའི་ཚུལ་དང་མཐུན་པ་བྱུང་ཐུབ་པ་འདི་ནི།  མགོན་པོ་གང་ཉིད་ཀྱི་ཚད་མེད་ཐུགས་སྨོན་དང་ཡང་དག་ལམ་སྟོན་འོག་ཤར་བསྐྱོད་ལས་ཐོབ་པ་ཡིན། དེ་ཡང་སྨན་རྩིས་བསྟན་པའི་ཆ་ལག་དང་བཅས་པ་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ། ནད་ཀྱི་མནར་བའི་སྐྱེ་འགྲོ་རྣམས་ལ་ལག་ལེན་དངོས་ཀྱི་ཐོག་ནས་ཚེ་སྲོག་སྐྱོབ་པའི་ཕན་ནུས་སྒྲུབ་ཐུབ་པ། རང་རེའི་ན་གཞོན་དང་ཧི་མ་ལ་ཡའི་རི་རྒྱུད་རྒྱ་བལ་ཡུལ་མི་དང་ཕྱི་རྒྱལ་མི་རིགས་མི་ཉུང་བ་ཞིག་ལ་སྨན་རྩིས་གཉིས་ཀྱི་རྩ་ཆེའི་རིག་གཞུང་སློབ་ཁྲིད་དང་། སྨན་རྩིས་པ་(བདག་གཉེར་དང་སྐྱེད་སྲིང་བྱེད་ཐུབ་པ།) གཙོ་ཆེར་གནས་ཡུལ་རྒྱ་གར་ནང་གཟེངས་སུ་ཐོན་པའི་འཕྲོད་བསྟེན་གྱི་ཞབས་འདེགས་སྒྲུབ་བཞིན་་པ་བཅས་སོ།། བོད་ཀྱི་སྨན་རྩིས་ཁང་ལ་སྤྱི་ཡོངས་སྟངས་འཛིན་བྱེད་མཁན་ནི་འགན་འཛིན་ལྷན་ཚོགས་ཡིན་ལ། དེས་བསྐོ་བཞག་གནང་བའི་ངེས་སྟོན་པ་དང༌། བཀོད་བྱུས་འོག་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཙོ། དྲུང་ཆེ་བཅས་ཀྱི་སྟངས་འཛིན་འོག་འཛིན་སྐྱོང་སྡེ་ཚན་དང༌། རིག་གཞུང་སྡེ་ཚན་བཅས་ཁག་གཉིས་སུ་དབྱེ་ཡོད།

 

        རིག་གཞུང་སྡེ་ཚན་ཁོངས་སུ་སྨན་རྩིས་མཐོ་སློབ་ཁང༌དང་། སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་སྡེ་ཚན། ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། སྤུས་ཚད་དང་རྫས་སྦྱོར་བརྟག་དཔྱད་སྡེ་ཚན། ལུས་སེམས་སྲོག་གི་སྡེ་ཚན། རྒྱ་ཡིག་སྡེ་ཚན་བཅས་ཡོད་ཅིང། འཛིན་སྐྱོང་སྡེ་ཚན་ཁོངས་སུ་དབུས་ཀྱི་འཛིན་སྐྱོང་ཡིག་ཚང་དང༌། ནང་ཞིབ། ས་ཁང་དང་ཆུ་གློག ཀམ་པུ་ཊརཚན་པ། འཆར་འགོད་ཚན་པ། སློབ་ཡོན་འབྲེལ་མཐུད་ཚན་པ། དབུས་ཡན་ལག་སྤྱི་ཁྱབ་སྡེ་ཚན། དངུལ་རྩིས་སྡེ་ཚན། ལྡི་ལི་ཕྱིར་ཚོང་དང་འབྲེལ་མཐུད་ཚན་པ། པཱ་ནི་པཱཏ་སྤོས་བཟོ་ཁང༌། སྨན་མཛོད་དང་སྨན་ཚོང་སྡེ་ཚན། སྤྱི་ཐབ་བཅས་ཡོད།

 

        འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་ཞུས་པའི་ཚོགས་ཆུང་ཁག་ནི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས། དངུལ་རྩིས་དང་འཛིན་སྐྱོང་ཚོགས་ཆུང༌། སྔོན་རྩིས་ཚོགས་ཆུང༌། ལས་བྱེད་འདེམས་བསྐོ་ཚོགས་ཆུང༌། ས་ཁང་ཚོགས་ཆུང༌། ལས་ཤག་དང་བགྲེས་ཤག་བགོ་སྤྲོད་ཚོགས་ཆུང༌། སྤྱི་ཐབ་ཚོགས་ཆུང༌། དཔེ་མཛོད་ཚོགས་ཆུང༌། སྨན་རྩིས་བོད་ཡིག་དུས་དེབ་ཚོགས་ཆུང༌། སྨན་རྩིས་དབྱིན་ཡིག་དུས་དེབ་ཚོགས་ཆུང༌། ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང༌། ལས་བྱེད་བདེ་དོན་ཚོགས་ཆུང༌། བུ་བཅོལ་ཁང་ཕ་མའི་ཚོགས་ཆུང༌། དྷ་ཤོད་ཉིན་སློབ་ཕ་མའི་ཚོགས་ཆུང༌བཅས་ཡོད།

