སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

འཚོ་བྱེད་རྡོ་རྗེ་རྒྱལ་མཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


འཚོ་བྱེད་རྡོ་རྗེ་རྒྱལ་མཚན།

- བྱམས་པ་འཕྲིན་ལས།
 

འཚོ་བྱེད་རྡོ་རྗེ་རྒྱལ་མཚན་ནི། འཁྲུངས་ཡུལ་སྙེ་མོ་ཁུལ་ནས་ཡིན་ཞིང་། ཡབ་ཀྱི་རུས་རྒྱུད་ཐད་གོར་བོད་དུས་ཟིང་སྐབས་བོད་དུ་ལུས་པའི་སིང་པའི་རྒྱུད་འཛར་ཞིག་ཡིན་ལ། ཡུམ་ནི་སྙེ་མོ་བ་ཡིན་པ་ལས་མཚན་ཇི་ཡིན་མི་ཤེས། རྡོ་རྗེ་རྒྱལ་མཚན་མཆོག་ཐོག་མ་ཉིད་ནས་དབང་པོ་དུལ་བ་དང་། ཐོས་བསམ་ལ་གོམས་པ་ལྷུར་ལེན་པའི་བློ་དྲི་མ་མེད་པས་ཡི་གེ་འབྲི་ཀློག་གིས་མཚོན་གཙུག་ལག་མང་པོར་འབད་པ་དོན་དུ་གཉེར་ཞིང་། ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མའི་གསུང་གི་བདུད་རྩིའི་ཆུ་རྒྱུན་ངོམས་མེད་དུ་བཞེས་པས་གང་གི་མཁྱེན་དཔྱོད་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པས་དྲན་དབང་མང་པོའི་བསྔགས་བརྗོད་མཛད་པའི་ཡུལ་དུ་གྱུར།
 

ཁྱད་པར་མཁས་བཙུན་བཟང་གསུམ་དང་ལྡན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དྷརྨ་སེང་གེ་འམ་གཞན་ཕན་འོད་ཟེར་གྱི་ཞབས་ལ་ཡུན་རིང་བཏུགས་ནས་མདོ་སྔགས་གཉིས་ཀྱིས་མཚོན་སྨན་རྩིས་རིག་པའི་གནས་ལ་འདུན་པ་དྲག་པོས་ཕྱོགས་ཀྱི་ཁོ་ར་ཁོར་ཡུག་མ་ལུས་པ་ཡོངས་སུ་གང་བའི་སྙན་གྲགས་བྱུང་། དེའི་དབང་གིས་སྐྱབས་རྗེ་དྷརྨ་སེང་གེ་སྐུ་ངོ་མའི་ཞལ་སྔ་ནས་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་མཆོག་སྨན་རྩིས་གཉིས་ཀྱི་སྒོ་ནས་འགྲོ་དོན་མཐར་ཕྱིན་པའི་ཐུགས་སྲས་གཙོ་བོ་ཡིན་པར་ཞལ་གྱིས་བཞེས་ཏེ་དངོས་དང་བརྒྱུད་པའི་སློབ་དཔོན་རིམ་བྱོན་གྱི་ཕྱག་བཞེས་མན་ངག་མཐའ་དག་ཐུགས་ནས་ཐུགས་དང་། སྙན་ནས་སྙན་དུ་བརྒྱུད་དེ་བསྩལ་བའི་ཁར། དྷརྨ་སེང་གེ་རང་གི་སློབ་དཔོན་གསོ་རིག་གི་མངའ་བདག་ཕུན་ཚོགས་ཡོན་ཏན་བརྒྱུད་པར་བཅས་པ་དྷརྨ་སེང་གེ་སྐུ་ངོ་མས་སྐུ་ཚེ་གཅིག་ལ་བེད་སྤྱོད་གནང་མྱོང་བའི་སྨན་ཁུག་གོས་ཆེན་་ཁ་ཏིའི་སྐེ་དཀྲིས་ཅན་དང་། སྨན་རྐྱལ་ངོ་གྲངས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་དང་། སྨན་གྱི་སྦྱོར་ཚད་འཆི་མེད་ནོར་ཕྲེང་སོགས་ངོ་མཚར་ཁྱད་དུ་འཕགས་པའི་སྨན་དཔེ་ཕྱག་དྲེག་མ་རྣམས་གསོལ་རས་བསྩལ་ཏེ། ཐུགས་སྨོན་བཟང་པོའི་མཚམས་སྦྱོར་བླ་ན་མེད་པ་གནང་།
 

