སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>



འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

 

          སྐྱིད་ཤོད་ན་འོ་འཚོ་བྱེད་བློ་གྲོས་བརྟན་པའམ། སེམས་དཔའ་ཆིན་པོ་བློ་བཟང་རྒྱ་མཚོ། མཚན་གཞན་ལ་རིན་སྡིངས་བློ་བཟང་རྒྱ་མཚོ་ཞུ་བ་འདི་ཉིད་ཟུར་ལུགས་ཀྱི་རྗེས་འཇུག་མཁས་དབང་བྱར་པོ་པཎ་ཆེན་གྱི་དངོས་སློབ་མང་ཐོས་ཟླ་བའི་དབང་པོའི་དྲུང་ནས་གསོ་དཔྱད་གསན་ཅིང་། རྗེས་སུ་སྐྱིད་ཤོད་པའི་བླ་སྨན་མཛད་ཅིང་བྱང་ཆུབ་ལམ་རིམ་ཐུགས་ཉམས་སུ་བཞེས་ནས་རིན་ལྡིངས་སུ་བཞུགས་པས་རིན་སྡིངས་སེམས་དཔར་གྲགས། བརྩམ་ཆོས་ལ་《སྨན་གྱི་ཆོས་འབྱུང་དྲང་སྲོང་དགོངས་རྒྱན་》སོགས་མཛད།
 

དེའི་སློབ་མ་དྲང་སྲོང་བསྟན་འཛིན་རྒྱལ་པོ་ནི་སྟོད་ལུང་སྨོན་བྱང་གད་གསུམ་ཞེས་པའི་བྱང་ངོས་པའི་མི་ངོ་སྒར་པས་བཀག་པོར་ཕུད་པ་ལ་བརྟེན་རིན་ལྡིངས་སེམས་དཔའ་ཆེན་པོའི་གན་དུ་ཡིན་བྱུང་གིས་གསོ་དཔྱད་ལོ་བདུན་རིང་བསླབས་ཏེ་དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་གྱི་ཞབས་ལ་གཏུགས་པས་སྐྱིད་ཤོད་ལྷ་སའི་ཕྱོགས་སུ་འགྲོ་དོན་རྒྱ་ཆེ་སྤེལ་ཞིང་། སྨན་དཔྱད་བསྟན་པའི་རྒྱུན་འཛིན་འབྱུང་བར་ལུང་བསྟན། གྲོ་ས་གནས་བརྟན་ཞེས་པ་ནས་སྙིང་ཐུར་དང་མཁལ་ཐུར་མིག་ཐུར་སོགས་ཐུར་མའི་སྐོར་གྱི་ལག་ལེན་ཡང་མཐར་ཕྱིན་པ་སྦྱངས་ཤིང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་ལ་དྲང་སྲོང་བསྟན་འཛིན་རྒྱལ་པོར་ཐོགས་ཞེས་བཀའ་བསྩལ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་(1)སྐུ་བལྟམས་ཚུལ་གྱི་འཕྲོད་བསྟེན་ཞུས་པས་སྨན་བླས་རྗེས་སུ་བཟུང་བ་ཡིན་པའི་ལུང་བསྟན་ངོ་མཚར་ཅན་བྱུང་པར་མ་ཟད་ཚངས་པ་དུང་ཐོད་ཅན་གྱིས་ཀྱང་བསྔགས་པ་མཛད། བྱང་པ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཆོས་སྐོར་དང་བཅས་པ་གསན་པ་སོགས་གསོ་བ་རིག་པ་ལ་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོ་འདི་གཤེགས་པའི་ཚེས་གྲངས་ཀྱང་གཡུ་ཐོག་པ་དང་དུས་མཚུངས། སུམ་སྟོན་ཡེ་ཤེས་གཟུངས་ཀྱི་སྤྲུལ་པ་ཡིན་པར་གྲགས། འདི་ཉིད་ཀྱི་རིགས་སྲས་བྱང་ངོས་ནང་སོ་དང་རྒྱས་དང་། གཅུང་གཞན་ཕན་དབང་པོ། སློབ་མའི་ཐུ་བོ་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་སོགས་སྨན་པ་མཁས་པ་བར་མ་ཆད་པ་བྱུང་།
 

          རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་གངྒྰའི་ཆུ་རྒྱུན་ཀ་པར་རྒྱུད་ཆུང་གསུམ་པོའི་བཤད་པ། ས་བཅད། རྡེལ་འགྲེམས་ལག་ལེན་སྐོར་གསུང་སྐབས་དྲང་སྲོང་བསྟན་འཛིན་རྒྱལ་པོ་ནས་དེ་སྲས་དྲང་སྲོང་དར་རྒྱས། དེའི་གཅུང་མཁས་མཆོག་གཞན་ཕན་དབང་པོ། འདི་མཆེད་གཉིས་ལས་གཅུང་སྐུ་ཚེ་ཐུང་པས་གཞན་ཕན་གྱི་འགྲོ་དོན་ཆུང་། གཅེན་པོ་བྱང་ངོས་ནང་སོ་དར་རྒྱས་ཀྱིས་ལྔ་པ་ཆེན་པོས་དབུས་མཆོད་ཡོན་གོང་མ་རྣམས་ཀྱི་བླ་སྨན་དང་། ལྷ་དབང་ལྕོག་ཏུ་གསོ་དཔྱད་ཀྱི་སློབ་གྲྭའི་འགྲོ་དོན་རྒྱ་ཆེ་བས། སློབ་མ་རྒྱུད་ཀྱི་རྒྱུགས་སྤྲོད་པ་བྲག་མཇུག་པ་དང་། གཅུང་གི་སྒེར་གཡོག་ལྟ་བུ་ནས་ལྷ་རྗེར་གྱུར་པ་ལྷག་བསམ་མམ་སུམ་དགའ། ཐོག་མར་གསོ་དཔྱད་སློབ་གྲྭའི་ཐོ་བཙུན་གྱི་གྲས་དང་རྗེས་སུ་རྗེ་བླ་མའི་བཀའ་དང་བཅས་བསྐྱར་སློབ་མཛད་པ་དར་མོ་བློ་བཟང་ཆོས་གྲགས་སོགས་མང་པོ་བྱུང་ཚུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་》ནང་དུ་གསལ།
 

སྨན་རྒྱལ་ཉི་མ་ཐང་པ་བློ་བཟང་རྒྱ་མཚོས་མཛད་པའི་《དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་དང་ཕྱག་ལེན་མན་ངག་གི་རིམ་པ་རིན་ཆེན་འཕྲེང་བ་》ལས།    སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་སྙིགས་དུས་ཀྱི་གསོ་རིག་བསྟན་པའི་གཞུང་འཛིན། དེང་སང་གི་གསོ་རིག་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན་དམ་པར་གྱུར་པ་དྲང་སྲོང་ཆེན་པོ་བསྟན་འཛིན་རྒྱལ་པོ་དེ་ཉིད་ལ་དགྱེས་བཞིན་དུ་གནང་བ་ཡིན་ལ།  དེས་གསོ་བ་རིག་པའི་ཕྱོགས་ཙམ་འཛིན་པ་བྷུ་སུ་ཀུ་པ་ཉི་མ་ཐང་པ་བློ་བཟང་རྒྱ་མཚོ་ལ་དཔལ་ལྡན་རྒྱུད་བཞིའི་བཤད་པ་ལག་ལེན་གྱི་རིམ་པ་རྣམས་ཕལ་ཆེར་རང་གི་གོ་ཚོད་དང་བསྟུན་ནས་ཞུས་ཤིང་། དགྱེས་བཞིན་དུ་གནང་བ་ཡིན་ནོ། །ཞེས་གསལ་བ་དང་ཉི་ཐང་བློ་བཟང་རྒྱ་མཚོ་ནི་རྒྱལ་བ་ལྔ་པ་ཆེན་པོས་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་གསར་འཛུགས་གནང་སྐབས་ཀྱི་ཐོག་མའི་སློབ་དཔོན་དང་། རྗེས་སུ་གསང་ཕུ་ཉི་མ་ཐང་དུ་སྨན་གྱི་སློབ་གྲྭ་ཚུགས་དུས་དབུ་འཛིན་གནང་པ་སོགས།  མདོར་ན་བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་མི་ཉམས་གོང་འཕེལ་ཆེད་དུ་མཛད་རྗེས་གཟེངས་སུ་ཐོན་པ་ཡིན་ནོ།།
 

མཆན་བུ།

(1) ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ནི་རབ་བྱུང་བཅུ་པའི་ས་གླང་སྤྱི་ལོ་ 1589 ལོར་འཁྲུངས། དགུང་ཕྲེང་ཉེར་བརྒྱད་མེ་འབྲུག་ལོར་སྐུ་གཤེགས།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།


 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།