 

        བོད་ཀྱི་སྨན་རྩིས་ཁང་གི་ཚོགས་པའི་དམིགས་ཡུལ་ནི་བོད་ཀྱི་སྨན་དང་རྩིས་ཀྱི་རིག་པ་གཉིས་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་བྱེད་རྒྱུ་དེ་ཡིན་ཞིང་། ད་ལྟའི་སྐྱབས་བཅོལ་གྱི་གནས་སྟངས་འོག་འཚོ་གནས་བྱ་ཐབས་དང་། དམིགས་ཡུལ་སྒྲུབ་ཐབས་སུ་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་ཡང་གཉེར་བཞིན་ཡོད། སྨན་རྩིས་ཁང་ནི་བཙན་བྱོལ་ཁྲོད་མི་འབོར་ཆེ་གྲས་ཀྱི་ཚོགས་སྡེ་ཞིག་ཡིན་པས་འགྲོ་གྲོན་ཆེ་ཤོས་ནི་ལས་བྱེད་ཀྱི་གསོལ་ཕོགས་དང་གལ་གནད་ཆེ་བའི་སྨན་རྩིས་རྒྱ་བསྐྱེད་གོང་སྤེལ་གྱི་ལས་གཞི་ཆེ་ཁག་ཡིན་ཞིང་། དཔལ་འབྱོར་འདུ་འགོད་གཙོ་བོ་ནི་འབྱོར་ལྡན་མི་སྣ་དང་། ཚོགས་པ་སྒྲིག་འཛུགས་གཞན་དང་ཟུང་འབྲེལ་ཐོག་སྤེལ་པའི་ལས་གཞི་དཔེར་ན་ཕྱི་རྒྱལ་དུ་ཡོད་པའི་ཡན་ལག་སྨན་ཁང་ཁག་དང་། རྒྱ་བལ་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་ཡན་ལག་སྨན་ཁང་ཕལ་ཆེ་བ་འབྱོར་ལྡན་མི་སྣ་དང་སྨན་རྩིས་ཁང་དབར་མཉམ་ལས་བྱེད་བཞིན་ཡོད།

 

སྨན་རྩིས་སློབ་ཕྲུག་རྣམས་ཀྱི་སློབ་ཡོན་ལ་མཚོན་ན་སློབ་མ་སོ་སོས་སློབ་ཡོན་གྱི་ཚུལ་དུ་གཏན་འབེབས་ལྟར་ཟླ་རེར་སྒོར་ ༤༥༠༠།༠༠ བསྡུ་བཞིན་ཡོད་ཀྱང་། འགྲོ་གྲོན་དངོས་དེ་ལས་ལྡབ་འགྱུར་གྱི་མང་བ་འགྲོ་བཞིན་ཡོད། འོན་ཀྱང་སྨན་རྩིས་ཁང་གི་དགོས་དོན་དམིགས་ཡུལ་གཞིར་བཟུང་ཉམ་ཐག་ནད་པ་རྣམས་ལ་ཕན་པའི་ཕྱིར་སྨན་དང། རིན་ཆེན་རིལ་བུའི་རིན་གོང་སྤར་ཆ་ཞུ་མ་དགོས་པ་གཙོ་འདོན་ཐོག་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་སྒྲུབ་བྱེད་ཐབས་ནི་ལྡི་ལིའི་ཕྱིར་ཚོང་ཁང་ནས་ཚོང་མཁོས་ཀྱི་འབྲེལ་བ་བྱེད་རྒྱུ་དང་། ཕྱི་རྒྱལ་དུ་སྨན་རྩིས་སྐོར་བསྐྱོད་མཚོན་པའི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་མུས་ཐོག  སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ནས་གསོ་རིག་ཐོན་རྫས་སྣ་ཚོགས་བཟོ་སྐྲུན་བྱེད་བཞིན་ཡོད།  སྤྱིར་སྨན་རྩིས་ཁང་གི་དཔལ་འབྱོར་ལ་ཕན་པའི་རོགས་དངུལ་ཕོན་ཆེ་ཡོངས་ཁུངས་གང་ཡང་མེད་ནའང་། དགའ་ལྡན་ཕོ་བྲང་ནས་དམིགས་བསལ་གཟིགས་རྟོགས་དང་ལམ་སྟོན་ཆུ་བོའི་རྒྱུན་བཞིན་གནང་མུས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་ལས་གཞི་ཁག་ཅིག་ལ་རོགས་དངུལ་ཕྲན་བུ་རེ་གནང་བཞིན་ཡོད།