གོང་གསལ་སྨན་ཁུག་རྩ་ཆེན་དེ་དང་། སྦྱོར་ཚད་ཀྱི་ཕྱག་དཔེ་སོགས་ང་ཚོའི་ཁྱིམ་གྱི་ནང་རྟེན་ངོ་མར་བརྩིས་ནས་ཕ་མ་གཉིས་ཀྱིས་བདག་གཅེས་གནང་བ་དང་། དེ་རྗེས་ཟིང་འཁྲུག་ལྷོད་འཇགས་མཇུག་ཏུ་སློབ་དཔོན་བཀའ་དྲིན་གྱི་བདག་ཉིད་ཡོན་ཀྲང་མཁྱེན་རབ་ནོར་བུས་གོང་གསལ་སྨན་ཁུག་དང་། སྦྱོར་ཚད་ཕྱག་དཔེ་སོགས་སྨན་རྩིས་ཁང་དུ་འབུལ་ལམ་ཞུས་ན་འཕྲལ་ཕུགས་གཉིས་དགེ་ཡོང་བའི་བཀའ་སློབ་ནན་ཆེན་གནང་སྟབས་གུས་ནས་བཀའ་ངོ་མ་བཟློག་པར་ཕུལ་བ་དེ་དག་རིག་གནས་གསར་བརྗེ་ཟེར་བ་དེ་མ་བྱས་བར་སྨན་གཉེར་ཁོངས་ཀྱི་རྩིས་སྤྲོད་དུ་ཡོད་ཀྱང་ད་ལྟ་འདི་ཡིན་མི་འདུག དེ་ལྟར་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་མཆོག་གིས་སྐུ་ཚེ་ཧྲིལ་པོར་སྨན་རྩིས་གཙོ་གྱུར་གྱིས་འགྲོ་ཕན་གཉེར་བ་དང་། ཉམས་ཐག་ནད་པ་དུ་མར་སྨན་བཅོས་མང་དག་གནང་སྟེ་ཚེ་སྲོག་བསྐྱབས་པའི་སྙན་གྲགས་ནི་མང་ཚོགས་ཁྲོད་དུ་ཁྱབ་ཆེ་བའི་ཁར་སྐབས་དེའི་བླ་དཔོན་མི་དྲག་ཚོས་ཀྱང་གུས་བཀུར་ཚད་མེད་ཀྱིས་སྨན་བཅོས་ལ་གདན་ཞུ་བྱེད་ཀྱི་ཡོད་འདུག ཐེངས་གཅིག་འབྲུག་པ་རྒྱལ་པོ་བསྙུན་གཞི་ལྕི་པོས་ཟིན་སྐབས་འབྲུག་ཡུལ་ནས་བོད་ལྗོངས་སུ་ཆེད་མངགས་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་གདན་ཞུར་འབྱོར་པ་ལྟར་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་དང་། གུས་ཀྱི་ཕ་དཀོན་མཆོག་འོད་ཟེར་ཞབས་འབྲིང་དུ་འཁྲིད་དེ་འབྲུག་ཡུལ་དུ་ཕེབས་ནས་འབྲུག་པ་རྒྱལ་པོར་སྨན་བཅོས་གནང་བས་མཐའ་མཇུག་སེང་དྲག་བྱུང་སྟེ་བཏང་རག་གི་འབུལ་རྟེན་དུ་ཌམ་དཀར་སྟོང་ཕྲག་ཁ་ཤས་དང་། འབུ་རས་སྣ་ཚོགས། འབྲུག་གྲི། ཕོར་པ་རྫབ་ཡ་སོགས་ཡུལ་ཐོན་དངོས་ཟོག་གྱ་ནོམ་པ་ཐེངས་མང་ཕུལ་ཏེ་ལྷ་སར་རྒྱལ་ཁའི་ངང་ཕྱིར་ལོག་ཕེབས། དེ་རྗེས་རྡོ་རྗེ་རྒྱལ་མཚན་མཆོག་ཙ་རི་རོང་བསྐོར་དུ་ཕེབས་སྐབས་གློ་པ་ཞིག་སྲིན་ཕོ་གླང་ན་ནས་ཤི་ལ་ཁད་དུ་ཡོད་པ་ཞིག་མཇལ་ནས། རྩ་གཟིགས་དང་འབྲལ་དྷརྨ་སེང་གེའི་ཕྱག་བཞེས་ཐུན་མོང་མ་ཡིན་པ་མན་ངག་ཆིག་ཐུབ་རིལ་བུ་ཞེས་པ་བསྩལ་ནས་དུས་ཚོད་ཧ་ཅང་ཐུང་ངུའི་ནང་གློ་པ་དེའི་སྲིན་ཕོ་གླང་ན་ཚ་སེང་དྲག་བྱུང་སྐབས། གློ་པ་དེས་ལྐུགས་བརྡ་བྱས་ཏེ་ཏོག་ཙམ་བཞུགས་རོགས་ཟེར་བའི་ལག་བརྡ་བྱས་འཕྲལ་ཁྱིམ་དུ་སོང་ནས་སྨན་ཡོན་མཚོན་བྱེད་དུག་སྦྲུལ་གྱི་ཀླད་པའི་དཀྱིལ་ནས་བླངས་པའི་མུ་ཏིག་རྒྱ་སྲན་ཙམ་ཡོད་པ་མིང་གཞན་དུག་སྦྲུལ་ཀླད་ཏིག་ཅེས་པ་ཕུལ་བ་དང་། དེ་སྔོན་རང་གི་ཕ་མས་མུ་ཏིག་དེའི་འབྱུང་ཁུངས་སྐོར་ཁོ་བོར་གསུང་མྱོང་ཡོད་ལ། མུ་ཏིག་ངོ་མ་དེ་ཡང་རང་ཉིད་ནས་དངོས་སུ་མཐོང་མྱོང་ཡོད།
 