 

ད་ལྟའི་འཆར་སྨན་རྩིས་ཁང་གི་འདས་པའི་ལོ་བཅུའི་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་ན་ཆ་སྙོམས་ལོ་རེར་སྨན་དང་ཐོན་དངོས་བཟོ་བསྐྲུན་ཚོང་འགྲེམས་བྱས་པའི་ཡོང་འབབ་ཧིན་སྒོར་ས་ཡ་ ༨༩༧༩.༩ ཡས་མས་དང་། འགྲོ་གྲོན་ཧིན་སྒོར་ས་ཡ་ ༨༦༩༣.༤ ཡས་མས་ཡིན། འགྲོ་གྲོན་ཁོངས་སུ་ལོ་ལྟར་སྨན་སྦྱིན་སྒོར་འབུམ་ ༢༥༡ ཡས་མས་འགྲོ་བཞིན་ཡོད། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཡོངས་སུ་ལོ་རེར་ནད་པ་གྲངས་འབུམ་ ༦.༦ བརྒལ་བ་བསྟེན་གཏུགས་བྱེད་བཞིན་ཡོད།

 

སྦེང་ལོར་སྨན་རྩིས་ཁང་གི་ལས་གཞི་ཆེན་མོ།

        རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀཱར་ནཱ་ཏཱ་ཀཱའི་གྲོང་ཁྱེར་སྦེང་ལོར་དུ་སྨན་རྩིས་ཁང་གསར་རྒྱག་གི་ལས་གཞི་ཆེན་མོའི་གནས་བབས་མདོར་བསྡུས་གསལ་སྟོན་བྱ་རྒྱུར། གསར་རྒྱག་བྱེད་བཞིན་པའི་ལས་གཞི་འདིའི་ཁོངས་སུ་གཙོ་ཆེའི་སྡེ་ཚན་བཞི་ཡོད་ལ་དེ་ཡང་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་དང་། འཛིན་སྐྱོང་སྡེ་ཚན། སྨན་སྦྱོར་བཟོ་གྲྭ། ལས་ཤག་བཅས་ཡིན་ཞིང་། སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་ལ་ས་ཆའི་རྒྱ་ཁྱོན་ཨེ་ཀཱར་གསུམ་དང་། འཛིན་སྐྱོང་སྡེ་ཚན་ལ་ཨེ་ཀཱར་གཉིས། སྨན་སྦྱོར་ཁང་ལ་ཨེ་ཀཱར་གསུམ། སྨན་རྩིས་ལས་སྣེ་བའི་ལས་ཤག་ཆེད་ཨེ་ཀཱར་གཉིས་བཅས་ཁྱོན་བསྡོམས་ཨེ་ཀཱར་བཅུ་ཡོད།

 

ལས་གཞི་ཆེན་མོ་འདིའི་སྔོན་རྩིས་འགྲོ་གྲོན་ཁྱོན་བསྡོམས་ཧིན་སྒོར་ 975,681,852.00 ཙམ་ཡིན་ལ་དེའི་ནང་ནས་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་གསར་རྒྱག་ཆེད་འཁོ་བའི་འགྲོ་གྲོན་ནི་ཧིན་སྒོར་ 423,377,554.00 དང་། འཛིན་སྐྱོང་སྡེ་ཚན་ཆེད་ཧིན་སྒོར་ 297,636,534.00 དང་། སྨན་སྦྱོར་བཟོ་གྲྭའི་འགྲོ་གྲོན་འཆར་རྩིས་ཧིན་སྒོར་ 297,636,534.00 ཙམ། སྨན་རྩིས་ལས་སྣེ་བའི་ལས་ཤག་གི་འགྲོ་གྲོན་ཧིན་སྒོར་ 137,602,870.00 བཅས་སྔོན་རྩིས་འཆར་འགོད་གནང་ཡོད།

 

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་ལས་རིམ།

བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ཕྱི་ལོ་ ༢༠༡༦ ལོ་ནི་ ྋརྒྱལ་མཆོག་ལྔ་པ་ཆེན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཕྱག་བཏབ་ནས་མི་ལོ་ ༣༢༠ འཁོར་བ་དང་།  ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་དེ་ཡང་འཕགས་ཡུལ་དྷ་ས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ནས་བཟུང་ལྷ་ལྡན་སྨན་རྩིས་ཁང་གི་བརྒྱ་སྟོན་སྲུང་གཙིའི་ལས་རིམ་དངོས་སུ་དབུ་འཛུགས་བྱེད་རྒྱུ།

 

ཉིན་དང་པོ། རེས་གཟའ་ལྷག་པ་ཉིན་ཐོག་མའི་མཛད་སྒོ་རྒྱས་པ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་རྒྱུ་དང་། སྐུ་མགྲོན་དང་མི་མང་ཡོངས་ལ་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ།