དེ་མིན་འཆོ་བྱེད་རྡོ་རྗེ་རྒྱལ་མཚན་ནས་སྨན་རྩིས་བསྟན་པའི་སྲི་ཞུར་དམིགས་པའི་མཛད་རྗེས་གཟེངས་སུ་ཐོན་པ་ནི། དེ་མོ་རྒྱལ་ཐིག་སྐབས་བོད་ཀྱི་གསོ་རིག་རྒྱུད་བཞི་དང་། འགྲེལ་པ་བེེ་སྔོན་གཉིས་ཤིང་པར་གསར་བཞེངས་གནང་སྐབས་སྐྱབས་རྗེ་དྷརྨ་སེང་གེ་དང་ལྷན་དུ་ཞུས་དག་གི་ཐུགས་འགན་བཞེས་པ་དང་། དེ་བཞིན་དངོས་སློབ་སྨན་རྩིས་མཁན་པོ་མཁྱེན་རབ་ནོར་བུ་ནས་རབ་ཚེས་ས་རྟ་ལོར་རིགས་ལྡན་སྙིང་ཐིག་དེ་རབ་རྒྱལ་མེ་ཡོས་ལ་རྩིས་འགོ་སྤོས་ནས་ཤིང་པར་གསར་བཞེངས་སྐབས་སུ་རྡོ་རྗེ་རྒྱལ་མཚན་ངོ་མས་ཞིབ་འཇུག་དང་འབྲེལ་མཇུག་བྱང་བཀའ་རྩོམ་བྱིན་རླབས་ཅན་དེ་བསྩལ། གཞན་ཡང་བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་དང་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་འབུམ་པར་དུ་བརྐོ་བའི་སྦྱིན་བདག་དང་། ཞུས་དག་མཛད་པ་སོགས་རྣམ་དཀར་མཛད་འཕྲིན་བཟང་པོས་དུས་འདའ་ཞིང་བཞུགས། དྷརྨ་སེང་གེ་དགོངས་པ་གཞན་དོན་དུ་ཕེབས་རྗེས་རྩ་བའི་བླ་མའི་དགོངས་རྗོགས་ཀྱི་ཆེད་དུ་ལྕགས་རི་རིག་བྱེད་ངོ་མཚར་འགྲོ་ཕན་གླིང་གི་འདུས་ཚོགས་སུ་བསྙེན་བཀུར་མང་འགྱེད་དང་། མཆོད་སྤྲིན་རྒྱ་ཆེའི་ཐོག་རིགས་འདུས་སྨན་པའི་རྒྱལ་པོ་རྗེ་བཙུན་གཡུ་ཐོག་པ་ཆེན་པོོ་དང་། རྟ་མགྲིན་འཇིམ་སྐུ་གསར་བཞེངས་གནང་སྟེ་ལྕགས་རིའི་འདུ་ཁང་བྱང་ངོས་སུ་ལེགས་པར་བཞུགས་སུ་གསོལ།
 

ལོ་ལྟར་བོད་ཟླ་2 ཚེས་30 ཉིན་དྷརྨ་སེང་གེའི་དགོངས་རྫོགས་ཀྱི་རྗེས་དྲན་ཆེད་དུ་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་འཚོ་བཞུགས་སྐབས་ནས་བཟུང་རྗེས་སུ་རང་གི་ཕ་མ་གཉིས་ཀྱིས་ཀྱང་འདས་མཆོད་བར་མ་ཆད་པ་གནང་གི་འདུག འཚོ་བྱེད་རྡོ་རྗེ་རྒྱལ་མཚན་མཆོག་ལ་སྨན་རྩིས་ཀྱི་སློབ་བརྒྱུད་མང་པོ་བྱུང་པའི་ནང་ནས་གཙོ་བོར་གྱུར་པ་ནི། སྨན་རྩིས་མཁན་པོ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་དང་། གུས་ཀྱི་ཕ་དཀོན་མཆོག་འོད་ཟེར་གཉིས་ཡིན། དེའི་ནང་ནས་མཁྱེན་རབ་ནོར་བུ་མཆོག་སྨན་རྩིས་ཁང་གི་འགོ་འཛིན་གནང་སྐབས་སྣོད་ལྡན་ཐུགས་སྲས་དམ་པར་གཟིགས་ནས་སྐྱབས་རྗེ་དྷརྨ་སེང་གེའི་མན་ངག་ཡོངས་སུ་རྫོགས་པ་དང་། རྩིས་དཀར་ནག་གི་གནས་འགག་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་སྨན་རྩིས་བསྟན་པའི་གསོས་སུ་སྨིན་པར་མཛད། དེས་ན་གོང་ཞུས་སྲིན་ཕོ་གླང་གི་མན་ངག་ཆིག་ཐུབ་རིལ་བུའི་ཞལ་ཤེས་དང་། དེ་བཞིན་རིམས་ནད་ཀུན་གྱི་གཉེན་པོ་འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཆིག་བརྒྱུད་གསང་སྨན་ཞལ་ཤེས་དང་བཅས་པ་སོགས་མ་ལུས་པ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་ལེགས་པར་བསྩལ་ནས། རྗེས་སུ་མཁྱེན་རབ་ནོར་བུ་མཆོག་ནས་《སྨན་སྦྱོར་བདུད་རྩིའི་བུམ་བཟང་》ཞེས་པ་ཕྱོགས་སྒྲིག་གནང་བའི་ནང་གོང་གི་མན་ངག་རྣམས་བསྡུ་ལེན་མཛད་པར་བརྟེན་དེང་གི་དུས་སུའང་སྨན་རྩིས་ཁང་དུ་ལག་ལེན་མ་ཉམས་གོང་འཕེལ་གྱི་ངང་དུ་གནས་མུས་ཡིན།
 

མདོར་ན་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་མཆོག་སྟོད་དུ་ལྷ་སར་བཞུགས་ནས་འགྲོ་དོན་བསྐྱངས་པ་དང་། སྐུ་ཚེའི་སྨད་དུ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ནས་བྲག་ཡེར་པར་འཇའ་འོད་ཕུག་པ་ཞེས་པར་མཚམས་ཁང་ཆུང་ངུ་ཞིག་བརྒྱབ་ནས་བཞུགས་ཤིང་། དེ་ལ་བརྟེན་ནས་རྒྱུན་ལྡན་ཕྱག་བྲིས་དང་རྩོམ་ཡིག་མང་པོའི་མཇུག་ཏུ་སྒྲུབ་རིའི་རྒྱལ་པོ་ཡེར་པ་སེ་བ་ལུང་ནས་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་གྱིས་ཞེས་པའི་ཕྱག་བྲིས་མཇལ་རྒྱུ་ཡོད་ལ་མཐར་དགུང་ལོ་དྲུག་ཅུ་རེ་དྲུག་ཙམ་ལ་བྲག་ཡེར་པ་རང་དུ་སྐུ་གཤེགས་སོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

 

མཐའ་མའི་འདོན་ཐེངས་།: 04.12.2017 ཉིན། 3:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།