 

ཉིན་གཉིས་པ། རེས་གཟའ་ཕུར་བུ་ཉིན་བོད་ཀྱི་གསོ་བ་རིག་པའི་བདེན་གཏམ་གསལ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་འཚོགས་རྒྱུ།

ཚོགས་ཐེངས་དང་པོ། བོད་སྨན་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་ལ་ཚན་རིག་པས་ཉམས་ཞིབ་བྱས་པའི་གྲུབ་དོན་གླེང་བ། ཨི་ཛཱ་རལ་རང་བྱུང་སྨན་གྱི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ Dr Sarah Sallon

ཚོགས་ཐེངས་གཉིས་པ། བོད་ལུགས་གསོ་བ་རིག་པའི་ལམ་ནས་སྨན་སྦྱོར་བགྱིས་པའི་སྨན་རྣམས་ཡོ་རོབ་སྨན་གྱི་ཁྲིམས་སྒྲིག་དང་མཐུན་པའི་ངང་དར་སྤེལ་ཡོང་ཐབས། སུད་ཛི་ལན་ཊི་པདྨ་བོད་སྨན་བཟོ་གྲྭའི་ཚོད་འཛིན་དང་སྨན་གྱི་ཚན་རིག་སྡེ་འགན། Dr Cecile vennos

ཚོགས་ཐེངས་གསུམ་པ། བོད་སྨན་གྱིས་ཀླད་པའི་འབྲས་སྐྲན་སྨན་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པའི་སྐོར་ཚན་རིག་གི་ཉམས་ཞིབ་བྱས་པའི་སྙན་ཐོ། ཨིལ་ནིས་གཙུག་ལས་སློབ་གྲྭའི་ཉམས་ཞིབ་པ་ Dr Dziugas Meskelevicius

ཚོགས་ཐེངས་བཞི་པ། ནད་ཀྱི་གཉེན་པོ་ཟས་ཀྱིས་སྙིང་ཁམས་འཕར་རྩའི་ནད་པའི་ལུས་པོའི་ལྗིད་ཚད་ཇི་ཙམ་གཅོག་ཐུབ་མིན་བོད་ལུགས་གསོ་རིག་དང་ནུབ་ཕྱོགས་གསོ་རིག་གཉིས་དཔྱད་བསྡུར་བགྱིས་པའི་གྲུབ་དོན་གླེང་བ། ཁྱུ་གསར་བོད་ལུགས་གསོ་རིག་སྨན་གྱི་སྨན་པ་རྣམ་རྒྱལ་ཁྱུ་གསར།

ཚོགས་ཐེངས་ལྔ་པ། གནད་དོན་གཉིས་ཕན་ཚུན་འབྲེལ་བ་གྲུབ་ཚུལ་འདི་བོད་ལུགས་གསོ་རིག་གི་སློབ་འཁྲིད་ཀྱི་རྣམ་བཞག་དང་ལམ་ལུགས་ལས་ཤེས་ཐུབ་པའི་རེ་འདུན། ཧྥ་རན་སི་རྒྱལ་ཁབ་ནས་ཡིན་པའི་ཉམས་ཞིབ་པ། Dr Marie T. Nicholas

 

ཉིན་གསུམ་པ། རེས་གཟའ་པ་སངས་ཉིན་སྨན་རྩིས་ཁང་གི་སྨན་རྩིས་པ་དང་སྨན་རྩིས་ལས་ཟུར་པ། ད་ཡོད་སྨན་རྩིས་ཁང་གི་ལས་བྱེད་རྣམས་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། སྨན་རྩིས་ཁང་ཡར་རྒྱས་ཡར་ངོའི་ཟླ་ལྟར་ཡོང་བའི་ཐབས་བྱུས་སོགས་ལ་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་སོགས་སྤྲོ་སྣང་ལྡན་པའི་ལས་རིམ་སྣ་ཚོགས།

 

དེ་ནས་རིམ་བཞིན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་ཡུལ་གྲུའི་ནང་བོད་ཀྱི་གསོ་བ་རིག་པའི་འགྲེམས་སྟོན་རྒྱས་འབྲིང་བསྡུས་གསུམ་དང་། ནད་པར་སྨན་བཅོས། སྨན་རྩིས་རིག་པའི་སྐོར་གཏམ་བཤད་སོགས་བརྒྱ་སྟོན་སྲུང་གཙིའི་ལས་རིམ་ཞིབ་རྒྱས་སྐབས་དུས་སོ་སོར་སྨན་རྩིས་གསར་འཕྲིན་དང་། སྨན་རྩིས་ཟླ་གསར། དེ་མིན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་རིམ་པས་སྤེལ་རྒྱུ་བཅས།། །།


 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།